ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །རྒྱལ་སྲས་ཕག་རྫི།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      གནའ་སྔ་མོ་ཞིག་ལ། རྒྱལ་ཁབ་ཆུང་ཆུང་ཞིག་གི་རྒྱལ་སྲས་ཀྱིས་ཕོ་ཉ་མངགས་ནས་རྒྱལ་ཁབ་ཆེན་པོ་ཞིག་གི་རྒྱལ་པོའི་སྲས་མོ་གཉེན་ལ་སློང་དུ་སོང༌། རྒྱལ་སྲས་ཀྱིས་རང་གི་གཅེས་ནོར་གཉིས་ལེགས་སྐྱེས་ལ་བསྐུར་བ་སྟེ། གཅིག་ནི་འཛམ་བུ་གླིང་ན་ཆེས་མཛེས་ཤིང་ཆེས་ཁྱད་མཚར་བའི་རྒྱ་སེ་མེ་ཏོག་ཅིག་ཡིན་ལ། མི་ཡིས་མེ་ཏོག་དེའི་དྲི་ཞིམ་ལ་སྣོམ་པ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་དྲན་པའི་ངོས་ནས་མེད་པར་འགྱུར་བ་དང༌། གཞན་གཅིག་ནི་འཛམ་བུ་གླིང་ན་གླུ་སྐད་ཆེས་སྙན་པའི་ཁུ་བྱུག་ཅིག་རེད།
      རྒྱལ་སྲས་ཀྱི་ཕོ་ཉས་ལེགས་སྐྱེས་ཁྱེར་ནས་རྒྱལ་ཁབ་ཆེན་པོ་དེ་རུ་འོངས། རྒྱལ་ཁབ་ཆེན་པོའི་རྒྱལ་པོས་སྲས་མོ་བོས་ནས། མོས་ཅི་འདོད་དྲིས། སྲས་མོས་ཞིབ་ཚགས་ལྡན་པའི་ལེགས་སྐྱེས་ཀྱི་སྒམ་ཁ་ཕྱེ་ནས་བལྟས་པ་ཙམ་གྱིས་འུར་བརྒྱབ་སྟེ། ཨ་ལ། འདིའི་མིང་ལའང་ལེགས་སྐྱེས་ཟེར་རམ། རྒྱལ་ཁབ་འདིའི་མི་དག་དབུལ་བོ་དབུལ་ནག་ཅིག་ཡིན་ཁོ་ཐག་རེད། མར་ལ་གཡུག་ཞོག་ཅེས་ཟེར། རྒྱལ་སྲས་ཀྱི་ཕོ་ཉས་གསལ་བཤད་ཅིག་བྱེད་བསམས་ཀྱང་སྲས་མོས་ཁོ་ལ་ཁ་གྲགས་དབང་མེད་པར་ཕྱིར་བསྐྲད་སོང༌།
      རྒྱལ་སྲས་ཀྱིས་ཕོ་ཉའི་སྐད་ཆ་ཐོས་རྗེས། དངོས་སུ་འགྲོ་དགོས་སྙམ་ནས། ལས་ཀ་བ་ཞིག་ཏུ་བརྫུས་ནས་རྒྱལ་ཁབ་ཆེན་པོ་དེའི་རྒྱལ་པོའི་ཕོ་བྲང་དུ་ཕག་རྫི་ཞིག་བྱས། རྒྱལ་སྲས་ཧ་ཅང་བློ་རིག་ལྡན་ཕྱིར། ཁོས་ཕག་ལྟོ་འཚོད་པའི་ཟངས་ཀྱི་སླ་ངའི་མཐའ་ཡོངས་སུ་ཟངས་ཀྱི་དྲིལ་བུ་དཔྱངས། སླ་ངའི་ནང་གི་ཆུ་ལྷོག་ལྷོག་ཏུ་འཁོལ་རྗེས། རླངས་པས་དྲིལ་བུ་བསྒུལ་ནས་སྙན་པའི་སིལ་སྒྲ་བསྒྲགས། རྒྱལ་པོའི་སྲས་མོས་དོན་དེ་ཤེས་རྗེས་མྱུར་དུ་ལྟ་རུ་འོངས། ཁོ་མོས་དྲིལ་བུའི་སིལ་སྒྲ་སྙན་མོ་ཐོས་ནས་ཡིད་དབང་བཀུག་སྟེ། དྲིལ་བུ་དང་སླ་ང་དང་བཅས་པ་ང་ལ་དགོས། ང་ཡིས་རིན་གོང་མཐོན་པོ་སྟེར་ཟེར། རྒྱལ་སྲས་ན་རེ། རིན་གོང་ཇི་ལྟར་མཐོ་ཡང་འདི་དག་བཙོང་བ་མིན། ཡིན་ནའང༌། ཁྱོད་ཀྱིས་ང་ལ་འོ་ཐེངས་བཅུ་བྱས་ཚེ། ང་ཡིས་འདི་དག་ཁྱོད་ལ་སྟེར་ཞེས་སྨོས། སྲས་མོ་ཤིན་ཏུ་ཁྲོས། ཡིན་ཡང༌། ཁོ་མོས་ཟངས་ཀྱི་དྲིལ་བུ་དང་ཟངས་ཀྱི་སླ་ང་དེ་དག་ཤིན་ཏུ་བློར་བབས་ཕྱིར། ཕག་རྫི་དེ་ལ་འོ་ཐེངས་བཅུ་བྱས་ནས། སླ་ང་དེ་དང་དྲིལ་བུ་དེ་དག་ཁྱེར་ནས་ཕྱིན་སོང༌།
      ཉིན་འགའི་རྗེས་སུ། རྒྱལ་སྲས་ཀྱིས་ཡང་བློ་བཀོད་དགའ་མོ་ཞིག་ཡིད་ལ་དྲན་སོང༌། ཁོས་ཤིང་ལེབ་མང་པོས་རྩེད་ཆས་ཤིག་བཟོས་ཤིང༌། རྩེད་ཆས་དེས་སྙན་ཞིང་འཇེབས་པའི་རོལ་དབྱངས་དཀྲོལ་ཐུབ། དོན་དེ་ཡང་སྲས་མོས་ཤེས་སོང༌། ཐེངས་འདིར་ཕག་རྫིས་འོ་ཐེངས་བརྒྱ་བྱས་ན། ད་གཟོད་རྩེད་ཆས་ཁོ་མོར་སྟེར་ཟེར། སྲས་མོ་ཤིན་ཏུ་ཁྲོས། ཡིན་ཡང༌། རྩེད་ཆས་དེ་ཧ་ཅང་ལེགས་ཕྱིར། ཁོ་མོས་བློས་མ་ཐོངས་པས། ཐབས་ཟད་ནས་ཕག་རྫིར་འོ་བྱེད་རྒྱུ་ཁས་བླངས།
      སྐབས་དེར། རྒྱལ་པོའི་ཕོ་ཉ་རྒྱལ་སྲས་འབོད་དུ་བསླེབས་འོངས། མ་གཞིར། རྒྱལ་སྲས་ཀྱི་ཡབ་རྒྱལ་པོས་རང་གི་རྒྱལ་སྲས་འཚོལ་ཕྱིར། རྒྱལ་ཁབ་ཆེན་པོའི་ཕོ་བྲང་དུ་མི་མངགས་ནས་རྒྱལ་པོར་དོན་དེ་བཤད། སྲས་མོས་ཕག་རྫི་དེ་མ་གཞིར་ཁོ་མོར་གཉེན་སློང་མཁན་རྒྱལ་སྲས་ཡིན་པ་ཤེས་ནས། རྒྱལ་སྲས་ཀྱི་པང་ལ་མཆོངས་སོང༌། ཡིན་ནའང༌། རྒྱལ་སྲས་ཀྱིས་འཚབ་འཚུབ་མེད་པར་སྲས་མོ་ལ་མིག་ཟུར་གྱིས་ཀྱང་མི་ལྟ་བར་ན་རེ། ཁྱོད་ནི་རྒྱལ་ཁབ་ཆེན་པོའི་སྲས་མོ་ཡིན་ཡང༌། ང་རྒྱལ་ཆེ་ཞིང་གུས་ལུགས་མི་ཤེས་པ་དང༌། རང་གི་འདོད་པ་ཁོ་ན་རྒྱ་ཡན་དུ་གཏོང་བ་སྟེ། འདོད་པ་ཕྲན་བུའི་ཆེད་དུའང་རང་བརྩི་བྱེད་མི་ཤེས་པ་ན། དེད་ཀྱི་རྒྱལ་ཁབ་ཆུང་ཡང་དེ་ལྟ་བུའི་བཙུན་མོ་བསུ་བར་མི་བྱའོ་ཟེར་ནས་ཕྱི་མིག་གཅིག་ཀྱང་མི་ལྟ་བར་ཕྱིན་སོང༌། སྲས་མོ་ས་དེ་ནས་སྐྱེས་པའི་ལྗོན་ཤིང་ཞིག་དང་མཚུངས་པར་ངོ་གདོང་དམར་པོར་གྱུར་ནས་མགོ་བོ་སྨད་སོང༌།
      གྲོགས་པོ་ཆུང་ཆུང་ཚོ། རང་གི་འདོད་པ་རྒྱ་ཡན་དུ་བཏང་ཚེ། །རང་ཉིད་ལ་སྡུག་འབྲས་ལས་སྐྱིད་འབྲས་འབྱུང་མི་སྲིད། འཚོ་བའི་ཁྲོད་དུ་དོན་དག་ཕྲན་ཆུང་མང་པོ་ཞིག་ང་ཚོས་སྣང་མེད་དུ་བཞག གལ་ཏེ་གཞན་གྱིས་བསམ་བཞིན་དང་ཡང་ན་བསམ་བཞིན་མ་ཡིན་པར་ཁྱོད་ལ་དོན་དག་ཕྲན་བུ་ཁ་ཤས་ལ་དོ་སྣང་བྱོས་ཞེས་གསལ་འདེབས་ཐེངས་མང་བྱས་ན། ཁྱོད་ཀྱིས་སྣང་མེད་དུ་མི་འཇོག་པར་དེས་པར་དུ་དོན་དག་གལ་ཆེན་དུ་བརྩིས་ནས་དོ་སྣང་བྱ་འོས།
      མཁས་པའི་ལེགས་བཤད་ལའང༌། རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང༌། །སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །མང་པོས་བདག་ལ་དེ་སྒྲོགས་ན། །སྐྱོན་ཅན་ཡིན་པར་རྗེས་སུ་དཔོག །ཅེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号