ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །གཞིས་ཀ་རྩེ། བཅུ་གསུམ། གཉེན་སྒྲིག་དང་འདས་མཆོད་ཀྱི་ལུགས་སྲོལ།
སྤེལ་དུས།05-07  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
སྲིད་པ་ཧོ་ཁྱེར་བའི་སྐྱེ་བོ་ཞིག་གིས་ལམ་སྣེ་འཁྲིད་ཀྱི་ཡོད། བསུ་སྦྲེང་གྲོང་ཚོའི་མདོ་ལ་སླེབས་སྐབས་གྲོང་ཚོ་དེ་གའི་ན་གཞོན་ཕོ་མོ་ཚོས་ལམ་བཀག་ནས་མནའ་མའམ་མག་པ་མི་གཏོང་བ་དང༌། གཉེན་བསུ་མཁན་གྱིས་རང་གི་འཇོན་ཐང་ཡོད་རྒུ་བཏོན་ནས་ཁ་སྙན་པོ་བཤད་ལ་ཆང་དང་རྔན་པ་བཞག་མཚམས་གཞི་ནས་གཏོང་གི་ཡོད། ལམ་ཕྱེད་ལ་སླེབས་སྐབས་གཉེན་བསུ་མཁན་གྱིས་མནའ་མར་མདའ་དར་བཙུགས་ནས་བདག་པོ་ཡོད་པ་མཚོན་པར་བྱེད། ལམ་དུ་སྒལ་པར་ཆུ་དང་ཅ་དངོས་འཁུར་མཁན་ཐུག་ན་བཀྲ་ཤིས་པའི་ལྟས་བཟང་པོར་བརྩིས་ནས་གཉེན་སྐྱེལ་མཁན་གྱིས་མཇལ་དར་དང་དངུལ་སྦྱིན་པ་དང༌། གད་སྙིགས་ཤོ་བ་དང་སླེལ་པོ་སྟོང་པ་འཁུར་མཁན་ཐུག་ན་ལྟས་ངན་ལ་བརྩི་སྲོལ་ཡོད།ཉིན་དེར་གངས་འབབ་ནའང་ལྟས་ངན་པ་ཡིན།
གཉེན་ལེན་ཚང་གིས་བག་མའམ་མག་པ་མ་སླེབས་གོང་རྒྱལ་སྒོར་རྒྱན་སྤྲོས་པ་དང༌། སྒོ་མོའི་གཞོགས་གཉིས་ལ་རྡོ་དཀར་ནག་གཉིས་བསླངས་ཤིང་བག་མའམ་མག་པ་ཆིབས་རྟ་ལས་བབ་སྐབས་ཀྱི་ཆིབས་བཀྱག་གྲ་སྒྲིག་བྱེད་ཀྱི་ཡོད།
གཉེན་ཁར་སླེབས་སྐབས་གཉེན་སྐྱེལ་མཁན་གྱིས་གཡས་ཀྱི་རྡོ་དཀར་ལ་མཇལ་དར་བསྒྲོན་ནས་“གྲོང་ལྷ་སུམ་ཅུ་སོ་དགུ་དང་ཕོ་ལྷ་སུམ་ཅུ་སོ་དགུ་ལ་མཆོད་པ་འབུལ་ལ་སྐྱབས་སུ་མཆི་”ཞུ་བ་དང༌། གཡོན་གྱི་རྡོ་ནག་མདུན་དུ་སོང་ནས་“ང་ནི་ས་བཅུ་ཐོབ་པའི་བྱང་སེམས་དང་དཀོན་མཆོག་གསུམ་གྱི་སྤྲུལ་པ་ཡིན།འདྲེ་ནག་བརླག་མེད་གཏོར་ངེས་ཡིན་”ཟེར་ནས་རྡོ་ནག་རྐང་འོག་ཏུ་མནན་གྱི་ཡོད།
དེ་རྗེས་གཉེན་སྐྱེལ་མཁན་གྱིས་གཉེན་ལེན་ཚང་གི་ཆིབས་གདན་དང་རྒྱལ་སྒོ། གཟིམ་ཁྱི། སྐས་ཀ་ལ་སོགས་པར་སྲོལ་རྒྱུན་གྱི་བསྟོད་གླུ་ལེན་ནས་ བསྔགས་བརྗོད་བྱེད་ཀྱི་ཡོད།བག་གསར་ཕོ་མོ་གཉིས་དཀྱིལ་དབུས་ཀྱི་གདན་ཐོག་ལ་འཁོད་པ་དང༌། མཐའ་སྐོར་དུ་གཉེན་ཉེ་ཚོ་བཞུགས་ཀྱི་ཡོད།དེ་རྗེས་གཉེན་སྐྱེལ་མཁན་གྱིས་མཆོད་བཤོམ་དང་ཀ་བ། རྫ་མ། སྦོ་ལ་སོགས་པར་བསྟོད་ཚིག་འབུལ་བཞིན་བཀྲ་ཤིས་མཇལ་དར་བསྒྲོན་གྱི་ཡོད།
      དེ་རྗེས་སུ་གཉེན་སྟོན་དངོས་སུ་འགོ་ཚུགས་པ་དང༌། གཉེན་ཚང་གཉིས་པོའི་ཁྱིམ་མི་དང་གཉེན་བསུ་སྐྱེལ་བྱེད་མཁན་ཕུད། གཉེན་ལེན་ཚང་གི་གཉེན་ཉེ་ཁྱིམ་མཚེས་ཚང་མ་བཞུགས་ཀྱི་ཡོད། ཁོང་ཚོས་ཕུལ་བའི་ཕྱག་རྟགས་ནི་ཁྱིམ་ཚང་སོ་སོའི་འབྱོར་པར་གཞིགས་ནས་མི་འདྲ་བ་ཅུང་ཡོད་མོད། འོན་ཀྱང་སྤྱིར་ཕྱག་རྟགས་སུ་ཕུལ་བའི་ནང་ཆང་རྫ་མ་གསུམ་ཡན་དང༌། མར་གྲོད་རིལ་4ནས་5   ཇ་བག་ཆེན་2ནས་3ལུག་ཤ་ཁོག་གཅིག ནས་དང་གྲོ་རས་ཕད་གང་རེ།   ཕྱག་ དངུལ།སྦྱིན་བདག་ཚང་གི་ཁྱིམ་མི་རེར་སྟོད་གོས་སམ་རས་ཆ་རེ། ད་དུང་མཆོད་གཤོམ་དང༌། བག་གསར་ཕོ་མོ། གཉེན་ཕྱོགས་གཉིས་ཀྱི་ཁྱིམ་མི། གཉེན་བསུ་སྐྱེལ་བྱེད་མཁན། ཀ་བ། རྫ་མ་བཅས་ལ་མཇལ་དར་བསྒྲོན་གྱི་ཡོད།ཕྱག་རྟགས་ཕུལ་བའི་མཛད་སྒོ་འགའ་རེར་ཉིན་གཅིག་འགོར་བ་དང་འགའ་རེས་ཉིན་ཁ་ཤས་ལ་བགོས་ཀྱི་ཡོད།གཉེན་སྟོན་གྱི་དུས་ཚོད་ནི་ཉིན་གསུམ་མམ་ཉིན་ལྔའམ་ཉིན་བཅུ་ཙམ་བཤམས་ཀྱི་ཡོད།
མི་ཚེ་གང་པོའི་མཛད་སྒོ་མཐའ་མ་ནི་འདས་མཆོད་རེད། བོད་མི་རིགས་ནང་བསྟན་ལ་དད་པ་ཆེ་བས་སྐྱེ་བ་སྔ་ཕྱི་དང་འཁོར་བ་རིགས་དྲུག་གི་ལྟ་བར་བློ་ཁ་གཏད་ཀྱི་ཡོད། དེར་བརྟེན་བོད་རིགས་ཀྱི་འདས་མཆོད་ནི་གཤིན་པོའི་རྣམ་ཤེས་ཡར་འདྲེན་བྱ་བ་ཡིན་ལ། ཚེ་ཕྱི་མ་བདེ་འགྲོར་སྐྱེ་ཆེད་དགེ་ཚོགས་བསགས་ནས་སྨོན་ལམ་བཟང་པོ་སྦྱོར་བ་ཞིག་ཀྱང་ཡིན།བོད་རིགས་འཆི་བའི་རྨུ་ཐག་འཛིན་རྗེས་དུར་སྐྱེལ་གྱི་བྱ་ཐབས་སྣ་ཚོགས་ཡོད་པ་ལས་གཙང་ཁུལ་དུ་གཙོ་བོ་བྱ་གཏོར་བྱེད་ཀྱི་ཡོད། དང་ཐོག་མར་གཤིན་པོའི་སྐུ་ཕུང་ཁང་པའི་ཟུར་ཞིག་ལ་བརྩིགས་པའི་ས་ཁྲིའི་ཐོག་བཞག་ནས་རས་དཀར་པོ་ཞིག་གིས་བཅད་འཐེན་གྱི་ཡོད། དེ་རྗེས་མོ་རྩིས་ཤར་ནས་ཕུང་པོ་སྒོ་འདོན་གྱི་དུས་ཚོད་ཞིབ་ཕྲ་ཐུགས་རྟགས་ཞུ་ཡི་ཡོད། སྤྱིར་སྐུ་ཕུང་ཁྱིམ་ལ་ཉིན་གསུམ་མམ་ཉིན་ལྔ་བཞག་ནས་དུར་ཁྲོད་དུ་སྐྱེལ་བ་དང༌། གཉེན་ཉེ་ཁྱིམ་མཚེས་ཚོས་དུད་ཚང་ག་གེ་མོའི་སྐྱེ་བོ་གྲོངས་པ་ཤེས་མ་ཐག་ལམ་སེང་རང་ཁྱིམ་གྱི་སྐྱེ་བོ་གཅིག་ཆང་དམ་བི་གང་ཁྱེར་ནས་མྱ་ངན་ཐུགས་གསོས་ལ་མངགས་ཀྱི་ཡོད། སྐུ་ཕུང་ཁྱིམ་ལ་བཞུགས་རིང་ཉིན་ལྟར་དགེ་འདུན་པ་གདན་དྲངས་ནས་ཆོས་བཀླགས་ནས་འདས་མཆོད་བསྒྲུབས་ཏེ་གཤིན་པོའི་རྣམ་ཤེས་དག་པའི་ཞིང་ལ་དྲངས་བར་དགེ་ཚོགས་དོན་གཉེར་བྱེད་ཀྱི་ཡོད། ཆ་རྐྱེན་ཡོད་པ་ཚོས་གཤིན་པོའི་ཆེད་བརྒྱ་མཆོད་ཕུལ་གྱི་ཡོད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号