ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ནགས་ལས་རྙེད།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོར། ས་ཆ་ཞིག་ན་ནགས་སྲུང་དཔོན་པོ་ཞིག་ཡོད། དེས་ཉིན་རེ་རེར་གདོད་མའི་ནགས་ཚལ་ཆེན་མོར་སྐོར་གཡེང་སྲུང་སྐྱོབ་བྱེད་ཀྱིན་ཡོད།
      ཉིན་ཞིག་ལ། ཁོས་ནམ་རྒྱུན་དང་འདྲ་བར་ནགས་ཚལ་ལ་སྐོར་སྐྱོད་བྱེད་སྐབས། གློ་བུར་དུ་ཐག་རིང་ནས་བྱིས་པ་ཞིག་གི་ངུ་སྐད་གྲགས་འོངས། ཁོས་ངུ་སྐད་བསྙེགས་ནས་སོང་བ་ན། ཡལ་འདབ་ཤིན་ཏུ་སྟུག་པའི་སྡོང་བོ་ཆེན་པོ་ཞིག་གི་ཡལ་འདབ་སྟེང་ན་བུ་ཆུང་ཞིག་ངུ་བཞིན་ཡོད་པ་མཐོང༌། ཁོ་རང་སྡོང་མགོར་འགོས་ནས་བྱིས་པ་མར་བླངས། མ་གཞིར་བུ་ཆུང་དེ་ནི་རྒོད་གྱིས་ཁྱེར་ནས་སྡོང་མགོར་ལྷུང་བ་རེད། ནགས་སྲུང་དཔོན་པོས་བུ་ཆུང་རང་ཁྱིམ་དུ་ཁྱེར་ནས། མིང་ལ་ནགས་ལས་རྙེད་ཅེས་བཏགས་ཤིང༌། རང་གི་བུ་ལྟར་གཅེས་སྐྱོང་བྱས།
ནགས་སྲུང་དཔོན་པོ་དེ་ལ་ཡིད་དུ་འོང་བའི་བུ་མོ་ལྟ་བས་ཆོག་མི་ཤེས་པ་ནམ་མཁའི་ལྷ་མོ་ལས་ཀྱང་མཛེས་པ་ཞིག་ཡོད་པས། མིང་ལའང་ལྷ་ལས་མཛེས་ཞེས་ཟེར་ཞིང༌། ཁོ་རང་གི་དཔྲལ་བའི་མིག་ལྟ་བུ་རེད། ནགས་ལས་རྙེད་དང་ལྷ་ལས་མཛེས་གཉིས་ཉིན་རེ་རེར་མཉམ་དུ་རྩེ་བཞིན་མི་དང་གྲིབ་མ་ཇི་བཞིན་འགྲོགས་ནས་ནར་སོན་ཞིང༌། དེ་གཉིས་ཕན་ཚུན་ཧ་ཅང་འགྲིག་ཅིང་མཐུན།
      ནགས་སྲུང་དཔོན་པོ་ཚང་ལ་ཇ་མ་རྒན་མོ་ཞིག་ཡོད་པ་དེ་ནི་ངན་སྔགས་མཁན་ཞིག་ཡིན་ཞིང༌། མོ་ལའང་བུ་ཞིག་ཡོད་པ་དེ་ཡང་ལྷ་ལས་མཛེས་དང་ན་མཉམ་རེད། མ་གཞིར། ནགས་ལས་རྙེད་མ་འོང་གོང་ལྷ་ལས་མཛེས་ཀྱི་རྩེད་གྲོགས་ཁོ་མོའི་བུ་ཡིན་ཞིང༌། ནགས་སྲུང་དཔོན་པོའི་རྒྱུ་ནོར་དང་ལྷ་ལས་མཛེས་ཀྱི་ཡག་ལ་ཧམ་པ་ལངས་ནས། ལྷ་ལས་མཛེས་ཀྱི་མག་པ་ཁོ་མོའི་བུ་བྱེད་ཐུབ་པའི་རེ་ངན་བཅངས།
      ཁོ་མོས་ཉིན་རེ་རེར་ལྷ་ལས་མཛེས་དང་རང་གི་བུ་གཉིས་མྱུར་དུ་ནར་སོན་པར་རེ་བ་དང༌། ནགས་སྲུང་དཔོན་པོའི་རྒྱུ་ཧམ་བཟུང་བྱེད་ཆེད། ཁོ་མོས་ངན་སྔགས་ལ་བརྟེན་ནས་ནགས་སྲུང་དཔོན་པོ་བཟའ་ཟླ་གཉིས་ལ་ལྷ་ལས་མཛེས་ཀྱི་རྗེས་སུ། བྱིས་པ་གཅིག་སྐྱེས་ན་གཅིག་ལ་ངན་སྔགས་ཀྱི་དམོད་བོར་ནས་བསད་པ་དང་གཉིས་སྐྱེས་ཚེ།གཉིས་ཀར་ངན་སྔགས་ཀྱི་དམོད་བོར་ནས་གསོན་མི་ཐུབ་པར་བྱས་རྗེས་ཁོ་མོའི་སེམས་སུ་ཧ་ཧ། ད་ནི་ང་ཡི་བུ་ནགས་སྲུང་དཔོན་པོའི་མག་པར་གྱུར་བ་མིན་ནམ་ཅི། ང་ཡི་བུ་ནར་སོན་རྗེས། བུ་མོ་ལྷ་ལས་མཛེས་མནའ་མར་ལེན། དེ་རྗེས་ང་ཡིས་ངན་སྔགས་དྲངས་ནས་ནགས་སྲུང་དཔོན་པོ་བཟའ་ཟླ་གཉིས་གསོད་པ་འབུ་ཞིག་གཅིར་བ་ཇི་བཞིན་ཚེགས་མེད། ཧེ་ཧེ། དེ་ཚེ་རྒྱུ་ནོར་ཐམས་ཅད་དེད་མ་སྨད་ལ་ཐེམ་པ་མིན་ནམ་ཞེས་བཀོད་པ་གོར་གོར་འཐེན་པའི་སྒང་ལ་ནགས་སྲུང་དཔོན་པོས་ནགས་ལས་རྙེད་ཁྱེར་ཡོང་བ་མ་ཟད། ད་དུང་རང་གི་བུ་ལྟར་སྐྱོང་ཞིང༌། དེ་ལས་ལྷག་པར་ལྷ་ལས་མཛེས་ཀྱང་དེ་ལ་མཛའ་བའི་ཕྱག་རྒྱས་བཅངས་པས། བལྟས་བལྟས་རིག་རིག་ལ་ཁོ་མོའི་བཀོད་པ་གོར་གོར་རླུང་ལ་བསྐུར་སོང༌། ཁོ་མོའི་ཞེ་སྡང་གི་མེ་ལྕེ་དགུང་ནས་འབར་ཞིང༌། ཕྲག་དོག་གི་གནག་སེམས་ཆུ་འཁོལ་ལྟར་གདུས་ཏེ། ནགས་ལས་རྙེད་ལ་ཞེ་འཁོན་གཏིང་ནས་སྐྱེས་ཏེ་སོ་སྐག་སྐག་ཏུ་འཆའ་བཞིན་ཉིན་མཚན་ཀུན་ལ་ཁོ་རང་ལག་མཐུས་གསོད་པའི་གླགས་ཇི་རྙེད་བྱས།
      ཉིན་ཞིག་ལ། ནགས་སྲུང་དཔོན་པོ་རང་གི་ཆུང་མ་དང་བཅས་ཐག་རིང་ཞིག་ལ་འགྲོ་དགོས་བྱུང༌། འགྲོ་ཁར་ཇ་མ་རྒན་མོར་ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ལ་ལྟ་རྟོག་བྱེད་པའི་ངག་བཅོལ་བྱས། ཇ་མ་རྒན་མོ་དགའ་བས་མྱོས་ཏེ། ཨ་གནམ་རྒན་མ། གནམ་རྒན་མས་ང་ལ་གོ་སྐབས་བཟང་པོ་ཞིག་སྦྱིན་སྙམ་ནས་སྨྱོ་ལྡིང་བྱས།
      ཉིན་དེར། ཁོ་མོས་ཆུ་འཁོལ་ཟངས་རྒན་གང་བསྐོལ་ནས་ནགས་ལས་རྙེད་ཀྱིས་ཁྲུས་བྱེད་དུས་ངན་སྔགས་དྲངས་ནས་ཆུ་འཁོལ་གདུ་མས་གསོད་བསམས། ལྷ་ལས་མཛེས་ནི་སྐྱེས་གཟུགས་ལེགས་པ་མ་ཟད། མ་གའིར་ཁོ་མོ་ལྷའི་སྤྲུལ་བ་ཡིན་ཕྱིར། ལྷའི་མཐུ་ནུས་དང་མངོན་མཁྱེན་ལྡན་པ་རེད། དེ་བས། ཇ་མ་རྒན་མོའི་གནག་སེམས་སྔ་མོ་ནས་མཁྱེན་ཏེ། ནགས་ལས་རྙེད་དང་མཉམ་དུ་བྲོས། ཇ་མ་རྒན་མོས་སྡེ་བའི་གསར་བུ་གསུམ་ཁོ་མོའི་ངན་སྔགས་ཀྱི་མཐུ་འོག་ཏུ་བཅུག་ནས་ར་མདར་སྦྲན། ལྷ་ལས་མཛེས་ཀྱིས་ནགས་ལས་རྙེད་ཁྲིད་དེ་ནགས་ཚལ་ཆེན་པོ་བརྒྱུད་ནས་བྲོས་ཤིང༌། མཛེས་པའི་སྤང་ཐང་བརྒྱུད་ནས་བྲོས། སྐབས་དེར། ཐག་རིང་ནས་གསར་བུ་གསུམ་པོ་མཐོང༌། མོ་ན་རེ། མ་བཟང་ཐལ། ཇ་མ་རྒན་མོའི་ར་མདའ་བསླེབས་བྱུང༌། སྤང་ཐང་ཆེན་མོ་འདི་ན་ཡིབ་སའི་ཁུང་ཞིག་ཀྱང་མེད་པས། གལ་ཏེ་འདི་ལྟར་བྲོས་ཚེ། ར་མདའ་མཁན་ལ་ཇ་མ་རྒན་མོའི་ངན་སྔགས་ཀྱི་མཐུ་ཞུགས་ཡོད་ཕྱིར། འུ་གཉིས་ཁོ་ཚོའི་དོ་ཟླར་མི་འོང༌། དེས་པར་དུ་ཐབས་ཀྱིས་གཞོལ་དགོས། རེམ། ང་ཡིས་ཁྱོད་རང་རྒྱ་སེ་སྡོང་བོ་ཞིག་ཏུ་སྤྲུལ་བ་དང༌། ང་རྒྱ་སེ་མེ་ཏོག་ཅིག་དུ་སྤྲུལ་ནས། འུ་གཉིས་དུས་དང་རྣམ་པ་ཀུན་ཏུ་ཡང་མི་འབྲལ་ཞེས་སྨོས།
      ར་མདའ་གསར་བུ་གསུམ་པོས་བདའ་བདའ་མཐར། སྤང་ཐང་ཆེན་པོ་ཞིག་ལ་བསླེབས། ཐང་དཀྱིལ་ན་རྒྱ་སེ་མེ་ཏོག་གི་སྡོང་བོ་མེ་ཏོག་ཁེར་བཞད་མ་གཅིག་མ་གཏོགས་ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ཀྱི་གྲིབ་མ་ཙམ་ཡང་མ་མཐོང༌། ཁོ་ཚོ་ཐབས་ཟད་ནས་ཕྱིར་ལོག་སོང༌།
      ཇ་མ་རྒན་མོ་ན་རེ། གླེན་པ་གླེན་ལྟིག་ཚོ། སྤང་ཐང་ནས་རྒྱ་སེ་མེ་ཏོག་ཁེར་སྐྱེས་ཤིག་ཇི་ལྟར་སྐྱེས། དེ་ནི་ལྷ་ལས་མཛེས་དང་ནགས་ལས་རྙེད་ཀྱིས་སྤྲུལ་བ་ཡིན་ཕྱིར། ཁྱོད་ཚོས་སྡོང་བོ་བཅད་ནས་མེ་ཏོག་ཕྱིར་འཁྱེར་འོང་དགོས། གླེན་པ་ཚོ། ད་སོང༌། ད་རེམ་མ་སོང་ནས་དེ་གཉིས་ཀ་བཟུང་ཤོག་ཅེས་གཤེ་གཤེ་བཏང་ནས་མང་དུ་འབར་བྱུང༌།
      ཐེངས་འདིར། ར་མདའ་ཚོ་ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ཀྱི་རྗེས་ཆོད་ལད་ཡོད་དུས། གློ་བུར་དུ་དེ་གཉིས་གར་སོང་མ་ཤེས་ཤིང༌། ལམ་ཁ་ན་ལྷ་ཁང་ཞིག་དང་ལྷ་ཁང་ནང་དུ་སྒྲོལ་མའི་སྐུ་ཞིག་བཞེངས་འདུག་པ་མཐོང༌། ཁོ་ཚོ་འུ་ཐུག་ནས་སླར་ཡང་ཕྱིར་སོང༌། ཇ་མ་རྒན་མོ་ཞེ་སྡང་ཆེན་པོ་ལངས་ཏེ། གོ་མི་ཆོད་པའི་རྩམ་པ་ཁུག་ཏི་ཁྱོད་ཚོ། ཁྱོད་ཚོས་གྲིབ་ཆུ་འཐུང་བ་མིན་ནམ། དེ་མིན་ཚེ་ཁྱོད་ཚོའི་ཀླད་པའི་ནང་སྐྱག་པ་བླུགས་པ་ཡིན་ནམ། ས་སྟོང་གི་ལམ་ཁ་ཞིག་ན་དོན་མེད་ལ་ལྷ་ཁང་ཞིག་ཡོད་སྲིད་དམ། དེ་ཡང་ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ཀྱིས་སྤྲུལ་བ་རེད། ཁྱོད་ཚོས་ལྷ་ཁང་བཤིག་ནས་ལྷ་སྐུ་འཁྱེར་འོང་ན་མི་ཆོག་གམ་ཞེས་འུར་བརྒྱབ་ནས་སྡིག་སྨོད་བྱས།
      ཐེངས་འདིར་ཁོ་མོ་དངོས་སུ་ར་མདའ་ལ་སོང༌། ཁོ་མོས་དབུགས་ལྷེབ་ལྷེབ་ཏུ་བདའ་བདའ་ནས་ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ཟིན་ལད་ཡོད་དུས། གློ་བུར་དུ་ཆུ་རྫིང་ཞིག་དང་ཕྲད་ཅིང༌། དེའི་སྟེང་ན་ལྷ་བྱ་ངང་བ་ཞིག་རྐྱལ་བཞིན་ཡོད། ཁོ་མོས་དེ་ཡང་ལྷ་ལས་མཛེས་དང་ནགས་ལས་རྙེད་ཀྱིས་སྤྲུལ་བ་ཤེས་ནས། སེམས་ལ། ཧིན། ཁྱོད་གཉིས་ཀྱིས་གླེན་པ་དེ་ཚོའི་མགོ་ཁྱི་གཡོག་གཡོག་བྱེད་ཐུབ་རུང༌། ངའི་མགོ་གཡོག་འདོད་ན་དེ་ནི་སྟོང་བསམ་ཁོ་ན་རེད། ད་ཐེངས་ཁྱོད་གཉིས་ཀྱི་རྩལ་དང་དེད་ཀྱི་ངན་སྔགས་གཉིས་གང་ངར་བལྟ་ཡ། ངས་ཧུབ་གཅིག་གིས་ཆུ་རྫིང་སྐམ་པར་བྱས་ནས། བྱ་ངང་བ་ཁྱོད་ཀྱི་གསོན་སྙིང་དམར་འདོན་བྱེད་སྙམ་པའི་མོད་ལ། རྫིང་བུ་འགྲམ་དུ་ཁ་བུབ་ཏུ་ལོག་ནས་རྫིང་བུའི་ཆུ་འཇིབ་པར་བརྩམས། སྐབས་དེར། ལྷ་བྱ་ངང་བ་མྱུར་དུ་རྐྱལ་འོངས་ནས་རྒན་མོའི་སྐྲ་ནས་བཟུང་སྟེ་རྫིང་བུའི་ནང་དུ་དྲུད་ཅིང༌། གཤོག་པ་གཉིས་ཀྱིས་ཁོ་མོ་ཆུ་ནང་དུ་མནན་པས་རྒན་མོ་དབུགས་བཏུམ་ནས་ཤིའོ། །
      དེ་ནས་བཟུང༌། ལྷ་ལས་མཛེས་དང་ནགས་ལས་རྙེད་གཉིས་ཀྱིས་སྐྱིད་པོ་བདེ་མོའི་ངང་འཚོ་བ་རོལ།
      གྲོགས་པོ་ཆུང་ཆུང་ཚོ། གལ་ཏེ་ཁྱོད་རང་མི་ངན་དང་འཕྲད་ཚེ། དཔའ་མི་ཞུམ་པ་མ་ཟད། བློ་གྲོས་དང་ལྡན་ན་མི་ངན་ལས་རྒྱལ་སྲིད། ནག་ཕྱོགས་དེ་ནམ་ཡང་དཀར་ཕྱོགས་ལས་རྒྱལ་མི་སྲིད། འཚོ་བའི་ཁྲོད་ཀྱང་དེ་ལྟར་ཡིན་ཏེ། ཁྱོད་ལ་སྙིང་སྟོབས་དང་བློ་གྲོས་ལྡན་ཚེ།འཚོ་བ་ཁྲོད་ཀྱི་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号