ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 གལ་ཏེ་ཡིན་ན། དེའི་ཚེ་ལྟ་བའི་བྱ་བ་དང་བྲལ་བའི་ཉན་པ་པོ་ཡང་ལྟ་བ་པོ་ཉིད་དུ་འགྱུར་ལ། ཉན་པའི་བྱ་བ་དང་བྲལ་བའི་ལྟ་བ་པོ་ཡང་ཉན་པ་པོར་འགྱུར་ན། ལྟ་བའི་བྱ་བ་དང་བྲལ་བ་ཡང་ལྟ་བ་པོར་འགྱུར་ཞིང་། ཉན་པའི་བྱ་བ་དང་བྲལ་བ་ཡང་ཉན་པ་པོར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ལྟ་བུ་ནི་མཐོང་བ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ནི་དེ་ལྟར་མི་རིགས་སོ་ཞེས་བཤད་དོ། །བྱ་བ་སོ་སོ་ལ་བྱེད་པ་པོ་ཐ་དད་པའི་ཕྱིར་འདི་ནི་དེ་ལྟར་ཡོད་པར་ག་ལ་འགྱུར་ཞེས་བསྟན་པའི་ཕྱིར། དེ་ནི་དེ་ལྟར་མི་རིགས་སོ་ཞེས་གསུངས་སོ། །སློབ་དཔོན་སངས་རྒྱས་བསྐྱངས་ནི། བདག་གཅིག་ཡིན་ན་ནི། དབང་པོ་གཞན་ལ་འགྲོ་བར་ཐལ་བར་འགྱུར་ཏེ། སྐྱེས་བུ་སྐར་ཁུང་གཞན་དུ་ཉེ་བར་འགྲོ་བ་བཞིན་ནོ་ཞེས་རྣམ་པར་འཆད་དོ། །སློབ་དཔོན་ལེགས་ལྡན་འབྱེད་ནི། ཐམས་ཅད་ན་ཡོད་པའི་བདག་ལ་དབང་པོ་གཞན་ལ་འགྲོ་བ་ཡོད་པ་མ་ཡིན་པས་ཐལ་བར་འགྱུར་བའི་སྐྱོན་མི་རིགས་སོ་ཞེས་དེ་ལ་སུན་འབྱིན་པར་སྨྲའོ། །འདི་ནི་མི་རིགས་ཏེ། རང་གི་སྡེ་པས་བརྟགས་པའི་གང་ཟག་ཏུ་སྨྲ་བ་དགག་པའི་སྐབས་སུ་བབ་པའི་ཕྱིར་དང་། དེ་ཡང་ཐམས་ཅད་ན་ཡོད་པ་ཉིད་དུ་ཁས་མ་འཆེས་པའི་ཕྱིར་རོ། །དེའི་ཕྱིར་ཐལ་བར་འགྱུར་བའི་སྐྱོན་རིགས་པ་ཉིད་དོ། །འོན་ཏེ་ཡང་ཇི་སྐད་དུ་བཤད་པའི་སྐྱོན་སྤང་བར་འདོད་པས། གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན་སྟེ། རྟོག་པར་བྱེད་ན་དེ་ཡང་མི་རིགས་ཏེ། དེ་ལྟར་འདོད་པར་གྱུར་ན། ལྟ་བོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ཇི་ལྟར་བ་གླང་ལས་གཞན་དུ་གྱུར་པའི་རྟ་ནི་བ་གླང་ཡོད་པའི་ཚེ་ཅིག་ཅར་དུ་ཡོད་པར་མི་འགྱུར་བ་མ་ཡིན་པ་དེ་བཞིན་དུ། གལ་ཏེ་ཉན་པ་པོ་ལྟ་བ་པོ་ལས་གཞན་དུ་གྱུར་ན་ནི། དེ་ལྟ་བ་པོ་ཡོད་པའི་ཚེ་ན་ཡང་ཅིག་ཅར་དུ་ཡོད་པར་འགྱུར་བ་ཞིག་ན། དེ་ལྟར་ནི་མི་འདོད་པས་གཞན་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་དེ་ལྟ་ཡིན་ན་ནི་བདག་མང་པོར་འགྱུར་ཏེ། ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་ལ་སོགས་པ་རྣམས་སོ་སོ་སོ་སོར་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར། གང་ཟག་ཅེས་བྱ་བ་ནི་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡང་འགའ་ཞིག་ཀྱང་མེད་དོ། །འདིར་སྨྲས་པ། བདག་ནི་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་ཉིད་དོ། །ཅི་སྟེ་གལ་ཏེ་དེ་ཡོད་ན། །དེ་ནི་གང་གིས་གདགས་པར་བྱ། །སྙམ་དུ་སེམས་ན། དེ་ལ་བརྗོད་པར་བྱ་སྟེ། འདི་ལྟར་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་མིང་དང་གཟུགས་ཀྱི་གནས་སྐབས་ན། གང་ལས་རིམ་གྱིས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ་ཞེས་ལྟ་བ་དང་ཉན་པ་ལ་སོགས་པ་དག་འབྱུང་བར་འགྱུར་བ་འབྱུང་བ་ཆེན་པོ་བཞི་ཡོད་དེ། དེའི་ཕྱིར་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན། བདག་འབྱུང་བ་ཆེན་པོ་བཞིའི་ཉེ་བར་ལེན་པ་ཅན་ཡོད་དོ། །དེ་ལྟ་ན་ཡང་། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་ལས་འགྱུར་བའི་འབྱུང་དེ་ལའང་། །དེ་ནི་ཡོད་པ་མ་ཡིན་ནོ། །འབྱུང་བ་ཆེན་པོ་གང་དག་ལས་ལྟ་བ་ལ་སོགས་པ་སྐྱེ་བ་དེ་དག་ལའང་། ཉེ་བར་ལེན་པ་འབྱུང་བ་ཆེན་པོའི་རྒྱུ་ཅན་འདི་ཡོད་པ་མི་རིགས་ཏེ། སྔར་བཤད་པའི་གཏན་ཚིགས་ཀྱིས་སོ་ཞེས་བྱ་བར་དགོངས་སོ། །དེ་ལ་ཇི་སྐད་སྔར། ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ཅེས་བཤད་པ་དེ་ཁོ་ན་ལྟར་འདིར་ཡང་བརྗོད་པར་བྱའོ། །གལ་ཏེ་ཉེ་བར་ལེན་པ་འབྱུང་བ་ཆེན་པོའི་སྔ་རོལ་དུ་བདག་གྲུབ་པར་གྱུར་ན་ནི་དེས་འབྱུང་བ་ཆེན་པོ་དག་ཉེ་བར་ལེན་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་རོ། །གང་ཞིག་ཡོད་པ་མ་ཡིན་པ་དེ་ནི་ཇི་ལྟར་འབྱུང་བ་ཆེན་པོ་དག་ཉེ་བར་ལེན་པར་འགྱུར། དེའི་ཕྱིར། ལྟ་བའི་ཉེ་བར་ལེན་པ་ཅན་ལྟར་འབྱུང་བ་ཆེན་པོའི་ཉེ་བར་ལེན་པ་ཅན་ལ་ཡང་སྐྱོན་བརྗོད་པ་ཉིད་ཡིན་པས་སླར་ཡང་མ་བརྗོད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་འདི་ནི་འབྱུང་བ་དག་ལ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར་བདག་བཀག་མོད་ཀྱི། འོན་ཀྱང་ལྟ་བ་ལ་སོགས་པ་ནི་ཡོད་པ་ཉིད་དེ། བཀག་པ་མ་བྱས་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་བདག་གི་རང་བཞིན་མ་ཡིན་པ་རྣམས་ལ་ནི་ལྟ་བ་ལ་སོགས་པ་དང་འབྲེལ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་དག་དང་འབྲེལ་པ་ཅན་བདག་ཡོད་པ་ཁོ་ནའོ། །བརྗོད་པར་བྱ་སྟེ། གལ་ཏེ་ལྟ་བ་ལ་སོགས་པ་རྣམས་ཉིད་ཡོད་ན། བདག་ཀྱང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ཏེ། ལྟ་བ་ལ་སོགས་པ་བདག་གང་གི་ཉེ་བར་ལེན་པ་ཡིན་པ་དེ་མེད་དོ་ཞེས་བསྟན་པ་དེའི་ཚེ། ཉེ་བར་ལེན་པ་པོ་བདག་མེད་ན་ལྟ་བ་ལ་སོགས་པ། ཉེ་བར་ལེན་པར་གྱུར་པ་རྣམས། །ཡོད་པ་ཉིད་དུ་ག་ལ་འགྱུར། །ཞེས་གསུངས་པ་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ཞེས་བྱ་བ་སྟེ། ལྟ་བ་ལ་སོགས་པ་དག་གང་གི་ཡིན་པར་རྟོག་པ་དེ་གང་གི་ཚེ་མེད་དོ་ཞེས་བཤད་པ་དེའི་ཚེ་ཁོ་ནར་ལྟ་བ་ལ་སོགས་པ་དེ་ཡང་མེད་དོ་ཞེས་གསལ་བར་བསྟན་པ་མ་ཡིན་ནམ། དེའི་ཕྱིར་ལྟ་བ་ལ་སོགས་པ་མེད་པའི་ཕྱིར་བདག་མེད་དོ། །འདིར་སྨྲས་པ། ཅི་བདག་མེད་དོ་སྙམ་དུ་དེ་ལྟར་ཁྱོད་ཀྱིས་ངེས་སམ། དེ་སྐད་སུས་སྨྲས། ལྟ་བ་ལ་སོགས་པ་མེད་པའི་ཕྱིར། བདག་ཀྱང་མེད་དོ་ཞེས་ཐལ་མ་ཐག་ཏུ་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་སྐད་དུ་ཁོ་བོ་ཅག་གིས་སྨྲས་མོད་ཀྱི། འདིའི་དོན་ནི་ཁྱོད་ཀྱིས་ཡང་དག་པར་གཏན་ལ་མ་ཕབ་པ་ཡིན་ནོ། །གང་གི་ཕྱིར་བདག་དངོས་པོའི་རང་བཞིན་ཅན་ཡོད་དོ་ཞེས་བརྟགས་པ་ཡིན་ལ། དེ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཞིང་། བདག་གིས་ཀྱང་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་གཉེན་པོར་དེ་ལ་རང་བཞིན་དུ་མངོན་པར་ཞེན་པ་ཟློག་པར་བྱེད་པའི་ཚིག་སྨྲས་པ་ཡིན་གྱི། འདིའི་དངོས་པོ་མེད་པར་བརྟགས་པ་ནི་མ་ཡིན་ཏེ། འདི་ལྟར་འདི་གཉིས་ནི་སྤང་བར་བྱ་བ་ཡིན་ཏེ། གང་དངོས་པོ་ལ་མངོན་པར་ཞེན་པ་དང་། གང་ཡང་དངོས་པོ་མེད་པ་ལ་མངོན་པར་ཞེན་པའོ། །ཇི་སྐད་དུ་སློབ་དཔོན་འཕགས་པ་ལྷས། ཁྱོད་ཀྱི་བདག་ཀྱང་ངའི་བདག་མིན། །དེས་བདག་ངེས་མེད་དེ་ཕྱིར་མེད། །དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་ཞེས་ཀྱང་ཉེ་བར་སྐྱེ། །ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་བསྟན་པའི་ཕྱིར། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །ཞེས་བྱ་བ་གསུངས་སོ། །རེ་ཞིག་ལྟ་བ་ལ་སོགས་པ་དག་གི་སྔ་རོལ་ན་ནི་བདག་མེད་དེ། དེ་དང་བྲལ་བ་ལ་ཡོད་པ་ཉིད་མེད་པའི་ཕྱིར་རོ། །ལྟ་བ་ལ་སོགས་པ་དང་ལྷན་ཅིག་ཏུ་གྱུར་པ་ཡང་མེད་དོ། །སོ་སོ་སོ་སོར་མ་གྲུབ་པ་དག་ལ། ལྷན་ཅིག་པ་ཉིད་མ་མཐོང་བའི་ཕྱིར་དང་། རི་བོང་གི་རྭ་གཉིས་ལྟར་ཕན་ཚུན་ལྟོས་པ་མེད་པའི་བདག་དང་ཉེ་བར་བླངས་པ་དག་ཀྱང་སོ་སོ་སོ་སོར་མ་གྲུབ་པའི་ཕྱིར་ད་ལྟར་ཡང་མེད་དོ། །ཕྱིས་ཀྱང་མེད་དེ། འདི་ལྟར་གལ་ཏེ་ལྟ་བ་ལ་སོགས་པ་དག་གོང་དུ་ཡོད་པར་འགྱུར་ཞིང་། བདག་འོག་རོལ་གྱི་དུས་སུ་ཡོད་པར་འགྱུར་ན་ནི་དེའི་ཚེ་ཕྱིས་འབྱུང་བར་འགྱུར་ན། དེ་ནི་ཇི་ལྟ་མ་ཡིན་ཏེ། བྱེད་པ་པོ་མེད་པའི་ལས་མ་གྲུབ་པའི་ཕྱིར་རོ། །བདག་གང་ཞིག་དེ་ལྟར་ཡོངས་སུ་བརྟགས་པ་ན་ལྟ་བ་ལ་སོགས་པ་དག་གི་སྔར་རམ་ཕྱིས་སམ་ལྷན་ཅིག་ཡོད་པ་མ་ཡིན་པ་དེའི་ཚེ། དམིགས་པ་མེད་པའི་རང་བཞིན་དེ་ལ་ཡོད་པའམ། མེད་པ་ཉིད་དུ་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད། དེའི་ཕྱིར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་ལས་དང་བྱེད་པ་པོ་བཞིན་དུ་ཕན་ཚུན་ལྟོས་པའི་གྲུབ་པ་ཉིད་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ནི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱོ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་མེད། །ཐམས་ཅད་ཡོད་པ་མ་ཡིན་མེད་པའང་མིན། །འདི་ན་ལྟ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་དམ་པའི་མཆོག །ཅེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དགུ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་ལྟོས་པ་དང་བཅས་པ་རྣམས་ལ་ཡང་ངོ་བོ་ཉིད་དང་བཅས་པ་ཉིད་མཐོང་བའི་ཕྱིར་རོ། །འདི་ལྟར་བུད་ཤིང་ལ་ལྟོས་ནས་མེ་འབྱུང་མོད་ཀྱི། མེ་རང་བཞིན་མེད་པ་ནི་མ་ཡིན་ཏེ། ཚ་བ་དང་སྲེག་པར་བྱེད་པ་ཉིད་རང་བཞིན་དང་འབྲས་བུ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་མེ་ལ་ལྟོས་ནས་བུད་ཤིང་ཡིན་མོད་ཀྱི། དེ་རང་བཞིན་མེད་པ་ནི་མ་ཡིན་ཏེ། བསྲེག་པར་བྱ་བ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། ཉེ་བར་ལེན་པ་ལ་ལྟོས་པ་དང་བཅས་པའི་ཉེ་བར་ལེན་པ་པོ་དང་། ཉེ་བར་ལེན་པ་པོ་ལ་ལྟོས་པ་དང་བཅས་པའི་ཉེ་བར་ལེན་པ་ཡང་ངོ་བོ་ཉིད་ཡོད་པར་འགྱུར་རོ། །དེའི་ཕྱིར་མེ་དང་བུད་ཤིང་བཞིན་དུ་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་པོ་དེ་གཉིས་ཀྱང་འབྱུང་བར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་མེ་དང་བུད་ཤིང་དག་ཉིད་ཡོད་ན་དེ་ལྟར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །འདིར་གལ་ཏེ་མེ་དང་བུད་ཤིང་དག་ཡོད་པར་གྱུར་ན། དེ་དག་ངེས་པར་གཅིག་ཉིད་དམ་ཐ་དད་པ་ཉིད་དུ་ཡོད་པར་འགྱུར་གྲང་། གཉི་ག་ལྟར་ཡང་མི་རིགས་སོ་ཞེས་གསུངས་པ། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །བུད་ཤིང་བསྲེག་པར་བྱ་བ་ཤིང་ལ་སོགས་པ་ལས་སུ་གྱུར་པ་གང་ཡིན་པ་དེའི་སྲེག་པར་བྱེད་པ་པོ་ནི་མེ་ཡིན་ནོ། །དེ་ལ་གལ་ཏེ་བུད་ཤིང་དེ་ཉིད་མེ་ཡིན་ནོ་ཞེས་བྱ་བར་རྟོག་ན་ནི་དེའི་ཚེ་བྱེད་པ་པོ་དང་། ལས་དག་གཅིག་ཉིད་དུ་འགྱུར་ན། དེ་ལྟར་ནི་མ་མཐོང་སྟེ། རྫ་མཁན་དང་བུམ་པ་དག་གམ། གཅད་བྱ་དང་གཅོད་པ་པོ་ཡང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ལ། དེ་ཡང་ཁས་མ་བླངས་པའི་ཕྱིར་རོ། །ཅི་སྟེ་གཞན་ཉིད་ཡིན་ན་ནི། དེ་ལྟ་ན་ཡང་། གལ་ཏེ་བུད་ཤིང་ལས་མེ་གཞན་དུ་གྱུར་ན། དེའི་ཚེ་བུད་ཤིང་ལ་ལྟོས་པ་མེད་པར་མི་དམིགས་པར་འགྱུར་རོ། །བུམ་པ་ལས་གཞན་དུ་གྱུར་པའི་སྣམ་བུ་ནི་དེ་ལ་ལྟོས་པ་མེད་པར་མཐོང་བ་མ་ཡིན་པ་མ་ཡིན་ནོ། །བུད་ཤིང་ལ་ལྟོས་པ་མེད་པའི་མེ་ནི་དེ་ལྟར་ཡང་མ་ཡིན་པས། འདི་ནི་མི་རིགས་སོ། །གཞན་ཡང་གལ་ཏེ་བུད་ཤིང་ལས་མེ་གཞན་དུ་གྱུར་ན་ནི་དེའི་ཚེ། རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །མེ་བུད་ཤིང་ལས་ཐ་དད་པར་གྱུར་པར་འདོད་པ་ན་རྟག་ཏུ་འབར་བ་ཉིད་དུ་འགྱུར་ཞིང་། འབར་བྱེད་རྒྱུ་ལས་མི་འབྱུང་བར་འགྱུར་ལ། ཡང་རྩོམ་པ་དོན་མེད་པར་འགྱུར་ཞིང་། དེ་ལྟ་ཡིན་དང་། ལས་ཀྱང་མེད་པར་འགྱུར་རོ། །དོན་འདི་ཉིད་བསྟན་པར་བཞེད་ནས། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་། །རྟག་ཏུ་འབར་བ་ཡིན་ན་ནི། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །ཞེས་བྱ་བར་གསུངས་སོ། །དེ་ལ་དེས་འབར་བར་བྱེད་པས་ན་འབར་བར་བྱེད་དེ་བུད་ཤིང་ངོ་། །འདི་ལ་འབར་བར་བྱེད་པ་རྒྱུར་ཡོད་པས་ན་འབར་བར་བྱེད་པའི་རྒྱུ་ལས་འབྱུང་བའོ། །འབར་བར་བྱེད་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ནི། འབར་བར་བྱེད་པའི་རྒྱུ་ལས་མི་འབྱུང་བའོ། །གལ་ཏེ་འབར་བར་བྱེད་པ་ལས་མེ་གཞན་ཡིན་པར་གྱུར་ན་ནི་དེའི་ཚེ་བུད་ཤིང་ལ་ལྟོས་པ་མེད་པར་འགྱུར་རོ། །གང་ཞིག་གང་ལས་གཞན་ཡིན་པ་དེ་ནི་ལྟོས་པ་མེད་དེ། བུམ་པ་དང་སྣམ་བུ་བཞིན་ནོ། །དེའི་ཕྱིར་གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བར་བྱེད་པའི་རྒྱུ་ལས་མི་འབྱུང་བར་འགྱུར་རོ། །དེའི་ཕྱིར་རྟག་ཏུ་འབར་བར་བྱེད་དོ། །འབར་བར་བྱེད་པ་ལ་ལྟོས་པ་དང་བཅས་པའི་མེ་དེ་ནི་མེད་ན་འཆི་བར་འགྱུར་ན། གང་གི་ཚེ། འབར་བར་བྱེད་པ་ལ་ལྟོས་པ་མེད་པ་དེའི་ཚེ་ནི་འཆི་བའི་རྐྱེན་མ་ཚང་བས་རྟག་ཏུ་འབར་བ་ཉིད་དུ་འགྱུར་རོ། །རྟག་ཏུ་འབར་བ་ཡིན་ན་ནི། མི་འཆི་བར་བྱ་བའི་ཕྱིར་དེ་ཉེ་བར་ལེན་པ་དང་སྦར་བ་ལ་སོགས་པའི་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་ན་མེ་ལས་མེད་ཅིང་མི་བདོག་པ་ཡིན་བཞིན་དུ་བྱེད་པ་པོར་ཡང་འགྱུར་རོ། །ལས་ཡོད་པ་མ་ཡིན་པ་ནི་བྱེད་པ་པོ་ཉིད་ཀྱང་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེའི་ཕྱིར་བུད་ཤིང་ལས་མེ་གཞན་པ་ཉིད་ཀྱང་མི་རིགས་སོ། །འདིར་སྨྲས་པ། གང་འདི་སྐད་དུ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། འདིར་མེ་དང་བུད་ཤིང་དག་གཞན་ཉིད་ཡིན་ཡང་། བུད་ཤིང་མེད་པར་མེ་ཡོད་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར། འབར་བར་གྱུར་པའི་དོན་མེས་བསྲེག་པར་བྱ་བའི་མཚན་ཉིད་ཅན་ནི་བུད་ཤིང་ཡིན་ལ། མེ་ཡང་དེ་ལ་བརྟེན་ནས་དམིགས་ཀྱི། སོ་སོར་ནི་མ་ཡིན་ནོ། །གང་གི་ཚེ། དེ་ལྟར་མེ་དང་འབྲེལ་པ་ལས་བུད་ཤིང་དུ་བརྗོད་པར་འགྱུར་ཞིང་། མེ་ཡང་བུད་ཤིང་ལ་བརྟེན་ནས་དམིགས་ཀྱི་སོ་སོར་མ་ཡིན་པ་དེའི་ཚེ། གལ་ཏེ་ཤིང་ལས་མེ་གཞན་ན་ཞེས་བྱ་བ་ལ་སོགས་པའི་ཉེས་པར་ཐལ་བའི་གོ་སྐབས་མེད་དོ་ཞེ་ན་ཕྱོགས་འདི་ཡང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །དེ་ལ་གལ་ཏེ་འདི་སྙམ་དུ། བསྲེག་བཞིན་བུད་ཤིང་ཡིན་སེམས་ན། །གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །ཅེས་བྱ་བ་གསུངས་ཏེ། གལ་ཏེ་འབར་བ་དང་ལྡན་པའི་དོན་བསྲེག་པར་བྱ་བའི་མཚན་ཉིད་ཅན་ནི་བུད་ཤིང་ཡིན་ལ། མེ་ནི་དེའི་རྟེན་ཅན་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་བརྟགས་ཀྱང་། མེས་བུད་ཤིང་བསྲེག་གོ་ཞེས་བྱ་བ་མི་འཐད་དེ། གང་གི་ཕྱིར། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །ཅེས་བྱ་བ་འབྱུང་ངོ་། །གང་ཚེ་དེ་ཙམ་དེ་ཡིན་ན། །ཞེས་བྱ་བ་ནི་གང་གི་ཚེ་བསྲེག་བཞིན་པ་ཙམ་ཞིག་དེ་ཡིན་པ་ན་ཞེས་བྱ་བའི་དོན་ཏོ། །འདིར་མེས་བུད་ཤིང་བསྲེག་གོ་ཞེས་རྟོག་པ་ན། བུད་ཤིང་ནི་འབར་བར་གྱུར་པ་བསྲེག་པར་བྱ་བ་ཡིན་ནོ་ཞེས་བྱ་བར་འགྱུར་རོ་ཞེ་ན། འདི་ལས་མ་གཏོགས་པར་གང་གིས་བུད་ཤིང་སྲེག་པར་བྱེད་པའི་མེ་གཞན་ནི་མ་མཐོང་ངོ་། །དེའི་ཕྱིར་འདི་ཙམ་ཞིག་ཏུ་གྱུར་པ་འདི་ཉེ་བར་དམིགས་ཏེ། འདི་ལྟ་སྟེ། འབར་བར་གྱུར་པའི་བསྲེག་པར་བྱ་བ་ཙམ་མོ། །གང་གི་ཚེ་དེ་ལས་ཐ་དད་པའི་མེ་ཡོད་པ་མ་ཡིན་པ་དེའི་ཚེ་བུད་ཤིང་དེ་གང་གིས་སྲེག་པར་བྱེད། དེའི་ཕྱིར་མེས་བུད་ཤིང་མི་བསྲེག་སྟེ། དེ་ལས་མ་གཏོགས་པའི་མེ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་འབར་བར་གྱུར་པ་འགའ་ཞིག་ཀྱང་ག་ལ་ཡོད་དེ། དེའི་ཕྱིར་ཉེས་པ་དེ་ཉིད་བཟློག་ཏུ་མེད་དོ། །གཞན་ཡང་མེ་དང་བུད་ཤིང་དག་གཞན་ཉིད་དུ་ཁས་ལེན་ན། བསྲེག་བཞིན་པའི་བརྗོད་པ་མེད་པས། བསྲེག་བཞིན་པ་བུད་ཤིང་དུ་ག་ལ་འགྱུར་ཞིང་། མེས་བུད་ཤིང་བསྲེག་པར་ཡང་ག་ལ་འགྱུར་ཞེས་བསྟན་པའི་ཕྱིར། གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་རྟགས་དང་ཡང་ལྡན་པར་གནས། །ཞེས་གསུངས་ཏེ། གལ་ཏེ་བུད་ཤིང་ལས་མེ་གཞན་དུ་གྱུར་ན་ནི། དེ་གཞན་ཡིན་པའི་ཕྱིར་སྣང་བ་དང་མུན་པ་ལྟར་བུད་ཤིང་དང་ཕྲད་པར་མི་འགྱུར་རོ། །ཕྲད་པ་མེད་པའི་ཕྱིར་བསྲེག་པར་ཡང་མི་འགྱུར་ཏེ། བསྐལ་པའི་ཡུལ་ན་གནས་པ་བཞིན་ནོ་སྙམ་དུ་དགོངས་སོ། །དེ་ལྟར་ན་བསྲེག་བཞིན་པ་བུད་ཤིང་ཡིན་ནོ་ཞེས་བྱ་བ་མི་འཐད་པ་ཉིད་དོ། །དེའི་ཕྱིར་མེ་འཆི་བར་མི་འགྱུར་ལ། མི་འཆི་ན་ཡང་རང་གི་རྟགས་དང་ལྡན་པ་ཉིད་དུ་གནས་པར་འགྱུར་ཏེ། རབ་ཏུ་འབར་ཞིང་ཞེས་བྱ་བའི་ཐ་ཚིག་གོ །ཡང་གི་སྒྲ་ནི་རང་གི་རྟགས་དང་ལྡན་པ་ཁོ་ནར་གནས་པར་འགྱུར་བའམ། ཡང་ན་བུད་ཤིང་ལས་མེ་གཞན་དུ་གྱུར་པ་ཉིད་མེད་དོ་ཞེས་ངེས་པར་བཟུང་བའམ་རྣམ་པར་རྟོག་པའི་དོན་དུ་བལྟ་བར་བྱའོ། །ཡང་ན་གཞན་ཡིན་པའི་ཕྱིར་མི་ཕྲད་པ་དང་། ཕྲད་པ་མེད་ན་བསྲེག་པར་མི་འགྱུར་བ་དང་། མི་བསྲེག་ན་འཆི་བར་མི་འགྱུར་བ་དང་། མི་འཆི་ན་རང་གི་རྟགས་དང་ཡང་ལྡན་པར་འགྱུར་རོ་ཞེས་བསྡུ་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་བུད་ཤིང་ལས་མེ་གཞན་ཉིད་དུ་ཡང་མི་རིགས་སོ། །འདིར་སྨྲས་པ། མེ་དང་བུད་ཤིང་དག་གཞན་ཡིན་ན་གཞན་ཕྱིར་མི་ཕྲད་ཕྲད་མེད་ན། བསྲེག་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མི་རིགས་ཏེ། འདི་ལྟར་སྐྱེས་པ་དང་། བུད་མེད་དག་གཞན་ཉིད་ཡིན་ཡང་ཕྲད་པར་མཐོང་བ་ཡིན་ལ། མེ་དང་བུད་ཤིང་དག་ཀྱང་དེ་བཞིན་དུ་འགྱུར་རོ། །བརྗོད་པར་བྱ་སྟེ། ཇི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་དང་ཕྲད་པར་རུང་བར་འགྱུར། །གལ་ཏེ་མེ་དང་བུད་ཤིང་དག་སྐྱེས་པ་དང་བུད་མེད་ལྟར། ཕན་ཚུན་ལྟོས་པ་མེད་པར་གྲུབ་པར་གྱུར་ན་ནི། དེ་དེ་ལྟར་འགྱུར་བ་ཞིག་ན། གྱུར་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །ཅེས་བྱ་བ་སྟེ་བུད་ཤིང་ལ་ལྟོས་པ་མེད་པར་མེ་ཡོད་པར་འགྱུར་ཞིང་། མེ་ལ་མི་ལྟོས་པར་བུད་ཤིང་ཡོད་པར་འགྱུར་པ་གང་ཡིན་པ་དེ་ལྟ་བུ་ནི་མི་སྲིད་དོ། །དེའི་ཕྱིར་དཔེ་འདི་ནི་དོན་མེད་པ་ཡིན་ཏེ། གཞན་ཉིད་ཡིན་ཡང་ཕན་ཚུན་ལྟོས་པ་ལ་རག་ལས་ཏེ། སྐྱེས་པར་གྱུར་པ་གང་དག་ཕྲད་པར་གྱུར་པ་དེ་དག་ཉིད་དཔེ་ཉེ་བར་དགོད་པར་རིགས་པར་འགྱུར་ན། དེ་དག་ཀྱང་ཡོད་པ་མ་ཡིན་པས། གཞན་ཉིད་ཡིན་བཞིན་དུ་ཕྲད་པ་ཡོད་དོ་ཞེས་བྱ་བ་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་ཡང་མེ་དང་བུད་ཤིང་དག་ལ་སྐྱེས་པ་དང་བུད་མེད་ལྟར་ཕན་ཚུན་ལྟོས་པ་མེད་པར་གྲུབ་པ་མེད་མོད་ཀྱི། དེ་ལྟ་ན་ཡང་ཕན་ཚུན་ལྟོས་པ་ནི་རེ་ཞིག་ཡོད་པ་ཡིན་ནོ། །ཕན་ཚུན་ལྟོས་པ་དེའི་ཕྱིར་མེ་དང་བུད་ཤིང་དག་གི་རང་གི་ངོ་བོ་གྲུབ་པ་ནི་ཡོད་པ་ཡིན་ཏེ། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་དང་བུ་མོ་དག་ནི་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་དུ་མ་མཐོང་ངོ་། །བརྗོད་པར་བྱ་སྟེ། དེ་ལྟ་ན་ཡང་། གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལྟོས་མེ་དང་ཤིང་འགྱུར་བ། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་མེ་འདི་ནི་བུད་ཤིང་འདིའི་སྲེག་པར་བྱེད་པའི་བྱེད་པ་པོ་ཡིན་ནོ་ཞེས་དེ་ལྟར་བུད་ཤིང་ལ་ལྟོས་ནས་མེར་རྣམ་པར་འཇོག་ཅིང་། གལ་ཏེ་བུད་ཤིང་འདི་ནི་མེ་འདིའི་ལས་ཡིན་ནོ་ཞེས་དེ་ལྟར་མེ་ལ་ལྟོས་ཏེ། བུད་ཤིང་རྣམ་པར་འཇོག་པ་དེའི་ཚེ་དེ་གཉིས་ལས་སྔར་གྲུབ་པ་གང་ཞིག་ཡིན། ཅི་བུད་ཤིང་ལ་ལྟོས་ནས་མེར་འགྱུར་རམ། འོན་ཏེ་མེ་ལ་ལྟོས་ཏེ་བུད་ཤིང་དུ་འགྱུར། དེ་ལ་གལ་ཏེ་བུད་ཤིང་དང་པོར་གྲུབ་བོ་ཞེས་རྟོག་ན་ནི། དེ་ནི་མི་རིགས་ཏེ་མེ་ལ་ལྟོས་པ་མེད་ཅིང་བསྲེག་བཞིན་པ་མ་ཡིན་པ་ནི་བུད་ཤིང་ཉིད་མ་ཡིན་པའི་ཕྱིར་དང་། རྩྭ་ལ་སོགས་པ་ཐམས་ཅད་ཀྱང་བུད་ཤིང་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དང་པོར་མེ་ཡིན་ལ་ཕྱིས་བུད་ཤིང་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། བུད་ཤིང་ལས་སྔར་གྲུབ་པའི་མེ་མེད་པའི་ཕྱིར་དང་། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། ཕྱིས་ལྟོས་པ་དགོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་གང་ལ་ལྟོས་ནས་ཅིག་ཤོས་འགྲུབ་པར་འགྱུར་བ་དང་པོར་གྲུབ་པ་གང་ཡང་མེད་དོ། །ཅི་སྟེ་ཡང་སྔར་བུད་ཤིང་ཡིན་ལ་ཕྱིས་མེ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟ་ན་ཡང་། གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེར་འགྱུར་རོ་ཞེས་རྟོག་ན། དེ་ལྟར་ན་འོ་ན་མེ་གྲུབ་ཟིན་པ་ལ་ཡང་བསྒྲུབ་པར་འགྱུར་ཏེ། དངོས་པོ་ཡོད་ཅིང་གྲུབ་པའི་ངོ་བོ་ཅན་ཁོ་ན་ལྟོས་པར་རིགས་ཀྱི། ཡོད་པ་མ་ཡིན་པའི་ལྷ་སྦྱིན་ནི་ཁྱིམ་འགའ་ལ་ཡང་ལྟོས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་མེ་ཡོད་པར་མ་གྱུར་ན་ནི། དེ་བུད་ཤིང་ལ་ལྟོས་པར་མི་འགྱུར་རོ། །དེའི་ཕྱིར་མེ་ཡོད་པར་ཁས་བླང་བར་བྱ་དགོས་ལ། དེའི་ཚེ་ན་ཡང་འདི་བུད་ཤིང་ལ་ལྟོས་པས་ཅི་ཞིག་བྱ། གང་གི་དོན་དུ་བུད་ཤིང་ལ་ལྟོས་པ་འབྲས་བུ་དང་བཅས་པར་འགྱུར་བ་གྲུབ་ཟིན་པའི་མེ་ནི་ཡང་བུད་ཤིང་གིས་བྱར་མེད་དོ། །དེའི་ཕྱིར་བུད་ཤིང་ལ་ལྟོས་ནས་མེར་འགྱུར་རོ་ཞེས་བྱ་བ་ནི་མི་རིགས་སོ། །གཞན་ཡང་གལ་ཏེ་བུད་ཤིང་ལ་བརྟེན་ནས་མེར་འགྱུར་རོ་ཞེས་རྟོག་ན། དེ་ལྟ་ཡིན་ན། བུད་པར་བྱ་བའི་ཤིང་ལ་ཡང་། །མེ་མེད་པར་ནི་འགྱུར་བ་ཡིན། །གལ་ཏེ་བུད་ཤིང་གྲུབ་པར་མ་གྱུར་ན་ནི་དེ་ལ་མེ་མི་ལྟོས་པ་ཉིད་དེ། མ་གྲུབ་པ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་བུད་ཤིང་མེ་མེད་པར་གྲུབ་པར་ཁས་བླངས་བར་བྱ་བར་འགྱུར་ན་དེ་ནི་དེ་ལྟ་བུ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་དུས་གཅིག་ཁོ་ནར་བུད་ཤིང་འགྲུབ་པས་མེ་འགྲུབ་ཅིང་། མེ་འགྲུབ་པས་ཀྱང་བུད་ཤིང་འགྲུབ་པར་འགྱུར་ཏེ། དེའི་ཕྱིར། གཅིག་ཀྱང་སྔར་གྲུབ་པར་ཁས་མ་བླངས་པའི་ཕྱིར། གང་ལྟོས་མེ་དང་ཤིང་འགྱུར་བ། །དང་པོར་གྲུབ་པ་གང་ཞིག་ཡིན། །ཞེས་སྨྲས་པ་གང་ཡིན་པ་དེ་མི་རིགས་སོ་ཞེས་འདོད་ན། བརྗོད་པར་བྱ་སྟེ། དེ་ལྟར་འདོད་ན་ནི་ཡང་གཉི་ག་གྲུབ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །དེ་ལ་གལ་ཏེ་མེ་ཞེས་བྱ་བའི་དངོས་པོ་གང་ཞིག་བུད་ཤིང་ཞེས་བྱ་བའི་དངོས་པོ་གང་ཞིག་ལ་ལྟོས་ནས་འགྲུབ་ལ། བུད་ཤིང་ཞེས་བྱ་བའི་དངོས་པོ་བདག་ཉིད་གྲུབ་པར་བྱ་བའི་ཕྱིར་ལྟོས་པར་བྱ་བར་འགྱུར་བ་གང་ཡིན་པ་དེ། གལ་ཏེ་མེ་ཞེས་བྱ་བའི་དངོས་པོ་གང་ཞིག་ལ་ལྟོས་ནས་འགྲུབ་ན། ད་ནི་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་སྨྲོས་ཤིང་། གལ་ཏེ་མེ་མེད་པ་ན་བུད་ཤིང་འགྲུབ་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ། རྒྱུ་མེད་པས་བུད་ཤིང་མེད་པའི་ཕྱིར་དེའི་རྒྱུ་ཅན་གྱི་མེ་འགྲུབ་པར་ག་ལ་འགྱུར། དེ་བཞིན་དུ་གལ་ཏེ་བུད་ཤིང་ཞེས་བྱ་བའི་དངོས་པོ་གང་ཞིག མེ་ཞེས་བྱ་བའི་དངོས་པོ་གང་ཞིག་ལ་ལྟོས་ནས་འགྲུབ་ལ། མེ་ཞེས་བྱ་བའི་དངོས་པོ་བུད་ཤིང་གི་བདག་ཉིད་འགྲུབ་པར་བྱ་བའི་ཕྱིར། ལྟོས་པར་བྱ་བར་གྲུབ་པ་གང་ཡིན་པ་དེ་ཡང་གལ་ཏེ་བུད་ཤིང་ཞེས་བྱ་བའི་དངོས་པོ་དེ་ཉིད་ལྟོས་ནས་འགྲུབ་ན། ད་ནི་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་བརྗོད་པར་བྱ་དགོས་སོ། །གལ་ཏེ་བུད་ཤིང་མེད་པ་ན་མེ་འགྲུབ་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་རྒྱུ་མེད་པས་མེ་མེད་པའི་ཕྱིར་དེའི་རྒྱུ་ཅན་གྱི་བུད་ཤིང་ཡོད་པར་ག་ལ་འགྱུར། འདིའི་ཕྱིར་ཡང་མེ་དང་བུད་ཤིང་དག་ཕན་ཚུན་ལྟོས་ནས་གྲུབ་པ་མེད་དེ། གྲུབ་པ་དང་མ་གྲུབ་པ་དག་ལྟོས་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་གསུངས་པ། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །མེ་ཞེས་བྱ་བའི་དངོས་པོ་བུད་ཤིང་ཞེས་བྱ་བའི་དངོས་པོ་ལ་ལྟོས་ནས་གྲུབ་པ་གང་ཡིན་པ་དེ་མ་གྲུབ་པའམ་གྲུབ་པ་ཞིག་བུད་ཤིང་ལ་ལྟོས་གྲང་། གལ་ཏེ་མ་གྲུབ་པ་ཞིག་ཡིན་ན་ནི། དེའི་ཚེ་མ་གྲུབ་པའི་ཕྱིར། བུད་ཤིང་ལ་མི་ལྟོས་ཏེ་བོང་བུའི་རྭ་བཞིན་ནོ། །ཅི་སྟེ་གྲུབ་པ་ཡིན་ན་ནི་གྲུབ་པའི་ཕྱིར་དེ་ལྟོས་ཅི་དགོས་ཏེ། དོན་མེད་པར་འགྱུར་བའི་ཕྱིར་གྲུབ་ཟིན་པ་ཡིན་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་བཞིན་དུ་བུད་ཤིང་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་མེ་དང་བུད་ཤིང་དག་ཕན་ཚུན་ལྟོས་པར་རམ། དུས་གཅིག་ཏུ་གྲུབ་པ་མེད་དོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ཤིང་ལ་མ་ལྟོས་པའི་མེ་མེད་དེ་ཞེས་བྱ་བའོ། །ཅི་སྟེ་འོ་ན་མ་ལྟོས་པར་མེར་འགྱུར་རོ་སྙམ་ན། འདི་ཡང་མི་རུང་ངོ་ཞེས་གསུངས་པ་ནི། ཤིང་ལ་མ་ལྟོས་མེ་ཡང་མེད། །ཅེས་བྱ་བ་སྟེ། གཞན་ཉིད་བཀག་ཟིན་པའི་ཕྱིར་དང་། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བུད་ཤིང་ལ་ལྟོས་པའམ། མ་ལྟོས་པའི་མེ་མེད་པ་དེ་བཞིན་དུ་བུད་ཤིང་ཡང་ཡིན་ནོ་ཞེས་གསུངས་པ་ནི། མེ་ལ་ལྟོས་པའི་ཤིང་མེད་དེ། །མེ་ལ་མ་ལྟོས་ཤིང་ཡང་མེད། །ཅེས་བྱ་བ་སྟེ། འདིའི་དོན་ནི་ཐལ་མ་ཐག་ཏུ་གོ་བར་ཟད་པ་ཉིད་ཀྱིས་ན་ཡང་མི་བརྗོད་དོ། །འདིར་སྨྲས་པ་དཔྱད་པ་ཤིན་ཏུ་ཕྲ་མོ་འདིས་ཁོ་བོ་ཅག་ལ་ཅི་དགོས་ཏེ། གང་གི་ཕྱིར་ཁོ་བོ་ཅག་ནི་མངོན་སུམ་གྱི་བུད་ཤིང་མེས་བསྲེག་བཞིན་པ་དམིགས་པ་དེའི་ཕྱིར་མེ་དང་བུད་ཤིང་དག་ཡོད་དོ་ཞེས་བྱ་བ་འདི་ཙམ་ཞིག་སྨྲའོ་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་མེས་བུད་ཤིང་བསྲེགས་ན་དེ་དེ་ལྟར་འགྱུར་ན། སྲེག་པ་ནི་མ་ཡིན་ཏེ་འདི་ལྟར་གལ་ཏེ། ཤིང་ལ་མེ་ཡོད་ན་ནི་དེས་བུད་ཤིང་སྲེག་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་པ་ཡིན། །རེ་ཞིག་མེ་ནི་བུད་ཤིང་མ་གཏོགས་པར་གཞན་འགའ་ཞིག་ལས་འོང་བ་མེད་དེ། དེ་མ་མཐོང་བའི་ཕྱིར་དང་། རྒྱུ་མེད་པས་བུད་ཤིང་དང་བྲལ་བའི་མེ་ལ་འོང་བ་མེད་པའི་ཕྱིར་དང་། བུད་ཤིང་དང་བཅས་པ་འོང་བ་ལ་དགོས་པ་མེད་པའི་ཕྱིར་དང་། དེར་ཡང་བུད་ཤིང་དང་བརྒལ་ཞིང་བརྟག་པ་མཚུངས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། མེ་ནི་གཞན་ལས་མི་འོང་སྟེ། །ཞེས་བྱ་བའོ། །དེ་བཞིན་དུ། ཤིང་ལ་ཡང་མེ་ཡོད་པ་མ་ཡིན་ཏེ། དེ་ལ་མ་དམིགས་པའི་ཕྱིར་རོ། །ཅི་སྟེ་རྩ་བ་དང་ཆུ་ལ་སོགས་པ་ལྟར་ཡོད་དུ་ཟིན་ཀྱང་མངོན་པར་གསལ་བར་བྱེད་པའི་རྐྱེན་མ་ཚང་བས་སྔར་དམིགས་པར་མ་གྱུར་བཞིན་དུ་ཕྱིས་གཙུབ་ཤིང་གཙུབས་པ་ལ་སོགས་པ། མངོན་པར་གསལ་བར་བྱེད་པའི་རྐྱེན་ཡོད་པ་ལས་དམིགས་པ་ཡིན་ནོ་སྙམ་ན། ཅི་སྟེ་རྩ་བ་དང་ཆུ་ལ་སོགས་པ་རྣམས་ལ་མངོན་པར་གསལ་བར་བྱེད་པའི་རྐྱེན་དག་གིས་ཅི་ཞིག་བྱེད་ཅེས་འདི་ཉིད་རེ་ཞིག་དཔྱད་པར་བྱའོ། །དེ་ལ་རེ་ཞིག་རང་གི་ངོ་བོ་ནི་མི་བྱེད་དེ་ཡོད་པར་གྱུར་པའི་ཕྱིར་རོ། །མངོན་པར་གསལ་བར་བྱེད་དོ་ཞེ་ན། མངོན་པར་གསལ་བ་ཞེས་བྱ་བ་འདི་ཅི་ཞིག་གསལ་བའོ། །དེ་ལྟ་ན་ནི། འོ་ན་དེ་སྔར་ཡོད་པ་མ་ཡིན་པའི་ཕྱིར་དེ་ཉིད་བྱེད་པར་འགྱུར་ལ། དེ་ལྟ་ན་རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བ་བཏང་བར་འགྱུར་ཏེ། སྔར་མངོན་པར་གསལ་བ་མེད་པའི་ཕྱིར་དང་། ཕྱིས་ཡོད་པའི་ཕྱིར་རོ། །རང་གི་ངོ་བོ་སྐྱེ་བའི་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་མངོན་པར་གསལ་བ་རྐྱེན་ལ་ལྟོས་པ་ཉིད་དུ་ཡང་མི་འགྱུར་ཏེ། ནམ་མཁའི་མེ་ཏོག་བཞིན་ནོ། །གཞན་ཡང་མངོན་པར་གསལ་བ་འདི་ནི་དངོས་པོ་མངོན་པར་གསལ་བར་གྱུར་པའམ། མངོན་པར་གསལ་བར་མ་གྱུར་པ་འགའ་ཞིག་ལ་རྟོག་པ་ཞིག་ན། དེ་ལ་རེ་ཞིག་མངོན་པར་གསལ་བར་གྱུར་པ་གང་ཡིན་པ་དེ་ནི་མངོན་པར་གསལ་བར་བྱ་བ་མ་ཡིན་ནོ། །དེ་ལ་མངོན་པར་གསལ་བར་བྱ་བ་དོན་མེད་པའི་ཕྱིར་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མངོན་པར་གསལ་བར་མ་གྱུར་པ་ཡང་མངོན་པར་གསལ་བར་མི་བྱེད་དེ། མངོན་པར་གསལ་བར་མ་གྱུར་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །དེ་ལྟར་ན་མངོན་པར་གསལ་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་རྐྱེན་རྣམས་ཀྱིས་ཡོད་པར་གྱུར་པ་རགས་པ་ཉིད་དུ་བྱེད་པ་ཡིན་ནོ་སྙམ་ན། དེ་ལྟ་ན་ཡང་རགས་པ་ཉིད་སྔར་མེད་པས་དེ་ཉིད་བྱེད་པར་འགྱུར་ཏེ། དེའི་ཕྱིར་རགས་པ་ཉིད་དུ་བྱས་པས་མངོན་པར་གསལ་བར་ག་ལ་འགྱུར། ཕྲ་བ་ཉིད་ཀྱང་རྒྱུ་མེད་པས་མེད་པའི་ཕྱིར། ཅི་ཞིག་རགས་པར་བྱས་པ་ལས་མངོན་པར་གསལ་བར་འགྱུར། དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་བུད་ཤིང་ལ་མེ་མི་སྲིད་པའི་ཕྱིར། ཤིང་ལའང་མེ་ནི་ཡོད་མ་ཡིན། །ཞེས་བྱ་བའོ། །ཡོད་པ་མ་ཡིན་པའི་མེས་ནི་བུད་ཤིང་སྲེག་པ་ཡང་མི་འཐད་པས་འདི་ནི་ཁྱོད་ཀྱིས་མི་བདེན་པ་ཞིག་མཐོང་བ་ཡིན་ནོ། །གཞན་ཡང་སོང་བ་དང་མ་སོང་བ་དང་། བགོམ་པ་དག་ལ་སུན་འབྱིན་པ་སྔར་བཤད་པ་ཇི་ལྟ་བ། དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །བུད་ཤིང་མེས་སྲེག་བཞིན་པ་དམིགས་སོ་ཞེས་བྱ་བའི་བུད་ཤིང་འདིའི་སྟེ། བུད་ཤིང་གི་སྐབས་ཀྱི་སུན་འབྱིན་ལྷག་མ་ནི། རེ་ཞིག་བསྲེགས་པ་མི་སྲེག་སྟེ། །མ་བསྲེགས་པ་ལའང་སྲེག་པ་མིན། །བསྲེགས་དང་མ་བསྲེགས་མ་གཏོགས་པའི། །བསྲེག་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་པའི་ཕྱིར་འདོན་པ་བཟློག་པའི་སྒོ་ནས་སོང་བ་དང་མ་སོང་བ་དང་བགོམ་པའི་སུན་འབྱིན་པ་དང་མཚུངས་པར་རིག་པར་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བུད་ཤིང་མེས་བསྲེག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །ད་ནི་ཇི་སྐད་བསྟན་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཅེས་བྱ་བ་གསུངས་སོ། །དེ་ལ། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བ་འདིས་མེ་དང་བུད་ཤིང་དག་གཅིག་ཉིད་ཡིན་པ་བཀག་པའི་ཕྱིར། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཞེས་བྱའོ། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པས་གཞན་ཡིན་པ་བཀག་པའི་ཕྱིར། ཤིང་ལས་གཞན་ལ་མེ་ཡང་མེད་དོ། །དེ་ཉིད་དང་གཞན་ཉིད་ཀྱི་ཕྱོགས་གཉི་ག་བཀག་པ་ཉིད་ཀྱིས་ན་དེ་དང་ལྡན་པ་དང་རྟེན་དང་བརྟེན་པའི་ཕྱོགས་དག་ཀྱང་། དོན་གྱིས་བཀག་པའི་ཕྱིར་དེ་དག་ཀྱང་མཇུག་བསྡུ་བའི་ཕྱིར། མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཅེས་བྱ་བ་གསུངས་སོ། །དེ་ལ་མེ་ནི་ཤིང་དང་ལྡན་པ་མ་ཡིན་ནོ། །འདིའི་ལམ་འདི་ལ་བུད་ཤིང་ཡོད་དོ་ཞེས་ཐ་དད་པའམ། ཐ་མི་དད་པར་བྱེ་བྲག་ཏུ་འཆད་གྲང་ན་དེ་ལ་ཐ་དད་པར་ནི། དཔེར་ན་ལྷ་སྦྱིན་བ་གླང་དང་ལྡན་ནོ་ཞེས་བྱ་བ་ལྟ་བུ་ཡིན་ལ། ཐ་མི་དད་པར་ནི་ལྷ་སྦྱིན་བློ་དང་ལྡན་ནོ། །ལྷ་སྦྱིན་གཟུགས་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ན། མེ་དང་བུད་ཤིང་དག་ལ་ཕྱོགས་གཉི་ག་ཡང་བཀག་པའི་ཕྱིར། མེ་ཤིང་དང་ལྡན་ནོ་ཞེས་བྱ་བའང་བཀག་པ་བྱས་པ་ཡིན་ནོ། །གཞན་དུ་གྱུར་པའི་འཁར་གཞོང་ནི་རྒྱ་ཤུག་རྣམས་ཀྱི་རྟེན་ཉིད་དུ་རྟོག་ན། མེ་ལ་ནི་བུད་ཤིང་ལས་གཞན་པ་ཉིད་ཀྱང་ཡོད་པ་མ་ཡིན་པས། མེ་ལ་ཤིང་མེད་ཅེས་བྱ་བར་རིགས་སོ། །བུད་ཤིང་ལ་ཡང་མེ་མེད་དེ་གཞན་ཉིད་བཀག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རྟེན་དང་བརྟེན་པ་ཉིད་བཀག་པ་ཡང་དོན་གྱིས་བསྟན་པ་ཉིད་ཡིན་ནོ། །ཇི་ལྟར་རྣམ་པ་ལྔར་རྣམ་པར་བརྟགས་པ་ན། མེ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་གསུངས་སོ། །དེ་ལ་ཉེ་བར་བླང་བར་བྱ་བས་ན། ཉེ་བར་ལེན་པ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་དག་ལ་ཉེ་བར་བརྟེན་ནས་བརྟགས་པ། ཉེ་བར་ལེན་པ་པོ། །འཛིན་པ་པོ། སྒྲུབ་པར་བྱེད་པ་པོ་གང་ཡིན་པ་དེ་ནི་བདག་ཏུ་འཛིན་པའི་ཡུལ་ཡིན་པའི་ཕྱིར་འདི་ལ་བདག་ཏུ་ང་རྒྱལ་བཞག་ཅིང་བསྐྱེད་པས་ན་བདག་ཅེས་བྱའོ། །དེའི་ཕྱིར། བདག་དེ་དང་ཉེ་བར་ལེན་པའི་གྲུབ་པའི་རིམ་པ་དེ་ཐམས་ཅད་མ་ལུས་པར་མེ་དང་བུད་ཤིང་དག་གིས་རྣམ་པར་བཤད་པར་ཁོང་དུ་ཆུད་པར་བྱའོ། །ཡང་ཀུན་དང་མ་ལུས་པ་ལ་ཁྱད་པར་ཅི་ལྟ་ཡོད་ཅེ་ན། ཀུན་སྨྲོས་པ་ནི་ཐལ་མ་ཐག་པའི་ཕྱོགས་ལྔ་པོ་སྦྱོར་བར་བྱེད་པ་ཡིན་ཏེ། ཕྱོགས་ལྔ་པོ་དེ་དག་ཐམས་ཅད་ཀྱང་མ་ཚང་བ་མེད་པར་མེ་དང་བུད་ཤིང་ལྟར་བདག་དང་ཉེ་བར་ལེན་པ་གཉིས་ལ་ཡང་སྦྱར་བར་བྱའོ། །འདི་དག་སྟོན་པ་ལ་འཐད་པའི་ཚུལ་སྔར་བརྗོད་པ་གང་ཡིན་པ་དེ་ཡང་མ་ལུས་པས་བདག་དང་ཉེ་བར་ལེན་པ་དག་དགག་པར་རིག་པར་བྱའོ། །བདག་དང་ཉེ་བར་ལེན་པ་དག་དགག་པ་མེ་དང་བུད་ཤིང་དག་དང་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་ནི་འདི་གཉིས་ཀྱི་སྒོ་ནས་ཡིན་པར་རིག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། རིམ་པ་ཀུན། མ་ལུས་པར་ནི་ཞེས་བཤད་དོ། །དེ་ལ་ཉེ་བར་ལེན་པ་གང་ཡིན་པ་དེ་ཉིད་བདག་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ནི་མི་རིགས་ཏེ། བྱེད་པ་པོ་དང་ལས་དག་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་གཞན་ལ་ཉེ་བར་ལེན་པ་པོ་གཞན་མ་ཡང་མ་ཡིན་ཏེ། བདག་ཕུང་པོ་ལས་ཐ་དད་པར་ཡང་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་དང་། གཞན་ལ་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ཉིད་དང་གཞན་ཉིད་བཀག་པའི་ཕྱིར་བདག་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན་ཉིད་མེད་པའི་ཕྱིར་བདག་ལ་ཕུང་པོ་དག་ཡོད་པ་དང་། ཕུང་པོ་དག་ལ་བདག་ཡོད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྣམ་པ་ལྔར་བདག་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར། ལས་དང་བྱེད་པ་པོ་ལྟར་བདག་དང་ཉེ་བར་ལེན་པ་གཉིས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །བདག་དང་ཉེ་བར་ལེན་པ་དག་གི་རིམ་པ་གང་ཡིན་པ་དེ་ཡང་དེ་གཉིས་ཁོ་ནའི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བུམ་སྣམ་སོགས་དང་ལྷན་ཅིག་ཏུ་ཞེས་གསུངས་ཏེ། དངོས་པོ་མ་ལུས་པ་དག་དང་ལྷན་ཅིག་ཏུ་རྣམ་པ་ཐམས་ཅད་རྣམ་པར་བཤད་པར་རིག་པར་བྱའོ། །བུམ་པ་ལ་སོགས་པ་ནི་རྒྱུ་དང་འབྲས་བུར་གྱུར་པའམ། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའམ། མཚན་ཉིད་དང་མཚན་གཞིར་གྱུར་པའམ། ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པ་དག་ཡིན་ཏེ། དེ་ལ་འཇིམ་པ་དང་དབྱུ་གུ་དང་འཁོར་ལོ་དང་སྐུད་པ་དང་ཆུ་དང་རྫ་མཁན་གྱི་ལག་པའི་རྩོལ་བ་ལ་སོགས་པ་རྣམས་ནི་བུམ་པའི་རྒྱུར་གྱུར་པ་ཡིན་ལ། བུམ་པ་ནི་འབྲས་བུར་གྱུར་པའོ། །དུམ་བུ་ལ་སོགས་པའམ། སྔོན་པོ་ལ་སོགས་པ་དག་ནི་ཡན་ལག་ཏུ་གྱུར་པ་ཡིན་ལ། བུམ་པ་ནི་ཡན་ལག་ཅན་ཡིན་ནོ། །ལྟོ་བ་ཡངས་པ་དང་། མཆུ་འཕྱང་བ་དང་། ཁ་གཡེལ་བ་དང་། མགུལ་པ་རིང་བ་ཉིད་ལ་སོགས་པ་རྣམས་ནི་མཚན་ཉིད་ཡིན་ལ། བུམ་པ་ནི་མཚན་གཞིའོ། །སྔོ་བསངས་ཉིད་ལ་སོགས་པ་དག་ནི་ཡོན་ཏན་ཡིན་ལ། བུམ་པ་ནི་ཡོན་ཏན་ཅན་ཡིན་ནོ་ཞེས་དེ་ལྟར་རྣམ་པར་གཞག་པ་ལ་ཡང་མེ་དང་བུད་ཤིང་ལྟར་རིམ་པར་རྣམ་པར་སྦྱར་བར་བྱའོ། །བུམ་པ་ལ་སོགས་པ་རྣམས་དང་བདག་དང་ཉེ་བར་ལེན་པ་དག་རྣམ་པར་བཤད་པ་ནི་དབུ་མ་ལ་འཇུག་པ་ལས་ངེས་པར་བྱའོ། །དེའི་ཕྱིར་དེ་ལྟར་ལས་དང་བྱེད་པ་པོ་ལྟར་བདག་དང་ཉེ་བར་ལེན་པ་དང་བུམ་པ་ལ་སོགས་པ་རྣམས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་པར་རྣམ་པར་གཞག་ལ་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཡིན་པར་མངོན་པར་རློམ་པ་ཉིད་ཀྱིས། མུ་སྟེགས་པའི་གཞུང་ལུགས་ཀྱིས་ཉེ་བར་བརྟགས་པའི་དོན་གྱི་རྣམ་པར་གཞག་པ། བདེ་བར་གཤེགས་པའི་གསུང་རབ་ལས་ཁོང་དུ་ཆུད་པའི་དོན་ཉིད་དུ་གཅུས་ནས། ཤིན་ཏུ་བླུན་པ་ཉིད་ཀྱིས་ན། །གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །དེ་ལ་དེ་དང་ལྷན་ཅིག་ཏུ་འཇུག་པས་ན་དེ་བཅས་སོ། །དེ་དང་བཅས་པའི་དངོས་པོ་ཉིད་ནི་དེ་བཅས་ཉིད་དེ། ཐ་མི་དད་པ་རང་གཞན་མ་ཡིན་པ་དང་གཅིག་ཉིད་ཅེས་བྱ་བའི་དོན་ཏོ། །གང་དག་དེ་བཅས་ཉིད་དེར་སྨྲ་བ་དེ་དག་ནི་བསྟན་པའི་དོན་ལ་མཁས་པར་སློབ་དཔོན་མི་དགོངས་སོ། །འདི་ལྟ་སྟེ། ཉེ་བར་ལེན་པ་གང་གིས་བདག་ཏུ་འདོགས་པའི་ཉེ་བར་ལེན་པ་དེ་དང་དེ་ལྷན་ཅིག་པ་ཉིད་དུ་ཡོད་དེ། སོ་སོ་མ་ཡིན་ཞིང་ཐ་མི་དད་པར་ཡོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་ཡིན་པ་དང་། དེ་བཞིན་དུ་འཇིམ་པ་ལ་སོགས་པའི་རྒྱུ་གང་གིས་བུམ་པར་འདོགས་པ་དེ་དང་དེར་ཐ་མི་དད་པ་ཉིད་དུ་ཡོད་པ་ཡིན་གྱི། སོ་སོར་ནི་མ་ཡིན་པ་དེ་ལྟར་གང་དག་བདག་དང་དངོས་པོ་རྣམས་དེ་དང་བཅས་པ་ཉིད་དུ་སྨྲ་བ་དེ་དག་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མཆོག་ཏུ་ཟབ་པ། རྟག་པ་དང་ཆད་པ་དང་བྲལ་བ། བརྟེན་ནས་གདགས་པའི་མིང་ཅན་གྱི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །གང་དག་བདག་ཀྱང་གཞན་ལ་ཉེ་བར་ལེན་པ་ཡང་གཞན། འབྲས་བུ་ཡང་གཞན་རྒྱུ་ཡང་གཞན་ནོ་ཞེས་བྱ་བ་ལ་སོགས་པས་སོ་སོ་སོ་སོར་སྟོན་པར་བྱེད་ཅིང་གཞན་ཉིད་དུ་མཐོང་བ་དེ་དག་བསྟན་པའི་དོན་ལ་མཁས་པར་སློབ་དཔོན་ནི་མི་དགོངས་སོ། །ཇི་སྐད་དུ། འགྲོ་བ་སྒྲ་བརྙན་དང་འདྲ་བར། །གཅིག་ཉིད་གཞན་ཉིད་དང་བྲལ་ཞིང་། །འཕོ་དང་འཇིག་པ་དང་བྲལ་བར། །སྨད་མེད་ཁྱོད་ཀྱིས་ཐུགས་སུ་ཆུད། །ཅེས་བཤད་པ་ལྟ་བུའོ། །དེ་ལྟར་རྣལ་འབྱོར་པ་མེ་དང་བུད་ཤིང་བརྟག་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལུས་ནི་དུས་མཐའི་མེ་དག་གམ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་དག་གིས་འཚིག་པ་མ་ཡིན་ནོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་གཞར་ཡང་མེ་ནང་ཡོད་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་གྱུར་ལ། །འབར་བ་འདི་དག་མ་ལུས་ཞི་ཤོག་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་པ། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །ཅེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ། ཇི་ལྟར་གཙུབ་ཤིང་དང་ནི་གཙུབ་སྟན་དང་། །ལག་པའི་རྩོལ་བ་འདི་གསུམ་འདུས་པ་ཡི། །རྐྱེན་འདི་དག་ལས་མེ་ནི་འབྱུང་འགྱུར་ཞིང་། །བྱུང་སྟེ་བྱ་བ་བྱས་ནས་མྱུར་དུ་འགག །དེ་ནས་འདི་ནི་གང་ནས་འོངས་སམ་གར། །སོང་ཞེས་མཁས་པ་གང་ཞིག་ཚོལ་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བཙལ་བ་དང་། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། །མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། །ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། །དེ་བཞིན་ལྷ་མིར་བཅས་པས་རྟོགས་པར་གྱིས། །ལོག་པ་ཡང་དག་མ་ཡིན་བརྟགས་པ་ཡི། །འདོད་ཆགས་ཞེ་སྡང་དག་གིས་འགྲོ་བ་གདུངས། །ཐུགས་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། །འདྲེན་པ་བདུད་རྩིའི་རྒྱུན་ནི་རབ་ཏུ་ཕོབ། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། བདག་ནི་ཡོད་པ་ཉིད་དེ། འཁོར་བ་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་ཡོད་པར་མ་གྱུར་ན་ནི། འགྲོ་བ་ལྔའི་འཁོར་བར་འགྲོ་བ་དང་འོང་བའི་ངོ་བོར་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པས་གང་ཞིག་འཁོར་བར་འགྱུར། བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ། །སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ། སྲིད་པའི་ཀུན་ཏུ་སྦྱོར་བ་ཅན། །སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིངས་པ། །འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་གསུངས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བསྟན་པས་འཁོར་བ་ཡོད་པ་དེའི་ཚེ་འཁོར་བ་པོ་ཡང་ཡོད་ལ། དེ་ལ་ཡང་བདག་ཅེས་བྱའོ། །བརྗོད་པར་བྱ་སྟེ། གལ་ཏེ་འཁོར་བ་ཉིད་ཡོད་ན། བདག་ཀྱང་ཡོད་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། །འདི་ལྟར། སྔོན་མཐའ་སྔོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །མཐའ་དང་ཆ་དང་ཆ་ཤས་ཞེས་བྱ་བ་རྣམས་ནི་རྣམ་གྲངས་སོ། །སྔོན་གྱི་མཐའ་ནི་སྔོན་གྱི་ཆ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འཁོར་བ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། བུམ་པ་ལ་སོགས་པ་དག་བཞིན་དུ་དེ་ལ་ངེས་པར་སྔོན་དང་ཕྱི་མ་ཡང་ཡོད་པར་གྱུར་ན། ཡོད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་འཁོར་བ་ཐོག་མ་དང་ཐ་མ་མེད་པར་གསུངས་པ་དེའི་ཕྱིར་འཁོར་བ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་པ་མ་ཡིན་ནམ། དེའི་ཕྱིར་སྔོན་དང་ཕྱི་མའི་མཐའ་མ་དམིགས་པའི་ཕྱིར། འཁོར་བ་མེད་དེ་མགལ་མེའི་འཁོར་ལོ་བཞིན་ནོ་ཞེས་བྱ་བར་གནས་སོ། །འདིར་འདི་དཔྱད་པར་བྱ་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འཁོར་བའི་སྔོན་དང་། ཕྱི་མ་བཀག་ན། ཇི་ལྟར་དགེ་སློང་དག་དེ་ལྟ་བས་ན། འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་དུ་བྱའོ་སྙམ་དུ་དེ་ལྟར་ཁྱེད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་འདི་གསུངས་ཤེ་ན། བརྗོད་པར་བྱ་སྟེ། སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ཉེ་བར་བཀོད་པས་དེ་དག་ཁོ་ནའི་འཁོར་བ་དེ་ཐོག་མ་དང་ཐ་མ་མེད་པར་རྟོགས་ཀྱི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་གི་ཤུགས་ཀྱིས་མ་རིག་པའི་སྒྲིབ་པའི་ལྗོན་ཤིང་དྲུངས་ཕྱུང་པ་རྣམས་ཀྱིས་ནི་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱི་མེས། ཉོན་མོངས་པའི་ལྗོན་ཤིང་མ་ལུས་པར་བསྲེགས་པ་དེ་དག་ལ་ནི་མཐའ་ཡོད་པ་ཉིད་དོ་ཞེས་ཤེས་པར་བྱའོ། །ཡང་ཇི་ལྟར་ན་ཐོག་མ་དང་བྲལ་བ་རྣམས་ལ་ཐ་མ་ཡོད་པར་བསྟན་ཞེ་ན། ཕྱི་རོལ་གྱི་འབྲུ་ལ་སོགས་པ་དག་ལ་ཐོག་མ་མེད་ཀྱང་། མེ་ལ་སོགས་པ་དང་ཕྲད་པ་ལས་ཐ་མ་ཡོད་པ་ནི་མཐོང་བ་ཉིད་དོ། །ཇི་སྐད་དུ། འཕགས་པའི་ལྷས། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་བཤད་དོ། །ཐ་མ་བསྟན་པ་དེ་ཡང་སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་རྣམས་སྤོ་བར་བྱ་བའི་ཕྱིར། འཇིག་རྟེན་པའི་ཐ་སྙད་ལ་གཞུག་སྟེ། འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་མཛད་པ་ཡིན་ཏེ། དངོས་པོ་སེམས་པ་ཡིན་ན་ནི། འཁོར་བ་ཉིད་མེད་ན་དེའི་ཕྱིར་དེ་ཟད་པ་ལྟ་ག་ལ་ཡོད། འདིར་སྨྲས་པ། འཇིག་རྟེན་པའི་ཤེས་པ་ལ་ལྟོས་ཏེ་ཐ་མ་ལྟར་ཐོག་མ་ཡང་ཅི་སྟེ་མ་གསུངས་ཤེ་ན། བརྗོད་པ། རྒྱུ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར། འཇིག་རྟེན་པའི་ཤེས་པ་ལ་ས་ནས་ཀྱང་འཁོར་བའི་ཐོག་མ་མེད་དེ། དེའི་ཕྱིར་གཉི་ག་ལྟར་ཡང་ཐོག་མ་མེད་པ་ཉིད་དོ་ཞེས་ཤེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་ཡང་འཁོར་བ་ལ་ཐོག་མ་དང་ཐ་མ་གཉིས་ཡོད་པ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་མ་འགགས་པའི་ཕྱིར། དབུས་ཡོད་པ་ཡིན་ནོ། །དེའི་ཕྱིར་འཁོར་བ་ཡོད་དེ། དབུས་ཡོད་པའི་ཕྱིར་རོ། །འདིར་གང་ཡོད་པ་མ་ཡིན་པ་དེ་ལ་ནི་དབུས་མེད་དེ། དཔེར་ན་རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ཁྱོད་ནི་བཞད་གད་བྱ་བར་འོས་པ་ཞིག་སྟེ། གང་ལ་ཐོག་མ་ཐ་མེད་པ། །དེ་ལ་དབུས་ནི་ག་ལ་ཡོད། །མ་ཡིན་ནམ་ཐོག་མ་ཞེས་བྱ་བ་ནི། ཇེ་དང་སྔོན་དང་དང་པོ་ལ་ཞེས་བྱའོ། །ཐ་མ་ཞེས་བྱ་བ་ནི་མཐའ་དང་མཇུག་དང་རྒྱུན་ཆད་པ་ལ་བྱའོ། །འཁོར་བ་གང་ལ་ཐོག་མ་དང་ཐ་མ་བཀག་པ་དེ་ལ་དབུས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་འཁོར་བ་ནི་ནམ་མཁའ་ལྟར་ཐོག་མ་དང་ཐ་མ་དང་དབུས་དང་བྲལ་བའི་ཕྱིར་མིང་ཙམ་ཞིག་ཏུ་ཟད་དེ། མགལ་མེའི་འཁོར་ལོ་ལ་སོགས་པ་བཞིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འཁོར་བ་མེད་པའི་ཕྱིར། བདག་ཀྱང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར། དེ་ལྟར་འཁོར་བ་ལ་ཐོག་མ་དང་། ཐ་མ་དང་དབུས་དག་མེད་པ་དེ་ཉིད་ཀྱི་ཕྱིར་འཁོར་བ་མེད་པས། སྐྱེ་བ་དང་། རྒ་ཤི་ལ་སོགས་པ་རྣམས་ལ་སྔ་བ་དང་ཕྱི་བ་རྣམས་དང་ལྷན་ཅིག་པའི་རིམ་པ་ཡང་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་གསུངས་པ། དེ་ཕྱིར་དེ་ལ་སྔ་ཕྱི་དང་། །ལྷན་ཅིག་རིམ་པ་མི་འཐད་དོ། །ཇི་ལྟར་མི་འཐད་པ་དེ་ལྟར་བསྟན་པའི་ཕྱིར། གལ་ཏེ་སྐྱེ་བ་སྔར་འགྱུར་ལ། །རྒ་ཤི་ཕྱི་མ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་སྐྱེ་བ་སྔ་མར་གྱུར་ན་ནི། དེའི་ཚེ་རྒ་ཤི་དང་བྲལ་བར་འགྱུར་ན། རྒ་བ་ལ་སོགས་པ་དང་བྲལ་བ་ནི་མི་རུང་སྟེ། འདུས་མ་བྱས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒ་ཤི་དང་བྲལ་བའི་དངོས་པོ་ལ་སྐྱེ་བ་ཡོད་པར་རྟོག་པ་ན། ལྷ་སྦྱིན་གཞན་དུ་མ་ཤི་བར་འདིར་དང་པོར་སྐྱེ་བར་རྟོགས་པར་འགྱུར་རོ། །དེའི་ཕྱིར་འཁོར་བ་ལ་ཐོག་མ་ཡོད་པར་འགྱུར་ཞིང་། རྒྱུ་མེད་པའི་ཉེས་པར་ཡང་འགྱུར་རོ། །བདག་འདས་པའི་དུས་ན་བྱུང་བར་གྱུར་ཏོ་ཞེས་དེ་ལྟར་སྔོན་གྱི་མཐའ་ལ་རྟོགས་པར་ཡང་མི་འགྱུར་ཞིང་། སྔོན་བྱུང་བར་མ་གྱུར་པ་ལས་ཕྱིས་འདིར་སྐྱེ་བར་ཡང་འགྱུར་རོ། །ཅི་སྟེ་ཇི་ལྟར་ཨ་མྲ་ལ་སོགས་པ་རྣམས་སྔར་རྒ་ཤི་དང་འབྲེལ་པ་མེད་པར་ཡང་དང་པོ་ཁོ་ནར་སྐྱེ་བར་མཐོང་སྟེ། དེ་བཞིན་དུ་བདག་ཀྱང་ཡིན་ནོ་སྙམ་ན། དེ་ལྟར་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །ཨ་མྲ་ལ་སོགས་པ་རྣམས་ཀྱང་ནི་རང་གི་ས་བོན་འགགས་པར་གྱུར་པ་ན། སྐྱེ་བའི་ཕྱིར་གཞན་དུ་མ་ཞིག་པ་སྐྱེ་བ་མ་ཡིན་པས་འདི་ནི་གོང་མ་དང་མཚུངས་སོ། །ཅི་སྟེ་ས་བོན་ནི་ཤིང་ལས་གཞན་ཉིད་ཡིན་ཏེ་དེའི་ཕྱིར་ཤིང་གི་སྐྱེ་བ་ནི་གཞན་དུ་མ་ཞིག་པ་སྔོན་དུ་འགྲོ་བ་ཅན་ཉིད་དོ་སྙམ་ན། དེ་ལྟར་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་གཞན་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ནི་གཞན་ཡང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འཆད་པར་འགྱུར་རོ། །དེ་ཕྱིར་ས་བོན་ལས་ཤིང་གཞན་ཉིད་མ་ཡིན་ཏེ། དེས་ན་འདི་ནི་བསྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །གང་གི་ཕྱིར། གཞན་དུ་མ་ཤི་བ་ལ་འདིར་སྐྱེ་བ་ཡོད་པ་ཡང་མ་ཡིན་པ་དེའི་ཕྱིར་སྐྱེ་བ་སྔ་མ་ཡིན་པར་ཁས་བླང་བར་མི་བྱའོ། །ཅི་སྟེ་རྒ་ཤི་སྔ་ལ་སྐྱེ་བ་འཕྱི་བ་ཡིན་ན་ནི། དེ་ལྟ་ན་ཡང་། གལ་ཏེ་སྐྱེ་བ་འཕྱི་འགྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་འབྱུང་བས་ན། བཅོམ་ལྡན་འདས་ཀྱིས་རྒ་ཤི་སྐྱེ་བའི་རྒྱུ་རྐྱེན་ཉིད་དུ་གསུངས་ན། གལ་ཏེ་འདི་སྔ་བ་ཡིན་ན་ནི། དེའི་ཚེ་རྒྱུ་མེད་པར་འགྱུར་རོ། །དེའི་ཕྱིར་འདི་ནི་མི་རིགས་སོ། །གང་ལས། བོང་བ་བཏེག་པར་གྱུར་པ་ནི། །བཏེག་པ་ལ་ནི་རྒྱུ་ཡོད་ཀྱི། །བཏེག་པ་ལྟ་ཞིག་རྒྱུ་ལས་ནི། །གཞན་པ་ལྟུང་བ་མེད་པ་ཉིད། །ཅེས་བཤད་པ་དེ་ཡང་ཇི་ལྟར་བཏེག་པ་ཁོ་ནར་ལྟུང་བའི་རྒྱུ་ཡིན་གྱི། གཞན་མ་ཡིན་པ་དེ་བཞིན་དུ། འདིར་ཡང་སྐྱེ་བ་ཁོ་ན་འཇིག་པའི་རྒྱུ་ཉིད་ཡིན་པར་སྨྲའི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་འཇིག་པ་རྒྱུ་མེད་པ་ཉིད་ཡོད་པ་མ་ཡིན་ནོ། །འདི་སྐྱེ་བའི་རྒྱུ་རྐྱེན་ཉིད་ཡིན་པས་འབྱུང་བ་ཁོ་ན་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ན། དེ་ལྟར་འདུས་བྱས་ཆོས་དེ་དག །རྒྱུ་དང་བཅས་པར་འབྱུང་བ་སྟེ། །སྐྱེས་ནས་འཇིག་པ་གང་ཡིན་པ། །འདི་ནི་ཆོས་རྣམས་རང་བཞིན་ནོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ། །ད་ནི་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་ཉིད་དུ་ཡང་མི་འགྱུར་བར་བསྟན་པའི་ཕྱིར། སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང་། །གཉི་ག་རྒྱུ་མེད་ཅན་དུ་འགྱུར། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་སྐྱེ་བ་དང་རྒ་ཤི་དག་ལྷན་ཅིག་པ་ཉིད་དུ་འགྱུར་ན་ནི། དེའི་ཚེ་སྐྱེ་བཞིན་པ་འཆི་བར་འགྱུར་ན། འདི་ནི་རིགས་པ་ཡང་མ་ཡིན་ཏེ། མུན་པ་དང་སྣང་བ་ལྟར་ཕན་ཚུན་འགལ་བའི་ཕྱིར་དུས་གཅིག་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཞིང་། སྐྱེ་བཞིན་པ་ཉིད་འཆི་བ་ཞེས་བྱ་བ་གང་ཡིན་པ་དེ་ལྟ་བུ་ནི་འཇིག་རྟེན་དུ་ཡང་མ་མཐོང་ངོ་། །གཞན་ཡང་སྐྱེ་བ་ལ་སོགས་པ་དག་ལྷན་ཅིག་འབྱུང་བར་རྟོག་ན་ནི་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །བ་གླང་གི་རྭ་གཡས་གཡོན་ལྷན་ཅིག་ཏུ་གྱུར་པ་དག་ནི་ཕན་ཚུན་གྱི་རྒྱུ་ཅན་ཉིད་དུ་མཐོང་བ་ཡང་མ་ཡིན་པས། འདི་ནི་མི་རིགས་སོ། །དེའི་ཕྱིར་དེ་ལྟར། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དག་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོ་བར་བྱེད། །སྐྱེ་བ་གང་དང་རྒ་ཤི་གང་ལ་སྔ་བ་དང་འཕྱི་བ་དང་ལྷན་ཅིག་གི་རིམ་པ་དེ་དག་མེད་པའི་སྐྱེ་བ་དེ་མ་དམིགས་པ་ན། འཕགས་པ་རྣམས་ཅིའི་ཕྱིར་སྤྲོ་བར་བྱེད། ཅིའི་ཕྱིར་གྱི་སྒྲ་ནི་མི་སྲིད་པ་ལ་བྱ་སྟེ། སྤྲོ་བར་མི་མཛད་པ་ཉིད་དོ་ཞེས་པའི་དོན་ཏོ། །རྒ་ཤི་དེ་ཡང་མ་དམིགས་ན་ཅིའི་ཕྱིར་སྤྲོ་བར་བྱེད། ཡང་དག་པ་ཇི་ལྟ་བ་བཞིན་གཟིགས་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་དགོངས་སོ། །ཡང་ན་དེ་ལྟར་སྐྱེ་བ་ལ་སོགས་པ་དག་ཡོད་པ་མ་ཡིན་ན། བྱིས་པ་རྣམས་ཡོད་པ་མ་ཡིན་པའི་སྐྱེ་བ་དེ་དང་། གང་ཞིག་ཡོད་པ་མ་ཡིན་པའི་རྒ་ཤི་དེ་ཅིའི་ཕྱིར་སྤྲོ་བར་བྱེད། དེའི་ཕྱིར་བྱིས་པ་རྣམས་ཀྱིས་སྤྲོས་པ་ནི་དངོས་པོ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟར་འཁོར་བ་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དངོས་པོ་གཞན་རྣམས་ལ་ཡང་ཡིན་ནོ་ཞེས་གསུངས་པ། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང་། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །དེ་ལ་གལ་ཏེ་རྒྱུ་སྔ་ལ་འབྲས་བུ་འཕྱི་བར་གྱུར་ན་ནི། འབྲས་བུ་མེད་པའི་རྒྱུ་རྒྱུ་མེད་པར་འགྱུར་རོ། །འོན་ཏེ་འབྲས་བུ་སྔ་ལ་རྒྱུ་འཕྱི་ན་ནི། དེ་ལྟ་ན་ཡང་རྒྱུ་བས་སྔ་བའི་འབྲས་བུ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །ཅི་སྟེ་རྒྱུ་དང་འབྲས་བུ་ཅིག་ཅར་དུ་གྱུར་ན་ནི། དེ་ལྟ་ན་ཡང་གཉི་ག་རྒྱུ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚན་ཉིད་དང་མཚན་གཞི་དག་དང་། ཚོར་བ་དང་ཚོར་བ་པོ་དག་ལ་ཡང་སྦྱར་བར་བྱའོ། །འཁོར་བའི་རྒྱུ་བཤད་པ་རྒྱུ་དང་འབྲས་བུ་ལ་སོགས་པ་བཤད་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དངོས་པོ་གཞན་གང་དག་ཤེས་པ་དང་ཤེས་བྱ་དང་། ཚད་མ་དང་གཞལ་བྱ་དང་། བསྒྲུབ་བྱ་དང་སྒྲུབ་བྱེད་དང་། ཡན་ལག་དང་ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་ལ་སོགས་པ་དེ་དག་ལ་ཡང་སྔོན་གྱི་མཐའ་མི་རིགས་སོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་གཞན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །དེ་བཞིན་དུ། གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །སོང་བ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །རྒྱལ་བའི་ཆོས་ནི་གང་དག་རབ་སྟོན་པ། །དེར་ཡང་མི་ཟད་པས་ནི་མི་མཐོང་སྟེ། །ཆོས་འདི་སྔ་ནས་བདག་མེད་སེམས་ཅན་མེད། །དེ་དག་རབ་ཏུ་སྟོན་ཀྱང་མི་ཟད་འགྱུར། །བཏགས་པ་ཙམ་དུ་བརྟགས་ནས་བསྟན་པ་ཡིན། །འཁོར་བ་ལ་ནི་ཐ་མ་མི་རྙེད་དེ། །གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད། །མ་འོངས་དུས་ཀྱང་ཤེས་པར་བྱ་བའི་ཕྱིར། །ལས་དང་བྱ་བ་དེ་ལྟར་ཞུགས་འགྱུར་ཏེ། །རབ་དང་ཐ་མ་དག་ཏུའང་འབྱུང་བར་འགྱུར། །ཆོས་རྣམས་རབ་ཏུ་བླུན་ཞིང་རང་བཞིན་སྟོང་། །ཐམས་ཅད་བདག་མེད་པར་ཡང་ཤེས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གཅིག་པའི་འགྲེལ་པའོ།།  །།འདིར་སྨྲས་པ། བདག་ནི་ཡོད་པ་ཉིད་དོ། །དེ་དང་འབྲེལ་པ་ཅན་གྱི་སྡུག་བསྔལ་ཡོད་པའི་ཕྱིར་རོ། །འདིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་ཞེས་བརྗོད་དོ། །དེ་ཡང་ཡོད་ལ། སྡུག་བསྔལ་དེ་ཡང་འགའ་ཞིག་ལ་འགྱུར་བར་བྱ་དགོས་ཏེ། རྟེན་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ལ་རྟེན་ཡོད་པ་ཉིད་ཡིན་ལ། དེ་ཡང་བདག་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་སྡུག་བསྔལ་ཉིད་ཡོད་ན། བདག་ཡོད་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། །འདི་ལྟར་དེ་ནི་ཡོད་ན། བདག་གིས་བྱས་པའམ། གཞན་གྱིས་བྱས་པའམ། གཉི་གས་བྱས་པའམ། རྒྱུ་དང་བྲལ་བ་ཞིག་ཏུ་འགྱུར་བ་ཞིག་ན། འདོད་པ་ན་ཡང་རྣམ་པ་ཐམས་ཅད་དུ་དེ་བྱས་པ་ཉིད་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་འབྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ་། །ཞེས་བྱ་བ་གསུངས་སོ། །དེ་ལ་རྒོལ་བ་ཁ་ཅིག་གིས་ནི། སྡུག་བསྔལ་བདག་གིས་བྱས་སོ་ཞེས་བྱ་བ་རྟོགས་སོ། །གཞན་པོ་དག་གིས་ནི་གཞན་གྱིས་བྱས་པ་ཡིན་ལ། གཞན་དག་གིས་ནི་གཉི་གས་བྱས་པ་ཡིན་ཞིང་འགའ་ཞིག་དག་གིས་ནི་སྡུག་བསྔལ་རྒྱུ་མེད་པར་འབྱུང་བ་ཉིད་དོ་ཞེས་བྱ་བར་རྟོགས་སོ། །འདོད་པར་གྱུར་པའི་སྡུག་བསྔལ་དེ་ནི་རྣམ་པ་ཐམས་ཅད་དུ་བྱ་བར་ཏེ་བསྐྱེད་པར་བྱ་བར་མི་རུང་ངོ་། །འདི་ནི་དམ་བཅའ་བ་ཙམ་ཡིན་པ་དེ་བསྒྲུབ་པར་བྱ་བའི་ཕྱིར། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་འདི་དག་འབྱུང་། །ཞེས་བྱ་བ་གསུངས་སོ། །དེ་ལ་བདག་གིས་ཞེས་བྱ་བ་ནི་བདག་རང་གིས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་གིས་སྡུག་བསྔལ་བྱས་པར་གྱུར་ན་ནི། སྡུག་བསྔལ་གྱི་རང་གི་ངོ་བོ་དེ་ཉིད་ཀྱིས་སྡུག་བསྔལ་གྱི་རང་གི་ངོ་བོ་དེ་ཉིད་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བར་མི་འགྱུར་རོ། །རྒྱུ་དང་རྐྱེན་ལ་མི་ལྟོས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། རང་གི་ངོ་བོ་ཡོད་པའི་ཕྱིར་རོ། །ཡོད་པ་མ་ཡིན་པས་ནི་རང་གི་ངོ་བོ་བྱེད་པ་མ་ཡིན་ནོ། །འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་ཡིན་ཏེ། འདི་ལྟར། གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང་བའི་ཕྱིར་ཏེ། གང་གི་ཕྱིར། འཆི་བའི་དུས་ཀྱི་ཕུང་པོ་འདི་དག་བརྟེན་ནས། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དེ་དག་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་སོ་ཞེས་བྱ་བ་མི་རིགས་སོ། །ད་ནི་གཞན་གྱིས་བྱས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་འདི་ལས་དེ་གཞན་ཞིང་། །གལ་ཏེ་དེ་ལས་འདི་གཞན་ན། །སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང་། །གཞན་དེ་དག་གིས་དེ་བྱས་འགྱུར། །གལ་ཏེ་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་ལས་སྐྱེ་བའི་ཆའི་ཕུང་པོ་དེ་དག་གཞན་དུ་འགྱུར་ཞིང་། སྐྱེ་བའི་ཆར་གཏོགས་པ་དེ་དག་ལས་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་གཞན་ཡིན་ན་ནི། དེའི་ཚེ་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ན། དེ་དག་ལ་ནི་གཞན་ཉིད་མ་མཐོང་སྟེ། རྒྱུ་དང་འབྲས་བུའི་འབྲེལ་པར་གནས་པ་མེད་པའི་ཕྱིར་རོ། །གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པར་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་གཞན་ཉིད་ཡིན་ན་ནི། དེ་ཡི་ཚེ་གཞན་ཉིད་ཡིན་དང་། གཞན་དུ་གྱུར་པའི་ཕུང་པོ་དེ་དག་གིས་གཞན་དུ་གྱུར་པ་དེ་དག་བྱས་སོ་ཞེས་བྱ་བ་བརྗོད་པར་ནུས་པར་འགྱུར་ན། དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་གཞན་གྱིས་བྱས་པ་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་གང་གི་ཕྱིར་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བྱས་པ་དེའི་ཕྱིར་བདག་གིས་བྱས་སོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། གང་ཟག་བདག་གིས་གང་བདག་ཉིད་ཀྱིས་བྱས་པ་ཡིན་གྱི། གཞན་གྱིས་བྱས་ནས་འདི་ལ་བྱིན་པ་ནི་མ་ཡིན་ཏེ། དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་སོ་ཞེས་སྨྲའོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་པའི་གང་ཟག་སྟེ། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། གལ་ཏེ་མིའི་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཅན་འདི་གང་ཟག་བདག་ཉིད་ཀྱིས་བྱས་སོ་ཞེས་བྱ་བར་རྟག་ན། གང་བདག་གིས་སྡུག་བསྔལ་དེ་བྱས་པའི་གང་ཟག་དེ་རྟོག་མོད། གལ་ཏེ་རེ་ཞིག་སྡུག་བསྔལ་གང་གིས་གང་ཟག་བདག་ཉིད་དེར་འདོགས་པར་བྱེད་པའི་སྡུག་བསྔལ་དེ་ཉིད་དེས་བྱས་པ་ཡིན་ན་ནི། སྡུག་བསྔལ་དེ་ནི་འདི་ཡིན་ལ། འདིའི་བྱེད་པ་པོ་ནི་འདི་ཡིན་ནོ་ཞེས་ཕྱེ་སྟེ་བརྗོད་དགོས་སོ། །ཅི་སྟེ་ཡང་མིའི་སྡུག་བསྔལ་གྱི་ཉེ་བར་ལེན་པ་ཅན་གྱི་གང་ཟག་གིས། ལྷའི་སྡུག་བསྔལ་བྱས་པར་གྱུར་ན་ནི། འོ་ན་དེ་གང་ཟག་བདག་གིས་བྱས་པ་མ་ཡིན་གྱི། གང་ཟག་གཞན་གྱིས་བྱས་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཉེ་བར་ལེན་པ་ཐ་དད་ཀྱང་གང་ཟག་ཐ་མི་དད་པར་འདོད་ན། འདི་ཡང་ཡོད་པ་མ་ཡིན་ཏེ། ཉེ་བར་ལེན་པ་ལས་ཐ་དད་ཅིང་། གཞན་དུ་གྱུར་པའི་གང་ཟག་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་སྡུག་བསྔལ་གང་ཟག་བདག་གིས་བྱས་པ་མ་ཡིན་ནོ། །འདིར་སྨྲས་པ། གང་ཟག་བདག་གིས་སྡུག་བསྔལ་བྱས་སོ་ཞེས་དེ་སྐད་དུ་སུ་སྨྲ། འོ་ན་ཅི་ཞེ་ན། སྡུག་བསྔལ་ནི་གང་ཟག་གཞན་ལས་འབྱུང་བ་ཡིན་ནོ། །འདི་ལྟར་མིའི་གང་ཟག་ནི་ལྷའི་སྡུག་བསྔལ་ལས་གཞན་ཉིད་ཡིན་ལ། གང་གི་ཕྱིར་མིའི་གང་ཟག་གིས་ཀྱང་། ལྷའི་སྡུག་བསྔལ་བྱས་ནས་ལྷའི་གང་ཟག་ལ་སྟེར་བར་བྱེད་ཅིང་། ལྷའི་སྡུག་བསྔལ་དེས་ཀྱང་ལྷའི་གང་ཟག་གོ་ཞེས་འདོགས་པར་བྱེད་པ་དེའི་ཕྱིར། གང་ཟག་དེའི་སྡུག་བསྔལ་དེ་ནི་གང་ཟག་གཞན་ལས་འབྱུང་བ་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མ་གཏོགས་ཅི་ལྟར་རུང་། །གལ་ཏེ་ལྷའི་སྡུག་བསྔལ་མིའི་གང་ཟག་གིས་བྱས་ལ། མིའི་གང་ཟག་དེས་ཀྱང་སྡུག་བསྔལ་དེ་བྱས་ནས། གཞན་ལྷའི་གང་ཟག་ལ་སྟེར་བར་བྱེད་དོ་ཞེས་བྱ་བ་ཡིན་ན་ནི། གང་ལ་སྦྱིན་པར་བྱ་བའི་ལྷའི་གང་ཟག་དེ། ལྷའི་སྡུག་བསྔལ་ལས་མ་གཏོགས་པར་ཇི་ལྟར་རུང་བར་འགྱུར། དེ་ལྟར་ན། རེ་ཞིག་གང་ཟག་གཞན་ལས་འབྱུང་བའི་སྡུག་བསྔལ་ལ་ལེན་པ་པོ་ཉིད་ཡོད་པ་མ་ཡིན་ནོ། །ད་ནི་གང་ཞིག་སྦྱིན་པར་བྱེད་པ་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གང་གིས་ལྷའི་སྡུག་བསྔལ་བྱས་ནས་ལྷའི་གང་ཟག་ལ་སྟེར་བར་བྱེད་ཅིང་། ཉེ་བར་ལེན་པ་གང་གིས་མིའི་གང་ཟག་དེར་གདགས་པ་དེ་ནི། མིའི་ཉེ་བར་ལེན་པ་ལས་ཐ་དད་པ་གང་ཞིག་ཡིན་པར་འགྱུར། དེའི་ཕྱིར་གང་ཟག་གཞན་ལས་བྱུང་བའི་སྡུག་བསྔལ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །གལ་ཏེ་ལྷའི་གང་ཟག་གིས་སྡུག་བསྔལ་མིའི་གང་ཟག་གིས་བྱས་པའི་ཕྱིར། གཞན་གྱིས་བྱས་པ་ཡིན་ན་ནི། དེ་ནི་མིའི་གང་ཟག་གི་རང་གིས་བྱས་པ་ཉིད་དུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར། གང་གི་ཚེ་བདག་གིས་བྱས་པར་མ་གྲུབ་པའི་ཕྱིར་སྡུག་བསྔལ་དེ་མིའི་གང་ཟག་གི་བདག་གིས་མ་བྱས་པ་དེའི་ཚེ། ལྷ་ཞེས་བྱ་བའི་གང་ཟག་གཞན་གྱི་སྡུག་བསྔལ་དེ་གཞན་གྱིས་བྱས་པར་ག་ལ་འགྱུར་ཞེས་བྱ་བ་འདི་ལས་ཀྱང་སྡུག་བསྔལ་གཞན་གྱིས་བྱས་པ་ཡོད་པ་མ་ཡིན་ནོ། །ད་ནི་ཕྱོགས་གཉིས་ཆར་རྣམ་པ་གཞན་གྱི་སྒོ་ནས་ཀྱང་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཞེས་བྱ་བ་གསུངས་སོ། །འདི་ལས་ཀྱང་སྡུག་བསྔལ་བདག་དང་གཞན་དག་གིས་བྱས་པར་མི་རིགས་སོ། །གང་གི་ཕྱིར་རེ་ཞིག་སྡུག་བསྔལ་བདག་གིས་བྱས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ཉིད་ཀྱིས་དེ་བྱས་པ་མ་ཡིན་པའི་ཕྱིར་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར། བདག་གིས་བྱས་པ་ཡོད་པ་མ་ཡིན་ནོ། །གཞན་གྱིས་བྱས་པ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། བྱེད་པོ་ཞེས་བྱ་བར་བརྟགས་པའི་གཞན་གང་ཡིན་པ་དེ་ཉིད་རེ་ཞིག་བདག་གིས་མ་བྱས་ཤིང་བདག་ཉིད་ཀྱིས་མ་གྲུབ་སྟེ། དེ་ཡང་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །གང་ཞིག་རང་གི་བདག་ཉིད་ཀྱིས་གྲུབ་པ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་པའི་རང་བཞིན་དུ་གྱུར་པས་གཞན་བྱེད་པར་ཇི་ལྟར་འགྱུར་ཏེ། འདི་ནི་མི་རིགས་སོ། །ད་ནི་སྡུག་བསྔལ་གཉིས་ཀས་བྱས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉི་གས་བྱས་པར་འགྱུར། །གལ་ཏེ་རེ་རེས་སྡུག་བསྔལ་བྱེད་པར་འགྱུར་ན་ནི། དེའི་ཚེ་སྡུག་བསྔལ་གཉི་གས་བྱས་པ་ཡིན་ན། དེ་ནི་རེ་རེས་བྱས་པ་ཡང་མ་ཡིན་ཏེ། བཤད་ཟིན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རེ་རེས་སྲོག་གཅོད་པ་མ་བྱས་པར་ནི་གཉི་གས་བྱས་སོ་ཞེས་བརྗོད་པ་མ་མཐོང་ངོ་། །ད་ནི་སྡུག་བསྔལ་རྒྱུ་མེད་པ་ལས་བྱུང་བ་ཡང་ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར། བདག་གིས་མ་བྱས་གཞན་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །ཞེས་གསུངས་ཏེ། གཞན་གྱིས་མ་བྱས་པ། གཞན་གྱིས་མ་བསྐྱེད་པ་འདི་ལ་ཡོད་པས་ན། གཞན་གྱིས་མ་བྱས་པའོ། །འདི་ལ་བདག་གིས་མ་བྱས་པ་ཡོད་པས་ན་བདག་གིས་མ་བྱས་པའོ། །གལ་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་སྡུག་བསྔལ་བདག་གིར་བྱས་པ་མེད་ཅིང་། གཞན་གྱིས་བྱས་པ་ཡང་མེད་པ་དེའི་ཚེ་རྒྱུ་མེད་པ་ཡོད་པར་ག་ལ་འགྱུར་ཏེ། ནམ་མཁའི་མེ་ཏོག་གི་དྲི་ཞིམ་པོ་བཞིན་ནོ། །སྡུག་བསྔལ་མེད་པའི་ཕྱིར་ན་དེའི་རྟེན་དུ་གྱུར་པའི་བདག་ཀྱང་ལྟ་ག་ལ་ཡོད། ཇི་ལྟར་རྣམ་པ་བཞིར་དཔྱད་ན་སྡུག་བསྔལ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཕྱི་རོལ་གྱི་དངོས་པོ་ས་བོན་དང་མྱུ་གུ་དང་བུམ་པ་དང་སྣམ་བུ་ལ་སོགས་པ་དག་ཀྱང་རིག་པར་བྱའོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་གྱི། །དངོས་པོ་ཐམས་ཅད་དག་ལ་ཡང་། །རྣམ་པ་བཞི་པོ་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་སྔ་མ་བཞིན་སྦྱར་བར་བྱའོ། །གལ་ཏེ་སྡུག་བསྔལ་ལ་སོགས་པ་འདི་དག་ལ་རྣམ་པ་བཞི་པོ་མེད་ན། འོ་ན་ད་ནི་འདི་དག་རྣམ་པ་གང་གིས་འགྲུབ་ཅེ་ན། བརྗོད་པར་བྱ་སྟེ། གལ་ཏེ་སྡུག་བསྔལ་ལ་སོགས་པ་འདི་དག་རང་བཞིན་གྱིས་ཡོད་པར་གྱུར་ན་ནི། ངེས་པར་རྣམ་པ་བཞི་པོ་འདི་དག་ལས་གང་ཡང་རུང་བ་ཞིག་གིས་འགྲུབ་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་ལ་སོགས་པ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ངེས་སོ། །འོན་ཏེ་ཕྱིན་ཅི་ལོག་ཙམ་གྱི་བདག་ཉིད་ཡོད་པར་རྙེད་པ། སྡུག་བསྔལ་ལ་སོགས་པ་ཀུན་རྫོབ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་གཞག་པ་ཚོལ་ན་ནི། དེའི་ཚེ་ལས་དང་བྱེད་པ་པོ་བརྟགས་པའི་རབ་ཏུ་བྱེད་པར་བཤད་པའི་རྣམ་པས་ཇི་སྐད་སྨྲས་པའི་ཕྱོགས་བཞི་བསལ་ནས་རྐྱེན་ཉིད་འདི་པ་ཙམ་གྱི་དོན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་གྲུབ་པར་ཁས་བླང་བར་བྱའོ། །ཇི་སྐད་དུ། སྡུག་བསྔལ་བདག་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་རྟོག་གེ་བ་ཡིས་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་བདག་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་འདི་འདྲའོ། །དགེ་དང་ནག་པོའི་ལས་རྣམས་མི་འཇིག་སྟེ། །བདག་གིས་བྱས་པ་བདག་ནི་མྱོང་བར་འགྱུར། །ལས་ཀྱི་འབྲས་བུ་འཕོ་བར་མི་འགྱུར་ཏེ། །རྒྱུ་མེད་པར་ཡང་མྱོང་བར་མི་འགྱུར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ། །གསོག་དང་གསོབ་ཏུ་གྱུར་པ་དབུ་བ་བཞིན། །སྒྱུ་མ་སྨིག་རྒྱུ་ལྟ་བུར་རྟག་ཏུ་སྟོང་། །སྒྲ་ཡིས་བཤད་ཀྱང་དེ་དག་དབེན་པ་ཡིན། །བྲག་ཕུག་རི་དང་གཅོང་རོང་ཀླུང་རྣམས་སུ། །རྐྱེན་གྱིས་ཇི་ལྟར་བྲག་ཅ་འབྱུང་བ་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་རིག་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། བདག་གིས་བྱས་པ་དག་གཞན་གྱིས་བྱས་བ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།།  །།གང་གི་ཕྱིར་དེ་ལྟར་རབ་ཏུ་བྱེད་པ་ཐལ་མ་ཐག་པའི་ཚུལ་གྱིས་རྣམ་པར་དཔྱད་པ་ན། དངོས་པོ་རྣམས་ལ་བདག་དང་གཞན་དང་གཉི་གས་བྱས་པ་དང་། རྒྱུ་མེད་པ་ལས་བྱུང་བ་ཉིད་མེད་ཅིང་སྐྱེད་པར་བྱེད་པའི་རྣམ་པ་གཞན་ཡང་མེད་ལ། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ལ་དངོས་པོ་འདི་དག་སྐྱེ་བའི་ངོ་བོར་ཡང་སྣང་བ་དེའི་ཕྱིར། རང་བཞིན་མེད་པ་ཉིད་དུ་གྱུར་པ་ན་སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པས། དེ་མི་ཤེས་པ་རྣམས་ལྟར་བྱིས་པ་རྣམས་སླུ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བློའི་སྤྱན་ཆོས་ཐམས་ཅད་ཀྱི་རང་བཞིན་ལྐོག་ཏུ་མ་གྱུར་པ་མངའ་བ། མ་རིག་པའི་བག་ཆགས་མ་ལུས་པར་དྲུངས་ཕྱུང་བ། སེམས་ཅན་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་ཞིང་སྐྱབས་མེད་པ་ཡོངས་སུ་བསྐྱབ་པར་མཛད་པའི་སླད་དུ་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པར་ཉེ་བར་སྟོན་པ་ལྷུར་མཛད་པ། ཐུགས་རྗེ་ཆེན་པོའི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག སླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །མདོ་ལས་དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་འདི་ནི་སླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་ནི་འཇིག་པའི་ཆོས་ཅན་ནོ་ཞེས་གསུངས་སོ། །དེའི་ཕྱིར་ཚུལ་འདིས་གང་སུ་ཞིག་འཇིག་པའི་ཆོས་ཅན་དེ་ནི་བརྫུན་པ་ཡིན་ནོ་ཞེས་དེ་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་དང་། འདུ་བྱེད་ཐམས་ཅད་ཀྱང་སླུ་བའི་ཆོས་ཅན་ཡིན་པས་དེའི་ཕྱིར། འདུ་བྱེད་དེ་དག་སླུ་བའི་ཆོས་ཅན་ཡིན་པས་བརྫུན་པར་འགྱུར་རོ། །དེ་ལ་སླུ་བའི་ཆོས་ཅན་ནི་འདྲིད་པར་བྱེད་ཅིང་ཕྱིན་ཅི་ལོག་ཏུ་སྣང་བ་སྟེ། མགལ་མེའི་འཁོར་ལོ་བཞིན་ནོ། །དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། སྨིག་རྒྱུའི་ཆུ་བཞིན་ནོ། །གང་ཞིག་བདེན་པ་དེ་ནི་སླུ་བའི་ཆོས་ཅན་མ་ཡིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ། །དེའི་ཕྱིར། བསྟན་པའི་རིགས་པ་དང་ལུང་འདི་ལས། དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཆོས་ཐམས་ཅད་ནི་སྟོང་པ་སྟེ། རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་སླུ་བའི་ཆོས་ཅན་ཉིད་ཀྱིས། འདུ་བྱེད་ཐམས་ཅད་བརྫུན་པ་ཉིད་དུ་བསྟན་ན། དེ་ལྟ་ན་ནི་དངོས་པོ་ཐམས་ཅད་མེད་པས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ། །བརྗོད་པར་བྱ་སྟེ། གང་དག་ད་དུང་དུ་ཡང་ཁྱོད་སླུ་བར་བྱེད་པ་སླུ་བའི་ཆོས་ཅན་དག་ཡོད་པ་འདི་ནི་བདེན་ནོ། །གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །མ་ཡིན་ནམ། གང་གི་ཚེ་ཁོ་བོ་ཅག་གི་སླུ་བ་ཅན་གང་ཡིན་པ་དེ་ནི་བརྫུན་པའོ། །ཞེས་བཤད་པ་དེའི་ཚེ་དེ་ལ་ཅི་ཞིག་སླུ་སྟེ། དེ་ལ་ཅི་ཞིག་དངོས་པོ་མེད་པར་འགྱུར། གལ་ཏེ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བའི་ལོག་པར་ལྟ་བར་འགྱུར་ན། གང་གི་ཚེ་དངོས་པོ་ཅུང་ཟད་ཀྱང་མ་མཐོང་བ་དེའི་ཚེ། དེར་ཅི་ཞིག་སླུ་བར་འགྱུར་ཏེ། འགའ་ཡང་དངོས་པོ་མེད་པར་མི་འགྱུར་བས། ཁྱོད་ཀྱིས་ཀླན་ཀ་འདི་ནི་མི་རིགས་སོ། །འདིར་གལ་ཏེ་དངོས་པོ་མེད་པའི་ལྟ་བ་ཡང་མི་སྟོན་ན། ལུང་འདིས་ཅི་ཞིག་སྟོན། བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་བསྟན་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པར་སྟོན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྟོང་པ་ཉིད་ཡོངས་སུ་སྟོན་པ་ཡིན་ཏེ། རང་བཞིན་གྱིས་མ་སྐྱེས་པའི་ཡོངས་སུ་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་མིན། །ཞེས་གསུངས་སོ། །འདིར་ལུང་གིས་དངོས་པོའི་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་གསལ་བར་བྱེད་པ་ནི་མ་ཡིན་ཏེ། འོན་ཏེ་ཅི་ཞེ་ན། རང་བཞིན་མེད་པ་སྟེ་རང་བཞིན་མི་གནས་པ་ཉིད་དང་། འཇིག་པ་ཉིད་སྟོན་པར་བྱེད་པ་ཡིན་ནོ། །འདི་གང་ལས་ཤེ་ན། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བར་སྣང་ཕྱིར་རོ། །གཞན་དུ་འགྱུར་བ་སྟེ། ཡོངས་སུ་འགྱུར་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །འདི་སྐད་དུ་གལ་ཏེ། དངོས་པོ་རྣམས་ལ་རང་བཞིན་མེད་ན། དེའི་ཚེ་འདི་དག་གཞན་དུ་འགྱུར་བ་དམིགས་པར་མི་འགྱུར་ན། ཡོངས་སུ་འགྱུར་བ་ནི་དམིགས་པ་ཡང་ཡིན་ཏེ། དེའི་ཕྱིར་རང་བཞིན་མི་གནས་པ་ཉིད་མདོའི་དོན་ཡིན་པར་ཤེས་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །འདིའི་ཕྱིར་ཡང་དེ་ནི་དེ་ལྟར་ཡིན་ཏེ། གང་གི་ཕྱིར། དངོས་པོ་ངོ་བོ་ཉིད་མེད་དེ། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །འདི་ལྟར་དངོས་པོ་གང་ཞིག་ངོ་བོ་ཉིད་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་ཆོས་སྟོང་པ་ཉིད་ཅེས་བྱ་བ་ནི་འདོད་པ་ཡིན་ནོ། །ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ལ། དེའི་སྔོ་བསངས་ཉིད་མི་འཐད་པས་ཆོས་ཅན་མེད་པས། དེ་ལ་བརྟེན་པའི་ཆོས་ཀྱང་མི་འཐད་པ་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་ཡོད་པ་ཡིན་ནོ། །གཞན་ཡང་། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་ན། ཡོངས་སུ་འགྱུར་བའི་མཚན་ཉིད་ཅན་གྱི་གཞན་དུ་གྱུར་པ་གང་ཡིན་པ་དེ་གང་གི་ཡིན་པར་འགྱུར་ཞེས་འཛེར་ཏོ། །འདི་ལ་བརྗོད་པར་བྱ་སྟེ། དེ་ལྟར་ཡོངས་སུ་བཏགས་ཀྱང་། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །འདིར་ཆོས་གང་ཞིག་དངོས་པོ་གང་ལ་མི་འཁྲུལ་པ་དེ་ན་དེའི་རང་བཞིན་ཞེས་བསྙད་དེ། གཞན་གྱིས་གེགས་བྱར་མེད་པའི་ཕྱིར་རོ། །དེ་ལ་མི་འཁྲུལ་བའི་མེའི་ཚ་བ་ལ་ནི་འཇིག་རྟེན་ན་རང་བཞིན་ཞེས་བརྗོད་ལ། ཚ་བ་དེ་ཉིད་ཆུ་དག་ལ་དམིགས་པ་ན་རྐྱེན་གཞན་ལས་བྱུང་བས་བཅོས་མ་ཡིན་པའི་ཕྱིར་རང་བཞིན་མ་ཡིན་ནོ། །གང་གི་ཚེ། དེ་ལྟར་རང་བཞིན་ནི་འཁྲུལ་པ་མེད་པར་འགྱུར་བ་ཡིན་པར་བྱ་དགོས་པ་དེའི་ཚེ་འཁྲུལ་པ་མེད་པས་གཞན་དུ་འགྱུར་བ་མེད་དེ། མེ་ནི་གྲང་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དངོས་པོ་རྣམས་ལ་ཡང་རང་བཞིན་ཁས་ལེན་ན་གཞན་དུ་འགྱུར་བ་ཉིད་མེད་པར་འགྱུར་ན། དེ་དག་ནི་གཞན་དུ་འགྱུར་བ་ཉིད་དུ་དམིགས་པ་ཡང་ཡིན་ཏེ། དེའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ། །གཞན་ཡང་གང་ཞིག་སྣང་བ་ལས་རང་བཞིན་དང་བཅས་པ་ཉིད་དུ་འགྱུར་བ་གཞན་དུ་གྱུར་པ་འདི་ནི་དངོས་པོ་རྣམས་ལ་མི་སྲིད་པ་ཉིད་དོ། །ཇི་ལྟར་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །ཞེས་བྱ་བ་གསུངས་ཏེ། རེ་ཞིག་དངོས་པོ་སྔར་གྱི་གནས་སྐབས་ན་གནས་པ་དེ་ཉིད་ནི་གཞན་དུ་འགྱུར་བར་མི་འཐད་དོ། །འདི་ལྟར་ལང་ཚོའི་གནས་སྐབས་ཉིད་ལ་གནས་པའི་གཞོན་ནུ་ལ་ནི་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་གནས་སྐབས་གཞན་ཐོབ་པ་ཉིད་ལ་གཞན་དུ་འགྱུར་བ་ཉིད་རྟོག་ན། དེ་ཡང་མི་འཐད་དེ། གཞན་དུ་གྱུར་པ་ཞེས་བྱ་བ་ནི་རྒས་པའི་རྣམ་གྲངས་ཡིན་ཏེ། དེ་གལ་ཏེ་གཞོན་ནུ་ལ་མི་འདོད་ཀྱི་གཞན་རྒས་པ་ཁོ་ན་ལ་འགྱུར་ན་ནི། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་རྒས་པ་ལ་ནི་ཡང་རྒ་བ་དང་། འགྲེལ་པ་དགོས་པ་མེད་པའི་ཕྱིར་རོ། །རྒས་པ་ལ་ཡང་རྒ་བ་དང་འབྲེལ་པས་ཅི་ཞིག་བྱ་སྟེ། དེ་མེད་པར་ཡང་རྒས་པ་ཉིད་ཡོད་པས་རྒས་པ་རྒའོ་ཞེ་བྱ་བ་ནི་མི་རིགས་སོ། །ཅི་སྟེ་གཞོན་ནུ་ཉིད་གཞན་དུ་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། རྒས་པའི་གནས་སྐབས་མ་ཐོབ་པ་ལ་གཞོན་ནུ་ཞེས་བརྗོད་པའི་ཕྱིར་དང་། གནས་སྐབས་གཉིས་ཀྱང་ཕན་ཚུན་འགལ་བའི་ཕྱིར་རོ། །གཞན་ཡང་། གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །ཅི་སྟེ་འོ་མའི་གནས་སྐབས་བཏང་ནས། ཞོའི་གནས་སྐབས་སུ་གྱུར་པ་དེའི་ཕྱིར་འོ་མ་ཉིད་ཞོར་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་ཕན་ཚུན་འགལ་བས་འོ་མ་ཉིད་ཞོར་འགྱུར་རོ་ཞེས་བྱ་བར་མི་འདོད་ན་ནི། འོ་མ་ལས་གཞན་གང་ཞིག་ནི། །ཞོ་ཡི་དངོས་པོ་ཡིན་པར་འགྱུར། །ཅི་ཆུ་ཞོའི་དངོས་པོར་འགྱུར་རམ། དེའི་ཕྱིར་གཞན་ཞོའི་དངོས་པོར་འགྱུར་རོ་ཞེས་བྱ་བ་འདི་ནི་མ་འབྲེལ་པ་ཡིན་ནོ། །དེའི་ཕྱིར། དེ་ལྟར་གཞན་དུ་འགྱུར་བ་མེད་པའི་ཕྱིར་དེ་སྣང་བ་ལས་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྲུབ་པར་ག་ལ་འགྱུར། དེའི་ཕྱིར་འདི་ནི་མི་རིགས་སོ། །ཇི་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཆོས་གང་སྐྱེ་བ་མེད་ཅིང་འབྱུང་བ་མེད། །འཆི་འཕོ་མེད་ཅིང་རྒ་བར་མི་འགྱུར་བ། །མི་ཡི་སེང་གེ་ཡིས་ནི་དེར་བསྟན་ཞིང་། །སེམས་ཅན་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །གང་ལའང་ངོ་བོ་ཉིད་ནི་གང་ཡང་མེད། །གཞན་ཡང་མ་ཡིན་སུས་ཀྱང་མི་རྙེད་པ། །ནང་ན་མ་ཡིན་ཕྱི་རོལ་དག་ན་ཡང་། །མི་རྙེད་དེ་དག་ལ་ནི་མགོན་པོས་བཀོད། །བདེ་བར་གཤེགས་པས་ཞི་བའི་འགྲོ་གསུངས་ཀྱང་། །འགྲོ་བ་གང་ཡང་རྙེད་པར་མི་འགྱུར་ཏེ། །དེ་དག་འགྲོ་ལས་གྲོལ་བར་རྣམ་པར་གསུངས། །གྲོལ་ནས་སེམས་ཅན་མང་པོ་གྲོལ་བར་མཛད། །བདག་མེད་པར་ནི་ཆོས་ཀུན་སྟོན་མཛད་ཅིང་། །སེམས་ཅན་འཛིན་ལས་འཇིག་རྟེན་རྣམ་པར་གྲོལ། །བདག་ཉིད་འགྲོ་ལས་གྲོལ་ཞིང་འགྲོ་གྲོལ་བས། །དེ་བཞིན་ཕ་རོལ་གཤེགས་ཀྱང་རྒལ་བའང་མེད། །དྲང་སྲོང་ཆེན་པོ་སྲིད་པའི་ཕ་རོལ་ཕྱིན། །ཕ་རོལ་གཤེགས་པ་གང་ཡང་མི་རྙེད་འགྱུར། །ཕ་རོལ་ཡོད་མ་ཡིན་ཞིང་ཚུ་རོལ་མེད། །ཕ་རོལ་སོང་ངོ་ཞེས་ཀྱང་ཚིག་ཏུ་གསུང་། །གང་གིས་ཚིག་ཏུ་སྨྲ་བ་དེ་ཡང་མེད། །གང་སྨྲས་དེ་ཡི་ཚིག་ཀྱང་ཡོད་མ་ཡིན། །གང་ལ་སྨྲ་བ་དེ་ཡང་རྙེད་མི་འགྱུར། །གང་གིས་ཤེས་པ་དེ་ཡང་ཡོད་མ་ཡིན། །ལོག་པར་རྟོག་ལ་ཆགས་པའི་དབང་གིས་སུ། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམས། །སྐྱེས་བུ་གང་ཞིག་ཞི་བའི་ཆོས་རིག་པ། །དེས་ནི་རང་འབྱུང་དེ་བཞིན་གཤེགས་པ་མཐོང་། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། །དགའ་བ་རྙེད་ནས་སེམས་ཅན་ཚིམ་པར་བྱེད། །ཉོན་མོངས་རྒྱལ་ནས་དེ་ཉིད་རྒྱལ་བར་འགྱུར། །བདག་ཉིད་རྒྱལ་བར་གྱུར་ཞིང་གནས་པ་མེད། །དེ་ཕྱིར་རྒྱལ་བའི་བྱང་ཆུབ་རབ་ཏུ་མཁྱེན། །སངས་རྒྱས་ནས་ནི་འགྲོ་བ་ཤེས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དངོས་པོ་ངོ་བོ་ཉིད་མེད་པ་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་རྣམས་སྟོང་པ་ཉིད་དུ་ནི་འདོད་པ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་རྟེན་དུ་གྱུར་པ་དངོས་པོའི་རང་བཞིན་ཡོད་དོ་ཞེས་བྱ་བ་གང་ཡིན་པ་དེ་དག་མི་རིགས་སོ་ཞེས་གསུངས་པ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་ཞིག་འགའ་ཞིག་ཏུ་ཡོད་ན་ནི། དེའི་ཚེ་དེའི་རྟེན་དངོས་པོའི་རང་བཞིན་ཡོད་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །འདིར་སྟོང་པ་ཉིད་དང་བདག་མེད་པ་ཉིད་དག་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་ཁས་བླངས་པས་སྟོང་པ་མ་ཡིན་པའི་ཆོས་མེད་པའི་ཕྱིར་སྟོང་པ་ཉིད་མ་ཡིན་པ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་སྟོང་པ་མ་ཡིན་པའི་དངོས་པོ་མེད་ཅིང་སྟོང་པ་ཉིད་མ་ཡིན་པ་ཡང་ཡོད་པ་མ་ཡིན་པ་དེའི་ཚེ། གཉེན་པོ་ལ་ལྟོས་པ་དང་བྲལ་བས་ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །གང་གི་ཚེ་སྟོང་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་དེའི་རྟེན་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གང་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས། འགྲོ་བ་མུ་སྟེགས་པའི་སྨྲ་བ་མ་རིག་པའི་སྨག་ཆེན་པོའི་རྗེས་སུ་སོན་པ་ལ། འགྲོ་བའི་སྒྲོན་མེ་གཅིག་པུར་གྱུར་པ། བདག་མེད་པ་ཉེ་བར་སྟོན་པའི་མེ་ལྕེ་རྒྱུན་མི་ཆད་པ་མངའ་བ་རྣམས་འབྱུང་བ། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསྟན་པ་མུ་སྟེགས་པའི་གཞུང་ལུགས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དག་ནི། བདེ་བར་གཤེགས་པའི་གསུང་རབ་ཁོ་ན་ལ་དམིགས་ན། ཁྱོད་ཀྱིས་ནི་ད་ལྟར་དེ་བཞིན་གཤེགས་པའི་གསུང་རབ་རྣམ་པར་འཆད་པའི་རྒྱུ་ཐབས་ཀྱིས་སྟོང་པ་ཉིད་དེ་སྤོང་བར་བརྩམས་པ་ཡིན་པས། མཐོ་རིས་དང་བྱང་གྲོལ་གྱི་ལམ་རྒྱུན་གཅོད་པར་བྱེད་པ་ཁྱོད་དང་བརྩད་པས་ཆོག་གོ །བརྗོད་པར་བྱ་སྟེ། ཨེ་མ་ཀྱི་ཧུད་གནམ་དུ་ཕྱོགས་པ་ལྟར་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་ཞི་བ་དྲང་པོ་བོར་ནས། དངོས་པོ་ལ་མངོན་པར་ཞེན་པའི་སྦྲུལ་གྱིས་དཀྲིས་པ། འཁོར་བའི་དགོན་པའི་ལམ་ལས་ཐར་པའི་གྲོང་ཁྱེར་དུ་འགྲོ་བ་ཉིད་དུ་རྟེན་པ་ཁྱོད་ནི་དམ་པ་དག་གིས་སྨད་པར་བྱ་བ་ཡིན་བཞིན་དུ་མངོན་པའི་ང་རྒྱལ་ཞེན་པས་གཟུང་བའི་དབང་ཉིད་ཀྱིས་དེ་དག་ཉིད་ལ་སྨོད་པར་བྱེད་པ་ཞིག་སྟེ། ཀྭའི་ཉོན་མོངས་པའི་ནད་མ་ལུས་པར་གསོ་བར་མཛད་པ། སྨན་པའི་རྒྱལ་པོ་ཆེན་པོ་ནི། །རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །མ་ཡིན་ནམ། འདིར་སྟོང་པ་ཉིད་ནི་འདི་ལྟ་བར་གྱུར་པ་ཐམས་ཅད་ཀྱི་མངོན་པར་ཞེན་པ་ཐམས་ཅད་ངེས་པར་འབྱུང་བ་སྟེ་ལོག་པ་གང་ཡིན་པ་དེ་ཡིན་ལ། ལྟ་བར་གྱུར་པ་རྣམས་ལོག་པ་ཙམ་ནི་དངོས་པོ་ཡང་མ་ཡིན་ནོ། །གང་དག་སྟོང་པ་ཉིད་དེ་ལ་ཡང་དངོས་པོར་མངོན་པར་ཞེན་པ་དེ་དག་ལ་ནི་ཁོ་བོ་ཅག་མི་སྨྲ་སྟེ། དེའི་ཕྱིར་ཁོ་བོ་ཅག་གིས་ཉེ་བར་བསྟན་པ་ལས་རྟོག་པ་མཐའ་དག་ལོགས་ན་ཐར་པར་འགྱུར་བ་ག་ལ་ཡོད། །འདི་ལྟར་གང་ཞིག་ལ་ཁྱོད་ལ་ཟོང་ཅི་ཡང་མི་སྟེར་རོ་ཞེས་སྨྲས་པ་དང་། ཀྱེ་བདག་ལ་ཅི་ཡང་མེད་པ་ཞེས་བྱ་བའི་ཟོང་དེ་ཉིད་བྱིན་ཅིག་ཅེས་སྨྲ་ན། དེ་ཟོང་མེད་པར་འཛིན་དུ་གཞུག་པར་ཐབས་གང་གིས་ནུས། དེ་བཞིན་དུ་གང་དག་སྟོང་པ་ཉིད་ལ་ཡང་མངོན་པར་ཞེན་པ་དེ་དག་གི་དེ་ལ་དངོས་པོར་མངོན་པར་ཞེན་པ་དེ་གང་གིས་འགོག་པར་འགྱུར། དེའི་ཕྱིར་སྨན་པ་ཆེན་པོ་ལ་ཡང་ཉེས་པའི་འདུ་ཤེས་ཡོད་པའི་ཕྱིར་གསོ་བར་མཛད་པའི་མཆོག་སྨན་པ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་དག་བོར་བ་ཉིད་ཡིན་ནོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ་ལས། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ་ཆོས་རྣམས་ཉིད་སྨོན་པ་མེད་པར་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་ནི་འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི་ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུངས་འདི་ལྟ་སྟེ་དཔེར་ན་མི་ནད་པ་ཞིག་ཡོད་ལ། སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ་གསོལ་བ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ་དེ་ཉིད་མ་བྱུང་ན། མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཁོ་ནར་ཡིན་ན། འོད་སྲུངས་གང་དག་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་གསུངས་པ་ལྟ་བུའོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། འདུ་བྱེད་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དངོས་པོའི་རང་བཞིན་ནི་ཡོད་པ་ཉིད་དེ། དེ་དག་གི་ཕྲད་པ་ཉེ་བར་བསྟན་པའི་ཕྱིར་རོ། །འདིར་གང་མེད་པ་དེ་ལ་ནི་ཕྲད་པ་མེད་དོ། །དཔེར་ན་མོ་གཤམ་གྱི་བུ་དང་བུ་མོ་གཉིས་བཞིན་ནོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་དང་། གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ་ཞེས་རྒྱ་ཆེར་འབྱུང་བ་དང་། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཕྲད་པ་ཡིན་གྱི། མ་ཕྲད་པ་ནི་མ་ཡིན་ནོ་ཞེས་འདུ་བྱེད་རྣམས་ལ་ནི་ཕྲད་པར་བསྟན་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྲད་པ་བསྟན་པ་ལས་ནི་དངོས་པོའི་རང་བཞིན་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཕྲད་པ་ཉིད་ཡོད་པར་འགྱུར་ན། འདི་དེ་ལྟར་འགྱུར་བ་ཞིག་ན་ཡོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར། བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །དེ་ལ་བལྟ་བྱ་ནི་གཟུགས་སོ། །ལྟ་བ་ནི་མིག་གོ །ལྟ་བ་པོ་ནི་མིག་གི་རྣམ་པར་ཤེས་པའོ། །གསུམ་པོ་འདི་དག་ལས་རྣམ་པ་གཉིས་གཉིས་ཕྲད་པ་ནི་ཡོད་པ་མ་ཡིན་ཏེ། མིག་དང་གཟུགས་སམ། མིག་དང་རྣམ་པར་ཤེས་པའམ། རྣམ་པར་ཤེས་པ་དང་གཟུགས་ལ་ཕྲད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་གཉིས་གཉིས་དང་ཕྲད་པ་ཡོད་པ་མ་ཡིན་ནོ། །ཐམས་ཅད་ཀྱང་ནི་སྟེ་གསུམ་པོ་དེ་དག་ཅིག་ཅར་ཕྲད་པ་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་བལྟ་བར་བྱ་བ་དང་ལྟ་བ་དང་ལྟ་བ་པོ་རྣམས་གཉིས་གཉིས་སམ་ཐམས་ཅད་དུ་ཡང་ཕྲད་པ་མེད་པ། དེ་བཞིན་འདོད་ཆགས་ཆགས་པ་དང་། ཆགས་པར་བྱ་བ་ལྟ་བ་སྟེ། འདོད་ཆགས་དང་ཆགས་པའམ། འདོད་ཆགས་དང་ཆགས་པར་བྱ་བ་ལ་ཕྲད་པ་ཡོད་པ་མ་ཡིན་ལ། གསུམ་པོ་དག་ཅིག་ཅར་ཡང་ཕྲད་པ་ཡོད་པ་མ་ཡིན་ནོ། །འདི་དག་ཇི་ལྟར་ཡིན་པ་དེ་བཞིན་དུ། ཉོན་མོངས་པ། ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་གསུམ་ཉིད་ཀྱིས་སོ། །སྟེ་ཕན་ཚུན་དུ་ཕྲད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །རྣམ་པ་གསུམ་ནི་རྣམ་གསུམ་མོ། །རྣམ་པ་གསུམ་གྱི་དངོས་པོ་ནི་རྣམ་གསུམ་ཉིད་དེ། རྣམ་གསུམ་ཉིད་ངེས་སོ། །ཉོན་མོངས་པ་ལྷག་མ་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་དག་གོ །དེ་དག་ནི་ཞེ་སྡང་དང་ཞེ་སྡང་བ་པོ་དང་། སྡང་བྱ་ལ་སོགས་པ་རྣམ་པ་གསུམ་གྱིས་ཡིན་ལ། ཉན་པ་དང་། ཉན་པ་པོ་དང་། མཉན་པར་བྱ་བ་ལ་སོགས་པ་གསུམ་གྱིས་ཀྱང་ངོ་། །ཡང་ཅིའི་ཕྱིར་འདི་དག་ལ་ཕྲད་པར་ཡོད་པ་མ་ཡིན་ཞེ་ན། གཞན་དང་གཞན་དུ་ཕྲད་འགྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་པ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །ཞེས་གསུངས་ཏེ། གང་ཕྱིར་ཞེས་བྱ་བ་འདི་ནི་གང་གི་ཕྱིར་གྱི་དོན་ལའོ། །གལ་ཏེ་བལྟ་བར་བྱ་བ་ལ་སོགས་པ་དག་ལ་ཕན་ཚུན་དུ་གཞན་ཉིད་ཡོད་ན་ནི། དེའི་ཚེ་ཆུ་དང་འོ་མ་གཉིས་བཞིན་དུ་ཕན་ཚུན་ཕྲད་པ་ཡོད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་བལྟ་བར་བྱ་བ་ལ་སོགས་པ་དག་ལ་གཞན་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར། དེ་དག་ཕྲད་པར་མི་འགྱུར་རོ། །གཞན་ཡང་། བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །བལྟ་བར་བྱ་བ་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་རྣམས་འབའ་ཞིག་ལ་གཞན་ཉིད་ཡོད་པ་མ་ཡིན་པར་མ་ཟད་ཀྱི། བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །བལྟ་བར་བྱ་བ་ལ་སོགས་པ་འདི་དག་ལ་ཕན་ཚུན་གཞན་ཉིད་ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མིན་པར་གཞན་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །ཅེས་གསུངས་ཏེ། འདིར་བུམ་པ་ཞེས་བྱ་བའི་དངོས་པོ་སྣམ་བུ་ལས་གཞན་ནོ་ཞེས་བརྗོད་པ་གང་ཡིན་པའི་གཞན་དེ་ནི་གཞན་ལ་བརྟེན་ནས་གཞན་དུ་འགྱུར་ལ། དངོས་པོ་གཞན་མེད་པར་ཏེ་གཞན་མི་བདོག་པར་ནི་གཞན་གཞན་དུ་མི་འགྱུར་རོ། །བུམ་པ་ཞེས་བྱ་བའི་དངོས་པོ་གང་ཞིག་སྣམ་བུ་ཞེས་བྱ་བའི་དངོས་པོ་གཞན་ལ་བརྟེན་ནས་གཞན་ཡིན་པར་འགྱུར་བའི་བུམ་པ་ཞེས་བྱ་བའི་དངོས་པོ་དེ་ནི་སྣམ་བུའི་དངོས་པོ་དེ་ལས་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །གང་གི་ཕྱིར་གང་ལ་བརྟེན་ནས་གང་ཞིག་ཏུ་འགྱུར་བ་དེ་ནི་དེ་ལས་གཞན་དུ་མི་འགྱུར་ཏེ། ལྟོས་པ་དང་བཅས་པའི་ཕྱིར་ས་བོན་དང་མྱུ་གུའམ། རིང་པོ་དང་ཐུང་ངུ་བཞིན་ནོ། །དེ་སྐད་དུ་ཡང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ནི་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་རྟག་མིན་ཆད་མ་ཡིན། །ཞེས་འཆད་པར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་སྣམ་བུ་ནི་བུམ་པ་ལས་གཞན་ཡིན་ལ། ཐ་དད་པར་གྱུར་པའི་སྣམ་བུ་དེ་ལ་ལྟོས་ནས་བུམ་པ་གཞན་དུ་འགྱུར་ན་དེའི་ཚེ་ཉེས་པ་ཅི་ཞིག་ཡོད་ཅེ་ན། བརྗོད་པར་བྱ་སྟེ། གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི་གཞན་འགྱུར་བ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །ཅེས་བྱ་བ་སྟེ། འདིར་གཞན་གྱི་སྒྲ་གཅིག་ནི་ཉེ་བར་བསྟན་པར་བྱ་བ་ཡིན་ལ། གཞན་ནི་དོན་གཞན་འཛིན་པ་ཡིན་ཞིང་། ཡང་གཞན་ནི་རབ་ཏུ་གྲགས་པར་གྱུར་པ་བརྗོད་པ་ཡིན་པས་གཞན་གྱི་སྒྲ་གསུམ་ཉེ་བར་བཀོད་དོ། །གལ་ཏེ་བུམ་པ་ཞེས་བྱ་བའི་དངོས་པོ་དེ་གཞན་སྣམ་བུ་ལས་གཞན་ཡིན་པར་འགྱུར་ན་ནི། བུམ་པ་ཞེས་བྱ་བའི་དངོས་པོ་དེ་གཞན་སྣམ་བུ་མེད་པར་ཡང་གཞན་དུ་འགྱུར་ཏེ། དེའི་ཚེ་སྣམ་བུ་ལ་མ་ལྟོས་པའི་བུམ་པ་གཅིག་པུ་གཞན་ཉིད་དུ་འགྱུར་རོ། །འདི་ལྟར་གང་ཞིག་གང་ལས་གཞན་ཡིན་པ་དེ་ནི་དེ་མེད་པར་ཡང་འགྲུབ་སྟེ། དཔེར་ན་བུམ་པ་དེ་ཉིད་རང་གི་ངོ་བོར་གྲུབ་པ་ལས་གཞན་སྣམ་བུ་ལ་མི་ལྟོས་པ་བཞིན་ནོ། །དེ་བཞིན་དུ་གལ་ཏེ་བུམ་པའི་གཞན་ཉིད་གཞན་སྣམ་བུ་ལས་ཡིན་ན་ནི། དེའི་ཚེ་སྣམ་བུ་ལ་མ་ལྟོས་པའི་བུམ་པ་ལ་ཡང་གཞན་ཉིད་ཡིན་པར་འགྱུར་ན། སྣམ་བུ་ལ་མ་ལྟོས་པའི་བུམ་པ་གཅིག་པུ་ལ་ནི་གཞན་ཉིད་མ་མཐོང་ངོ་། །དེའི་ཕྱིར། གཞན་ལ་བརྟེན་ནས་གཞན་དུ་འགྱུར་རོ་ཞེས་སྨྲ་བ་ན། གང་ལ་ལྟོས་ནས་གང་ཞིག་གཞན་ཡིན་པ་དེ་ནི་དེ་ལས་གཞན་མ་ཡིན་ནོ་ཞེས་གསལ་བར་ཁས་བླངས་པར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་འགའ་ཞིག་ལས་གཞན་ཉིད་འགའ་ཞིག་ལ་ཡོད་པ་མ་ཡིན་ན། དེའི་ཚེ་གང་གི་ཕྱིར་གཞན་ནི་གཞན་ལ་བརྟེན་ནས་གཞན་ཡིན་པ་དེའི་ཕྱིར། དེ་གཞན་དུ་མི་འགྱུར་རོ་ཞེས་བྱ་བ་འདི་ཉིད་ཀྱང་བརྗོད་པར་མི་སྲིད་པ་མ་ཡིན་ནམ། བརྗོད་པར་བྱ་སྟེ། གང་གི་ཕྱིར། དངོས་པོ་རྣམས་ཀྱི་གཞན་ཉིད་གྲུབ་པ་ཕན་ཚུན་ལྟོས་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། འཇིག་རྟེན་པའི་ཐ་སྙད་ལ་གནས་ཏེ་གཞན་ཞེས་བརྗོད་ཀྱི། དངོས་སུ་ན་གཞན་ཉིད་བརྟགས་པ་ན་ཡོད་པ་མ་ཡིན་ནོ་ཞེས་སྨྲའོ། །གལ་ཏེ་གཞན་ཉིད་ཡོད་པ་མ་ཡིན་ཡང་། འཇིག་རྟེན་པའི་ཀུན་རྫོབ་ཏུ་བུམ་པ་སྣམ་བུ་ལས་གཞན་ཡིན་ནོ་ཞེས་བརྗོད་ན། འོ་ན་ནི་ས་བོན་དང་མྱུ་གུ་གཉིས་ཀྱང་གཞན་ཉིད་དུ་ཅིའི་ཕྱིར་མི་སྨྲ་ཞེ་ན། བརྗོད་པར་བྱ་སྟེ། འཇིག་རྟེན་པས་ནི་ས་བོན་དང་མྱུ་གུ་གཉིས་བུམ་པ་དང་། སྣམ་བུ་ལྟར་གཞན་ཉིད་དུ་མི་རྟོགས་པ་ཉིད་དེ། བུམ་པ་དང་སྣམ་བུ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཉིད་མེད་པར་ཐལ་བའི་ཕྱིར་དང་། ཅིག་ཅར་ཡོད་པར་ཐལ་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གང་གི་ཕྱིར་འཇིག་རྟེན་པ་ནི་ཤིང་འདི་ངས་བཙུགས་སོ་ཞེས་ས་བོན་ཙམ་ཞིག་བཙུགས་ནས་ས་བོན་གྱི་འབྲས་བུ་ཤིང་སྟོན་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུར་གྱུར་པ་རྣམས་ཀྱི་གཞན་ཉིད་ནི་འཇིག་རྟེན་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་འཇོག་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་གཞན་ལ་ལྟོས་པ་དང་བཅས་པའི་གཞན་གྱི་བློ་འབྱུང་ན་ནི། དེའི་ཕྱིར་དེ་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་ཉེས་པ་འདིར་འགྱུར་ན། དེ་སྐད་དུ་ནི་མི་སྨྲ་སྟེ། འོ་ན་ཅི་ཞེ་ན། འདི་ན་གཞན་ཉིད་ཅེས་བྱ་བ་སྤྱི་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པ་ཞིག་ཡོད་པ་ཡིན་ལ། དེ་གང་ལ་འདུ་བའི་དངོས་པོ་དེ་ནི་དངོས་པོ་གཞན་ལ་ལྟོས་པ་མེད་ཀྱང་གཞན་ཞེས་བརྗོད་པར་བྱེད་དེ། དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་སྨྲས་པའི་ཉེས་པའི་གོ་སྐབས་མེད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་གཞན་ཉིད་ཡོད་ན་ནི་འདི་དེ་ལྟར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། །འདིར་གཞན་ཉིད་འདི་རྟོག་པ་ན། །གཞན་ནམ་གཞན་མ་ཡིན་པ་ཞིག་ལ་རྟོག་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལ་གལ་ཏེ་གཞན་ལ་གཞན་ཉིད་ཡོད་དོ་ཞེས་རྟོག་ན་ནི། གཞན་ཉིད་བརྟགས་པས་ཅི་ཞིག་བྱ། གཞན་ཉིད་དུ་རྟོགས་པ་ནི་གཞན་དུ་བརྗོད་པ་གྲུབ་པར་བྱ་བའི་ཕྱིར་ཡིན་ན། གཞན་དུ་བརྗོད་པ་དེ་ནི་གཞན་ཉིད་མེད་པར་ཡང་གྲུབ་པ་ཉིད་དེ། གང་གི་ཕྱིར་གཞན་དུ་བརྗོད་པ་རྙེད་པའི་དངོས་པོ་གཞན་ལ་གཞན་ཉིད་རྟོག་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གཞན་ལ་གཞན་ཉིད་མི་སྲིད་དོ། །ད་ནི་གཞན་མ་ཡིན་པ་ལ་ཡང་གཞན་ཉིད་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གཞན་མ་ཡིན་པ་ནི་གཅིག་ཉིད་ལ་བྱ་ལ། དེ་ལ་ནི་གཞན་ཉིད་དང་འགལ་བ་གཅིག་ཉིད་ཡོད་པ་དེའི་ཕྱིར་འགལ་བས། གཞན་མ་ཡིན་པ་ལ་ཡང་གཞན་ཉིད་ཡོད་པ་མ་ཡིན་ནོ། །གང་ཞིག་དེ་ལྟར་གཞན་དང་གཞན་ཉིད་མ་ཡིན་པ་ལ་ཡོད་པ་མ་ཡིན་ཞིང་། དེ་དག་ལས་མ་གཏོགས་པའི་དངོས་པོ་མེད་པས་དེ་དག་ལས་མ་གཏོགས་པའི་དངོས་པོ་ལ་ཡང་ཡོད་པ་མ་ཡིན་པ་དེ་ནི་མེད་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་གཞན་ཉིད་མེད་པ་དེའི་ཚེ་གཞན་ཉིད་དང་འདུ་བའི་རྒྱུ་ཅན་བློ་དང་སྒྲ་འཇུག་པའི་རྒྱུ་དངོས་པོ་གཞན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་གཞན་ཉིད་མེད་པ་དེ་ལྟ་ན་ཡང་གཞན་ནི་རེ་ཞིག་ཡོད་པ་ཡིན་ལ། གཞན་ཉིད་མེད་པར་ནི་གཞན་ཡོད་པར་འོས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཞན་ཉིད་ཀྱང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །གང་གི་ཚེ་སྔར་གཞན་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་པ་དེའི་ཚེ་གཞན་ཉིད་མེད་པར་གཞན་ནམ་དེ་ཉིད་ཡོད་པར་ག་ལ་འགྱུར། དེ་ཉིད་ཅེས་བྱ་བ་ནི་གཞན་མ་ཡིན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་གཞན་ནམ་དེ་ཉིད་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ལྟ་བ་ལ་སོགས་པ་དག་ནི་ཡོད་པ་ཉིད་དེ། ཕྲད་པ་ཡོད་པའི་ཕྱིར་རོ། །འདིར་གལ་ཏེ་ཡང་ལྟ་བ་ལ་སོགས་པ་དག་ལ་གཞན་ཉིད་མེད་དོ་ཞེས་བསྟན་ཟིན་མོད་ཀྱི། དེ་ལྟ་ན་ཡང་རེག་པ་ནི་གསུམ་འདུས་ཤིང་ཚོགས་པའོ་ཞེས་བྱ་བས་ཕྲད་པ་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་ཕྲད་པ་ཡོད་པས་ལྟ་བ་ལ་སོགས་པ་དག་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་དེ་དག་ཕྲད་པ་ཉིད་ཡོད་ན་ནི་དེ་ལྟར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཞེས་གསུངས་ཏེ། འདིར་གལ་ཏེ་ལྟ་བ་ལ་སོགས་པ་དང་ཕྲད་པ་ཡིན་ན། དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་བརྟག་གྲང་། དེ་ལ་གཅིག་ཉིད་ཡིན་ན་ནི་ཕྲད་པ་མེད་དེ། ཆུ་ལ་ལྟོས་པ་མེད་པའི་འོ་མ་གཅིག་པུ་ལ་ནི་ཆུ་དང་ཕྲད་པ་ཞེས་མི་བརྗོད་དོ། །ཐ་དད་པ་ཡིན་ན་ཡང་ཕྲད་པ་མེད་དེ། ཆུ་ལས་ཐ་དད་དུ་གནས་པའི་འོ་མ་ལ་ནི་ཆུ་དང་ཕྲད་པ་ཞེས་མི་སྨྲའོ། །དེ་ལྟར་གལ་ཏེ་ལྟ་བ་ལ་སོགས་པ་དག་གཅིག་ཉིད་ཡིན་པ་ན། ཕྲད་པར་རྟོག་ན་དེ་ནི་མི་འཐད་དེ། མིག་གཅིག་པུ་ལ་ཡང་ཕྲད་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཐ་དད་པ་ཉིད་ཡིན་ན། དེ་ལྟ་ན་ཡང་མི་འཐད་པ་ཉིད་དེ། གཟུགས་ལ་སོགས་པ་ལས་སོ་སོར་གྱུར་པའི་མིག་གཅིག་པུ་ལ་ཡང་ཕྲད་པ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྲད་པ་མེད་ན་ནི་ལྟ་བ་ལ་སོགས་པ་ཡང་མེད་དོ་ཞེས་བྱ་བར་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ཡང་ཕྲད་པ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཕྲད་བཞིན་པ་དང་ཕྲད་པ་དང་། ཕྲད་པ་པོ་ནི་ཡོད་པ་མ་ཡིན་ཏེ། དེ་དག་བཀག་པ་མེད་པའི་ཕྱིར་རོ། །ཕྲད་བཞིན་པ་དང་ཕྲད་པ་དང་ཕྲད་པ་པོ་ནི་ཕྲད་པ་མེད་པར་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཕྲད་པ་ཡང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། འདི་ཡང་མི་རིགས་ཏེ། གང་གི་ཕྱིར་གང་གི་ཚེ་ཕྲད་པ་ཉིད་མེད་དོ་ཞེས་བསྟན་པ་དེའི་ཚེ་ཕྲད་པ་མེད་པར་ཕྲད་བཞིན་པ་ལ་སོགས་པ་ཡོད་པར་ག་ལ་འགྱུར། དེ་ལ་ཕྲད་བཞིན་པ་ནི་ད་ལྟར་བ་ཕྲད་པའི་བྱ་བའི་སྒྲུབ་བྱེད་ལས་སུ་གྱུར་པའོ། །ཕྲད་པ་ནི་ཕྲད་པའི་བྱ་བ་རྫོགས་པ་ཅན་ནོ། །ཕྲད་པ་པོ་ནི་བྱེད་པ་པོ་བྱ་བ་རྫོགས་པར་བྱ་བ་ལ་རང་དབང་དུ་གནས་པའོ། །དེའི་ཕྱིར་འདིར་ཕྲད་པ་མེད་པས། ཕྲད་བཞིན་པ་ལ་སོགས་པ་མ་གཟིགས་ཤིང་། དེ་དགག་པ་མཇུག་བསྡུ་བའི་ཕྱིར། ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་། མིག་ནི་ལྡན་ན་ཐམས་ཅད་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། །མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་ལྡན་པ་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱོད་ཅིང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤངས་སེམས་ཅན་འདུལ་བར་བྱེད། །འདི་ན་སེམས་ཅན་འགའ་མེད་སྲོག་མེད་ཀྱང་། །མི་དབང་རྣམས་ནི་སེམས་ཅན་ཕན་པ་མཛད། །སེམས་ཅན་ཡོད་པ་མིན་ཡང་དོན་མཛད་པ། །དེ་དག་རྣམས་ཀྱི་དོན་ནི་དཀའ་བ་ཆེ། །ཞེས་བྱ་བ་ནས། དེ་ལ་ནམ་ཡང་ཆགས་པ་ཡོད་མ་ཡིན། །གང་དག་ཆོས་ཉིད་འདི་ལ་མོས་གྱུར་པ། །དེ་དག་ཡིད་ནི་སྲིད་ལ་ཆགས་མི་འགྱུར། །ཞེས་བྱ་བའི་བར་དང་། དེ་བཞིན་དུ། གང་གིས་ལམ་བསྒོམས་ཆོས་ཀུན་སྟོང་པ་དང་། །བདག་མེད་ཡེ་ཤེས་རབ་ཏུ་བསྐྱེད་བྱས་ནས། །ཆོས་འདི་དག་ནི་རྣམ་པར་བསྒོམ་འགྱུར་བ། །དེ་ཡི་སྤོབས་པ་ཐོགས་པ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། ཕྲད་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བཞི་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། དེ་དག་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ཉེ་བར་ལེན་པའི་ཕྱིར་རོ། །འདིར་གང་ཡང་ཡོད་པ་མ་ཡིན་པ་དེ་ལ་ནི་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ཉེ་བར་ལེན་པ་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མྱུ་གུ་དང་འདུ་བྱེད་ལ་སོགས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ས་བོན་དང་མ་རིག་པ་ལ་སོགས་པ་དག་ཉེ་བར་ལེན་པ་ཡང་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་ཡོད་པ་ཉིད་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོ་འདུ་བྱེད་དང་མྱུ་གུ་ལ་སོགས་པ་རྣམས་ལ་རང་བཞིན་ཡོད་ན་ནི། དེའི་ཚེ་ཡོད་པར་གྱུར་པ་རྣམས་ལ་རྒྱུ་དང་རྐྱེན་དག་གིས་དགོས་པ་ཅི་ཞིག་ཡོད་དེ། ཇི་ལྟར་འདུ་བྱེད་དང་མྱུ་གུ་ལ་སོགས་པ་ད་ལྟ་བར་གྱུར་པ་རྣམས་ལ་ཡང་བསྐྱེད་པར་བྱ་བའི་ཆེད་དུ་མ་རིག་པ་དང་། ས་བོན་ལ་སོགས་པ་དག་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ་གཞན་ལ་ཡང་དེ་བསྐྱེད་པར་བྱ་བའི་ཕྱིར་བླང་བར་མི་བྱ་བར་འགྱུར་ཏེ། དེའི་རང་བཞིན་ཡོད་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཅི་སྟེ་གང་ལས་དེ་ཡོད་པ་ཉིད་ཀྱིས་སྐྱེ་བ་དོན་མེད་པར་འགྱུར་བ་སྐྱེ་བའི་སྔ་རོལ་དུ་ནི་དངོས་པོ་འགའ་ལ་ཡང་རང་བཞིན་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྐྱེ་བའི་སྔ་རོལ་དུ་ཡོད་པ་མ་ཡིན་པའི་རང་བཞིན་ཁོ་ན་རྒྱུ་དང་རྐྱེན་ལ་བརྟེན་ཏེ་ཕྱིས་འབྱུང་བར་འགྱུར་རོ་སྙམ་ན། དེ་ལྟར་འདོད་ན་ཡང་། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར་རོ། །ཅི་སྟེ་རྒྱུ་དང་རྐྱེན་ལས་བྱུང་བས་རང་བཞིན་བྱས་པ་ཉིད་དུ་འགྱུར་བ་ན་འདོད་པ་ཁོ་ན་སྟེ། དེའི་ཕྱིར་རང་བཞིན་བྱས་པ་ཉིད་དུ་ཁས་བླངས་པའི་ཕྱིར། བྱས་པ་ཐལ་བར་བརྩད་པ་ནི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ནོ་སྙམ་ན། འདི་ཡང་མི་རིགས་སོ་ཞེས་གསུངས་པ། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །བྱས་པ་ཡང་ཡིན་ལ། རང་བཞིན་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བའི་ཕྱིར་འབྲེལ་བ་མེད་པའི་དོན་ཡིན་ནོ། །འདི་ལྟར་འདིར་རང་གི་ངོ་བོ་ནི་རང་བཞིན་ནོ་ཞེས་བྱ་བར་བྱེ་བྲག་ཏུ་བཤད་པ་ལས་ན་དངོས་པོ་བྱས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ན་རང་བཞིན་ཞེས་མི་བརྗོད་དེ། དཔེར་ན་ཆུའི་ཚ་བ་དང་། ཀེ་ཀེ་རུ་ལ་སོགས་པ་དག་ནོར་སྒྱུར་མཁན་གྱིས་འབད་པས་པདྨ་རཱ་ག་ལ་སོགས་པའི་དངོས་པོར་བྱས་པ་ལྟ་བུའོ། །གང་ཞིག་རང་བཞིན་ཡིན་པ་དེ་ནི་མ་བྱས་པ་ཡིན་ཏེ། དཔེར་ན་མེའི་ཚ་བ་ཉིད་དམ། པདྨ་རཱ་ག་ལ་སོགས་པ་རིག་མ་རྣམས་ཀྱི་པདྨ་རཱ་ག་ལ་སོགས་པ་རྣམས་ཀྱི་ངོ་བོ་བཞིན་ཏེ། དེ་ནི་དངོས་པོ་གཞན་དང་ཕྲད་པས་མ་བསྐྱེད་པའི་ཕྱིར་དེ་དག་གི་རང་བཞིན་ཞེས་བྱའོ། །དེའི་ཕྱིར་དེ་ལྟར་རང་བཞིན་ནི་མ་བྱས་པ་ཡིན་ནོ་ཞེས་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པ་ཡིན་དང་། ད་ནི་ཁོ་བོ་ཅག་ཚ་བ་ཉིད་གང་ཡིན་པ་དེ་ཡང་བྱས་པའི་ཕྱིར་མེའི་རང་བཞིན་མ་ཡིན་ནོ་ཞེས་གཟུང་བར་བྱའོ་ཞེས་སྨྲའོ། །འདིར་ནོར་བུ་དང་མེ་སྤྲུ་དང་ཉི་མ་ཕྲད་པ་དང་། གཙུབ་ཤིང་དང་གཙུབས་པ་ལས་བྱུང་བའི་མེ་ནི་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པ་ཉིད་དུ་དམིགས་ལ། མེ་ལས་གཞན་པའི་ཚ་བ་ཉིད་ཀྱང་མེད་པ་དེའི་ཕྱིར་ཚ་བ་ཉིད་ཀྱང་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་ཏེ། དེའི་ཕྱིར་བྱས་པ་ཡིན་ཞིང་། བྱས་པ་ཡིན་པའི་ཕྱིར་ན། ཆུའི་ཚ་བ་བཞིན་དུ་རང་བཞིན་མ་ཡིན་ནོ་ཞེས་བྱ་བར་ཆེས་གསལ་བར་ངེས་པ་ཡིན་ནོ། །གལ་ཏེ་མེའི་རང་བཞིན་ནི་ཚ་བ་ཉིད་དོ་ཞེས་སྐྱེ་བོ་བ་གླང་རྫི་དང་བུད་མེད་ཡན་ཆད་ལ་གྲགས་པ་མ་ཡིན་ནམ་ཞེ་ན། ཅི་ཁོ་བོ་ཅག་གིས་མ་གྲགས་སོ་ཞེས་སྨྲས་སམ། འདི་ནི་རང་བཞིན་ཡིན་པར་མི་འོས་ཏེ། རང་བཞིན་གྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་སྨྲའོ། །མ་རིག་པའི་ཕྱིན་ཅི་ལོག་གི་རྗེས་སུ་སོང་བའི་ཕྱིར་འཇིག་རྟེན་པས་ནི་དངོས་པོའི་རྣམ་པ་རང་བཞིན་མེད་པ་ཉིད་ལ་རང་བཞིན་དང་བཅས་པ་ཉིད་དུ་རྟོགས་པ་ཡིན་ནོ། །ཇི་ལྟར་རབ་རིབ་ཅན་རྣམས་ཀྱིས་སྐྲ་ཤད་ལ་སོགས་པ་རང་བཞིན་མེད་པ་ཉིད་ལ་རབ་རིབ་ཀྱི་རྐྱེན་གྱིས་རང་བཞིན་ཉིད་དུ་མངོན་པར་ཞེན་པ་དེ་བཞིན་དུ་བྱིས་པ་རྣམས་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་ཉིད་ཀྱིས་དངོས་པོའི་རྣམ་པ་རང་བཞིན་མེད་པ་ལ་རང་བཞིན་དང་བཅས་པ་ཉིད་དུ་མངོན་པར་ཞེན་པར་གྱུར་ནས་གཞན་དུ་མ་དམིགས་པ་ལས་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མེའི་རང་བཞིན་གྱི་རང་གི་མཚན་ཉིད་ནི་ཚ་བའོ་ཞེས་བྱ་བར་མངོན་པར་ཞེན་པ་ཇི་ལྟ་བ་བཞིན་དུ་མཚན་ཉིད་སྨྲ་སྟེ། བདག་ཉིད་ཀྱི་མཚན་ཉིད་ནི་རང་གི་མཚན་ཉིད་དོ་ཞེས་བྱ་བའི་ཕྱིར་རོ། །དེ་རྣམས་ལ་གྲགས་པ་ཉིད་ཀྱི་སྒོ་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་མངོན་པར་དེ་དག་གི་རང་གི་ངོ་བོ་ཀུན་རྫོབ་པ་དེ་རྣམ་པར་གཞག་པ་མཛད་ལ། མི་རྟག་པ་ལ་སོགས་པ་ཐུན་མོང་པ་ནི་སྤྱིའི་མཚན་ཉིད་དོ་ཞེས་བཤད་དོ། །གང་གི་ཚེ་མ་རིག་པའི་རབ་རིབ་དང་བྲལ་བ་དྲི་མ་མེད་པའི་ཤེས་རབ་ཀྱི་སྤྱན་མངའ་བ་རྣམས་ཀྱིས་གཟིགས་པ་ལ་ལྟོས་ནས་ནི། དེའི་ཚེ་རབ་རིབ་དང་བྲལ་བ་དག་གིས་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་མ་མཐོང་བ་ལྟར་འཕགས་པ་བྱིས་པའི་སྐྱེ་བོའི་བློས་བརྟགས་པའི་རང་བཞིན་མ་གཟིགས་པ་རྣམས་ཀྱིས་འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་གསལ་བར་གསུངས་པར་མཛད་པ་ཡིན་ཏེ། ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལོག་པར་འཛིན་པ་ལྟར། །དེ་བཞིན་དངོས་པོར་རྟོག་པ་འདི། །བྱིས་པས་ལོག་པར་རྣམ་པར་བརྟགས། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་བྱ་བ་དང་། དེ་བཞིན་དུ་བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་སོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། གལ་ཏེ་མེ་ལ་སོགས་པའི་ཚ་བ་ཉིད་ལ་སོགས་པ་འདི་རྒྱུ་དང་རྐྱེན་ལས་བྱུང་བས་བྱས་པ་ཉིད་ཡིན་པའི་ཕྱིར་རང་བཞིན་མ་ཡིན་ནོ་ཞེས་སྨྲ་ན། ད་ནི་དེ་དག་གི་རང་བཞིན་གྱི་མཚན་ཉིད་གང་ཡིན་ཞིང་། རང་བཞིན་དེ་ཡང་གང་ཞིག་ཡིན་པ་བརྗོད་དགོས་སོ། །བརྗོད་པར་བྱ་སྟེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །འདི་ནི་རང་གི་དངོས་པོ་ནི་རང་བཞིན་ནོ་ཞེས་བྱ་བས་གང་ཞིག་དངོས་པོ་གང་གི་བདག་གི་བའི་ངོ་བོ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །གང་ཞིག་གང་གི་བདག་གི་བ་ཡིན་ཞེ་ན། གང་གིས་གང་མ་བཅོས་པའོ། །གང་ཞིག་བཅོས་མ་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན། ཆུའི་ཚ་བ་ཉིད་བཞིན་ནོ། །གང་ཞིག་གང་ལ་རག་མ་ལས་པ་དེ་ཡང་དེའི་བདག་གི་བ་ཡིན་ཏེ། དཔེར་ན། རང་གི་ཁོལ་པོ་དང་རང་གི་ནོར་དག་བཞིན་ནོ། །གང་ཞིག་གི་གཞན་ལ་རག་ལས་པ་གང་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན། རེ་ཞིག་པའི་བརྙན་པོར་རང་དབང་མེད་པ་ལྟ་བུའོ། །གང་གི་ཕྱིར་དེ་ལྟར་བཅོས་མ་དང་རང་ལ་ལྟོས་པ་རང་བཞིན་ཉིད་དུ་མི་འདོད་པ་དེ་ཉིད་ཀྱི་ཕྱིར་ཚ་བ་ཉིད་མེའི་རང་བཞིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ཕྱིར་དང་། སྔར་མ་བྱུང་བ་ལས་ཕྱིར་འབྱུང་བས་བྱས་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། དུས་གསུམ་དུ་ཡང་མེ་ལ་མི་འཁྲུལ་པ་གཉུག་མའི་ངོ་བོ་མ་བཅོས་པ། གང་ཞིག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་པ། གང་ཞིག་ཆུའི་ཚ་བའམ། ཚུ་རོལ་དང་ཕ་རོལ་ལམ། རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་ལ་ལྟོས་པ་དང་བཅས་པར་མ་གྱུར་པ་གང་ཡིན་པ་དེ་རང་བཞིན་ཡིན་པར་བརྗོད་དོ། །ཅི་མེའི་རང་གི་ངོ་བོ་དེ་ལྟ་བུར་གྱུར་པ་དེ་ཡོད་དམ་ཞེ་ན། དེ་ནི་རང་གི་ངོ་བོས་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ། །དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བར་བྱ་བའི་ཕྱིར། སྒྲོ་བཏགས་ནས་ཀུན་རྫོབ་ཏུ་དེ་ཡོད་དོ་ཞེས་བྱ་བར་དེ་སྨྲའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་ཡིན་སྟོན་པ་གང་། །སྒྲོ་བཏགས་པ་ལས་ཡི་གེ་མེད། །དེ་ནི་ཉན་ཞིང་སྟོན་པའང་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདི་ཉིད་ལས་ཀྱང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་འཆད་པར་འགྱུར་རོ། །གལ་ཏེ་སྒྲོ་བཏགས་པ་ལས་དེ་ཡོད་དོ་ཞེས་བརྗོད་ན། དེ་ཅི་འདྲ་བ་ཞིག་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཉིད་ཡིན་ནོ། །དེ་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡང་གང་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ངོ་བོའོ། །ངོ་བོ་འདི་ཡང་གང་ཞེ་ན། རང་བཞིན་ནོ། །རང་བཞིན་འདི་ཡང་གང་ཡིན། སྟོང་པ་ཉིད་དོ། སྟོང་པ་ཉིད་འདི་ཡང་གང་ཡིན་ཞེ་ན། རང་བཞིན་མེད་པའོ། །རང་བཞིན་མེད་པ་འདི་ཡང་གང་ཞིག་ཡིན། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་འདི་ཡང་གང་ཞིག་ཅེ་ན། དེ་བཞིན་ཉིད་ཀྱི་ངོ་བོ་འགྱུར་བ་མེད་པ་ཉིད་དང་། རྟག་ཏུ་གནས་པ་ཉིད་དེ། རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པ་ཉིད་ནི་བཅོས་མ་མ་ཡིན་པའི་ཕྱིར་དང་། གཞན་ལ་ལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། དངོས་པོའི་རྣམ་པ་མ་རིག་པའི་རབ་རིབ་ཀྱི་མཐུས་དམིགས་པ་ནི་མ་གཟིགས་པའི་ཚུལ་གྱིས། བདག་ཉིད་གང་གིས་འཕགས་པ་མ་རིག་པའི་རབ་རིབ་དང་བྲལ་བ་རྣམས་ཀྱི་ཡུལ་དུ་འགྱུར་ཏེ། ངོ་བོ་དེ་ཉིད་དེ་དག་གི་རང་བཞིན་དུ་རྣམ་པར་གཞག་གོ །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་བྱ་བ་འདི་ནི་སློབ་དཔོན་དག་གིས་དེའི་མཚན་ཉིད་དུ་རྣམ་པར་གཞག་གོ་ཞེས་བྱ་བར་ཤེས་པར་བྱའོ། །དངོས་པོ་རྣམས་ཀྱི་རང་བཞིན་དུ་གྱུར་པ་སྐྱེ་བ་མེད་པ་དེ་ཡང་ཅི་ཡང་མ་ཡིན་པ་ཉིད་ཀྱིས་དངོས་པོ་མེད་པ་ཙམ་ཡིན་པས་ངོ་བོ་མེད་པའི་ཕྱིར་དངོས་པོའི་རང་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གང་གི་དངོས་རྣམས་དངོས་མེད་ཤེས་པ་སྟེ། །ནང་ཡང་དངོས་པོ་ཀུན་ལ་ཆགས་མི་འགྱུར། །གང་ཞིག་ནམ་ཡང་དངོས་ཀུན་ཆགས་མེད་པ། །དེ་ནི་ཏིང་འཛིན་མཚན་མ་མེད་ལ་རེག །ཅེས་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། གལ་ཏེ་ཡང་དངོས་པོ་རྣམས་ལ་རང་བཞིན་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་རེ་ཞིག་གཞན་གྱི་དངོས་པོ་ནི་ཡོད་དེ། དེ་མ་བཀག་པའི་ཕྱིར་རོ། །གཞན་གྱི་དངོས་པོ་ཡོད་ན་ནི་རང་བཞིན་ཡང་ཡོད་པར་འགྱུར་ཏེ། རང་བཞིན་མེད་པར་གཞན་གྱི་དངོས་པོ་མི་འགྲུབ་པའི་ཕྱིར་རོ། །བརྗོད་པ། རང་བཞིན་མེད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །འདིར་འཇིག་རྟེན་ན་ནི་རང་བཞིན་འགའ་ཞིག་ཁོ་ན་རང་བཞིན་གཞན་ལ་ལྟོས་ནས་གཞན་གྱི་དངོས་པོ་ཞེས་བརྗོད་དོ། །གལ་ཏེ་ཚ་བ་ཉིད་མེའི་རང་བཞིན་ཡིན་ན་ནི། གཤེར་བའི་རང་བཞིན་ཅན་གྱི་ཆུ་ལ་ལྟོས་ནས་གཞན་གྱི་དངོས་པོ་ཞེས་བརྗོད་པར་འགྱུར་བ་ཞིག་ན། གང་གི་ཚེ་རྣམ་པར་དཔྱད་པ་ན་གང་ལ་ཡང་རང་བཞིན་ཡོད་པ་མ་ཡིན་པ་དེའི་ཚེ་ནི་གཞན་ཉིད་ཡོད་པར་ག་ལ་འགྱུར། གཞན་ཉིད་མེད་པས་ནི་རང་བཞིན་ཡང་ཡོད་པ་མ་ཡིན་པར་གྲུབ་བོ། །འདིར་སྨྲས་པ། གལ་ཏེ་ཡང་རང་བཞིན་དང་གཞན་གྱི་དངོས་པོ་དག་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་དངོས་པོ་ནི་རེ་ཞིག་ཡོད་པ་ཡིན་ཏེ། མ་བཀག་པའི་ཕྱིར་རོ། །དངོས་པོ་དེ་ཡོད་ན་ཡང་རང་བཞིན་ནམ་གཞན་གྱི་དངོས་པོ་ཞིག་ཏུ་འགྱུར་དགོས་ཏེ། དེའི་ཕྱིར། རང་བཞིན་དང་གཞན་གྱི་དངོས་པོ་དག་ཀྱང་ཡོད་པར་འགྱུར་རོ། །བརྗོད་པ། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་གཞན་དངོས་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། །འདི་ལྟར་དངོས་པོ་བརྟགས་པ་ན། །རང་བཞིན་ནམ་གཞན་གྱི་དངོས་པོ་ཞིག་ཡིན་གྲང་། དེ་གཉིས་ཀྱང་སྔར་བཤད་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་གཉིས་མེད་པས་དངོས་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་དངོས་པོ་བཀག་མོད་ཀྱི། དེ་ལྟ་ན་ཡང་དངོས་པོ་མེད་པ་ནི་ཡོད་པ་ཉིད་དེ། མ་བཀག་པའི་ཕྱིར་རོ། །དེའི་ཕྱིར་འགལ་ཟླ་ཡོད་པས། དངོས་པོ་ཡང་ཡོད་པར་འགྱུར་ཏེ། དངོས་པོ་མེད་པ་བཞིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོ་མེད་པ་ཉིད་ཡོད་ན། དངོས་པོ་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །འདི་ན་གལ་ཏེ་དངོས་པོ་ཞེས་བྱ་བ་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་གཞན་དུ་གྱུར་པ་ལས་དངོས་པོ་མེད་པར་འགྱུར་བ་ཞིག་སྟེ། འདི་ལྟར་བུམ་པ་ལ་སོགས་པ་ད་ལྟར་གྱི་གནས་སྐབས་ལས་ཉམས་ཤིང་། གཞན་དུ་གྱུར་པ་ཐོབ་པ་དག་ནི་འཇིག་རྟེན་ན་དངོས་པོ་མེད་པའི་སྒྲའི་བརྗོད་བྱར་འགྱུར་བ་ཡིན་ནོ། །གང་གི་ཚེ། བུམ་པ་ལ་སོགས་པ་འདི་དག་དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པ་དེའི་ཚེ་ཡོད་པ་མ་ཡིན་པའི་རང་བཞིན་ཅན་རྣམས་ལ་གཞན་དུ་འགྱུར་བ་ཉིད་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་མེད་པ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་དང་གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་མ་ཡིན་པ་ལ། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་ཉིད་ཀྱིས་ཕྱིན་ཅི་ལོག་ཏུ། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །གང་དག་དེ་བཞིན་གཤེགས་པའི་གསུང་རབ་ཕྱིན་ཅི་མ་ལོག་པར་རྣམ་པར་འཆད་པར་རློམ་པ་ཉིད་ཀྱིས། སའི་རང་བཞིན་ནི་སྲ་བའོ། །ཚོར་བའི་ནི་ཡུལ་མྱོང་བའོ། །རྣམ་པར་ཤེས་པའི་རང་བཞིན་ནི་ཡུལ་སོ་སོར་རྣམ་པར་རིག་པའོ་ཞེས་དེ་ལྟར་དངོས་པོ་རྣམས་ཀྱི་རང་བཞིན་སྨྲ་བ་དང་། གཟུགས་གཞན་ལ་རྣམ་པར་ཤེས་པ་ཡང་གཞན་ཡིན་ཞིང་། ཚོར་བ་ཡང་གཞན་ཉིད་དོ་ཞེས་དེ་ལྟར་གཞན་གྱི་དངོས་པོ་སྨྲ་བ་དང་། རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་བའི་གནས་སྐབས་སུ་གྱུར་པ་དངོས་པོར་རམ། རྣམ་པར་ཤེས་པ་ལ་སོགས་པ་འདས་པར་གྱུར་པ་དངོས་པོ་མེད་པར་སྨྲ་བ་དེ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཆོག་ཏུ་ཟབ་པའི་དེ་ཁོ་ན་ཉིད་སྨྲ་བ་མ་ཡིན་ནོ། །གང་གི་ཕྱིར། རང་བཞིན་དང་གཞན་གྱི་དངོས་པོ་ལ་སོགས་པ་རྣམས་ཡོད་པ་ཉིད་ནི་ཇི་སྐད་བཤད་པའི་འཐད་པ་དང་འགལ་བ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ནི་དངོས་པོའི་རང་བཞིན་འཐད་པ་དང་འགལ་བ་གསུང་བ་ཡང་མ་ཡིན་ཏེ། རང་ཉིད་ཀྱི་དངོས་པོ་མ་ལུས་པའི་དེ་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། མཁས་པ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནའི་གསུང་ཚད་མར་བརྗོད་པར་བྱེད་དེ། འཐད་པ་དང་བཅས་པས་མི་སླུ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཉེས་པ་མ་ལུས་པ་སྤངས་པ་ཡིད་ཆེས་པ་དག་ལས་འོངས་པའི་ཕྱིར་རམ། ཀུན་ཏུ་གོ་བར་བྱེད་པ་སྟེ། དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་རམ། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ། དེ་ལ་བརྟེན་ནས་འཇིག་རྟེན་པ་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཉིད་ལུང་དུ་རྣམ་པར་གཞག་ལ། དེ་ལས་གཞན་གྱི་གཞུང་ལུགས་རྣམས་ནི་འཐད་པ་དང་བྲལ་བས་ཚད་མ་མ་ཡིན་པ་ཉིད་དང་ལུང་མ་ཡིན་པ་ཉིད་དུ་རྣམ་པར་གཞག་གོ །གང་གི་ཕྱིར། རང་བཞིན་དང་གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མེད་པར་ལྟ་བ་འདི་དག་རིགས་པ་དང་བྲལ་བས་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། གདུལ་བྱའི་སྐྱེ་བོ་ཐར་པ་འདོད་པ་རྣམས་ལ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉི་གའང་དགག་པར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀཱ་ཏ་ཡ་ན་ལ་གདམས་པའི་མདོ་ལས། ཀཱ་ཏ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ཐ་དད་ཡིད་མི་བདེ་བ་དང་། འཁྲུགས་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། འཆི་བའི་གདུང་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །མདོ་སྡེ་འདི་ཡང་སྡེ་པ་ཐམས་ཅད་ཀྱིས་འདོན་པ་ཡིན་ནོ། །དེའི་ཕྱིར་ལུང་འདི་དང་ཇི་སྐད་བཤད་པའི་རིགས་པ་ལས་ན་ཤེས་རབ་ཅན་གྱི་རང་བཞིན་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་བཞིན་གཤེགས་པའི་བཀའ་དང་ཤིན་ཏུ་འགལ་བ་ཁས་བླང་བར་འོས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཁྱད་པར་དུ་འཕགས་པ་ཞིག་གིས་ཤེ་ན། དངོས་དང་དངོས་མེད་མཁྱེན་པས་ཏེ། འདི་ལ་དངོས་པོ་དང་དངོས་པོ་མེད་པ་དག་མཁྱེན་པའི་ངང་ཚུལ་མངའ་བས་ན། དངོས་པོ་དང་དངོས་པོ་མེད་པ་མཁྱེན་པའོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཇི་ལྟར་གནས་པ་བཞིན་ཕྱིན་ཅི་མ་ལོག་པར་ཡོངས་སུ་མཁྱེན་པའི་ཕྱིར། བཅོམ་ལྡན་འདས་ཉིད་དངོས་པོ་དང་དངོས་པོ་མེད་པ་མཁྱེན་པ་ཞེས་བྱའོ། །གང་གི་ཕྱིར་བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པ་མཁྱེན་པ་དེས་ཡོད་པ་དང་མེད་པ་ཉིད་གཉི་ག་ཡང་དགག་པ་མཛད་པ་དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་ཁས་བླངས་པར་རིགས་པ་མ་ཡིན་ནོ། །དེ་བཞིན་དུ། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་པ་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ། ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོད་མི་བྱེད། །ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པའི་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པས་སྡུག་བསྔལ་འགག །ཅེས་གསུངས་སོ། །འདིར་སྨྲས་པ། གལ་ཏེ་ཡང་དེ་ལྟར་མེ་ལ་སོགས་པ་རང་བཞིན་ཁོ་ནས་ཡོད་པ་ཉིད་དུ་གྱུར་ན་ཉེས་པ་ཅིར་འགྱུར། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་བྱ་བ་ལ་སོགས་པས་ཉེས་པ་བཤད་ཟིན་ཏོ། །གཞན་ཡང་། གལ་ཏེ་མེ་ལ་སོགས་པ་འདི་དག་གི་རང་བཞིན་འདི་ཉིད་ཡོད་པ་ཡིན་ན་ནི། ཡོད་པར་གྱུར་པ་དེ་ཡང་གཞན་དུ་གྱུར་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །ཞེས་གསུངས་ཏེ། གལ་ཏེ་འདི་ཉིད་མེ་ལ་སོགས་པ་འདི་དག་གི་རང་བཞིན་ཏེ་རང་གི་ངོ་བོ་ཡིན་པར་གྱུར་ན་ནི། དེའི་ཚེ་རང་བཞིན་གྱིས་ཡོད་པའི་རང་བཞིན་དེ་ལ་སླར་ཡང་གཞན་དུ་འགྱུར་བ་མེད་དེ། གང་གི་ཕྱིར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །གལ་ཏེ་འདི་ཉིད་མེ་ལ་སོགས་པ་འདི་དག་གི་རང་བཞིན་ཡིན་པར་གྱུར་ན་ནི། དེའི་ཚེ་རང་བཞིན་ནི་མི་འགྱུར་བ་ཉིད་ཡིན་པའི་ཕྱིར་ནམ་ཡང་གཞན་དུ་འགྱུར་བར་འཐད་པ་མ་ཡིན་ནོ། །ནམ་མཁའི་མི་སྒྲིབ་པ་ཉིད་ནམ་ཡང་གཞན་དུ་འགྱུར་བ་མ་ཡིན་པ་དེ་བཞིན་དུ་མེ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་དག་ཀྱང་སླར་གཞན་དུ་མི་འགྱུར་བ་ཞིག་ན། དེ་དག་གཞན་དུ་འགྱུར་བ་རྒྱུན་ཆད་པའི་མཚན་ཉིད་ཅན་གྱི་འཇིག་པ་ནི་ཁྱོད་ཀྱིས་དམིགས་པ་ཡང་ཡིན་ནོ། །དེའི་ཕྱིར་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་ཆུའི་ཚ་བ་ཉིད་ལྟར་འདི་འདི་དག་གི་རང་བཞིན་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་རང་བཞིན་གྱིས་ཡོད་པ་ལ་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་པའི་ཕྱིར་དང་། གཞན་དུ་འགྱུར་བ་ཉིད་ཀྱང་དམིགས་པའི་ཕྱིར་དངོས་པོ་འདི་དག་ལ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བརྗོད་ན། དེ་ལྟ་ན་ཡང་། རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །ད་ནི་ནམ་མཁའི་མེ་ཏོག་ལྟར་རང་བཞིན་ཏེ་རང་གི་ངོ་བོ་ཡོད་པ་མ་ཡིན་པས་གཞན་དུ་འགྱུར་བ་གང་གི་ཡིན་པར་འགྱུར། དེའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་པ་ལ་གཞན་དུ་འགྱུར་བ་མ་དམིགས་པའི་ཕྱིར་ལ། གཞན་དུ་འགྱུར་བ་ཉིད་ཀྱང་མཐོང་བའི་ཕྱིར་རང་བཞིན་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་རང་བཞིན་རང་གི་ངོ་བོས་ཡོད་པ་མ་ཡིན་པ་ལ་གཞན་དུ་འགྱུར་བ་མེད་པའི་ཕྱིར་ལ། གཞན་དུ་འགྱུར་བ་ཡང་མཐོང་བའི་ཕྱིར་རང་བཞིན་ཡོད་དོ་ཞེས་སྨྲ་བ་ཡིན་ན་ནི། དེ་ལྟ་ན་ཡང་རང་བཞིན་ཡོད་པ་མ་ཡིན་ན་ཡང་གཞན་དུ་འགྱུར་བ་ཇི་ལྟར་རུང་། ད་ནི་ད་ལྟར་བྱུང་བ་ལྟར་རང་བཞིན་ཏེ་རང་གི་ངོ་བོ་ཡོད་པའི་ཕྱིར་གཞན་དུ་འགྱུར་བ་གང་གི་ཡིན་པར་འགྱུར། དེའི་ཕྱིར་རང་བཞིན་གྱིས་ཡོད་པ་ལ་གཞན་དུ་འགྱུར་བ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་གཞན་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་སྲིད་པ་ཉིད་དོ། །དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་མེད་དོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ་འགྱུར་བ་མཐོང་བའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་དེ་ཡང་གཞན་ལ་གྲགས་པའི་གཞན་དུ་འགྱུར་བ་མཐོང་བའི་དབང་དུ་བྱས་ནས་བརྗོད་པ་ཡིན་གྱི། ཁོ་བོ་ཅག་གིས་ནམ་ཡང་གང་ལ་ཡང་གཞན་དུ་འགྱུར་བ་ཡོད་པར་ཁས་མ་བླངས་སོ། །དེའི་ཕྱིར་དེའི་རང་བཞིན་གཏན་ཡོད་པ་མ་ཡིན་དང་། ཆོས་ཐམས་ཅད་ཡོད་པ་མ་ཡིན་པའི་རང་བཞིན་ཅན་ཡིན་པ་དང་། དེ་དག་ལ་གཞན་དུ་འགྱུར་བ་ཡང་ཡོད་པ་མ་ཡིན་བཞིན་དུ། ད་ལྟ་གང་ཞིག་དངོས་པོ་རྣམས་ཡོད་པ་ཉིད་དང་མེད་པ་ཉིད་དུ་རྟོག་པར་བྱེད་དེ། དེ་ལྟར་རྟོག་པ་དེ་ལ་ནི་ངེས་པ་ཁོ་ནར། །ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །གང་གི་ཕྱིར་རྟག་པ་དང་ཆད་པར་ལྟ་བ་འདི་ཡང་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པར་བྱེད་པ་ཡིན་པའི་ཕྱིར་དོན་མ་ཡིན་པ་ཆེན་པོ་བྱེད་པ། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པས་མི་བྱའོ། །ཡང་ཅིའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ཡོད་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཞེ་ན། འདི་ལྟར། གང་ཞིག་རང་བཞིན་གྱི་ཡོད་པ། །དེ་ནི་མེད་པ་ཡིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལ་ལྡོག་པ་མེད་པས་ནམ་ཡང་མེད་པ་མ་ཡིན་ཏེ། དེ་ལྟར་ན་རང་བཞིན་ཡོད་པ་ཉིད་དུ་ཁས་བླངས་པས་རྟག་པར་ལྟ་བར་འགྱུར་ལ། སྔོན་གནས་པའི་གནས་སྐབས་སུ། དངོས་པོའི་རང་བཞིན་ཁས་བླངས་ནས་ད་ལྟར་ཕྱིས་དེ་ཞིག་པས་མེད་དོ་ཞེས་ཁས་བླངས་པས་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །གང་གི་ལྟར་ན་དངོས་པོའི་རང་བཞིན་ཉིད་མི་འཐད་པ་དེ་ལ་ནི་རྟག་པ་དང་། ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་མ་དམིགས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་ཁས་ལེན་པ་ལ་དངོས་པོར་ལྟ་བ་མེད་པས་རྟག་པར་ལྟ་བ་མེད་མོད། ཆད་པར་ལྟ་བར་ཐལ་བར་ནི་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལྟར་མེད་པར་ལྟ་བར་ནི་མི་འགྱུར་རོ། །འདི་ལྟར་གང་ཞིག་སྔར་དངོས་པོའི་རང་བཞིན་ཁས་བླངས་ནས། ཕྱིས་དེ་ལྡོག་པ་ལ་རྟེན་པར་བྱེད་པ་དེ་ནི་དངོས་པོའི་རང་བཞིན་སྔར་དམིགས་པ་ལ་སྐུར་པ་བཏབ་པས་མེད་པར་ལྟ་བར་འགྱུར་གྱི། གང་ཞིག་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་ལྟར་གྱུར་ཅིང་ཅི་ཡང་མ་དམིགས་པ་དེས་མེད་དོ་ཞེས་སྨྲས་པ་ན། ཅི་ཞིག་མེད་པར་སྨྲས་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལོག་པར་མངོན་པར་ཞེན་པ་བཟློག་པར་བྱ་བའི་ཕྱིར་རབ་རིབ་མེད་པ་རྣམས་ལྟར་དངོས་པོ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་ཁོ་བོ་ཅག་སྨྲ་མོད་ཀྱི། དེ་སྐད་སྨྲས་པ་ན། ཁོ་བོ་ཅག་ཆད་པར་ལྟ་བར་བྲལ་བར་འགྱུར་བ་ནི་མ་ཡིན་ནོ། །ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་གཡར་གྱིས་བླངས་ནས། ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོ་ཡོད་པ་ནི་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི་མེད་པ་བར་ཡང་འགྱུར་ལགས་སོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གང་ཞིག་གཞན་དབང་སེམས་དང་སེམས་ལས་བྱུང་བ་དངོས་པོ་ཙམ་ཁས་བླངས་ནས། དེ་ལ་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མེད་པས་ཡོད་པར་ལྟ་བ་ཉིད་སྤོང་ཞིང་གཞན་གྱི་དབང་གི་དངོས་པོ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་འགྱུར་བ་ཙམ་ཞིག་ཡོད་པས་ནི་མེད་པར་ལྟ་བ་ཉིད་སྤོང་བར་བྱེད་པ་དེའི་ལྟར་ན། ཀུན་ཏུ་བརྟགས་པ་ཡོད་པ་མ་ཡིན་པའི་ཕྱིར་དང་། གཞན་གྱི་དབང་ཡོད་པའི་ཕྱིར་ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་གཉི་གར་ཡང་འགྱུར་བའི་ཕྱིར་མཐའ་གཉིས་སྤངས་པར་ག་ལ་འགྱུར། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ནི་རང་བཞིན་དང་བཅས་པ་ཉིད་དུ་ཡོད་པར་མི་རིགས་པར་བསྟན་ཟིན་པའི་ཕྱིར་བཤད་པ་མི་རིགས་པ་ཉིད་དོ། །དེའི་ཕྱིར་དེ་ལྟར་དབུ་མ་པའི་ལྟ་བ་ཁོ་ན་ལ་ཡོད་པ་དང་མེད་པ་ཉིད་དུ་ལྟ་བར་ཐལ་བ་མེད་པ་ཡིན་གྱི། རྣམ་པར་ཤེས་པར་སྨྲ་བའི་ལྟ་བ་ལ་སོགས་པ་དག་ལ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། རིན་པོ་ཆེའི་ཕྲེང་བ་ལས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་སོ། །དོན་དམ་པ་མཐོང་བའི་ཐབས་སུ་གྱུར་པ་ཉིད་ཀྱི་ཕྱིར། གདུལ་བྱའི་སྐྱེ་བོ་རྣམ་པ་དེ་ལྟ་བུ་རྟོག་པའི་ངོར། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་ཉིད་ཀྱིས་མང་པོ་བཀུར་པའི་གང་ཟག་ཏུ་སྨྲ་བ་ལྟར། རྣམ་པར་ཤེས་པར་སྨྲ་བ་དྲང་བའི་དོན་ཉིད་དུ་བསྟན་གྱི། ངེས་པའི་དོན་དུ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལ་སོགས་པ་དག་ལས་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་དམ་པ་ཐར་པ་འདོད་པ་དག་གིས་ཇི་སྲིད་དུ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་གཉིས་ཀྱི་གླགས་ཡོད་པ་དེ་སྲིད་དུ་འཁོར་བ་ཡིན་ནོ་ཞེས་རྟོགས་པར་བྱས་ནས། ལྟ་བ་འདི་གཉིས་བསལ་ཏེ། དབུ་མའི་ལམ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས། ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་བཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱི་བ་བརྒྱར་སྡུག་བསྔལ། །ཞེས་བྱ་བ་དང་། དེ་བཞིན་དུ། སྔོན་འདས་དུས་ཀྱི་བསྐལ་པ་བསམ་ཡས་ན། །མི་ཡི་གཙོ་བོ་བྱུང་བ་ངས་དྲན་ཏེ། །དྲང་སྲོང་ཆེན་པོ་གཟིངས་ཀྱི་དོན་མཛད་པ། །མིང་ནི་དངོས་པོ་མེད་ལས་བྱུང་ཞེས་བྱ། །སྐྱེས་མ་ཐག་ཏུ་མཁའ་ལ་རབ་ཏུ་གནས། །ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་མཐུན་པར་མཚན་བཏགས་ཏེ། །སྒྲས་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་གྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། །རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། །སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་གྱུར་ཚེ། །རྩྭ་ཤིང་གེལ་པ་སྨན་རི་བྲག་རྣམས་ལས། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་འབྱུང་། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །དེ་ལྟ་བུར་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་པ་ཤིན་ཏུ་འབྱུང་བར་འགྱུར། །ཞེས་གསུངས་སོ། །དངོས་པོའི་རང་བཞིན་མི་འཐད་པ་ཡི་ཕྱིར། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་འབྱུང་། །ཞེས་བྱ་བ་ལ་སོགས་པས་མདོའི་དོན་ཁོང་དུ་ཆུད་པར་བྱ་སྟེ། འཇིག་རྟེན་དེ་ནི་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་ན། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར་དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། རང་བཞིན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། འཁོར་བ་ཡོད་པའི་ཕྱིར་རོ། །འདི་ན་འཁོར་བས་ན་འཁོར་བ་སྟེ། འགྲོ་བས་ན་འགྲོ་བ་གཞན་དུ་འགྲོ་བ་ལ་འཁོར་བ་ཞེས་བྱའོ། །གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་ན། དེའི་ཚེ་སུ་ཞིག་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་ཞིང་འཁོར་བར་འགྱུར། མོ་གཤམ་གྱི་བུའི་འདུ་བྱེད་ཡོད་པ་མ་ཡིན་པ་དག་ནི་འཁོར་བར་མ་མཐོང་ངོ་། །དེའི་ཕྱིར་འཁོར་བ་ཡོད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཡོད་པ་ཉིད་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་འཁོར་བ་ཉིད་ཡོད་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཡོད་པར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །འདིར་གལ་ཏེ་འཁོར་བ་ཡོད་ན་ནི་ངེས་པར་འདུ་བྱེད་དག་གམ་སེམས་ཅན་ཞིག་དེར་འགྱུར་གྲང་། གཉི་ག་ལྟར་ཡང་ཉེས་པ་ཡོད་དོ་ཞེས་གསུངས་པ། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་ཏེ། །མི་རྟག་ན་ཡང་འཁོར་མི་འགྱུར། །སེམས་ཅན་ལ་ཡང་རིམ་འདི་མཚུངས། །དེ་ལ་གལ་ཏེ་འདུ་བྱེད་དག་འཁོར་བར་རྟོག་ན་ནི། ཅི་རྟག་པའམ་མི་རྟག་པ་དག་གཅིག་འཁོར་གྲང་། དེ་ལ་རྟག་པ་དག་ནི་མི་འཁོར་ཏེ། བྱ་བ་དང་བྲལ་བའི་ཕྱིར་ཏེ། བུམ་པ་ལ་སོགས་པ་མི་རྟག་པ་རྣམས་ཁོ་ན་བྱ་བ་དང་བཅས་པར་དམིགས་པའི་ཕྱིར་རོ། །འོན་ཏེ་མི་རྟག་པ་དག་ཡིན་ན་ནི། གང་མི་རྟག་པ་དེ་དག་ནི་སྐྱེས་མ་ཐག་ཏུ་འཇིག་པ་ཡིན་ལ། གང་དག་ཞིག་པ་དེ་དག་ནི་ཡོད་པ་མ་ཡིན་པས་མོ་གཤམ་གྱི་བུའི་འདུ་བྱེད་དག་བཞིན་དུ། འགར་ཡང་འཕྱན་པར་ག་ལ་འགྱུར། དེ་ལྟར་ན་མི་རྟག་པ་རྣམས་ཀྱང་འཁོར་བ་མ་ཡིན་ནོ། །ཅི་སྟེ་འདུ་བྱེད་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པས་རིམ་པ་རྒྱུན་མི་ཆད་ཅིང་རྒྱུན་ཆགས་སུ་འཇུག་པ་མི་རྟག་པར་གྱུར་པ་དག་ཁོ་ན་འཁོར་རོ་སྙམ་ན། འདི་ཡང་མི་འཐད་དེ། རེ་ཞིག་འབྲས་བུ་སྐྱེ་བ་གང་ཡིན་པ་དེ་ལ་ནི་འཁོར་བ་ཡོད་པ་མ་ཡིན་ཏེ། གང་ནས་ཀྱང་མི་འོང་བའི་ཕྱིར་དང་། གར་ཡང་མི་འགྲོ་བའི་ཕྱིར་རོ། །རྒྱུ་ཞིག་པར་གྱུར་པ་གང་ཡིན་པ་དེ་ལ་ཡང་འཁོར་བ་ཡོད་པ་མ་ཡིན་ཏེ། གང་ནས་ཀྱང་མི་འོང་བའི་ཕྱིར་དང་། གར་ཡང་མི་འགྲོ་བའི་ཕྱིར་རོ། །འདུ་བྱེད་ཙམ་ལས་མ་གཏོགས་པར་འདས་པ་དང་མ་འོངས་པ་དག་མ་གྲུབ་པའི་ཕྱིར་དང་། ཞིག་པ་དང་མ་སྐྱེས་པ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཡང་ཕྱིར་རོ། །གལ་ཏེ་སྐད་ཅིག་མ་ཕྱི་མ་སྐྱེས་པ་ན་སྔ་མ་འཁོར་བ་ཡིན་ནོ་ཞེ་ན། གལ་ཏེ་སྐད་ཅིག་མ་སྔ་མ་དང་ཕྱི་མ་གཉིས་གཅིག་ཉིད་དུ་འགྱུར་ན་ནི། དེ་དེ་ལྟར་འགྱུར་ན། གཅིག་ཉིད་དུ་ནི་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དག་བཞིན་ནོ། །གཞན་ཡང་གཅིག་ཉིད་ཡིན་ན་ནི་སྐད་ཅིག་མ་སྔ་མ་དང་ཕྱི་མར་བརྗོད་པར་བྱ་བ་ཉིད་དུ་ཡང་མི་འགྱུར་རོ། །དུས་གཅིག་གི་ཚེ་ལྷ་མི་རྣམས་གཅིག་སྔ་མ་དང་ཕྱི་མར་འགྱུར་རོ་ཞེས་བརྗོད་པ་ནི་མེད་དེ། དེ་བཞིན་དུ། འདིར་ཡང་གཅིག་ཡིན་པའི་ཕྱིར་སྐད་ཅིག་མ་སྔ་མ་དང་ཕྱི་མར་བསྙད་པ་ཉིད་དུ་མི་འགྱུར་རོ། །གཞན་ཡང་སྐད་ཅིག་མ་སྔ་མ་ཞིག་གོ་ཞེས་བྱ་བར་མི་འགྱུར་ཏེ། ཐ་མི་དད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་བཞིན་ནོ། །སྐད་ཅིག་མ་ཕྱི་མ་སྐྱེས་སོ་ཞེས་བྱ་བར་ཡང་མི་འགྱུར་ཏེ། ཐ་མི་དད་པའི་ཕྱིར་སྐད་ཅིག་མ་སྔ་མ་བཞིན་ནོ། །ཅི་སྟེ་གཞན་ཉིད་ཡིན་པ་ན་འཁོར་རོ་ཞེ་ན། དེ་ལྟ་ན་ནི་གཞན་སོ་སོའི་སྐྱེ་བོ་འཁོར་བར་སྐྱེ་བ་ཡོད་པའི་ཕྱིར་དགྲ་བཅོམ་པ་རྣམས་ཀྱང་འཁོར་བར་འགྱུར་ལ། མར་མེ་གཞན་འབར་བ་ན་ཤི་བའི་མར་མེ་ཡང་འབར་རོ་ཞེས་བྱ་བར་ཡང་འགྱུར་རོ། །གཞན་ཡང་སྐད་ཅིག་མ་ཕྱི་མ་སྐད་ཅིག་མ་སྔ་མ་ཞིག་པའམ་མ་ཞིག་པའམ་འཇིག་བཞིན་པ་ཞིག་ལས་སྐྱེ་གྲང་། དེ་ལས་གལ་ཏེ་ཞིག་པ་ལས་ཡིན་པར་འདོད་ན་ནི། ས་བོན་ཚིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་རྒྱུ་མེད་པར་འགྱུར་རོ། །ཅི་སྟེ་མ་ཞིག་པ་ལས་སོ་ཞེ་ན། དེ་ལྟ་ན་ཡང་ས་བོན་རྣམ་པར་འགྱུར་བ་མེད་པར་ཡང་མྱུ་གུ་སྐྱེ་བར་འགྱུར་ཞིང་། རྒྱུ་དང་འབྲས་བུ་གཉིས་ཀྱང་དུས་གཅིག་པར་འགྱུར་ལ། སྐྱེ་བ་རྒྱུ་མེད་པར་ཡང་འགྱུར་རོ། །གལ་ཏེ་འགག་བཞིན་པ་ལས་སྐྱེའོ་ཞེ་ན། འཇིག་བཞིན་པ་ལས་ཀྱང་སྐྱེ་བ་མེད་དེ། ཞིག་པ་དང་མ་ཞིག་པ་ལས་མ་གཏོགས་པའི་འཇིག་བཞིན་པ་མེད་པའི་ཕྱིར་དང་། ཞིག་པ་དང་མ་ཞིག་པ་དག་ལ་ཡང་ཉེས་པ་བརྗོད་ཟིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་དང་། སྐད་ཅིག་མ་སྔ་མ་དང་ཕྱི་མའི་རྣམ་པར་གཞག་པ་ཡོད་པར་ག་ལ་འགྱུར། གང་གི་ཚེ་སྐད་ཅིག་མ་སྔ་མ་དང་ཕྱི་མའི་རྣམ་པར་བཞག་པ་དང་། རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་ཡོད་པ་མ་ཡིན་པ་དེའི་ཚེ་རྒྱུན་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་འཁོར་བ་ཡང་མེད་དོ། །དེའི་ཕྱིར་འདུ་བྱེད་མི་རྟག་པ་རྣམས་ལ་ཡང་འཁོར་བ་ཡོད་པ་མ་ཡིན་ནོ། །འདིར་ཁ་ཅིག་འཐད་པ་དང་འགལ་བའི་ཕྱིར་ན་འདུ་བྱེད་དག་མི་འཁོར་བ་ནི་བདེན་ཏེ། འོ་ན་ཅི་ཞེ་ན། བདག་འཁོར་རོ་ཞེས་སྨྲ་བར་བྱེད་དོ། །བརྗོད་པར་བྱ་སྟེ། སེམས་ཅན་ལ་ཡང་རིམ་འདི་མཚུངས། །གང་གི་ཕྱིར་སེམས་ཅན་འཁོར་རོ་ཞེས་སྨྲ་ན། ཅི་འདི་རྟག་པའམ་མི་རྟག་པ་ཞིག་འཁོར་ཞེས་རྣམ་པར་དཔྱད་པ་ན། འདུ་བྱེད་དག་འཁོར་བར་མི་འཐད་པའི་རིམ་པ་གང་ཡིན་པ་དེ་སེམས་ཅན་ལ་ཡང་མཚུངས་པར་འགྱུར་བ་དེའི་ཕྱིར་སེམས་ཅན་ཡང་འཁོར་བ་མ་ཡིན་ནོ། །འདིར་སྨྲས་པ། འདུ་བྱེད་དག་འཁོར་བར་མི་འཐད་པའི་ཚུལ་ནི་སེམས་ཅན་ལ་ཡང་མཚུངས་པར་འགྱུར་བར་འོས་པ་མ་ཡིན་ཏེ། གང་གི་ཕྱིར་འདུ་བྱེད་རྟག་པ་དང་མི་རྟག་པར་གྱུར་པ་དག་ཁོ་ན་ལ་འཁོར་བ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་སྨྲས་ན། བདག་ནི་དེ་ལྟར་རྟག་པ་དང་མི་རྟག་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལྟར་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་དུ་མེད་པར་རྣམ་པར་གཞག་སྟེ། དེའི་ཕྱིར་བདག་ཁོ་ན་འཁོར་ཞིང་སྔར་བསྟན་པའི་ཉེས་པར་ཡང་ཐལ་བར་མི་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞག་འཁོར་བར་འགྱུར། །གལ་ཏེ་གང་ཟག་ཅེས་བྱ་བ་འགའ་ཞིག་ཡོད་ན་ནི་དེ་འཁོར་བར་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་རྣམ་པ་ལྔས་བཙལ་བ་ན་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །ཞེས་བྱ་བ་དེ་བཞིན་དུ་བདག་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་རང་བཞིན་ཅན་མ་ཡིན་ཞིང་། དེ་དག་ལས་ཐ་དད་པ་ཡང་མ་ཡིན་ལ། ཕུང་པོ་དང་སྐྱེ་མཆེད་དང་ཁམས་དང་ལྡན་པ་ཡང་མ་ཡིན་ཞིང་། བདག་ལ་ཕུང་པོ་དང་སྐྱེ་མཆེད་དང་ཁམས་མེད་ཅིང་། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ལ་ཡང་བདག་མེད་དོ་ཞེས་དེ་ལྟར་སྔར་བཤད་པའི་ཚུལ་གྱིས་རྣམ་པ་ལྔས་བཙལ་བ་ན་བདག་ཡོད་པ་མ་ཡིན་ནོ། །གང་ཞིག་དེ་ལྟར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་རྣམ་པ་ལྔས་བཙལ་བ་ན་དེ་ལྟར་ཡོད་པ་མ་ཡིན་པ་དེ་ནི་དེ་མེད་པས་ཇི་ལྟར་འཁོར་བར་འགྱུར། དེ་ལྟ་ན་བདག་ལ་ཡང་འཁོར་བ་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་ལྟར་མེད་པའི་ཕྱིར་རོ། །གཞན་ཡང་བདག་འདི། །ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །གལ་ཏེ་ཡོད་ནི་ཉེ་བར་ལེན་པ་མེད་པར་ཡང་འདི་འཁོར་བར་རུང་བར་འགྱུར་ན་ནི། བདག་འཁོར་བར་འགྱུར་ལ་རག་པ་ཞིག་གོ །ཇི་ལྟར་དེ་ལ་ཉེ་བར་ལེན་པ་མེད་པ་ཉིད་དུ་ཐལ་བར་བསྟན་པའི་ཕྱིར། ཉེ་བར་ལེན་ནས་ཉེར་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདིར་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འགྲོ་བ་ན། མིའི་ཉེ་བར་ལེན་པ་བཏང་ནས་ལྷའི་ཉེ་བར་ལེན་པར་འགྲོའམ། མ་བཏང་བར་ཡིན་གྲང་། རེ་ཞིག་གལ་ཏེ་ཡོངས་སུ་བཏང་ནས་འགྲོའོ་ཞེས་བརྗོད་ན་ནི། དེའི་ཚེ་ཉེ་བར་ལེན་པ་སྔར་མ་བཏང་བའི་ཕྱིར་དང་ཕྱི་མ་མ་བླངས་པའི་ཕྱིར། དེ་དག་གི་བར་དུ་སྲིད་པ་མེད་པར་འགྱུར་རོ། །འདི་ལ་སྲིད་པ་དང་བྲལ་བ་ཡོད་པས་ན་སྲིད་པ་མེད་པའོ། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། དེ་དག་དང་བྲལ་བར་འགྱུར་རོ། །སྲིད་པ་མེད་ཅིང་ཉེ་བར་ལེན་པ་མེད་པ་གང་ཡིན་པ་དེ་ནི་ཕུང་པོ་ལྔ་དང་བྲལ་བས་གདགས་པའི་ཉེ་བར་ལེན་པའི་རྒྱུ་དང་བྲལ་བའི་ཕྱིར་རྒྱུ་མེད་པར་འགྱུར་ལ། གང་ཞིག་ཉེ་བར་ལེན་པ་མེད་ཅིང་གསལ་བྱེད་དང་བྲལ་བ་མི་གསལ་བ་རྒྱུ་མེད་པ་དེ་ནི་གང་སྟེ། དེ་ནི་ཅི་ཡང་མ་ཡིན་ཞིང་། དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་མེད་པས་འབྱུང་བར་འགྱུར་བ་ལྷའི་ཉེ་བར་ལེན་པ་པོ་མེད་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཅི་ཞིག་ཏུ་འཁོར་བར་འགྱུར་ཏེ། གང་དུ་འཁོར་བར་འགྱུར་བ་དེ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །ཡང་ན་ཅི་ཞིག་ཅེས་བྱ་བ་འདི་ནི་བྱ་བ་འཁོར་བའི་ཁྱད་པར་ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པས་འཁོར་བའི་བྱ་བ་བྱེད་པར་མི་འགྱུར་རོ། །དེ་ལྟར་ན་རེ་ཞིག་ཉེ་བར་ལེན་པ་སྔ་མ་བཏང་ནས་འཁོར་བར་མི་རིགས་པ་ཡིན་ནོ། །ཅི་སྟེ་མ་བཏང་བར་ཡིན་ནོ་ཞེ་ན། དེ་ལྟར་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྔ་མ་མ་བཏང་བའི་ཕྱིར་དང་། ཕྱི་མ་མ་བཟུང་བའི་ཕྱིར་བདག་གཅིག་གཉིས་ཉིད་དུ་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མ་བཏང་བར་འཁོར་བར་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་སྲིད་པ་སྔ་ཕྱི་གཉིས་ཀྱི་བར་ན་སྲིད་པ་བར་མ་དོའི་ཕུང་པོ་ཡོད་པས་དེ་དག་གིས་དེ་ཉེ་བར་ལེན་པ་དང་བཅས་པའི་ཕྱིར་ཉེ་བར་ལེན་པ་ནས་ཉེ་བར་ལེན་པར་འཁོར་ཡང་སྲིད་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ། སྲིད་པ་བར་མ་དོའི་ཕུང་པོར་འཁོར་བ་ལ་ཡང་སྲིད་པ་སྔ་མ་གཏོང་བ་དང་། མི་གཏོང་བ་དག་གི་སྒོ་ནས་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་རོ། །ཅིག་ཅར་གཏོང་བ་དང་ལེན་པར་བྱེད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། བརྗོད་པར་བྱ་སྟེ། ཅི་ཕྱོགས་གཅིག་གིས་ཉེ་བར་ལེན་པ་སྔ་མ་གཏོང་ཞིང་ཕྱོགས་གཅིག་གིས་སྲིད་པ་བར་མ་དོའི་ཉེ་བར་ལེན་པར་རྒྱུའམ། འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཡིན་གྲང་། དེ་ལ་གལ་ཏེ་ཆ་ཤས་ཀྱིས་སོ་ཞེས་བྱ་བར་རྟོག་ན་ནི། དེའི་ཚེ་བདག་གཉིས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་ཉེས་པ་བཤད་ཟིན་ཏོ། །ཅི་སྟེ་བདག་ཉིད་ཐམས་ཅད་ཀྱིས་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཁྱེད་ཅག་ལ་ཐལ་བ་དེ་ཉིད་དུ་འགྱུར་རོ། །ཁྱད་པར་ནི་འདི་ཙམ་ཞིག་ཡོད་དེ། སྲིད་པ་བར་མ་དོར་རྒྱུ་བ་ན་ཤིན་ཏུ་ཉེ་བས་དུས་ཐུང་ངུ་ཞིག་ཏུ་ཉེ་བར་ལེན་པ་མེད་པར་འགྱུར་བ་གང་ཡིན་པའོ། །བདག་ཉིད་ཐམས་ཅད་ཀྱིས་གཏོང་བ་དང་ལེན་པ་དངོས་པོ་ཐ་དད་པའི་ཡུལ་ཅན་དག་ནི་དངོས་པོ་གཅིག་ལ་ཅིག་ཅར་མཐོང་བ་ཡང་མ་ཡིན་ཏེ། ལྷ་སྦྱིན་གཅིག་པུ་ཁྱིམ་ནས་ཁྱིམ་དུ་རྒྱུ་བ་ལ་དུས་གཅིག་ཏུ་བདག་ཉིད་ཐམས་ཅད་ཀྱིས་གཏོང་བ་དང་ལེན་པའི་བྱ་བ་གཉིས་ཡོད་པ་ནི་མ་ཡིན་ནོ། །ཅི་སྟེ་རྐང་པ་གཅིག་གིས་གཅིག་བཏང་བའི་ཕྱིར་དང་། གཞན་ལེན་པའི་ཕྱིར་ཅིག་ཅར་གཏོང་བ་དང་ལེན་པར་རྟོག་གོ་ཞེ་ན། དེ་ལྟ་ཡིན་ན་རྐང་པ་གཉིས་བཞིན་དུ་བདག་ཀྱང་གཉིས་ཉིད་དུ་འགྱུར་ཏེ། ཆ་ཤས་ཀྱིས་སྔ་མ་ལ་གནས་པའི་ཕྱིར་དང་། ཆ་ཤས་ཀྱིས་ཕྱི་མ་ལ་གནས་པའི་ཕྱིར་ཆ་ཤས་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་ཅིག་ཅར་ཡང་གཏོང་བ་དང་ལེན་པ་ཡོད་པ་མ་ཡིན་པས་འདི་ནི་ལན་མ་ཡིན་པ་ཉིད་དོ། །དེའི་ཕྱིར་སྲིད་པ་བར་མ་དོ་ལེན་པ་ལ་ཡང་ཉེས་པ་དེ་ཉིད་དུ་ཐལ་བར་འགྱུར་བས་རྣམ་པ་ཐམས་ཅད་དུ་བདག་ལ་ཡང་འཁོར་བ་ཡོད་པ་མ་ཡིན་ནོ། །གང་གི་ཚེ་འདུ་བྱེད་དག་དང་བདག་འཁོར་བ་ཡོད་པ་མ་ཡིན་པ་དེའི་ཚེ་འཁོར་བ་མེད་པ་ཉིད་དོ་ཞེས་བྱ་བར་གནས་སོ། །འདིར་སྨྲས་པ། འཁོར་བ་ནི་ཡོད་པ་ཉིད་དེ། འགལ་ཟླ་ཡོད་པའི་ཕྱིར་རོ། །འདིར་གང་ཡོད་པ་མ་ཡིན་པ་དེ་ལ་ནི་འགལ་ཟླ་ཡོད་པ་མ་ཡིན་ཏེ། དཔེར་ན། མོ་གཤམ་གྱི་བུའི་དགྲ་བོ་བཞིན་ནོ། །འཁོར་བའི་འགལ་ཟླ་མྱ་ངན་ལས་འདས་པ་ནི་ཡོད་ན་འཁོར་བ་ཡོད་པར་འགྱུར། དེའི་ཕྱིར་འཁོར་བ་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་དེའི་འགལ་ཟླ་མྱ་ངན་ལས་འདས་པ་ཡོད་ན། འཁོར་བ་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང་། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །གལ་ཏེ་མྱ་ངན་ལས་འདའ་བ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི། དེ་རྟོག་པ་ན་འདུ་བྱེད་རྟག་པའམ་མི་རྟག་པ་དག་གཅིག་ལ་རྟོག་གྲང་། །དེ་ལ་རྟག་པ་འགྱུར་བ་མེད་པ་དག་ལ་ནི་མྱ་ངན་ལས་འདའ་བས་ཅི་ཞིག་བྱེད་པར་འགྱུར། མི་རྟག་པ་ཡོད་པ་མ་ཡིན་པ་རྣམས་ལ་ཡང་མྱ་ངན་ལས་འདས་པས་ཅི་ཞིག་བྱེད་དེ། ཐམས་ཅད་སྔ་མ་དང་མཚུངས་སོ། །ཇི་ལྟ་བུར་ཡང་ཞེས་བྱ་བ་ནི་རྣམ་པ་གང་གིས་ཀྱང་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་སེམས་ཅན་ལ་མྱ་ངན་ལས་འདའ་བ་རྟོག་གོ་ཞེ་ན། དེ་ཡང་སྔ་མ་ལྟར་རྟག་པའམ་མི་རྟག་པ་ལས་འཐད་པ་མ་ཡིན་ནོ། །ཅི་སྟེ་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་ཞིག་ལ་རྟོག་གོ་ཞེ་ན་དེ་ལྟ་ན་ནི་བརྗོད་དུ་མེད་པའི་ཕྱིར་འཁོར་བ་ལྟར་མྱ་ངན་ལས་འདས་པ་ན་ཡང་བདག་ཡོད་དོ་ཞེས་ཁས་བླངས་པར་གྱུར་པ་མ་ཡིན་ནམ། གཞན་ཡང་བརྗོད་དུ་མེད་པ་ནི་བདག་ཉེ་བར་ལེན་པ་དང་བཅས་པ་ཁོ་ན་ལ་རིགས་ན། མྱ་ངན་ལས་འདས་པ་ན་ནི་ཉེ་བར་ལེན་པ་ཡོད་པ་མ་ཡིན་པས་འདི་ལ་བརྗོད་དུ་མེད་པ་ཉིད་ག་ལ་ཡོད། ཡང་ན་བདག་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འགྱུར་མོད། འོན་ཀྱང་འདི་ནི་མྱ་ངན་ལས་འདས་པ་ཡོད་དམ་འོན་ཏེ་མེད་པ་ཞིག་ཡིན། གལ་ཏེ་ཡོད་ན་ནི་དེའི་ཚེ་ཐར་བར་གྱུར་པ་ན་ཡང་དེ་ཡོད་པས་རྟག་པ་ཉིད་དུ་འགྱུར་རོ། །འོན་ཏེ་མེད་ན་ནི་དེའི་ཚེ་བདག་མི་རྟག་པར་འགྱུར་རོ། །དེའི་ཕྱིར་བདག་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ལྟར་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་དུ་མེད་དོ་ཞེས་བྱ་བར་མི་འགྱུར་རོ། །ཅི་སྟེ་མྱ་ངན་ལས་འདས་པ་ན་བདག་ཡོད་པ་དང་མེད་པ་ཉིད་དུ་ཡང་བརྗོད་དུ་མེད་པར་འདོད་དོ་ཞེ་ན། དེ་ལྟ་ན་ཡང་ཅི་འདི་དེའི་ཚེ་ཤེས་པར་བྱ་བ་ཞིག་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཤེས་པར་བྱ་བ་ཡིན་ནོ་ཞེ་ན། འོན་ཏེ་འཁོར་བ་ལྟར་མྱ་ངན་ལས་འདས་པ་ན་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར་བདག་འདི་ཉེ་བར་ལེན་པ་མེད་པ་མ་ཡིན་ནོ། །འོན་ཏེ་མི་ཤེས་ན་ནི་དེའི་ཚེ་འདི་ཤེས་པར་བྱ་བ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལྟར་མེད་པས་འདི་བརྗོད་དུ་མེད་པ་ཉིད་དུ་ག་ལ་ཡོད། དེའི་ཕྱིར་དེ་ལྟར་མྱ་ངན་ལས་འདས་པ་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་འཁོར་བ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མ་ལས། ཚེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ནས། རིགས་ཀྱི་བུ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ན་ཡང་། དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་བྱ་བ་དང་། དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག །གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཅེས་བྱ་བ་དང་། དེ་བཞིན་དུ། འགོག་པའི་བདེན་པ་རྨི་ལམ་ཇི་བཞིན་ཏེ། །མྱ་ངན་འདས་པའང་རྨི་ལམ་ཇི་བཞིན་དུ། །གང་ལ་བྱང་ཆུབ་སེམས་དཔའ་གང་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ཞེས་གསུངས་སོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་བཀག་མོད་ཀྱི། དེ་ལྟ་ན་ཡང་བཅིངས་པ་དང་ཐར་པ་དག་ནི་ཡོད་པ་ཡིན་ནོ། །ཡོད་པ་མ་ཡིན་པའི་དངོས་པོའི་རང་བཞིན་ལ་ནི་བཅིངས་པ་དང་། ཐར་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བཅིངས་པ་དང་ཐར་པ་ཡོད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་བཅིངས་པ་དང་ཐར་པ་གཉིས་ཉིད་ཡོད་ན་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། །ཞེས་གསུངས་པ། སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་ཡང་། །མི་འཆིང་གྲོལ་བར་མི་འགྱུར་རོ། །འདི་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གང་དག་བཅིང་བར་བྱ་བ་རྣམས་རང་དབང་མེད་པར་བྱེད་པས་འཆིང་པའོ་ཞེས་བྱ་བར་བསྙད་ཅིང་། གང་དག་གིས་བཅིངས་པས་སོ་སོའི་སྐྱེ་བོ་རྣམས་ཁམས་གསུམ་ལས་མི་འདའོ་ཞེས་བྱ་བར་རྣམ་པར་འཇོག་ན། འདོད་ཆགས་ལ་སོགས་པ་འཆིང་བ་ཉིད་དུ་བརྟགས་པའི་བཅིངས་པ་དེ་ནི་རེ་ཞིག་སྐྱེ་བ་དང་འཇིག་པའི་ཆོས་ཅན་འདུ་བྱེད་སྐད་ཅིག་མ་རྣམས་ལ་མི་སྲིད་དེ། སྐྱེས་མ་ཐག་ཏུ་འཇིག་ཅིང་བརླག་པ་རྣམས་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་འཆིང་བ་རྣམ་པར་ཆད་པའི་མཚན་ཉིད་ཅན་གྱི་ཐར་པ་ཡང་མི་སྲིད་དེ། འདུ་བྱེད་མི་རྟག་པ་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྔར་བཤད་པའི་རྣམ་པས་འདུ་བྱེད་རྣམས་ལ་བཅིངས་པ་དང་ཐར་པ་དག་ཡོད་པ་མ་ཡིན་པ་དེ་ལྟར། སྔ་མ་བཞིན་དུ་སེམས་ཅན་ཡང་མི་འཆིང་ཞིང་གྲོལ་བར་ཡང་མི་འགྱུར་རོ། །དེ་ལྟར་ན་བཅིངས་པ་དང་ཐར་པ་ཡང་མེད་དོ། །འདིར་སྨྲས་པ། གལ་ཏེ་ཡང་འདུ་བྱེད་དག་དང་སེམས་ཅན་ལ་བཅིངས་པ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་འདོད་ཆགས་ལ་སོགས་པ་ཉེ་བར་ལེན་པ་ཞེས་བྱ་བ་འཆིང་པར་གྱུར་པ་ནི་ཡོད་པ་ཡིན་ལ། དེ་ཡོད་པས་བཅིངས་པ་ཡང་ཡོད་པར་འགྱུར་རོ། །བརྗོད་པ། གལ་ཏེ་དངོས་པོ་འགའ་ཞིག་འཆིང་ན་ནི། ཉེ་བར་ལེན་པ་འཆིང་བར་ཡང་འགྱུར་ན། འཆིང་བ་ཡང་མ་ཡིན་ནོ། །ཇི་ལྟར་མི་འཆིང་བ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས་སྐབས་གང་ཞིག་འཆིང་བར་འགྱུར། །དེ་ལ་ཉེ་བར་ལེན་བཅས་ནི་ཉེ་བར་ལེན་པ་ཡོད་པ་སྟེ། རེ་ཞིག་དངོས་པོ་དེ་ནི་འཆིང་བར་མི་འགྱུར་རོ། །གང་ཞིག་ཉེ་བར་ལེན་པ་དང་བཅས་པ་དེ་ནི་བཅིངས་པར་གྱུར་པ་ཉིད་ཡིན་ན། དེ་ལ་ཡང་འཆིང་བ་དང་འབྲེལ་པས་ཅི་ཞིག་བྱེད་པར་འགྱུར། གང་ཞིག་ཉེ་བར་ལེན་པ་མེད་པ་ཉེ་བར་ལེན་པ་དང་བྲལ་བ་དེ་ཡང་མི་འཆིང་སྟེ། འཆིང་པ་དང་བྲལ་བའི་ཕྱིར་དེ་བཞིན་གཤེགས་པ་བཞིན་ནོ། །ཉེ་བར་ལེན་པ་མེད་པ་འཆིང་བ་དང་བྲལ་བ་འཆིང་ངོ་ཞེས་བྱ་བ་ནི་ཕན་ཚུན་འགལ་བ་ཡིན་པའི་ཕྱིར་ཡང་འདི་མི་རིགས་སོ། །གང་ཞིག་དེ་ལྟར་ངེས་པར་བརྟགས་པ་ན་ཉེ་བར་ལེན་པ་དང་བཅས་པའམ་ཉེ་བར་ལེན་པ་དང་བྲལ་བ་ཡིན་ཡང་རུང་སྟེ། མི་འཆིང་བ་དེ་ནི་ད་གནས་སྐབས་གང་ཞིག་ཏུ་གྱུར་པ་ཞིག་འཆིང་བར་འགྱུར་ཏེ། གང་ཞིག་འཆིང་བར་འགྱུར་བ་དེའི་གནས་སྐབས་གཞན་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གང་གི་ཚེ་དེ་ལྟར་གཞིགས་པ་ན་འཆིང་བས་ཅི་ཞིག་ལྟར་ཡང་འཆིང་བར་མི་བྱེད་པ་དེའི་ཚེ་འགའ་ཡང་འཆིང་བར་མི་བྱེད་པ་ཉེ་བར་ལེན་པ་འདོད་ཆགས་ལ་སོགས་པ་འཆིང་བ་ཉིད་དུ་ག་ལ་འགྱུར། དེའི་ཕྱིར་བཅིངས་པ་ཡང་མེད་དོ། །གཞན་ཡང་། གལ་ཏེ་བཅིང་བྱའི་སྔ་རོལ་ན། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ། འདི་ན་འཆིང་བ་ལྕགས་ལ་སོགས་པ་བཅིང་བར་བྱ་བ་ལས་ཐ་དད་པར་སྔར་གྲུབ་པར་གྱུར་པས་བཅིང་བར་བྱ་བ་ལྷ་སྦྱིན་འཆིང་ངོ་ཞེས་བྱ་བར་མཐོང་བ་དེ་བཞིན་དུ་བཅིང་བར་བྱ་བ་འདུ་བྱེད་རྣམས་སམ་གང་ཟག་གི་སྔ་རོལ་དུ་འཆིང་བ་འདོད་ཆགས་ལ་སོགས་པ་གྲུབ་པར་གྱུར་ན་ནི་སྔར་གྲུབ་པ་དེས་འདུ་བྱེད་རྣམས་སམ་གང་ཟག་འཆིང་བར་འགྱུར་ལ་རག་ན། དེ་ནི་ཡོད་པ་ཡང་མ་ཡིན་ཏེ། རྟེན་མེད་པས་འདོད་ཆགས་ལ་སོགས་པ་མ་གྲུབ་པའི་ཕྱིར་དང་། སྔར་འཆིང་བ་གྲུབ་པ་ལ་ཕྱིས་བཅིང་བྱ་དང་ལྷན་ཅིག་འབྲེལ་པ་དགོས་པ་མེད་པའི་ཕྱིར་དང་། འཆིང་བ་ལས་ཐ་དད་པར་གྲུབ་པའི་བཅིངས་པ་ལ་ཡང་འཆིང་བ་དགོས་པ་མེད་པའི་ཕྱིར་བཅིང་པར་བྱ་བའི་སྔ་རོལ་དུ་འཆིང་བ་གྲུབ་པ་མེད་དོ། །དེའི་ཕྱིར་འཆིང་བས་ནི་འགའ་ཡང་མི་འཆིང་ལ། འགའ་ཡང་མི་འཆིང་བ་ནི་འཆིང་བ་ཉིད་དུ་མི་རིགས་པས་འཆིང་བ་ཡོད་པ་མ་ཡིན་ཞིང་། འཆིང་བ་མེད་པས་བཅིངས་པ་ཡང་མེད་དོ་ཞེས་བྱ་བར་གྲུབ་བོ། །གང་ཞིག་འདིར་སུན་འབྱིན་པ་འཕྲོག་གྱུར་པ། ལྷག་མ་ནི་ཚིགས་སུ་བཅད་པའི་འདོན་པ་གོ་བསྣོར་ཏེ། སོང་དང་མ་སོང་བགོམ་པས་བསྟན་པར་རིག་པར་བྱ་སྟེ། རེ་ཞིག་བཅིངས་པ་མི་འཆིང་སྟེ། །མ་བཅིངས་པ་ཡང་འཆིང་མི་འགྱུར། །བཅིངས་དང་མ་བཅིངས་མ་གཏོགས་པར། །འཆིང་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་སྦྱར་བར་བྱའོ། །འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་འཆིང་བ་བཀག་མོད་ཀྱི། དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ཀྱིས་སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱོབ་པ་མེད་པ་རྣམས་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཕུང་པོ་གསུམ་ཉེ་བར་བསྟན་པ་གང་གི་དོན་དུ་གསུངས་པ། ཐར་པ་དེ་ནི་རེ་ཞིག་ཡོད་པ་ཡིན་ལ། མ་བཅིངས་པ་ལ་ནི་ཐར་པ་མེད་དེ། དེའི་ཕྱིར་བཅིངས་པ་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་ཐར་པ་ཉིད་ཡོད་ན་བཅིང་བ་ཡོད་པར་གྱུར་ན། ཡོད་པ་ནི་མ་ཡིན་ཏེ། འདིར་ཐར་པ་འདི་རྟོག་པ་ན། བཅིངས་པའམ་མ་བཅིངས་པ་ཞིག་ལ་རྟོག་པ་ཞིག་གོ །དེ་ལས་ཅིར་འགྱུར་ཞེ་ན། གཉི་ག་ལྟར་ཡང་མི་རིགས་སོ་ཞེས་བཤད་པ། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་འགྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །དེ་ལ་བཅིངས་པ་ལ་ནི་ཐར་པ་ཡོད་པ་མ་ཡིན་ཏེ་བཅིངས་པའི་ཕྱིར་རོ། །ཅི་སྟེ་བཅིངས་པར་གྱུར་པ་ཕྱིས་ཐབས་ཀྱིས་ཐར་བར་འགྱུར་བའི་ཕྱིར་བཅིངས་པ་ཉིད་གྲོལ་བར་འགྱུར་རོ་ཞེ་ན། འོ་ན་ནི་བཅིངས་པ་གྲོལ་ལོ་ཞེས་བྱ་བར་བརྗོད་པར་མི་བྱ་སྟེ། འོ་ན་ཅི་ཞེ་ན་གྲོལ་བ་གྲོལ་བར་འགྱུར་རོ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་ད་ལྟར་བ་དང་ཉེ་བས་དེ་སྐད་དུ་བརྗོད་དོ་ཞེ་ན། གལ་ཏེ་རེས་འགའ་ཞིག་ན་ཐར་པ་ཡོད་ན་ནི་དེའི་ཚེ་དེ་དང་ཉེ་བར་ཡོད་པར་འགྱུར་ན། གང་གི་ཚེ་གནས་སྐབས་གང་རུང་དུ་ཡང་ཐར་འདོད་པ་ན་བཅིངས་པ་ལ་ཐར་པ་མི་སྲིད་པས་ཐར་པ་མེད་པར་སྟོན་པར་འདོད་པ་དེའི་ཚེ་ད་ལྟར་བ་དང་ཉེ་བ་ཉིད་ག་ལ་ཡོད། དེ་ལྟར་ན་རེ་ཞིག་བཅིངས་པ་མི་གྲོལ་ལོ་ཞེས་བྱ་བར་གནས་སོ། །ད་ནི་མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། དེ་ནི་གྲོལ་བ་ཉིད་ཡིན་ན་དེ་ལ་ཡང་ཐར་པས་ཅི་ཞིག་བྱེད་པར་འགྱུར། ཡང་ཐར་པ་ལ་ལྟོས་པའི་ཕྱིར་དགྲ་བཅོམ་པ་གྲོལ་བར་གྱུར་པ་རྣམས་ལ་ཡང་འཆིང་པ་ཉིད་ཡོད་པར་འགྱུར་ཏེ། དེའི་ཕྱིར་དགྲ་བཅོམ་པ་ཡང་བཅིངས་པར་འགྱུར་རོ། །དེའི་ཕྱིར་མ་བཅིངས་པ་ཡང་མི་གྲོལ་ལོ། །ཅི་སྟེ་མ་བཅིངས་པ་ལ་ཐར་པ་མི་སྲིད་པའི་ཕྱིར་བཅིངས་པ་ཉིད་གྲོལ་བར་འགྱུར་རོ་སྙམ་ན། དེ་ལྟ་ཡིན་ན་བཅིངས་པ་ལ་གྲོལ་བཞིན་པར་རྟོག་པ་ན། བཅིངས་པ་ཡིན་པའི་ཕྱིར་དང་། གྲོལ་བཞིན་པ་ཡིན་པའི་ཕྱིར་བཅིངས་པ་དང་གྲོལ་བ་དག་དུས་གཅིག་ཏུ་འགྱུར་ན། དུས་གཅིག་ཏུ་བཅིངས་པ་དང་གྲོལ་བ་དག་འཐད་པ་ཡང་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །དེའི་ཕྱིར་དེ་ལྟར་བཅིངས་པ་དང་མ་བཅིངས་པ་དག་ལ་ཐར་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཐར་པ་ཡང་མེད་ལ། དེ་མེད་པའི་ཕྱིར་བཅིངས་པ་ཡང་མེད་དོ་ཞེས་བྱ་བར་གྲུབ་བོ། །འདིར་གལ་ཏེ་དེ་ལྟར་ཁྱོད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དག་བཀག་ཅིང་། བཅིངས་པ་དང་ཐར་པ་དག་ཀྱང་བཀག་པས། འཁོར་བའི་འབྲོག་དགོན་པ་ཆེན་པོ་མ་རིག་པའི་མུན་པ་མཐུག་པོ་ཅན་ལྟ་བ་ངན་པ་སྣ་ཚོགས་པའི་འཁྲི་ཤིང་ཤིན་ཏུ་སྲ་བས་ལམ་དམ་པར་བཀག་པ། ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་རྣམ་པར་སྨིན་པའི་འབྲས་བུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ། མཐའ་ཡས་པ་སྣ་ཚོགས་པ་ཤིན་ཏུ་ཡིད་དུ་མི་འོང་བ་རྒྱ་ཆེར་སྟེར་བས་དཀྲིགས་པ་འཇིག་ཚོགས་ལ་ལྟ་བའི་རི་ཆེན་པོ་རྩེ་མོ་ཉི་ཤུས་ཆེས་མཐོ་བ། ཏེ་པོར་བརླིང་པས་ཕྱོགས་ཀྱིས་ངོས་ཀུན་ནས་བསྐོར་བ། སྲིད་པའི་ཆུ་ཀླུང་གི་འོབས་ཆེན་པོ། ཡུལ་གྱི་བདེ་བ་ལ་རེ་བའི་ངོགས་ཤིན་ཏུ་འདྲེད་ཅིང་ཡངས་པ་དང་ལྡན་པ་རྒྱུན་མི་ཆད་པར་འབབ་པས་བསྐོར་བ་ལས་བརྒལ་བར་འདོད་པ། ཐར་པ་འདོད་པ་རྣམས་མཆོག་ཏུ་དབུགས་འབྱིན་པར་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ཆེན་པོ་བདག་ནམ་ལེན་པར་མེད་པར་མྱ་ངན་ལས་འདའ་བར་འགྱུར། མྱ་ངན་ལས་འདས་པ་བདག་གིར་ནམ་ཞིག་ན་འགྱུར་སྙམ་པ་གང་ཡིན་པ་དེ་དོན་མེད་པ་ཁོ་ནར་འགྱུར་ཞིང་དེ་ལྟར་དགེ་བའི་ཆོས་ལ་འདུན་པ་བསྐྱེད་པ་རྣམས་ཀྱི་དགེ་བའི་བཤེས་གཉེན་བསྟེན་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་དང་ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་པ་མྱ་ངན་ལས་འདས་པ་འཐོབ་པའི་དགོས་པ་ཅན་གང་ཡིན་པ་དེ་ཡང་དོན་མེད་པར་འགྱུར་རོ་ཞེས་འཛེར་ཏོ། །བརྗོད་པར་བྱ་སྟེ། གང་ཞིག་དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་མེད་དེ། གཟུགས་བརྙན་དང་། སྨིག་རྒྱུའི་ཆུ་དང་། མགལ་མེའི་འཁོར་ལོ་དང་། རྨི་ལམ་དང་། སྒྱུ་མ་དང་། མིག་འཕྲུལ་དང་མཚུངས་ཤིང་། བདག་དང་བདག་གི་བ་དང་བྲལ་བཞིན་དུ། ཕྱིན་ཅི་ལོག་ནི་རྗེས་སུ་སོང་བའི་ཕྱིར་ང་དང་ངའི་ཞེས་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཀུན་ཏུ་སྤྱོད་པ་ཡོངས་སུ་འཛིན་པས། འཇིག་ཚོགས་ལ་ལྟ་བ་དེ་ཉིད་བསྐྱོད་ནས། བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིས་འགྱུར་རོ་ཞེས། །རློམ་པར་བྱེད་དེ། དེ་ལྟར་གང་དག་འཛིན་དེ་ཡི། །ཉེར་ལེན་འཛིན་པ་ཆེན་པོ་ཡིན། །བདག་ནི་ཉེ་བར་ལེན་པ་མེད་ཅིང་ལེན་པ་དང་བྲལ་བར་མྱ་ངན་ལས་འདའོ། །མྱ་ངན་ལས་འདས་པ་ནི་དེ་ལྟར་ཞུགས་པར་གྱུར་པ་བདག་གི་ཡིན་པར་འགྱུར་རོ་ཞེས་དེ་ལྟར་ཐར་པ་འདོད་པ་གང་དག་འཛིན་པར་འགྱུར་བ་དེ་དག་ལ་ནི་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་ཞེས་བྱ་བའི་འཇིག་ཚོགས་ལ་ལྟ་བ་ཉེ་བར་ལེན་པ་དེ་ཉིད་འཛིན་པ་ཆེན་པོ་ཡིན་ལ། རྣམ་པ་དེ་ལྟ་བུའི་འཛིན་པ་ཆེན་པོ་མངོན་པར་ཞེན་པ་རྣམས་ལ་ནི་ཞི་བ་ཡོད་པ་མ་ཡིན་ཏེ། འཛིན་པ་མ་ལུས་པ་སྤངས་པ་ཁོ་ནས་ཐར་པ་འཐོབ་པའི་ཕྱིར་རོ། །ཇི་སྲིད་དུ་བདག་དང་བདག་གིའོ་སྙམ་དུ་འཛིན་པར་མཐོང་བར་ཞེན་པ་དང་། ཇི་སྲིད་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡོད་དོ་ཞེས་མངོན་པར་ཞེན་པ་དང་། ཇི་སྲིད་ཉེ་བར་ལེན་པ་བཏང་བ་ལ་སོགས་པར་མངོན་པར་ཞེན་པ་དེ་སྲིད་དུ་ནི་ཐབས་མ་ཡིན་པས་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱི་རྩོམ་པ་ཐམས་ཅད་ངེས་པར་དོན་མེད་པར་འགྱུར་རོ། །དེའི་ཕྱིར་ཐར་པ་འདོད་པས་འདི་དག་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་དོན་དམ་པ། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །ཞེས་བྱ་བ། དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཞིག་བརྟག །དོན་དམ་པའི་བདེན་པ་གང་ལ་མ་དམིགས་པས་མྱ་ངན་ལས་འདས་པ་བསྐྱེད་པ་སྟེ། མྱ་ངན་ལས་འདས་པར་སྒྲོ་བཏགས་པ་མེད་ཅིང་། འཁོར་བ་བསལ་བ་སྟེ། འཁོར་བ་ཡོངས་སུ་ཟད་པ་ཡང་ཡོད་པ་མ་ཡིན་པ་དེ་ལ་གང་ཞིག་ཟད་པར་བྱ་བའི་ཕྱིར་བརྟགས་པ་འཁོར་བ་ཅི་ཞིག་ཡིན་ལ། གང་ཐོབ་པར་བྱ་བའི་ཕྱིར་བརྟགས་པ་མྱ་ངན་ལས་འདས་པ་དེ་ཡང་གང་ཞིག་ཡིན། ཡང་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་མ་དམིགས་པའི་ཕྱིར་སེམས་ཅན་འགའ་ཡང་མྱ་ངན་ལས་འདས་པ་གང་དུ་འཁོར་བ་ནས་བསལ་བ་སྟེ་བཀྲི་བ་དང་། མྱ་ངན་ལས་འདས་པ་བསྐྱེད་པར་འབད་པ་དང་ལྡན་པས་ཀྱང་བྱ་བར་མི་ནུས་པ་དེ་ལ་མྱ་ངན་ལས་འདས་པའང་ཅི་ཞིག་བརྟག་སྟེ། ཅུང་ཟད་ཀྱང་བརྟག་པ་མི་རིགས་སོ། །མི་རྟོག་པ་ནི་ངེས་པར་ཇི་སྐད་སྨྲས་པའི་འཁོར་བའི་འབྲོག་དགོན་པ་ལས་འདའ་ཞིང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཡང་ཕྱིན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་བདུད་བཏུལ་བའི་མདོ་ལས། དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་ལྟར་བདུད་སྡིག་ཅན་སྒོ་མོའི་ཐེམ་པའི་འཆིང་བས་བཅིངས་པ་ལྟར་ས་སྟེང་དུ་འགྱེལ་ནས། ང་ནི་འཆིང་པ་དམ་པོས་བཅིངས་སོ། །ང་ནི་འཆིང་བ་དམ་པོས་བཅིངས་སོ་ཞེས་ངུ་ཞིང་ཆོ་ངེས་འདེབས་པར་གྱུར་པ་དེ་ལྟ་བུའི་གཟུགས་སུ་བསམས་སོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་གིས་ཁྱོད་རྟག་ཏུ་བཅིངས་ཤིང་གཟོད་བཅིངས་པ་མ་ཡིན་པ་འཆིང་བ་ཆེས་དམ་པ། འཆིང་བ་འདི་ལས་གཞན་པ་ཞིག་ཡོད་དེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་ཕྱིན་ཅི་ལོག་གི་འཆིང་བ་དང་། སྲིད་པ་དང་ལྟ་བའི་འཆིང་བ་སྟེ། སྡིག་ཅན་འདི་ནི་འཆིང་བ་ཡིན་གྱི། འཆིང་བ་འདི་ལས་གཞན་པ་འཆིང་བ་ཆེས་དམ་པོར་གྱུར་པ་ནི་ཡོད་པ་མ་ཡིན་ནོ། །ཁྱོད་ནི་དེས་རྟག་ཏུ་བཅིངས་པ་ཡིན་གྱི། གཟོད་བཅིངས་པ་ནི་མ་ཡིན་ནོ། །གཞན་ཡང་སྡིག་ཅན་ཅི་ཁྱོད་གལ་ཏེ་སླར་བཀྲོལ་ན་དགའ་བར་འགྱུར་རམ། སྨྲས་པ་དགའ་བར་འགྱུར་རོ། །དེ་ནས་ལྷའི་བུ་རབ་འཐབ་བྲལ་བ་ཞིག་གིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདུད་སྡིག་ཅན་ཐོང་ཤིག་རང་གི་གནས་སུ་དོང་ལ་རག་གོ །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་གང་ཞིག་བཏང་བ་ཁྱོད་སུས་བཅིངས། སྨྲས་པ། འཇམ་དཔལ་བདག་སུས་བཅིངས་པ་མི་ཤེས་སོ། །སྨྲས་པ། སྡིག་ཅན་ཇི་ལྟར་ཁྱོད་མ་བཅིངས་པ་ལས་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་པ། ཚོར་བ་དག་མེད་པ་དང་འདུ་ཤེས་དག་མེད་པ་དང་། འདུ་བྱེད་དག་མེད་པ་དང་། རྣམ་པར་ཤེས་པ་མེད་པ་ལ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་འདུ་ཤེས་པ་ཡིན་ནོ། །གཞན་ཡང་སྡིག་ཅན་གང་ཁྱོད་གྲོལ་བར་འགྱུར་ན་གང་ལས་གྲོལ་བར་འགྱུར། སྨྲས་པ། བདག་ནི་གང་ལས་ཀྱང་གྲོལ་བར་མི་འགྱུར་རོ། །སྨྲས་པ། སྡིག་ཅན་དེ་བཞིན་དུ་གང་དག་གྲོལ་བར་འགྱུར་བ་དེ་དག་ཀྱང་། ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་ཡིན་པ་དེ་ཡོངས་སུ་ཤེས་པ་མ་གཏོགས་པར་གང་ལས་ཀྱང་གྲོལ་བར་འགྱུར་བ་མེད་དེ། དེ་ཡོངས་སུ་ཤེས་ནས་གྲོལ་བ་ཞེས་བྱའོ་ཞེས་གསུངས་ཏེ། ལུང་འདི་ལས་ན་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་རྟོག་པ་ཙམ་གྱིས་འཆིང་བའི་འཁྲི་ཤིང་རྣམ་པར་ཆད་པ་ལ་ཐར་པ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རྨི་ལམ་དུ་དམིགས་པའི་མེ་འབར་བ་ཆུ་དག་གིས་བསད་པ་བཞིན་ནོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ།།  །།འདིར་སྨྲས་པ། འཁོར་བ་ནི་ཡོད་པ་ཉིད་དེ། ལས་དང་འབྲས་བུ་འབྲེལ་བའི་རྟེན་ཡིན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རྒྱུན་རྣམ་པར་ཆད་པ་མེད་པའི་རིམ་པས་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་འཇུག་པས་འདུ་བྱེད་རྣམས་སམ་བདག་འཁོར་བར་གྱུར་ན་ནི། དེའི་ཚེ་ལས་དང་འབྲས་བུ་འབྲེལ་བར་འགྱུར་ན། ཇི་སྐད་སྨྲས་པའི་འཁོར་བ་མེད་ན་ནི། སེམས་ནི་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་དང་། ལས་འཕེན་པའི་དུས་ན་རྣམ་པར་སྨིན་པ་མེད་པའི་ཕྱིར་ལས་དང་འབྲས་བུའི་འབྲེལ་བ་མེད་པ་ཁོ་ནར་འགྱུར་རོ། །འཁོར་བ་ཡོད་ན་ནི་འདིར་བྱས་པའི་ལས་ཚེ་རབས་གཞན་དུ་ཡང་རྣམ་པར་སྨིན་པའི་འབྲས་བུ་དང་འབྲེལ་པའི་ཕྱིར་ལས་རྣམས་འབྲས་བུ་དང་འབྲེལ་བ་མི་འགལ་བར་འགྱུར་རོ། །དེའི་ཕྱིར་ལས་དང་འབྲས་བུ་འབྲེལ་པའི་རྟེན་ཡིན་པའི་ཕྱིར་འཁོར་བ་ཡོད་པ་ཉིད་དོ། །ལས་དེ་དག་ཀྱང་གང་ཡིན་ཞིང་། དེའི་འབྲས་བུ་ཡང་གང་ཞིག་ཡིན་ཞེ་ན། དེ་དག་གི་རབ་ཏུ་དབྱེ་བ་བརྗོད་པར་འདོད་པས་འདི་སྐད་དུ་བརྗོད་དེ། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གིས་ས་བོན་ཡིན། །དེ་ལ་བདག་ཏུ་ང་རྒྱལ་བ་འདི་ལ་གཞག་ཅིང་བསྐྱེད་པས་བདག་ཉིད་དེ། ཕུང་པོ་ལ་བརྟེན་ནས་གདགས་པའི་གང་ཟག་ལ་བདག་ཅེས་བྱའོ། །བདག་ཉིད་ཡང་དག་པར་སྡོམ་ཞིང་། ཡུལ་དག་ལ་རང་དབང་མེད་པར་བྱེད་ཅིང་འདོད་ཆགས་ལ་སོགས་པའི་དབང་གིས་འཇུག་པ་ཟློག་པར་བྱེད་པས་ན་བདག་ཉིད་ལེགས་པར་སྡོམ་པའོ། །གསོག་ཅིང་ཉེ་བར་བསོགས་ལ་དགེ་བ་དང་མི་དགེ་བའི་ལས་རྣམ་པར་སྨིན་པ་འབྱིན་པར་ནུས་པ་ལ་ངེས་པར་བྱེད་པས་ན་སེམས་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་གྲངས་དག་གོ །དེའི་ཕྱིར་བདག་ཉིད་ལེགས་པར་སྡོམ་པ་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པ་ལས་བཟློག་པ་དགེ་བའི་སེམས་དེ་ནི་ངན་འགྲོར་འགྲོ་བ་ལས་འཛིན་པར་བྱེད་པས་ན་ཆོས་ཞེས་བྱའོ། །ཆོས་ཀྱི་སྒྲ་འདི་ནི་གསུང་རབ་ལས་གསུམ་དུ་རྣམ་པར་གཞག་སྟེ། རང་གི་མཚན་ཉིད་འཛིན་པའི་དོན་དང་། འགྲོ་བ་ངན་པར་འགྲོ་བ་ལས་འཛིན་པའི་དོན་དང་། འགྲོ་བ་ལྔའི་འཁོར་བར་འགྲོ་བ་ལས་འཛིན་པའི་དོན་གྱིས་སོ། །དེ་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ན་ཆོས་ཞེས་བྱའོ། །དགེ་བ་བཅུ་ལ་སོགས་པའི་ཆོས་རྣམས་ནི། འཇིག་རྟེན་འདི་དང་ཕ་རོལ་དུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཞེས་བྱ་བ་དེར་འགྲོ་བ་ངན་པར་འགྲོ་བ་ལས་འཛིན་པའི་དོན་གྱིས་ན་ཆོས་ཞེས་བསྙད་དོ། །ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དེར་ནི་འགྲོ་བ་ལྔའི་འཁོར་བར་འགྲོ་བ་ལས་འཛིན་པའི་དོན་གྱིས་ན་མྱ་ངན་ལས་འདས་པ་ལ་ཆོས་ཞེས་བརྗོད་དོ། །འདིར་ནི་འགྲོ་བ་ངན་པར་འགྲོ་བ་ལས་འཛིན་པའི་དོན་ཉིད་ཀྱིས་ཆོས་ཀྱི་སྒྲར་བཞེད་དོ། །ཡང་ཅི་བདག་ཉིད་ལེགས་པར་སྡོམ་པའི་སེམས་གཅིག་པུ་ཞིག་ཆོས་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འོ་ན་ཅི་ཞེ་ན། གཞན་ལ་ཕན་འདོགས་པ་དང་བྱམས་པའི་སེམས་གང་ཡིན་པ་དེ་ཡང་ཆོས་ཡིན་ནོ། །གཞན་ལ་ཕན་འདོགས་བྱམས་སེམས་ཞེས་བྱ་བ་འདིར་རང་གི་སྒྲ་ཞིག་མི་མངོན་པར་བྱས་ཤིང་བསྟན་པར་རིག་པར་བྱའོ། །དེ་ལ་གཞན་རྗེས་སུ་འཛིན་པར་བྱེད་པས་ན་གཞན་ལ་ཕན་འདོགས་པའི་སེམས་ཏེ། བསྡུ་བའི་དངོས་པོ་བཞི་ལ་ཞུགས་པ་དང་། འཇིགས་པ་ལས་སྐྱོབ་པ་ལ་སོགས་པ་ལ་ཞུགས་པའི་སེམས་གང་ཡིན་པ་དེ་ཡང་ཆོས་ཡིན་ནོ། །མཛའ་བཤེས་ལས་འབྱུང་ཞིང་སེམས་ཅན་རྣམས་དང་འགལ་བ་མེད་པའི་སེམས་གང་ཡིན་པ་དེ་ནི་བྱམས་པའི་སེམས་སོ། །ཡང་ན་བྱམས་པ་ནི་གཉེན་བཤེས་ཉིད་ཡིན་ཏེ། བདག་ལ་ཕན་འདོགས་པའི་སེམས་གང་ཡིན་པ་དེ་ཉིད་བྱམས་པའི་སེམས་ཡིན་ནོ། །གང་ཞིག་སེམས་རྣམ་པ་གསུམ་བསྟན་པ་དེ་ནི་ཆོས་ཞེས་བྱ་སྟེ། བཟློག་པ་ནི་ཆོས་མ་ཡིན་པར་སྦྱར་བར་བྱའོ། །དེ་ལྟར་རབ་ཏུ་དབྱེ་བ་བསྟན་པའི་སེམས་གང་ཡིན་པ་དེ་ནི་འབྲས་བུ་དག་གི་ས་བོན་ཡིན་ནོ། །རྒྱུ་གང་ཞིག་འབྲས་བུ་འགྲུབ་པ་ལ་ཐུན་མོང་མ་ཡིན་པ་དེ་ལ་ནི་ས་བོན་ཞེས་བྱ་སྟེ། དཔེར་ན་སཱ་ལུའི་ས་བོན་ནི་སཱ་ལུའི་མྱུ་གུའི་རྒྱུ་ཡིན་པ་ལྟ་བུའོ། །ས་ལ་སོགས་པ་ཐུན་མོང་པ་གང་ཡིན་པ་དེ་ནི་ས་བོན་མ་ཡིན་གྱི། དེ་ནི་རྒྱུ་ཉིད་ཡིན་པར་ཟད་དོ། །དེ་ཇི་ལྟར་ཡིན་པ་དེ་བཞིན་དུ་འདིར་ཡང་རྣམ་པར་སྨིན་པ་ཡིད་དུ་འོང་བ་མངོན་པར་འགྲུབ་པ་ལ་སེམས་རྣམ་པ་གསུམ་ས་བོན་ཡིན་ཏེ། སྐྱེས་བུའི་བྱེད་པ་ལ་སོགས་པ་རྣམས་ནི་རྒྱུ་ཙམ་དུ་ཟད་དོ། །ཡང་དུས་གང་གི་ཚེ་ས་བོན་འབྲས་བུའི་སྒྲུབ་པར་བྱེད་པ་ཡིན་ཞེ་ན། འདི་གཞན་དུ་འབྲས་བུ་དག་གི་ཞེས་བྱ་བ་གསུངས་ཏེ། འདི་ཞེས་བྱ་བ་ནི་མཐོང་པའི་སྐྱེ་བ་ལ་ཡིན་ལ། གཞན་དུ་ཞེས་བྱ་བ་ནི་མ་མཐོང་བའི་སྐྱེ་བ་ལའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ཡང་ལུང་ལས་རྒྱས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རེ་ཞིག་སེམས་ཀྱི་བདག་ཉིད་ཅན་གྱི་ཆོས་གཅིག་ཉིད་རྣམ་པར་གཞག་ནས་སླར་ཡང་བཅོམ་ལྡན་འདས། དྲང་སྲོང་མཆོག་གི་ལས་རྣམས་ནི། །སེམས་པ་དང་ནི་བསམས་པར་ཏེ་རྣམ་པ་གཉིས་སུ་གསུངས་སོ། །དོན་དམ་པ་ཐུགས་སུ་ཆུད་པས་ན་དྲང་སྲོང་ངོ་། །དྲང་སྲོང་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་དྲང་སྲོང་མཆོག་གོ །དོན་དམ་པ་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར་ལ། ཉན་ཐོས་དང་རང་སངས་རྒྱས་དག་ལས་ཀྱང་མཆོག་ཏུ་བྱུང་བ་ཡིན་པའི་ཕྱིར་ན་དྲང་སྲོང་མཆོག་སྟེ་སངས་རྒྱས་བཅོམ་ལྡན་འདས་སོ། །དྲང་སྲོང་མཆོག་དེས་མདོ་ལས། སེམས་པའི་ལས་དང་བསམས་པའི་ལས་སོ་ཞེས་གསུངས་སོ། །གང་ཞིག་ལས་རྣམ་གཉིས་གསུངས་པའི། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ཇི་ལྟར་ཞེ་ན། དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམས་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་འདོད། །ཡིད་ལ་ཡོད་པ་ནི་ཡིད་ཀྱི་སྟེ། །ཡིད་ཀྱི་སྒོ་ནས་དེ་མཐར་ཐུག་པར་འགྲོ་བའི་ཕྱིར་དང་། ལུས་དང་ངག་འཇུག་པ་ལ་ལྟོས་པ་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་པ་ཁོ་ན་ལ་ཡིད་ཀྱི་ལས་ཞེས་བརྗོད་དོ། །དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་བཀར་བའོ། །ལས་གཉིས་པ་བསམས་པ་ཞེས་གང་གསུངས་པ་དེ་ནི་ལུས་དང་ངག་གི་ཡིན་པར་རིག་པར་བྱ་སྟེ། ལུས་དང་ངག་དག་གིས་དེ་ལྟ་དེ་ལྟར་འཇུག་པར་བྱའོ་ཞེས་དེ་ལྟར་སེམས་ཀྱིས་བསམས་ནས་གང་ཞིག་བྱེད་པ་དེ་ནི་བསམས་པའི་ལས་ཞེས་བྱའོ། །ཡང་དེ་ནི་རྣམ་པ་གཉིས་ཏེ། ལུས་དང་ངག་ལ་ཡོད་པའི་ཕྱིར་དང་། དེ་དག་གི་སྒོ་ནས་མཐར་ཐུག་པར་འགྲོ་བའི་ཕྱིར་ན་ལུས་ཀྱི་དང་ངག་གིའོ། །དེ་ལྟར་ན་ལུས་ཀྱི་དང་ངག་གི་དང་ཡིད་ཀྱི་སྟེ། རྣམ་པ་གསུམ་དུ་འགྱུར་རོ། །ལས་རྣམ་པ་གསུམ་པོ་འདི་དག་ཀྱང་སླར་ཕྱེ་ན་རྣམ་པ་བདུན་དུ་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ལས་དེའི་བྱེ་བྲག་རྣམ་པ་མང་པོར་གསུངས་སོ། །ཅི་ལྟར་ཞེ་ན། ངག་དང་བསྐྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང་། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང་། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །དེ་ལ་ངག་ནི་ཡི་གེ་གསལ་པོར་བརྗོད་པའོ། །བསྐྱོད་པ་ནི་ལུས་ཀྱི་གཡོ་བའོ། །དེ་ལ་ངག་ཅེས་བྱ་བས་ནི་དགེ་བ་དང་མི་དགེ་བའི་ངག་རྣམ་པར་རིག་བྱེད་མ་ཡིན་པའི་སྤོང་བ་དང་། མི་སྤོང་བའི་མཚན་ཉིད་ཅན་ཀུན་ནས་སློང་བར་བྱེད་པ་ཐམས་ཅད་སྤྱིར་བཟུང་སྟེ། དེ་བཞིན་དུ་དགེ་བ་དང་མི་དགེ་བའི་བསྐྱོད་པ་རྣམ་པར་རིག་བྱེད་མ་ཡིན་པ་སྤོང་བ་དང་མི་སྤོང་བའི་མཚན་ཉིད་ཅན་ཀུན་ནས་སློང་བར་བྱེད་པ་ཡང་སྤྱིར་བཟུང་ངོ་། །ཇི་ལྟར་རྣམ་པར་རིག་བྱེད་འདིའི་དབྱེ་བ་རྣམ་པ་གཉིས་སུ་འགྱུར་བ་དེ་བཞིན་དུ། རྣམ་པར་རིག་བྱེད་མ་ཡིན་པའི་ཡང་ཡིན་ཏེ། མི་སྤོང་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དག་དང་། སྤོང་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དག་ཅེས་བྱ་བར་བྱས་པའི་ཕྱིར་རོ། །དེ་ལ་མི་སྤོང་བའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དག་ནི་འདི་ལྟ་སྟེ། དེང་ནས་བཟུང་ནས་བདག་གིས་སེམས་ཅན་བསད་ཅིང་ཆོམ་རྐུན་བྱས་ལ་འཚོ་བར་བྱའོ་ཞེས་སྡིག་པའི་ལས་ཁས་བླངས་པའི་དུས་ནས་བཟུང་སྟེ། དེ་མི་བྱེད་པ་དག་ལ་ཡང་རྟག་པར་རྒྱུན་མི་ཆད་པར་མི་དགེ་བའི་ལས་ཁས་བླངས་པའི་རྒྱུ་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དག་ཉེ་བར་སྐྱེ་བར་འགྱུར་བ་དང་། རྒྱའི་ལས་བྱེད་པ་ནས་བཟུང་སྟེ་ཉ་པ་ལ་སོགས་པ་རྣམས་དེ་མི་བྱེད་པ་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་དག་ཉེ་བར་སྐྱེ་བ་གང་ཡིན་པ་སྟེ། འདི་དག་ནི་མི་སྤོང་པའི་མཚན་ཉིད་ཅན་ཞེས་བྱའོ། །འདི་དག་ཇི་ལྟར་ཡིན་པ་དེ་བཞིན་དུ་སྤོང་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དགེ་བའི་རང་བཞིན་ཅན་གཞན་དག་ཀྱང་ཡིན་ནོ། །འདི་ལྟ་སྟེ། དེང་ནས་བཟུང་སྟེ་སྲོག་གཅོད་པ་ལ་སོགས་པ་དག་སྤོང་ངོ་ཞེས་ལུས་དང་ངག་གི་རྣམ་པར་རིག་བྱེད་ཡོངས་སུ་རྫོགས་པའི་དུས་ནས་བཟུང་སྟེ། དུས་ཕྱིས་མྱོས་པ་ལ་སོགས་པའི་གནས་སྐབས་སུ་ཡང་དགེ་བ་བསགས་པའི་རང་བཞིན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དག་ཉེ་བར་སྐྱེ་བ་གང་ཡིན་པ་འདི་དག་ནི་སྤོང་བའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །གཟུགས་དང་བྱ་བའི་རང་བཞིན་ཡིན་དུ་ཟིན་ཀྱང་། རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རྣམ་པར་རིག་པར་མི་བྱེད་པས་ན་རྣམ་པར་རིག་བྱེད་མ་ཡིན་པ་དག་གོ །དེ་བཞིན་དུ་ལོངས་སྤྱོད་ལས་བྱུང་བསོད་ནམས་ཏེ། དགེ་བ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱད་པས་བྱུང་བ་འདི་ལ་ཡོད་པས་ན་ལོངས་སྤྱོད་ལས་བྱུང་བའོ། །ལོངས་སྤྱོད་ནི་ཡོངས་སུ་བཏང་བའི་དངོས་པོ་དགེ་འདུན་ལ་སོགས་པ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པའོ། །བྱུང་བ་ནི་རྗེས་སུ་བྱུང་བ་སྟེ། སྦྱིན་པ་པོའི་རྒྱུད་ལ་སྐྱེས་པའི་དགེ་བ་འཕེལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསོད་ནམས་མ་ཡིན་ཚུལ་དེ་བཞིན་ཏེ། ལོངས་སྤྱོད་ལས་བྱུང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གང་དུ་སྲོག་ཆགས་དག་གསོད་པའི་ལྷ་ཁང་ལ་སོགས་པ་བརྩིགས་པ་ལྟ་བུ་སྟེ། ཇི་ལྟ་ཇི་ལྟར་ལྷ་ཁང་དེར་སྲོག་ཆགས་དག་གསོད་པ་དེ་ལྟ་དེ་ལྟར་ལྷ་ཁང་ལ་སོགས་པ་དེར་ལོངས་སྤྱད་པ་ལས་བྱེད་པ་པོ་རྣམས་ཀྱི་རྒྱུད་ལ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་བསོད་ནམས་མ་ཡིན་པ་ཡང་ཚུལ་དེ་བཞིན་དུ་འགྱུར་རོ། །ཡིད་ཀྱི་ལས་ཀྱི་མཚན་ཉིད་ཅན་སེམས་མངོན་པར་འདུ་བྱེད་པ་སེམས་པ་ཞེས་བྱ་བ་དང་སྟེ། མདོར་བསྡུ་ན་ལས་རྣམ་པ་བདུན་པོ་འདི་དག་ཏུ་འགྱུར་རོ། །དགེ་བ་དང་མི་དགེ་བའི་ངག་དང་བསྐྱོད་པ་གཉིས་དང་། དགེ་བ་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཅན་དང་། མི་དགེ་བ་རྣམ་པར་རིག་བྱེད་མ་ཡིན་པ་མཚན་ཉིད་ཅན་དང་། ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་དང་། ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་མ་ཡིན་པ་དང་། སེམས་པ་ཞེས་བྱ་བ་སྟེ། ཆོས་དེ་བདུན་ལས་སུ་མངོན་པར་ཏེ་ལས་ཉིད་དུ་གསལ་ཞིང་ལས་ཀྱི་མཚན་ཉིད་ཅན་དུ་འདོད་པ་ཡིན་ནོ། །འདི་ལ་ཁ་ཅིག་རྒོལ་བར་བྱེད་དེ། ལས་རྣམ་པ་མང་པོ་ཞིག་བཤད་པ་གང་ཡིན་པ་དེ་ཅི་རྣམ་པར་སྨིན་པའི་དུས་ཀྱི་བར་དུ་གནས་པ་ཞིག་གམ། འོན་ཏེ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། མི་གནས་པ་ཞིག་ཡིན་གྲང་། རེ་ཞིག གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །གལ་ཏེ་ལས་འདི་སྐྱེས་ནས་རྣམ་པར་སྨིན་པའི་དུས་ཀྱི་བར་དུ་རང་གི་ངོ་བོས་གནས་སོ་ཞེས་བྱ་བར་རྟོག་ན་ནི། དེའི་ཕྱིར་དེ་ལྟར་ན་དེ་དུས་འདི་ཙམ་གྱི་བར་དུ་རྟག་པ་ཉིད་དུ་འགྱུར་ཏེ། འཇིག་པ་དང་བྲལ་བའི་ཕྱིར་རོ། །ཕྱིས་འཇིག་པར་འགྱུར་བའི་ཕྱིར་རྟག་པ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། སྔར་འཇིག་པ་དང་བྲལ་བ་ནི་ནམ་མཁའ་ལ་སོགས་པ་ལྟར་ཕྱིས་ཀྱང་འཇིག་པ་དང་འབྲེལ་པ་མེད་པའི་ཕྱིར་དང་། འཇིག་པ་དང་བྲལ་བ་ཡང་འདུས་མ་བྱས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། འདུས་མ་བྱས་རྣམས་ལ་ནི་རྣམ་པར་སྨིན་པ་མ་མཐོང་བའི་ཕྱིར་དང་། རྣམ་པར་སྨིན་པ་མེད་པ་ཉིད་ཀྱིས་རྟག་ཏུ་གནས་པར་འགྱུར་བའི་ཕྱིར། ལས་རྣམས་རྟག་པ་ཉིད་དུ་ཁས་བླངས་པ་ཁོ་ནར་འགྱུར་རོ། །དེ་ལྟར་ན་རེ་ཞིག་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །ཅི་སྟེ་ལས་རྣམས་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་དུ་ཁས་ལེན་ནོ་ཞེ་ན། དེ་ལྟ་ཡིན་ན་ནི། གལ་ཏེ་འགགས་ན་འགག་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །ལས་མེད་པར་གྱུར་པ་ནི་ཡོད་པ་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་འབྲས་བུ་བསྐྱེད་པར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །འདི་ལ་སྡེ་པ་གཞན་དག་ཁ་ཅིག་ལན་འདེབས་པར་བྱེད་པ་ནི། རེ་ཞིག་ཁོ་བོ་ཅག་ལ་འདུ་བྱེད་རྣམས་རྟག་པ་ཉིད་ཀྱི་ཉེས་པར་ནི་མི་འགྱུར་ཏེ། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །གང་ཡང་། གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །ཞེས་སྨྲས་པ་དེ་ལ་ཡང་ལན་བརྗོད་པར་བྱ་སྟེ། མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །འདིར་ས་བོན་ནི་སྐད་ཅིག་མ་ཉིད་ཡིན་དུ་ཟིན་ཀྱང་། རྒྱུན་མྱུ་གུ་དང་སྡོང་བུ་དང་སྦུབས་འཆས་པ་དང་། ལོ་མ་ལ་སོགས་པའི་མིང་ཅན་འབྱུང་བར་འགྱུར་བའི་འབྲས་བུའི་ཁྱད་པར་རང་དང་རིགས་མཐུན་པ་བསྐྱེད་པའི་ནུས་པ་དང་ལྡན་པ་ཁོ་ནའི་རྒྱུའི་དངོས་པོར་གྱུར་ནས་འགགས་པ་ཡིན་ལ། གང་ཡང་མྱུ་གུ་ལ་སོགས་པའི་རྒྱུན་ས་བོན་ལས་བྱུང་བ་དེ་ལས་ནི་རྒྱུ་ཆུང་ངུ་ཡིན་དུ་ཟིན་ཀྱང་རིམ་གྱིས་ལྷན་ཅིག་བྱེད་པའི་རྒྱུ་མ་ཚང་བ་མེད་པས་འབྲས་བུའི་ཚོགས་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །ས་བོན་ནི་མེད་ན་སྟེ། ས་བོན་མི་བདོག་པར་འགྱུར་ན་ནི་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་དེ་ཡོད་ན་ཡོད་པ་ཉིད་དང་། དེ་མེད་ན་མེད་པ་ཉིད་ཀྱིས་ན་མྱུ་གུ་ལ་སོགས་པའི་རྒྱུན་གྱི་འབྲས་བུ་ནི་ས་བོན་གྱི་རྒྱུ་ཅན་ཉིད་ཡིན་པར་བསྟན་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར། གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །གལ་ཏེ་ས་བོན་མྱུ་གུ་ལ་སོགས་པའི་རྒྱུན་གྱི་རྐྱེན་དུ་མ་གྱུར་པར་མེ་ལྕེ་དང་མེ་མདག་ལ་སོགས་པ་འགལ་བའི་རྐྱེན་ཉེ་བས་འགགས་པར་གྱུར་ན་ནི། དེའི་ཚེ་དེའི་འབྲས་བུའི་རྒྱུན་འབྱུང་བར་མ་མཐོང་པས་ཆད་པར་ལྟ་བར་འགྱུར་ལ། ཡང་གལ་ཏེ་ས་བོན་མི་འགག་ཅིང་མྱུ་གུ་ལ་སོགས་པའི་རྒྱུན་འབྱུང་བར་འགྱུར་ན་ནི། དེའི་ཚེ་ས་བོན་མི་འགག་པར་ཁས་བླངས་པས་རྟག་པར་ལྟ་བར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ས་བོན་ཆད་པ་དང་རྟག་པར་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ས་བོན་ལ་ཚུལ་འདི་སྨྲས་པ་དེ་བཞིན་དུ། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྲས་བུ་སེམས་ལྟ་ཞིག །མེད་ན་དེ་ཡང་འབྱུང་མི་འགྱུར། །སེམས་སེམས་པ་དགེ་བའི་ཁྱད་པར་དང་མཚུངས་པར་ལྡན་པ་དེ་ལས་ནི་དེའི་རྒྱུ་ཅན་སེམས་ཀྱི་རྒྱུན་གང་ཡིན་པ་འབྱུང་ལ། སེམས་པ་དགེ་བས་ཡོངས་སུ་བསྒོས་པའི་སེམས་ཀྱི་རྒྱུན་དེ་ལས་ནི་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བ་མ་ཚང་བ་མེད་པ་ན་འབྲས་བུ་ཡིད་དུ་འོང་བ་སྐྱེ་བར་འགྱུར་རོ། །སེམས་ལྟ་ཞིག་མེད་ན་སྟེ། སེམས་མི་བདོག་ན་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན། གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུ་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེའི་ཕྱིར་ཆད་མིན་རྟག་མ་ཡིན། །གལ་ཏེ་སེམས་དགེ་བ་དེ་དགྲ་བཅོམ་པའི་སེམས་ཐ་མ་ལྟར། སེམས་ཀྱི་རྒྱུན་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་རྒྱུན་མ་ཆད་པ་འབྱུང་བར་འགྱུར་བའི་རྒྱུའི་དངོས་པོར་མ་གྱུར་པར་འགགས་ན་ནི། དེའི་ཕྱིར་ལས་དེ་རྒྱུན་ཆད་པར་འགྱུར་ལ། ཅི་སྟེ་ཡང་མ་འོངས་པའི་རྒྱུན་གྱི་རྒྱུའི་དངོས་པོར་གྱུར་ནས་རང་གི་ངོ་བོ་ལས་མི་ཉམས་པར་གྱུར་ན་ནི། དེའི་ཚེ་ལས་རྟག་པར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་ལས་སྐད་ཅིག་མར་ཁས་བླངས་སུ་ཟིན་ཀྱང་ཆད་པ་དང་རྟག་པར་ལྟ་བར་ཐལ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཇི་སྐད་བསྟན་པའི་ལས་ཀྱི་རབ་ཏུ་དབྱེ་བ་རྣམ་པར་བཤད་པ་འདིར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་བཤད་པ་ཡིན་ལ། དཀར་པོ་ལས་ཀྱི་ལམ་བཅུ་པོའོ། །དེ་དག་ཀྱང་། ཆོས་སྒྲུབ་པའི་ཐབས་ཡིན་ཏེ། ཆོས་ཀྱི་འབྲས་བུ་འདི་གཞན་དུ་འདོད་པའི་ཡོན་ཏན་རྣམ་ལྔའོ། །དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ནི་ཆོས་སྒྲུབ་པའི་ཐབས་ཡིན་ཏེ་འགྲུབ་པའི་རྒྱུར་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །འདི་དག་གང་གིས་སྒྲུབ་པའི་ཐབས་ཉིད་དུ་འཇོག་པར་འགྱུར་བའི་ཆོས་ཞེས་བྱ་བ་དགེ་བའི་ལས་ཀྱི་ལམ་ལས་ཐ་དད་པ་འདི་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཆོས་ཀྱི་སྒྲས་ནི་སེམས་ཀྱི་ཁྱད་པར་འགའ་ཞིག་ཁོ་ན་བརྗོད་པ་ཡིན་ཏེ། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་ཞེས་བརྗོད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡོངས་སུ་མཐར་གཏུགས་པའི་ངོ་བོ་ནི་ཆོས་ཀྱི་སྒྲའི་བརྗོད་བྱ་ཡིན་ལ། བྱེད་བཞིན་པའི་ངོ་བོ་ནི་དགེ་བའི་ལས་ཀྱི་ལམ་གྱི་སྒྲའི་བརྗོད་བྱར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་བཤད་ཟིན་པའི་མཚན་ཉིད་དེ་འགྲུབ་པར་བྱ་བ་ལ་རྒྱུ་ཉིད་དུ་རྣམ་པར་གཞག་གོ །ཡང་ལས་ཀྱི་རྣམ་པར་དབྱེ་བའི་སྐབས་ཐལ་ཟིན་པ་དེར་དགེ་བ་བཅུའི་ལས་ཀྱི་ལམ་དུ་ཇི་ལྟར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ལུས་ཀྱི་གསུམ་དང་། ངག་གི་བཞི་ནི། ངག་དང་བསྐྱོད་དང་མི་སྤོང་པའི། །རྣམ་རིག་བྱེད་མིན་ཞེས་བྱ་གང་། །ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ལ། ཡིད་ཀྱི་གསུམ་པོ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་ཞེས་བྱ་བ་ནི། སེམས་པ་དང་ནི་ཞེས་བྱ་བ་དེས་རྣམ་པར་བཤད་པ་ཡིན་ནོ། །དེ་ལྟར་ན་དེར་དགེ་བའི་ལས་ཀྱི་ལམ་དེ་དག་བཅུ་ཅར་ཡང་རྣམ་པར་བཤད་པ་ཡིན་ལ། དེ་དག་ཀྱང་ཇི་སྐད་བཤད་པའི་ཆོས་འགྲུབ་པའི་རྒྱུར་འགྱུར་རོ། །ཆོས་དེའི་འབྲས་བུ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད་ཅན་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལོངས་སྤྱོད་པའོ། །འདི་ཞེས་བྱ་བ་ནི་འཇིག་རྟེན་འདི་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་མ་མཐོང་བར་ཏེ་འཇིག་རྟེན་ཕ་རོལ་ཏུ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་རེ་ཞིག་ཁ་ཅིག་གིས་བརྩད་པའི་ལན་བཏབ་པ་ཡིན་དང་། གཞན་དག་གིས་དེ་ལ་སྐྱོན་བརྗོད་ནས། བརྩད་པའི་ལན་གཞན་གདབ་པའི་ཕྱིར་སྨྲས་པ། གལ་ཏེ་བརྟག་པ་དེར་འགྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །དེ་ལྟ་བས་ན་བརྟག་པ་སྟེ། །འདིར་ནི་འཐད་པ་མ་ཡིན་ནོ། །གལ་ཏེ་ས་བོན་དང་མྱུ་གུ་དང་ཆོས་མཐུན་པའི་སྒོ་ནས་སེམས་ཀྱི་རྒྱུན་ལ་ཆད་པ་དང་རྟག་པའི་སྐྱོན་དུ་ཐལ་བ་སྤོང་བར་འགྱུར་ན་ནི་དེའི་ཚེ་གཞན་གྱི་ཕྱོགས་ལ་ཉེས་པ་ཆེན་པོ་སྟེ་མཐོང་བ་དང་མ་མཐོང་བ་དང་འགལ་བ་དང་། གྲངས་མང་བ་ཉིད་ཀྱིས་མང་པོར་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་ས་བོན་གྱི་རྒྱུན་གྱི་དཔེས་ཡིན་ན་ནི་སཱ་ལུའི་ས་བོན་ལས་ནི་སཱ་ལུའི་མྱུ་གུ་ལ་སོགས་པའི་རྒྱུན་ཁོ་ན་འབྱུང་བར་འགྱུར་གྱི། རིགས་མི་མཐུན་པ་མ་ཡིན་ལ་སཱ་ལུའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་ཀྱང་སཱ་ལུའི་འབྲས་བུ་ཁོ་ན་སྐྱེའི། རིགས་ཐ་དད་པའི་ཕྱིར་ནིམ་པའི་འབྲས་བུ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་རིགས་པ་མཚུངས་པའི་ཕྱིར་དགེ་བའི་སེམས་ལས་དགེ་བའི་སེམས་ཀྱི་རྒྱུན་ཁོ་ནར་འགྱུར་གྱི། རིགས་མི་མཐུན་པའི་ཕྱིར་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྒྱུན་ནི་མ་ཡིན་ནོ། །དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལས་ཀྱང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ཀྱི་རྒྱུན་ཁོ་ནར་འགྱུར་ཏེ། རིགས་ཐ་དད་པའི་ཕྱིར་གཞན་མ་ཡིན་ནོ། །འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པའི་སེམས་རྣམས་ལས་ཀྱང་འདྲ་བའི་སེམས་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པའི་སེམས་རྣམས་ཁོ་ན་འབྱུང་བར་འགྱུར་གྱི། རིགས་མི་མཐུན་པ་རྣམས་ནི་མ་ཡིན་ནོ། །མིའི་སེམས་ལས་ཀྱང་མིའི་སེམས་ཁོ་ནར་འགྱུར་གྱི། གཞན་ལྷ་དང་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སེམས་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་ལྷ་ཡིན་པ་དེ་ནི་ལྷ་ཁོ་ནར་འགྱུར་ལ། གང་ཞིག་མི་ཡིན་པ་དེ་ནི་མི་ཁོ་ནར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་ལྷ་དང་མི་མི་དགེ་བ་བྱེད་པ་རྣམས་ཀྱི་འགྲོ་བ་དང་སྐྱེ་གནས་དང་རིགས་དང་བློ་དང་དབང་པོ་དང་སྟོབས་དང་གཟུགས་དང་ལོངས་སྤྱོད་ལ་སོགས་པ་ཐ་དད་པ་དང་། ངན་འགྲོར་ལྟུང་བ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། འདི་དག་ཐམས་ཅད་ནི་འདོད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ས་བོན་གྱི་རྒྱུན་དང་ཆོས་མཐུན་པར་རྟོག་ན་ཉེས་པ་ཆེན་པོ་དང་མང་པོར་ཐལ་བར་འགྱུར་བ་དེའི་ཕྱིར་བརྟག་པ་དེ་འདིར་ཡང་འཐད་པ་མ་ཡིན་ནོ། །སངས་རྒྱས་རྣམས་དང་རང་རྒྱལ་དང་། །ཉན་ཐོས་རྣམས་ཀྱིས་གང་གསུངས་པའི། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱེད། །བརྟག་པ་དེ་ཡང་གང་ཞིག་ཡིན་ཞེ་ན། སྨྲས་པ། དཔང་རྒྱ་ཇི་ལྟ་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། འདིར་དགེ་བའི་ལས་བྱས་པར་གྱུར་པ་ནི་སྐྱེས་མ་ཐག་ཏུ་འགགས་པ་ཡིན་ལ། དེ་འགགས་པས་འབྲས་བུ་མེད་པར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་ལས་དེ་གང་གི་ཚེ་སྐྱེ་བ་དེ་ཉིད་ཀྱི་ཚེ་བྱེད་པ་པོའི་རྒྱུད་ལ་ལས་དེའི་ཆུད་མི་ཟ་བ་ཞེས་བྱ་བ་ལྡན་པ་མ་ཡིན་པའི་ཆོས་བུ་ལོན་གྱི་དཔང་རྒྱ་འདྲ་བ་ཞིག་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་དཔང་རྒྱ་ཇི་ལྟ་བ་དེ་བཞིན་དུ་ཆུད་མི་ཟ་བར་རིག་པར་བྱ་ལ། གང་ལ་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་དེ་བསྐྱེད་པའི་ལས་དེ་ནི་བུ་ལོན་བཞིན་རིག་པར་བྱའོ། །ཇི་ལྟར་བུ་ལོན་གྱི་དཔང་རྒྱ་བཞག་ནས་ནོར་སྤྱད་ཀྱང་ནོར་བདག་གི་ནོར་ཆུད་ཟ་བར་མི་འགྱུར་བར་དུས་གཞན་གྱི་ཚེ་སྐྱེད་དང་བཅས་པའི་ནོར་གྱི་ཕུང་པོ་དང་འབྲེལ་པ་ཉིད་དུ་འགྱུར་པ་དེ་བཞིན་དུ་ལས་ཞིག་ཏུ་ཟིན་ཀྱང་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་གནས་པས་བྱེད་པ་པོ་དེའི་རྒྱུ་ཅན་གྱི་འབྲས་བུ་དང་མངོན་པར་འབྲེལ་བ་ཉིད་དུ་འགྱུར་རོ། །ཡང་ཇི་ལྟར་བུ་ལོན་གྱི་དཔང་རྒྱས་གཏོང་བ་པོ་ལ་ནོར་བཀུག་ནས་རོར་གྱུར་པ་ནི་ཡོད་དམ་མེད་ཀྱང་རུང་སྟེ་ཡང་ནོར་འགུག་པར་མི་ནུས་པ་དེ་བཞིན་དུ་ཆུད་མི་ཟ་བ་ཡང་རྣམ་པར་སྨིན་པ་ཕྱུང་ནས་ཡོད་དམ་མེད་ཀྱང་རུང་སྟེ་དཔང་རྒྱ་རོར་གྱུར་པ་ལྟར་ཡང་བྱེད་པ་པོ་རྣམ་པར་སྨིན་པ་དང་འབྲེལ་པར་བྱེད་མི་ནུས་སོ། །ཡང་མདོ་གཞན་ལས་གསུངས་ཤིང་ཁོ་བོ་ཅག་གིས་སྨྲས་པའི་ཆུད་མི་ཟ་བ་གང་ཡིན་པ། དེ་ནི་ཁམས་ལས་རྣམ་པ་བཞི་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པའི་དབྱེ་བ་ལས་སོ། །དེ་ཡང་རང་བཞིན་ལུང་མ་བསྟན། །ཆུད་མི་ཟ་བ་ནི་དགེ་བ་དང་མི་དགེ་བ་ཉིད་དུ་བརྡ་མི་སྤྲོད་པའི་ཕྱིར་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །གལ་ཏེ་མི་དགེ་བའི་ལས་རྣམས་ཀྱི་དེ་མི་དགེ་བ་ཞིག་ཡིན་ན་ནི་དེའི་ཚེ་འདོད་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་མེད་པར་འགྱུར་རོ། །གལ་ཏེ་དགེ་བ་རྣམས་ཀྱི་དགེ་བ་ཞིག་ཡིན་ན་ནི་དགེ་བའི་རྩ་བ་ཆད་པ་རྣམས་ལ་དེ་མེད་པར་འགྱུར་རོ། །དེའི་ཕྱིར་དེ་ནི་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ཉིད་ཡིན་ནོ། །གཞན་ཡང་། སྤོང་པ་སྤང་བ་མ་ཡིན་ཏེ། །བསྒོམས་པས་སྤང་བ་ཉིད་ཀྱང་མིན། །ཆུད་མི་ཟ་བ་དེ་སྤོང་བས་སྤང་བ་ནི་མ་ཡིན་ནོ། །འཕགས་པ་ཡང་སོ་སོ་སྐྱེ་བའི་ལས་དང་ལྡན་པར་འགྱུར་དུ་འོང་བས་མཐོང་བའི་ལམ་གྱིས་སོ་སོ་སྐྱེ་བའི་ལས་དག་ཁོ་ན་སྤོང་གི ཆུད་མི་ཟ་བ་ནི་དེའི་ལས་སྤངས་ཀྱང་མཐོང་བའི་ལམ་གྱིས་སྤོང་བ་མ་ཡིན་ཏེ། འོན་ཀྱང་དེ་ནི་བསྒོམ་པའི་ལམ་གྱིས་ཀྱང་སྤོང་བར་འགྱུར་རོ། །ཀྱང་གི་སྒྲས་ནི་ཁམས་ལས་ཡང་དག་པར་འདས་པས་ཀྱང་སྤང་བར་བྱ་བ་ཡིན་ནོ་ཞེས་རྣམ་པར་རྟོག་པའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ལས་འཇིག་ཀྱང་ཆུད་མི་ཟ་བ་མི་འཇིག་ལ། ལས་སྤངས་ཀྱང་སྤང་བར་བྱ་བ་མ་ཡིན་པ། དེ་ཕྱིར་ཆུད་མི་ཟ་བ་ཡིས། །ལས་ཀྱི་འབྲས་བུ་བསྐྱོད་པར་འགྱུར། །ཡང་གལ་ཏེ་ཆུད་མི་ཟ་བ་འདི་ལས་སྤོང་བས་ཏེ་འདོར་བས་སྤོང་བར་འགྱུར་ལ། ལས་འཕོ་བ་སྟེ་ལས་འཇིག་ཅིང་ལས་གཞན་མངོན་དུ་ཕྱོགས་པའི་ངོ་བོས་འཇིག་པར་འགྱུར་ན་ཉེས་པ་ཅི་ཡོད་ཅེ་ན། བརྗོད་པ། གལ་ཏེ་སྤོང་བས་སྤང་བ་དང་། །ལས་འཕོ་བ་ཡིས་འཇིག་འགྱུར་ན། །དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །གལ་ཏེ་སོ་སོ་སྐྱེ་བོའི་ལས་བཞིན་དུ་མཐོང་པའི་ལམ་གྱིས་ཆུད་མི་ཟ་བ་སྤོང་ན་ནི། དེའི་ཚེ་ལས་འཇིག་པ་ཁོ་ནར་འགྱུར་ལ། ལས་འཇིག་པའི་ཕྱིར་འཕགས་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་སྔོན་གྱི་ལས་ཀྱི་རྒྱུ་ཅན་དུ་ཡང་མི་འགྱུར་རོ། །མ་བྱས་པའི་ལས་ལས་འབྲས་བུ་འབྱུང་བར་ཡང་འགྱུར་རོ། །ལས་དང་འབྲས་བུ་མེད་པར་ལྟ་བའི་ཕྱིར་ལོག་པར་ལྟ་བར་ཡང་འགྱུར་རོ། །དེ་ལྟར་ཆུད་མི་ཟ་བས་སྤོང་བས་སྤང་བར་བྱ་བ་ཉིད་དུ་ཁས་ལེན་ན་ལས་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་ལས་འཕོ་བ་ལ་ཡང་སྦྱར་བར་བྱའོ། །ཁམས་མཚུངས་ལས་ནི་ཆ་མཚུངས་དང་། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཆ་མཚུངས་པ་ནི་ལས་རིགས་འདྲ་བ་རྣམས་སོ། །ཆ་མི་མཚུངས་པ་ནི་ལས་རིགས་ཐ་དད་པ་རྣམས་སོ། །ལས་ཆ་མཚུངས་པ་དང་། ཆ་མི་མཚུངས་པ་དེ་རྣམས་ཐམས་ཅད་ཀྱི་ཆུད་མི་ཟ་བ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བའི་ཚེ་ལས་ཐམས་ཅད་བཤིག་ནས་གཅིག་ཁོ་ན་སྐྱེ་བར་འགྱུར་རོ། །དེ་ཡང་ཁམས་མཚུངས་ཏེ། ཁམས་མཉམ་པ་རྣམས་ཀྱི་དེ་ཁོ་ན་སྐྱེ་བར་འགྱུར་གྱི། མི་མཚུངས་པ་རྣམས་ཀྱི་ནི་མི་འགྱུར་རོ། །མཐོང་བའི་ཆོས་ལ་རྣམ་གཉིས་པོ། །ཐམས་ཅད་ལས་དང་ལས་ཀྱི་དེ། །ཐ་དད་པར་ནི་སྐྱེ་འགྱུར་ཞིང་། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་དེ་ནི་མཐོང་བའི་ཆོས་ལ་སྟེ་ཚེ་འདི་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བས་རྣམ་པ་གཉིས་ཏེ། ཚུལ་གཉིས་པོ་ཐམས་ཅད་ཀྱི་སྟེ་སེམས་པ་དང་བསམས་པའི་ལས་ཀྱི་རང་བཞིན་ཅན་གྱི་ལས་དང་ལས་ཀྱི་ཆུད་མི་ཟ་བ་རེ་རེ་སྐྱེ་བར་འགྱུར་རོ། །ཆུད་མི་ཟ་བ་དེ་ནི་རྣམ་པར་སྨིན་ཀྱང་སྟེ་རྣམ་པར་སྨིན་པ་ན་གདོན་མི་ཟ་བར་འགག་པ་མ་ཡིན་ལ། ཡོད་དུ་ཟིན་ཀྱང་དཔང་རྒྱ་རོར་གྱུར་པ་ལྟར་ཡང་འབྲས་བུ་འབྱིན་པར་ནི་བྱེད་མི་ནུས་སོ། །དེ་ནི་འབྲས་བུ་འཕོ་བ་དང་། །ཤི་བར་གྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང་། །ཟག་དང་བཅས་པར་ཤེས་པར་བྱ། །དེ་ལ་འབྲས་བུ་འཕོ་བ་ན་འགག་པ་ནི་ཇི་སྐད་དུ། བསྒོམས་པས་སྤང་བ་ཉིད་ཀྱང་ཡིན། །ཞེས་བཤད་པ་ལྟ་བུའོ། །ཤི་བར་གྱུར་པ་ན། འགག་པ་ནི་ཇི་སྐད་དུ། དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །ཞེས་བསྙད་པ་ལྟ་བུའོ། །དེ་ཡང་ཟག་པ་དང་བཅས་པ་རྣམས་ཀྱི་ནི་ཟག་པ་དང་བཅས་པ་ཡིན་ལ། ཟག་པ་མེད་པ་རྣམས་ཀྱི་ནི་ཟག་པ་མེད་པ་ཡིན་ཏེ། དེ་ལྟར་དེའི་རྣམ་པར་དབྱེ་བ་ཤེས་པར་བྱའོ། །དེའི་ཕྱིར་ད་ལྟར་ན། སྟོང་པ་ཉིད་དང་ཆད་མེད་དང་། །འཁོར་བ་དང་ནི་རྟག་པ་མིན། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །གང་གི་ཕྱིར་ལས་ནི་བྱས་ནས་འགག་གི་རང་བཞིན་གྱིས་གནས་པ་མ་ཡིན་ལ། ལས་རང་བཞིན་གྱིས་གནས་པ་མ་ཡིན་པ་དེའི་ཕྱིར། སྟོང་པ་ཉིད་དུ་ཐལ་བ་ཡིན་ནོ། །དེ་ལྟར་ལས་མི་གནས་པས་ཆད་པར་ལྟ་བར་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། ཆུད་མི་ཟ་བ་ཡོངས་སུ་བཟུང་བས་ལས་ཀྱི་འབྲས་བུ་ཡོད་པའི་ཕྱིར་ཏེ། རྣམ་པར་སྨིན་པ་མེད་ན་ནི་ལས་ཆད་པར་ལྟ་བར་འགྱུར་བ་ཞིག་གོ །ཆུད་མི་ཟ་བའི་ཆོས་ཡོད་པའི་ཕྱིར་དང་། ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་རྟག་པ་མེད་པའི་ཕྱིར་འགྲོ་བ་དང་རིགས་དང་སྐྱེ་གནས་དང་། ཁམས་སྣ་ཚོགས་པའི་དབྱེ་བས་ཕྱེ་བ། འགྲོ་ལྔའི་འཁོར་བ་བཀྲ་བ་ཡང་གྲུབ་པ་ཡིན་ནོ། །གང་གི་ཕྱིར་ལས་རང་གི་ངོ་བོས་མི་གནས་པར་ཁས་བླངས་པས་རྟག་པར་སྨྲ་བར་ཐལ་བ་ཡང་མ་ཡིན་ལ། ཆུད་མི་ཟ་བ་ཡོད་པའི་ཕྱིར་ལས་རྣམས་ཀྱང་ཆུད་མི་ཟ་བ་ཞེས་བྱ་བ་དེ་ལྟ་བུའི་ཆོས་འདི་མ་རིག་པ་ཉིད་མ་ལུས་པ་དང་བྲལ་བས་སད་པར་གྱུར་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་དེའི་ཕྱིར་སྔར་གཞན་གྱིས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་པ། །ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར། །ཞེས་གང་སྨྲས་པ་དེ་ཁོ་བོ་ཅག་གི་ཕྱོགས་ལ་མི་འཐད་དོ། །དེའི་ཕྱིར་ཁོ་བོ་ཅག་གིས་བརྗོད་པའི་བརྟག་པ་ཁོ་ན་རིགས་སོ་ཞེའོ། །འདི་ལ་བཤད་པར་བྱ་སྟེ། གང་དག་ལས་ཉིད་ཀྱང་མི་འཐད་པ་དེའི་ཕྱིར་འབྲས་བུའི་རྒྱུ་ཅན་གྱི་རྩོད་པ་བྱེད་པ་ཁྱེད་ཅག་ཅིའི་ཕྱིར་དྲི་ཟའི་གྲོང་ཁྱེར་གྱི་རྭ་བ་འགྱེལ་གྱིས་དོགས་པས་ཆེས་ཡིད་བྱུང་བར་གྱུར་ཞིང་དེ་སྲུང་བའི་ངལ་བས་ཚེགས་སུ་འགྱུར། འདི་ལྟར་གལ་ཏེ་ལས་རང་གི་ངོ་བོས་སྐྱེ་བར་འགྱུར་ན་ནི། དེ་རྣམ་པར་མ་སྨིན་གྱི་བར་དུ་གནས་པས་རྟག་པ་ཉིད་དུ་འགྱུར་ལ། འཇིག་པས་ཆད་པར་འགྱུར་བ་ཞིག་ན། གང་གི་ཚེ་རང་བཞིན་གྱིས་སྟོང་པས་ལས་སྐྱེ་བ་མེད་པ་དེའི་ཚེ་ན་གང་ལས་དཔྱད་པ་འདིར་འགྱུར་བ་དེ་ལ་གནས་པ་དང་འཇིག་པ་ཡོད་པར་ག་ལ་འགྱུར། འདིར། གང་ཕྱིར་ལས་ནི་སྐྱེ་བ་མེད། །ཅེས་སྨྲས་པ། སློབ་དཔོན་གྱིས། འདི་ལྟར་རང་བཞིན་མེད་དེའི་ཕྱིར། །ཞེས་གསུངས་ཏེ། གང་གི་ཕྱིར་ལས་རང་བཞིན་མེད་པ་དེའི་ཕྱིར་སྐྱེ་བ་མེད་དོ། །གལ་ཏེ་དེ་ལྟར་ལས་རང་བཞིན་མེད་པས་མི་སྐྱེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དེ་སྐད་དུ་གསུངས་ཤེ་ན། །བརྗོད་པ། བཅོམ་ལྡན་འདས་ཀྱིས་དགོངས་པ་ནི། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་བྱ་བ་དེ་ལྟར་ཡིན་ཏེ། དེའི་ཕྱིར་ཚུལ་འདིས་ནི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ནོ། །ལས་རང་བཞིན་མེད་དོ་ཞེས་བྱ་བ་དེ་ནི་དེ་ལྟར་ཡིན་པར་གདོན་མི་ཟ་བར་ཤེས་པར་བྱ་སྟེ། གཞན་དུ་ན། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །གལ་ཏེ་རང་བཞིན་གྱིས་ལས་ཡོད་པར་གྱུར་ན་ནི་ཐེ་ཚོམ་མེད་པར་དེ་རྟག་པར་འགྱུར་ཏེ། རང་བཞིན་ལ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལས་ནི་བྱས་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྟག་ལ་བྱ་བ་མེད་ཕྱིར་རོ། །རྟག་པ་ཞེས་བྱ་བ་ནི་གང་ཞིག་ཡོད་པ་ཡིན་ལ། གང་ཡོད་པ་དེ་ནི་བྱ་བ་མི་འཐད་པས་རྒྱུ་ལ་མི་ལྟོས་སོ། །དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་མ་བྱས་པར་འཇིག་རྟེན་ལ་རྣམ་པར་སྨིན་པར་འགྱུར་རོ། །དེའི་ཕྱིར། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིག་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པའང་། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །གལ་ཏེ་ལས་བྱས་པ་མ་ཡིན་པར་གྱུར་ན་ནི་དེའི་ཚེ་མ་བྱས་པ་དང་ཕྲད་པའི་འཇིག་པར་འགྱུར་ཏེ། གང་གི་སྲོག་གཅོད་པའི་ལས་མ་བྱས་པ་དེ་ལ་ཡང་ལས་དེ་མ་བྱས་ཀྱང་ཡོད་པས་འདི་དེ་དང་འབྲེལ་པའི་ཕྱིར། མ་བྱས་པ་དང་ཕྲད་པའི་འཇིག་པར་འགྱུར་རོ། །ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པ་ཡང་ཕྱོགས་དེ་ལ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཚངས་པར་སྤྱོད་པ་ལ་གནས་པ་ཡོངས་སུ་དག་པ་རྣམས་ལ་ཡང་མི་ཚངས་པར་སྤྱོད་པ་མ་བྱས་པར་ཡོད་པས་ཐམས་ཅད་ཚངས་པར་སྤྱོད་པ་མ་ཡིན་པ་ལ་གནས་པའི་ཕྱིར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཞན་ཡང་ཐ་སྙད་ཐམས་ཅད་ཉིད་དང་ཡང་། །འགལ་བར་འགྱུར་བ་ཐེ་ཚོམ་མེད། །བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བ་འང་འཐད་མི་འགྱུར། །གང་དག་ཞིང་རྨོ་བ་དང་ཚོང་དང་བ་ལང་འཚོ་བ་ལ་སོགས་པའི་བྱ་བ་འབྲས་བུའི་དོན་དུ་རྩོམ་པ་དེ་དག་ཐམས་ཅད་ཀྱིས་མ་བྱས་བཞིན་དུ་ཡོད་པའི་ཕྱིར་དོན་མེད་པར་འགྱུར་ལ། བུམ་པ་གྱིས་ཤིག་སྣམ་བུ་ཐོགས་ཤིག་བྱ་བ་དེ་ལྟ་བུ་ལ་སོགས་པའི་འཇིག་རྟེན་པའི་ཐ་སྙད་ཐམས་ཅད་དང་ཡང་འགལ་བར་འགྱུར་ཏེ། བུམ་པ་ལ་སོགས་པ་ཐམས་ཅད་ཡོད་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་བསོད་ནམས་བྱེད་པའོ། །འདི་ནི་སྡིག་པ་བྱེད་པའོ་ཞེས་བྱ་བའི་རྣམ་པར་དབྱེ་བར་ཡང་འགྱུར་རོ། །བསོད་ནམས་དང་སྡིག་པ་བྱེད་པ་གཉིས་པོ་རེ་རེ་ལ་ཡང་མ་བྱས་ཀྱང་བསོད་ནམས་དག་ཡོད་པའི་ཕྱིར་རོ། །གཞན་ཡང་། དེ་ནི་རྣམ་སྨིན་སྨིན་གྱུར་པ། །ཡང་དང་ཡང་དུ་རྣམ་སྨིན་འགྱུར། །གལ་ཏེ་རང་བཞིན་ཡོད་ན་ནི། །གང་ཕྱིར་ལས་གནས་དེ་ཡི་ཕྱིར། །ལས་རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པས་ཀྱང་ཡང་དང་ཡང་དུ་རྣམ་པར་སྨིན་པ་འབྱིན་པར་འགྱུར་ཏེ། རྣམ་པར་སྨིན་པ་སྨིན་པར་མ་གྱུར་པའི་གནས་སྐབས་ལྟར་རང་གི་ངོ་བོ་ལས་མ་ཉམས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་གལ་ཏེ་ལས་རང་བཞིན་ཡོད་དོ་སྙམ་དུ་སེམས་ན་ནི་རང་བཞིན་དང་བཅས་པ་ཉིད་ཡིན་དང་། གང་གི་ཕྱིར་ལས་རྣམ་པར་གནས་པ་ཡོད་པ་དེའི་ཕྱིར་ཐེ་ཚོམ་མེད་པར་ཇི་སྐད་བཤད་པའི་ཉེས་པ་དག་ཏུ་འགྱུར་རོ། །དེའི་ཕྱིར་ལས་རང་བཞིན་མེད་པ་ཡིན་ནོ། །གང་གི་ཕྱིར་ལས་རང་བཞིན་མེད་པ་དེའི་ཚེ་ཁོ་བོ་ཅག་དེ་སྐད་དུ་རྣམ་པར་འཆད་བདག་ལ་རྟག་པ་དང་། ཆད་པར་ལྟ་བར་ཐལ་བའི་སྐྱོན་དུ་མི་འགྱུར་རོ། །འདིར་སྨྲས་པ། ལས་ནི་རང་བཞིན་གྱིས་ཡོད་པ་ཉིད་ཡིན་ཏེ་དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདིར་གང་ཡོད་པ་མ་ཡིན་པ་དེ་ལ་ནི་རྒྱུ་མེད་དེ། རུས་སྦལ་གྱི་སྤུའི་གོས་བཞིན་ནོ། །ལས་ཀྱི་རྒྱུ་ཉོན་མོངས་པ་རྣམས་ནི་ཡོད་པ་ཡང་ཡིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ལེན་པའི་རྐྱེན་གྱིས་སྲིད་པའོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ལས་ཡོད་པ་ཉིད་ཡིན་ནོ། །བརྗོད་པར་བྱ་སྟེ། འདི་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན་གང་གི་ཕྱིར། ལས་འདི་ཉོན་མོངས་བདག་ཉིད་ལ། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །འདིར་ལས་འདི་ཉོན་མོངས་པའི་བདག་ཉིད་སྟེ་ཉོན་མོངས་པའི་རྒྱུ་ཅན་ཡིན་ལ་ཉོན་མོངས་པ་དེ་དག་ཀྱང་ཡང་དག་པར་ཡོད་པ་མ་ཡིན་ཏེ། གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལ་རྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཅེས་འཆད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཉོན་མོངས་པ་དེ་དག་ཡང་དག་པ་མ་ཡིན་ན། དེའི་ཚེ་དེ་དག་གི་རྒྱུ་ཅན་ལས་གང་ཡིན་པ་དེ་ཡང་དག་པར་ཇི་ལྟར་འགྱུར། དེའི་ཕྱིར་ལས་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། ལས་དང་ཉོན་མོངས་པ་དག་ནི་ཡོད་པ་ཉིད་དེ། དེའི་འབྲས་བུ་ཡོད་པའི་ཕྱིར་རོ། །འདིར་ལས་དང་ཉོན་མོངས་པ་དག་གི་འབྲས་བུ་ལུས་ཞེས་བྱ་བ་དམིགས་པ་ཡིན་ལ། གང་གི་འབྲས་བུ་དམིགས་པ་དེ་ནི་ཡོད་པ་ཡིན་ཏེ། ཡོད་པ་མ་ཡིན་པ་ནམ་མཁའི་མེ་ཏོག་ལ་སོགས་པའི་འབྲས་བུ་ནི་མ་མཐོང་བའི་ཕྱིར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་དེ་དག་གི་འབྲས་བུ་ལུས་ཞེས་བྱ་བ་ཡོད་ན་ནི། ལས་དང་ཉོན་མོངས་པ་དག་ཀྱང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལས་དང་ཉོན་མོངས་པ་དག་ནི། ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །ཅེས་གསུངས་སོ། །ཇི་ལྟར་ལས་དང་ཉོན་མོངས་པ་དག་སྟོང་པ་དེ་ལྟར་ནི་བསྟན་ཟིན་ཏོ། །དེའི་ཕྱིར་གང་གི་ཚེ་ལས་དང་ཉོན་མོངས་པ་དག་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དག་གི་འབྲས་བུ་ལུས་རྣམས་ཡོད་པ་མ་ཡིན་པ་ལ་བརྗོད་པ་ཅི་ཞིག་ཡོད་པར་འགྱུར་ཏེ། གང་གི་ཕྱིར་དེ་དག་ཡོད་པ་མ་ཡིན་པ་ཉིད་དུ་སྔར་གྲུབ་ཟིན་པ་དེའི་ཕྱིར་འདི་ལ་བརྗོད་པར་བྱ་བ་ལྷག་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འདིར་སྨྲས་པ། ལས་ནི་རང་བཞིན་གྱིས་ཡོད་པ་ཉིད་ཡིན་ཏེ། དེའི་འབྲས་བུ་ཟ་བ་པོ་ཡོད་པའི་ཕྱིར་རོ། །གང་ཡོད་པ་མ་ཡིན་པ་དེའི་འབྲས་བུ་ཟ་བ་པོ་ནི་ཡོད་པ་མ་ཡིན་ཏེ། དཔེར་ན། ནམ་མཁའི་ཨ་མྲའི་ཤིང་ཐོག་བཞིན་ནོ། །ལས་ཀྱི་འབྲས་བུ་ཟ་བ་པོ་ནི་ཡོད་པ་ཡིན་ཏེ། མ་རིག་བསྒྲིབས་པའི་སྐྱེ་བོ་གང་། །སྲེད་ལྡན་དེ་ནི་ཟ་བ་པོ། །དེ་ཡང་བྱེད་ལས་གཞན་མིན་ཞིང་། །དེ་ཉིད་དེ་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་དང་མི་ཤེས་པ་དང་། མུན་པ་དང་རྨོངས་པ་ཞེས་བྱ་བ་ནི་རྣམ་གྲངས་དག་གོ །མ་རིག་པས་བསྒྲིབས་པ་ནི་གཡོགས་པའོ། །འགྲོ་བ་ལྔའི་འཁོར་བར་ཡང་དང་ཡང་དུ་སྐྱེ་བས་ན་སྐྱེ་བ་སྟེ། སེམས་ཅན་དང་། གང་ཟག་དང་། སྲོག་ཆགས་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་གྲངས་དག་གོ །སྲེད་པ་དང་འདོད་ཆགས་དང་ཆགས་པ་དང་རྣམ་པར་ཆགས་པ་ཞེས་བྱ་བའི་སྒྲ་ནི་རྣམ་གྲངས་དག་གོ །ལྡན་པ་ནི་འཆིང་བའོ། །སྲིད་པའི་འཆིང་བ་འདི་ལ་ཡོད་པས་ན་སྲེད་ལྡན་ཏེ། སྲེད་པའི་འཆིང་བ་ཅན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་མདོ་ལས། མ་རིག་བསྒྲིབས་པའི་སེམས་ཅན་དག །སྲེད་པའི་ཀུན་དུ་སྦྱོར་བ་ཅན། །ཞེས་གསུངས་སོ། །འོན་ཀྱང་སྡིག་པའི་ལས་འདི་ནི་རང་གིས་བྱས་པ་ཡིན་ལ། འདིའི་རྣམ་པར་སྨིན་པ་ནི་རང་ཉིད་ཀྱིས་སོ་སོར་ཉམས་སུ་མྱོང་བར་བྱ་བ་ཡིན་ནོ་ཞེས་འབྱུང་བ་ལས་ན་དེ་ནི་ལས་ཀྱི་འབྲས་བུའི་ཟ་བ་པོའོ། །དེ་ཡང་བྱེད་པ་པོ་ལས་གཞན་མ་ཡིན་ལ། དེ་ཉིད་དེ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ཟ་བ་པོ་ཡོད་པའི་ཕྱིར་ལས་ཡོད་པ་ཉིད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་ལས་ཉིད་ཡོད་ན་ལས་ཀྱི་བྱེད་པ་པོ་དང་། འབྲས་བུ་ཟ་བ་པོ་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ནི་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང་། །རྐྱེན་མིན་ལས་བྱུང་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །གལ་ཏེ་ལས་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། དེ་རྐྱེན་ལས་བྱུང་བའམ། རྐྱེན་མ་ཡིན་པ་ལས་བྱུང་བ་ཞིག་ཏུ་འགྱུར་གྲང་། རེ་ཞིག་གལ་ཏེ་རྐྱེན་ལས་བྱུང་བར་འདོད་ན་ནི། དེ་ནི་མི་རིགས་ཏེ། རྐྱེན་བརྟག་པར་བཤད་ཟིན་པའི་ཕྱིར་རོ། །ཅི་སྟེ་རྐྱེན་མ་ཡིན་པ་ལས་བྱུང་བ་སྟེ། རྒྱུ་མེད་པ་ཡིན་ན་ནི་དེ་ཡང་། རྒྱུ་མེད་ན་ནི་འབྲས་བུ་དང་། རྒྱུ་དང་ཞེས་བྱ་བ་ལ་སོགས་པས་བྱེད་པ་པོ་དང་ལས་བརྟག་པ་ལས་རྒྱས་པར་བསྟན་ཟིན་ཏོ། །གང་གི་ཕྱིར་དེ་ལྟར་ལས་འདི་རྐྱེན་ལས་བྱུང་བའམ། རྐྱེན་མ་ཡིན་པ་ལས་བྱུང་བ་ཡོད་པ་མ་ཡིན་པ་དེའི་ཕྱིར། ལས་འདིའི་བྱེད་པ་པོ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟར་ལས་དང་བྱེད་པ་པོ་ཡོད་པ་མ་ཡིན་པ་དེའི་ཚེ་ལས་ལས་སྐྱེས་པའི་འབྲས་བུ་མེད་པ་པ་ཡོད་པར་ག་ལ་འགྱུར། འབྲས་བུ་ཡོད་པ་མ་ཡིན་ན་འབྲས་བུ་ཟ་བ་པོ་ཡོད་པར་ཡང་ལྟ་ག་ལ་འགྱུར་ཏེ། འདི་དག་ཐམས་ཅད་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཁོ་ནའོ་ཞེས་ཤེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་ཁྱོད་ཀྱིས་དངོས་པོ་རྣམས་རང་བཞིན་མེད་པར་རྣམ་པར་གཞག་ན། འོ་ན་ནི་གང་བཅོམ་ལྡན་འདས་ཀྱིས་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་རང་ཉིད་ཀྱིས་མྱོང་བར་འགྱུར་བ་ཡིན་ནོ་ཞེས་གསུངས་པ་དེ་དག་ཐམས་ཅད་ཚུལ་འདིས་བསལ་བར་འགྱུར་ལ། ལས་དང་འབྲས་བུ་ལ་སྐུར་པ་བཏབ་པའི་ཕྱིར་ན་ཁྱོད་མེད་པ་པ་གཙོ་བོར་གྱུར་པ་ཡིན་ནོ། །བརྗོད་པར་བྱ་སྟེ། ཁོ་བོ་ཅག་མེད་པ་པ་མ་ཡིན་ཏེ། ཁོ་བོ་ཅག་ནི་ཡོད་པ་དང་མེད་པ་གཉིས་སུ་སྨྲ་བ་བཀག་ནས་གཉིས་མེད་པའི་ལམ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་མེད་དོ་ཞེས་སྨྲ་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །ཅི་སྟེ་རང་བཞིན་མེད་པ་རྣམས་ལ་བྱ་བ་བྱེད་པ་མི་འཐད་པའི་ཕྱིར་ཉེས་པ་པོ་ན་འདུག་པ་ཉིད་དོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། རང་བཞིན་དང་བཅས་པ་རྣམས་ཁོ་ན་ལ་བྱ་བ་མ་མཐོང་བའི་ཕྱིར་དང་། རང་བཞིན་མེད་པ་རྣམས་ཁོ་ན་ལ་བྱ་བ་མཐོང་བའི་ཕྱིར་རོ། །འདི་ལྟར་བུམ་པ་ལ་སོགས་པ་རང་བཞིན་མེད་པར་གྱུར་པ་དག་ཁོ་ན་འཇིག་རྟེན་ན་རང་གི་བྱ་བ་བྱེད་པར་དམིགས་པ་ཡིན་ནོ། །གཞན་ཡང་དོན་འདི་ནི་དཔེ་ཆེས་གསལ་བ་འདི་ལས་ངེས་པར་བྱའོ། །ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །འདི་ལྟ་སྟེ། དཔེར་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཕུན་ཚོགས་ཏེ། རྫུ་འཕྲུལ་གྱི་མཐུས་སྤྲུལ་པ་སྤྲུལ་ལ། སྤྲུལ་པ་དེ་ཡང་སྟེ་གང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་དེ་སླར་ཡང་སྟེ་ཕྱིས་གཞན་ཏེ་སྤྲུལ་པ་གཞན་པོ་སྤྲུལ་པ་ཡིན་ནོ། །དེ་ལ་སྤྲུལ་པ་གང་ཞིག་སྤྲུལ་པ་གཞན་སྤྲུལ་པ་པོ་དེ་ནི་སྟོང་ཞིང་རང་བཞིན་མེད་དེ། དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡང་གང་ཞིག་སྤྲུལ་པས་སྤྲུལ་པའི་སྤྲུལ་པ་གཞན་གང་ཡིན་པ་དེ་ཡང་སྟོང་ཞིང་རང་བཞིན་མེད་པ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་དེར་རང་བཞིན་མེད་པ་རྣམས་ལ་རང་བཞིན་མེད་པའི་བྱ་བ་བྱེད་པ་ཉིད་དང་ལས་དང་བྱ་བ་བྱེད་པ་པོའི་བརྗོད་པར་འགྱུར་བ། དེ་བཞིན་བྱེད་པོ་དེས་ལས་གང་། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །འདིར་ལས་ཀྱི་བྱེད་པ་པོ་གང་ཡིན་པ་དེ་ནི་སྤྲུལ་པའི་རྣམ་པ་བཞིན་ཏེ། རང་བཞིན་གྱིས་སྟོང་པ་ཡིན་ལ། རང་བཞིན་གྱིས་སྟོང་པའི་བྱེད་པ་པོ་དེས་ལས་གང་ཅུང་ཟད་ཅིག་བྱེད་པ་དེ་ཡང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དཔེར་ན། སྤྲུལ་པས་སྤྲུལ་པ་གཞན་སྤྲུལ་པ་དེ་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་དབུ་མ་པ་གཉིས་སུ་མེད་པར་སྨྲ་བ་རྣམས་ལ་ལོག་པར་ལྟ་བ་ག་ལ་ཡོད། ཇི་སྐད་དུ། གང་ཚེ་བདེ་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་སྤྲུལ་པ་རྣམ་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་བརྒྱ་སྟོང་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་ཐོབ་སྙམ་སྟེ། །བསམ་པ་མཁྱེན་པས་རྒྱལ་བས་དེ་ལུང་སྟོན། །གང་གིས་རྒྱལ་བ་མི་དབང་སྤྱན་དྲངས་པ། །དེ་ཡི་སྦྱིན་པ་མུ་མཐའ་མེད་འགྱུར་ཏེ། །རྙེད་མཆོག་བསམ་གྱིས་མི་ཁྱབ་དེ་རྙེད་ཅེས། །ལ་ལ་དག་ནི་དེ་ལ་མོས་པ་བསྐྱེད། །ཅེས་རྒྱས་པར་གསུངས་པ་ལྟ་བུའོ། །འདུལ་བ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་སྡིག་པ་ཅན་གྱི་དགེ་སློང་མི་མཐུན་པ་ཞིག་སྤྲུལ་ལ། དེའི་ཚིག་གིས་ཚུལ་ཁྲིམས་དང་ལྡན་པ་ལ་རྣམ་པར་དག་པར་ཁས་འཆེས་པ་དང་འགྲོགས་པར་ཡང་བཅས་སོ་ཞེས་འདོན་ཏོ། །དེ་ལ་སྤྲུལ་པའི་དཔེས་རང་བཞིན་མེད་པར་ལྟ་བ་འཐད་པའི་ངོ་བོ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དཔེ་འདི་དག་གིས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པར་གསལ་བར་ཤེས་པར་བྱའོ་ཞེས་བསྟན་པའི་ཕྱིར། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་གསུངས་སོ། །དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དག་སྟེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དག་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ལས་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དག་གོ །ལུས་ནི་ཁོག་པ་དག་གོ །བྱེད་པ་པོ་ནི་བདག་རྣམས་སོ། །འབྲས་བུ་ནི་རྣམ་པར་སྨིན་པ་དང་བདག་པོ་དང་རྒྱུ་མཐུན་པ་རྣམས་ཏེ། ཉོན་མོངས་པ་ལ་སོགས་པའི་དོན་དེ་དག་ནི་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་ལ་སོགས་པ་ལྟར་རང་བཞིན་མེད་པར་རིག་པར་བྱའོ། །དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཁས་མ་བླངས་པས་དབུ་མ་པ་རྣམས་ཁོ་ན་ལ་རྟག་པ་དང་ཆད་པར་ལྟ་བ་གཉིས་སུ་ཐལ་བ་མེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ལས་དང་འབྲས་བུའི་འབྲེལ་པ་རྣམ་པར་དཔྱོད་པ་དེར་བརྩད་པ་ངན་པ་ལྷག་མའི་བརྒལ་བ་དང་ལན་དག་ནི་རྒྱས་པར་དབུ་མ་ལ་འཇུག་པ་ལས་ངེས་པར་བྱའོ། །འདིར་སྤྲུལ་པའི་དགེ་སློང་གཉིས་ཀྱི་དགེ་སློང་དམིགས་པ་པ་ལྔ་བརྒྱ་བཏུལ་བ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་གསུངས་པ་མ་ཚང་བ་མེད་པར་དཔེར་བརྗོད་པར་བྱའོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་སྦྱར་བའི་ཚིག་གསལ་བ་ལས། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བདུན་པའི་འགྲེལ་པའོ།།  །།འདིར་སྨྲས་པ། གལ་ཏེ་ཉོན་མོངས་པ་རྣམས་དང་། ལས་དག་དང་། ལུས་རྣམས་དང་། བྱེད་པ་པོ་དག་དང་། འབྲས་བུ་རྣམས་ཏེ། འདི་དག་ཐམས་ཅད་དེ་ཁོ་ན་ཉིད་མ་ཡིན་གྱི། འོན་ཀྱང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ། བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་ཡིན་ན། ཡང་འདིར་དེ་ཁོ་ན་ཉིད་ནི་གང་ཞིག་ཡིན་ལ། དེ་ཁོ་ན་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན། བརྗོད་པར་བྱ་སྟེ། ནང་དང་ཕྱིའི་དངོས་པོ་མ་དམིགས་པས་ན། ནང་དང་ཕྱི་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་འདིར་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཞིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བྱ་བ་ལ་སོགས་པས་རྒྱས་པར་དབུ་མ་ལ་འཇུག་པ་ལས་བཙལ་བར་བྱའོ། །འདིར་ནི་གནས་པའི་ཕྱོགས་ཙམ་ཉིད་བཤད་པར་བྱ་སྟེ། འདི་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་། ཉོན་མོངས་པ་དང་སྐྱོན་མ་ལུས་པ་རབ་ཏུ་སྤོང་བར་འདོད་པ་ནི། འཁོར་བ་འདི་ཅིའི་རྩ་བ་ཅན་ཡིན་ཞེས་དེ་ལྟར་ཉེ་བར་རྟོག་པར་བྱེད་ལ། དེ་དེ་ལྟར་ཉེ་བར་རྟོག་པ་ན། འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ཉིད་དུ་མཐོང་ཞིང་བདག་ནི་འཇིག་ཚོགས་ལ་ལྟ་བ་དེའི་དམིགས་པ་ཡིན་པར་མཐོང་ལ་བདག་མ་དམིགས་པས་འཇིག་ཚོགས་ལ་ལྟ་བ་སྤོང་ཞིང་། དེ་སྤངས་པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལྡོག་པར་མཐོང་བས། གང་ཞིག་བདག་ཏུ་འཛིན་པའི་ཡུལ་བདག་ཅེས་བྱ་བ་འདི་ཅི་ཤིག་ཅེས་ཆེས་ཐོག་མར་བདག་ཁོ་ན་ལ་ཉེ་བར་རྟོགས་པར་བྱའོ། །བདག་ཏུ་འཛིན་པའི་ཡུལ་དེ་ཡང་བརྟགས་པ་ན་ཕུང་པོའི་རང་བཞིན་ནམ། ཕུང་པོ་ལས་ཐ་དད་པ་ཞིག་ཏུ་འགྱུར་གྲང་། དེ་ལ་རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་རྣམས་ཀྱང་གཅིག་ཉིད་དང་གཞན་ཉིད་ཀྱི་ཕྱོགས་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། མདོར་བསྡུས་ནས་བརྗོད་པར་འདོད་པའི་ཕྱིར། གཅིག་ཉིད་དང་གཞན་ཉིད་ཀྱི་ཕྱོགས་གཉིས་བཀག་པ་ཉིད་ཀྱིས་བདག་དགག་པར་བརྩམ་པར་བཞེད་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཡང་གཞན་དེ་བཞིན་གཤེགས་པ་བརྟག་པ་དང་། མེ་དང་བུད་ཤིང་བརྟག་པར་ཕྱོགས་ལྔ་ཉེ་བར་བཀོད་ལ། འདིར་ནི་ཕྱོགས་གཉིས་ཉིད་ཡིན་པ་ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། གང་གི་ཕྱིར། དེ་དག་ཏུ་ཕྱོགས་ལྔ་བསྟན་པ་དེ་ཉིད་ཀྱི་ཕྱིར། གཞན་དུ་བསྟན་པས་ཡང་འདིར་མ་བསྟན་ཏེ། མདོར་བསྡུས་ནས་ཕྱོགས་གཉིས་ཤིག་ཉེ་བར་བཀོད་དེ་དེ་ལ་གལ་ཏེ་ཕུང་པོ་བདག་ཡིན་ནོ་ཞེས་རྟོག་ན་ནི་དེས་ན་སྐྱེ་དང་འཇིག་པ་ཅན་ཏེ་བདག་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་ཏེ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པ་ལ་བརྟེན་པའི་ཕྱིར་རོ། །བདག་ནི་དེ་ལྟར་འདོད་པ་ཡང་མ་ཡིན་ཏེ་ཉེས་པར་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར། མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། །འབྱུང་བ་རྒྱུ་མེད་ཅན་དུའང་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་བྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་འཆད་པར་འགྱུར་རོ། །གཞན་ཡང་ཕྱོགས་འདི་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་པས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་འབྲས་མེད་ཉིད། །གཞན་གྱིས་བསགས་ལས་གཞན་གྱིས་ཟ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་དབུ་མ་ལ་འཇུག་པ་ལས་རྒྱས་པར་རྣམ་པར་དཔྱད་པ་བྱས་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། འདིར་ནི་སྤྲོས་པ་རྒྱས་པར་མི་བརྩམ་མོ། །དེ་ལྟར་རེ་ཞིག་ཕུང་པོ་བདག་མ་ཡིན་ནོ། །ཕུང་པོ་ལས་ཐ་དད་པར་ཡང་མི་རུང་ངོ་། །གལ་ཏེ་ཕུང་པོ་རྣམས་ལས་གཞན་ཕུང་པོའི་མཚན་ཉིད་མེད་པར་འགྱུར། ཇི་ལྟར་བ་གླང་ལས་གཞན་པའི་རྟ་བ་གླང་གི་མཚན་ཉིད་ཅན་དུ་མི་འགྱུར་བ་ད་བཞིན་དུ། བདག་ཀྱང་ཕུང་པོ་ལས་ཐ་དད་པར་རྟོག་པ་ན། ཕུང་པོའི་མཚན་ཉིད་མེད་པར་འགྱུར་རོ། །དེ་ལ་ཕུང་པོ་དག་ནི་འདུས་བྱས་ཡིན་པའི་ཕྱིར། སྐྱེ་བ་དང་གནས་པ་དང་འཇིག་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་བདག་ཕུང་པོའི་མཚན་ཉིད་ཅན་དུ་མ་གྱུར་པས་སྐྱེ་བ་དང་གནས་པ་དང་འཇིག་པ་དང་ལྡན་པར་མི་འགྱུར་རོ། །གང་ཞིག་དེ་ལྟ་བུ་ཡིན་པ་དེས་ནི་ཡོད་པ་མ་ཡིན་པའི་ཕྱིར་རམ་འདུས་མ་བྱས་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་གམ་མྱ་ངན་ལས་འདས་པ་ལྟར། བདག་ཏུ་བརྗོད་པ་རྙེད་པར་མི་འགྱུར་ལ། བདག་ཏུ་འཛིན་པའི་ཡུལ་དེ་ཉིད་དུ་ཡང་མི་རིགས་སོ། །དེའི་ཕྱིར་བདག་ཕུང་པོ་ལས་གཞན་དུ་ཡང་རིགས་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་འདི་ནི་དོན་གཞན་ཡིན་ནོ། །གལ་ཏེ་བདག་ཕུང་པོ་ལས་ཐ་དད་ན་དེ་ཕུང་པོ་མ་ཡིན་པའི་མཚན་ཉིད་ཅན་དུ་འགྱུར་ཏེ། ཕུང་པོ་ལྔ་ནི་གཟུགས་སུ་རུང་བ་དང་། ཉམས་སུ་མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཅན་ཡིན་ན། བདག་ནི་གཟུགས་ལས་རྣམ་པར་ཤེས་པ་བཞིན་དུ་ཕུང་པོ་དག་ལས་ཐ་དད་པར་འདོད་པ་ན་མཚན་ཉིད་ཐ་དད་པར་གྲུབ་པར་འགྱུར་ལ། མཚན་ཉིད་ཐ་དད་པར་གྲུབ་པ་ནི་གཟུགས་ལས་སེམས་ལྟར་གཟུང་བར་འགྱུར་ན། འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཕུང་པོ་ལས་ཐ་དད་པ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་མུ་སྟེགས་པ་དག་གིས་བདག་ཕུང་པོ་ལས་ཐ་དད་པར་རྟོགས་ཤིང་། དེའི་མཚན་ཉིད་ཀྱང་ཐ་དད་པར་སྨྲ་བ་མ་ཡིན་ནམ། དེའི་ཕྱིར་ཚུལ་འདི་ནི་དེ་དག་ལ་གནོད་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་མུ་སྟེགས་པ་དག་བདག་གི་མཚན་ཉིད་ཐ་དད་པར་སྨྲ་བ་དེ་ལྟར་ནི། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་དབུ་མ་ལ་འཇུག་པ་ལས་སྨྲས་པ་ཡིན་ནོ་ཞེ་ན། བརྗོད་པར་བྱ་སྟེ། མུ་སྟེགས་པ་དག་བདག་ཕུང་པོ་ལས་ཐ་དད་པ་དེའི་མཚན་ཉིད་སྨྲ་བ་བདེན་མོད་ཀྱི། དེ་དག་བདག་རང་གི་ངོ་བོས་དམིགས་ནས་དེའི་མཚན་ཉིད་སྨྲ་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། བརྟེན་ནས་བརྟགས་པའི་དོན་ཇི་ལྟ་བ་བཞིན་མ་རྟོགས་པར་སྐྲག་པས་བདག་མིང་ཙམ་ཞིག་ཏུ་མ་རྟོགས་ཤིང་ཀུན་རྫོབ་ཀྱི་བདེན་པ་ལས་ཀྱང་ཉམས་ཏེ། ལོག་པར་རྟོག་པ་འབའ་ཞིག་གི་སྒོ་ནས་རྗེས་སུ་དཔག་པ་ལྟར་སྣང་བ་ཙམ་གྱིས་བསླུས་པས་བདག་ཡོངས་སུ་རྟོག་པར་བྱེད་ལ། དེའི་མཚན་ཉིད་ཀྱང་སྨྲ་བར་བྱེད་པ་ཡིན་ཏེ། ལས་དང་བྱེད་པ་པོ་བརྟག་པ་ལ་སོགས་པ་དག་ཏུ་བདག་དང་ཉེ་བར་ལེན་པ་གཉིས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་པར་གསུངས་པ་ན་ཀུན་རྫོབ་ཏུ་ཡང་དེ་དག་གི་དགག་པ་མཛད་པ་ཉིད་ཡིན་ནོ། །ཇི་ལྟར་མེ་ལོང་བརྟེན་ནས་སུ། །རང་བཞིན་གཟུགས་བརྙན་སྣང་མོད་ཀྱི། །དེ་ནི་ཡང་དག་ཉིད་དུ་ན། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ངར་འཛིན་པ་ནི་དམིགས་པར་འགྱུར། །རང་གི་བཞིན་གྱི་གཟུགས་བརྙན་བཞིན། །ཡང་དག་ཏུ་ན་དེ་འགའ་འང་མེད། །ཇི་ལྟར་མེ་ལོང་མ་བརྟེན་པར། །རང་བཞིན་གཟུགས་བརྙན་མི་སྣང་ལྟར། །ཕུང་པོ་རྣམས་ལ་མ་བརྟེན་པར། །ངར་འཛིན་པ་ལའང་དེ་དང་འདྲ། །ཞེས་གསུངས་སོ། །དེའི་ཕྱིར་དེ་བསྟན་པའི་ཕྱིར་ཡང་འབད་པ་མི་བརྩམ་མོ། །བརྟེན་ནས་བཏགས་པ་མ་རིག་པའི་ཕྱིན་ཅི་ལོག་དང་ལྡན་པ་རྣམས་བདག་ཏུ་མངོན་པར་ཞེན་པའི་གཞིར་གྱུར་པ་ནི། ཕུང་པོ་ལྔ་པོ་འདི་གང་གི་ཉེ་བར་ལེན་པ་ཉིད་དུ་སྣང་བ་འདི་ཅི་ཕུང་པོའི་མཚན་ཉིད་ཡོད་པ་ཞིག་གམ། འོན་ཏེ་ཕུང་པོའི་མཚན་ཉིད་མེད་པ་ཞིག་ཅེས་ཐར་པ་འདོད་པ་རྣམས་ཀྱིས་རྣམ་པར་དཔྱོད་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དཔྱད་པ་ན་ཐར་པ་འདོད་པ་རྣམས་ཀྱིས་མ་དམིགས་པ་དེའི་ཕྱིར་དེ་རྣམས་ལ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བདག་མ་དམིགས་པའི་ཕྱིར་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལྔ་པོ་དངོས་པོ་བདག་གི་བ་ཡང་ཤིན་ཏུ་ཆེས་དམིགས་པར་མི་འགྱུར་རོ། །ཇི་ལྟར་ཤིང་རྟ་ཚིག་ན་དེའི་ཡན་ལག་ཀྱང་ཚིག་པས་མི་དམིགས་པ་དེ་བཞིན་དུ་རྣལ་འབྱོར་པ་དག་གིས་གང་གི་ཚེ་བདག་གི་བདག་མེད་པར་རྟོགས་པ་དེ་ཉིད་ཀྱི་ཚེ་ཕུང་པོའི་དངོས་པོ་བདག་གི་བ་ཡང་བདག་མེད་པར་ངེས་པར་རྟོགས་པར་འགྱུར་རོ། །ཇི་སྐད་དུ། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཕུང་པོ་དེ་ལྟར་མི་བདེན་པར། །མཐོང་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཞེས་བཤད་དོ། །ཇི་ལྟར་ཉི་མ་སོ་གའི་ཟླ་བ་ཐ་མ་དང་འཚམ་པ། ནམ་མཁའ་སྤྲིན་དང་བྲལ་བའི་དཀྱིལ་འཁོར་གྱི་ཕྱོགས་གནོན་པར་བྱེད་ཅིང་ཅུང་ཟད་ནུར་བར་གྱུར་པའི་འོད་ཟེར་མེ་ཆེས་གསལ་བའི་མེ་སྟག་རྒྱ་ཆེན་པོ་དང་འདྲ་བ། སའི་དཀྱིལ་འཁོར་ཆེས་ཇེ་རྩུབ་ཏུ་གྱུར་པ་གདུང་བར་བྱེད་པ་ལྷུར་ལེན་པ་དག་ལ་བརྟེན་ཞིང་ས་ཕྱོགས་ཆེས་ཇེ་རྩུབ་ཏུ་གྱུར་པ་དང་ཕྲད་དེ། མཐོང་བ་ཕྱིན་ཅི་ལོག་ལ་ལྟོས་ནས་ཆུ་དང་འདྲ་བའི་སྨིག་རྒྱུ་དག་དམིགས་པས་སྐྱེ་བོ་ཡུལ་ཐག་རིང་བ་ན་གནས་པ་རྣམས་ལ་ཤེས་པ་ཆུ་ཤིན་ཏུ་དྭང་བའི་རྣམ་པ་ཅན་སྐྱེ་བར་བྱེད་ཀྱི། དེ་དང་ཉེ་བར་གྱུར་པ་རྣམས་ལ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་། མ་རིག་པའི་ཕྱིན་ཅི་ལོག་དང་ལྡན་པས་སོ་སོའི་སྐྱེ་བོ་བདག་དང་བདག་གི་བའི་དངོས་པོ་ཇི་ལྟར་གནས་པ་དེ་ཉིད་མཐོང་བ་ལས་རྒྱང་རིང་དུ་གནས་པ་རྣམས་ལ། བདེན་པར་སྣང་བ་བདག་དང་ཕུང་པོར་སྒྲོ་བཏགས་པ་བརྫུན་པའི་དོན་འདི་ཉིད་ནི་དངོས་པོའི་དེ་ཉིད་མཐོང་བ་དང་ཉེ་བར་གནས་པ་རྣམས་ལ་མི་སྣང་ངོ་། །ཇི་སྐད་དུ། ཐག་རིང་ནས་ནི་མཐོང་བའི་གཟུགས། །ཉེ་བ་རྣམས་ཀྱིས་གསལ་བར་མཐོང་། །སྨིག་རྒྱུ་གལ་ཏེ་ཆུ་ཡིན་ནོ། །ཉེ་བ་རྣམས་ཀྱིས་ཅིས་མི་མཐོང་། །ཇི་ལྟར་རིང་བ་རྣམས་ཀྱིས་ནི། །འཇིག་རྟེན་འདི་ནི་ཡང་དག་མཐོང་། །དེ་ལྟར་དེ་དང་ཉེ་རྣམས་ཀྱིས། །མི་མཐོང་མཚན་མེད་སྨིག་རྒྱུ་བཞིན། །ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བ། །ཆུ་མིན་དོང་དུ་མ་ཡིན་པ། །དེ་བཞིན་ཕུང་པོ་བདག་འདྲ་བ། །དེ་དག་བདག་མིན་དོན་དུ་མིན། །ཞེས་བཤད་དོ། །བདག་དང་བདག་གི་མ་དམིགས་པ་དེ་ཉིད་ཀྱི་ཕྱིར་དོན་དམ་མ་མཐོང་བ་དང་ཉེ་བའི་རྣལ་འབྱོར་པ་ནི་ངེས་པར། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །བདག་ལ་ཕན་པ་ནི་བདག་གི་སྟེ། །བདག་གི་བའི་ཕུང་པོ་ལྔ་ཞེས་བྱ་བའི་དོན་ཏོ། །བདག་སྟེ་ངར་འཛིན་པའི་ཡུལ་དང་ང་ཡིར་འཛིན་པའི་ཡུལ་བདག་གི་བ་ཕུང་པོ་ལ་སོགས་པའི་དངོས་པོ་ཞི་བ་སྟེ། མ་སྐྱེས་ཤིང་མ་དམིགས་པའི་ཕྱིར་རྣལ་འབྱོར་པ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །གལ་ཏེ་འགའ་ཞིག་དེ་ལྟར་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་བ་རྣལ་འབྱོར་པ་དེ་རེ་ཞིག་ཡོད་པ་མ་ཡིན་ནམ། དེ་ཡོད་ན་བདག་དང་ཕུང་པོ་ཡང་གྲུབ་བོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། གང་གི་ཕྱིར། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ་། །བདག་དང་ཕུང་པོ་དག་རྣམ་པ་ཐམས་ཅད་དུ་མི་དམིགས་པའི་རང་གི་ངོ་བོ་ཡིན་དང་། གང་ཞིག་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་བ་དེ་དག་ལས་ཐ་དད་པའི་དངོས་པོ་གཞན་ཡོད་པར་ག་ལ་འགྱུར། གང་གིས་དེ་ལྟར་ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་མཐོང་བ་དེས། དེ་ཁོ་ན་ཉིད་མི་མཐོང་ངོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ནང་གི་བདག་ཉིད་སྟོང་པར་ལྟོས། །ཕྱི་རོལ་གྱུར་པའང་སྟོང་པར་ལྟོས། །གང་ཞིག་སྟོང་ཉིད་སྒོམ་བྱེད་པ། །དེ་ཡང་འགའ་ཞིག་ཀྱང་ཡོད་མིན། །ཞེས་བྱ་བ་དང་། དེ་བཞིན་དུ། གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །བྱིས་པ་དེ་དག་ལམ་ངན་ཞུགས་པ་ཡིན། །ཆོས་རྣམས་སྟོང་པ་ཡི་གེ་མེད་པ་ཡིན། །དེ་དག་ཡི་གེ་མེད་པར་ཡི་གེས་བསྟན། །གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །སེམས་པ་དེ་ཡང་ནམ་ཡང་འབྱུང་མ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་པ་སྟེ། །དེ་ཕྱིར་ཆོས་རྣམས་བསམ་ཡས་ཤེས་པར་གྱིས། །ཞེས་བྱ་བ་དང་། དེ་བཞིན་དུ། ཕུང་པོའི་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བའི་ཀུན་བྱུང་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ནོ་ཞེས་མདོ་ལས་གསུངས་ལ། འཇིག་ཚོགས་ལ་ལྟ་བ་དེ་ཡང་བདག་དང་བདག་གི་མ་དམིགས་པས་སྤོང་བར་འགྱུར་ཞིང་དེ་སྤངས་པས་ཀྱང་འདོད་པ་ཉེ་བར་ལེན་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་བ་སྟེ་ཉེ་བར་ལེན་པ་བཞི་སྤོང་བར་འགྱུར་རོ། །ཉེ་བར་ལེན་པ་ཟད་པས་ནི་ཡང་སྲིད་པའི་མཚན་ཉིད་ཅན་སྐྱེ་བ་ཟད་པར་འགྱུར་རོ། །གང་གི་ཕྱིར་སྐྱེ་བ་ལྡོག་པའི་རིམ་པ་འདི་དེ་ལྟར་རྣམ་པར་གཞག་པ་དེའི་ཕྱིར། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་བྱ་བར་གནས་སོ། །འདི་ལྟར་ཉེ་བར་ལེན་པ་ཟད་ན་དེའི་རྐྱེན་ཅན་སྲིད་པ་ཡང་མི་འབྱུང་ལ། ཉེ་བར་ལེན་པ་དང་སྲིད་པ་འགགས་ན་སྐྱེ་བ་དང་རྒ་ཤི་ལ་སོགས་པ་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟར་ན་ལས་དང་ཉོན་མོངས་པ་ཟད་པས་ཐར་བར་འགྱུར་རོ་ཞེས་བྱ་བར་གྲུབ་བོ། །འོ་ན་ནི་ལས་དང་ཉོན་མོངས་པ་རྣམས་གང་ཟད་པས་ཟད་པར་འགྱུར་བ་བརྗོད་དགོས་སོ་ཞེ་ན། བརྗོད་པ། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །བྱིས་པ་སོ་སོའི་སྐྱེ་བོ་ཚུལ་བཞིན་མ་ཡིན་པར་གཟུགས་ལ་སོགས་པར་རྟོག་པ་ལ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་དུ་འབྱུང་། །ཞེས་འཆད་པར་འགྱུར་རོ། །མདོ་ལས་ཀྱང་འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། །ཁྱོད་ལ་རྟོག་པར་མི་འགྱུར་བ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་གསུངས་སོ། །དེ་ལྟར་རེ་ཞིག་ལས་དང་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ལས་བྱུང་ལ། རྣམ་པར་རྟོག་པ་དེ་དག་ཀྱང་སྤྲོས་པ་སྣ་ཚོགས་པ། འཁོར་བ་ཐོག་མ་མེད་པ་ནས་གོམས་པ། ཤེས་པ་དང་ཤེས་བྱ་དང་། བརྗོད་བྱ་དང་། རྗོད་བྱེད་དང་། བུམ་པ་དང་། སྣམ་བུ་དང་། ཤིང་རྟ་དང་། གཟུགས་དང་། ཚོར་བ་དང་། སྐྱེས་པ་དང་། བུད་མེད་དང་། རྙེད་པ་དང་། མ་རྙེད་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་ལ་སོགས་པའི་མཚན་ཉིད་ཅན་ལས་སྐྱེ་བར་འགྱུར་རོ། །འཇིག་རྟེན་པའི་སྤྲོས་པ་དེ་ཡང་མ་ལུས་པར་སྟོང་པ་ཉིད་ཀྱིས་ཏེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བས་འགག་པར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དངོས་པོར་དམིགས་པ་ཡོད་ན་ནི་ཇི་སྐད་བཤད་པའི་སྤྲོས་པ་ཡོད་པར་འགྱུར་གྱི། མོ་གཤམ་གྱི་བུ་མོ་མ་དམིགས་པར་ནི་ཆགས་པ་ཅན་དག་དེའི་ཡུལ་ཅན་སྤྲོས་པ་འཇུག་པར་མི་བྱེད་དོ། །སྤྲོས་པ་མ་བཅུག་པར་ནི་དེའི་ཡུལ་ཅན་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་འཇུག་པར་མི་འགྱུར་རོ། །རྣམ་པར་རྟོག་པ་མ་བཅུག་པར་ཡང་ང་དང་ང་ཡི་ཞེས་མངོན་པར་ཞེན་པ་ལས་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་སྐྱེད་པར་མི་བྱེད་དོ། །ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་མ་བསྐྱེད་པར་ནི་ལས་དག་བྱེད་པར་མི་འགྱུར་ལ། ལས་དག་མི་བྱེད་པ་རྣམས་ནི་སྐྱེ་བ་དང་རྒ་ཤི་ཞེས་བྱ་བའི་འཁོར་བ་ཉམས་སུ་མྱོང་བར་ཡང་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལ་བརྟེན་ནས་སྤྲོས་པ་དང་བྲལ་བར་འགྱུར་ཞིང་སྤྲོས་པ་དང་བྲལ་བས་ཀྱང་རྣམ་པར་རྟོག་པ་ལྡོག་ཅིང་། རྣམ་པར་རྟོག་པ་ལོག་པས་ལས་དང་ཉོན་མོངས་པ་ལྡོག་ལ། ལས་དང་ཉོན་མོངས་པ་ལྡོག་པས་སྐྱེ་བ་ལྡོག་པ་དེའི་ཕྱིར། སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལོག་པའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཇི་སྐད་དུ་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་བཤད་དོ། །སློབ་དཔོན་ལེགས་ལྡན་འབྱེད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཇི་སྐད་དུ་བཤད་པའི་སྟོང་པ་ཉིད་རྟོགས་པ་ཡོད་པར་ཁོང་དུ་མ་ཆུད་ནས། ཇི་སྐད་དུ། འཕགས་པ་ཉན་ཐོས་འདུ་བྱེད་ཀྱི་ཚོགས་གཞན་དང་གཞན་སྐྱེ་བའི་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་བདག་དང་བདག་གི་བ་མེད་པ་ལ་ངེས་པར་ལྟ་བ་ལ་ཡང་། བདག་ཅེས་བྱ་བའི་དངོས་པོ་མེད་པའི་ཕྱིར་སྐྱེ་བ་དང་འཇིག་པ་འདི་དག་ནི་ཆོས་ཙམ་དུ་ཟད་དོ་ཞེས་བྱ་བར་ལྟ་བ་སྐྱེ་སྟེ། འདི་ལྟར་བདག་ནི་ངར་འཛིན་པའི་ཡུལ་ཡིན་པས་དེ་མེད་ན་དེ་ཡང་མི་འབྱུང་ལ། དེ་མེད་པ་ཁོ་ནའི་ཕྱིར་འགའ་ལ་ཡང་ནང་དང་ཕྱི་རོལ་གྱི་དངོས་པོ་མེད་པས་ང་ཡིར་འཛིན་པ་མི་འཐད་པའི་ཕྱིར། ཐ་སྙད་ཀྱི་བརྡར་བྱ་བ་མ་གཏོགས་པར། ང་ལ་ནི་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དོ་ཞེས་བྱ་བར་རང་གི་ངོ་བོ་ངེས་པ་སྐྱེ་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ཆེན་པོ་འདུ་བྱེད་སྐྱེ་བ་མེད་པར་ལྟ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ལ་གནས་པ་རྣམས་ལ་ལྟ་སྨྲོས་ཀྱང་ཅི་དགོས་པས། དེའི་ཕྱིར། ང་དང་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ཞེས་གསུངས་སོ། །ཞེས་དེ་སྐད་དུ་སྨྲའོ། །སློབ་དཔོན་འདི་ཇི་ལྟར་རྣམ་པ་དེ་ལྟ་བུའི་ཡུལ་ལ། སློབ་དཔོན་གྱི་ལུགས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པ་དེ་ལྟར་ནི་དབུ་མ་ལ་འཇུག་པ་ལས། རིང་དུ་སོང་བར་དེ་བློའང་ལྷག་པར་འགྱུར་ཞེས་བྱ་བ་དེར་བསྟན་ཟིན་པས། ཡང་དེ་སུན་དབྱུང་བ་ལ་འབད་པར་མི་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། རབ་འབྱོར་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་འགྱུར་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་སོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་ནང་དང་ཕྱིའི་དངོས་པོ་མ་དམིགས་པའི་ཕྱིར་ནང་དང་ཕྱི་ལ་ང་དང་ངའི་སྙམ་པའི་རྟོག་པ་རྣམས་མ་སྐྱེས་པ་དེ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་རྣམ་པར་གཞག་ན། འོ་ན་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། གནག་དང་དཀར་པོའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ལས་དང་འབྲས་བུ་འཕོ་བར་འགྱུར་བའང་མིན། །རྒྱུ་དང་རྐྱེན་མེད་པར་ཡང་འབྱུང་བ་མིན། །ཞེས་རྒྱ་ཆེར་གསུངས་པ་དེ་དང་ཇི་ལྟར་མི་འགལ། བརྗོད་པར་བྱ་སྟེ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་བྱ་བ་དང་། དེ་བཞིན་དུ། བདག་གཟུགས་མ་ཡིན། བདག་གཟུགས་དང་ལྡན་པ་མ་ཡིན། གཟུགས་ལ་བདག་མེད། བདག་ལ་གཟུགས་མེད། དེ་བཞིན་དུ་བདག་རྣམ་པར་ཤེས་པ་མ་ཡིན། བདག་རྣམ་པར་ཤེས་པ་དང་ལྡན་པ་མ་ཡིན། རྣམ་པར་ཤེས་པ་ལ་བདག་མེད། བདག་ལ་རྣམ་པར་ཤེས་པ་མེད་ཅེས་བྱ་བའི་བར་དང་། དེ་བཞིན་དུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་དེ་སྐད་དུ་ཡང་། བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་གསུངས། དེའི་ཕྱིར་ད་ཇི་ལྟར་ལུང་གོང་མ་ལུང་འདི་དང་འགལ་བར་མི་འགྱུར། དེའི་ཕྱིར་འདིར་བཅོམ་ལྡན་འདས་ཀྱིས་བསྟན་པའི་དགོངས་པ་བཙལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ནི་སྤྱིར་གསུང་རབ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །འདིར་དགོངས་པ་ནི་འདི་ཡིན་ཏེ། འདི་ན་གང་དག་ལྟ་བ་ངན་པའི་རབ་རིབ་ཀྱི་ལིང་ཏོག་མཐུག་པོས་བློའི་མིག་མ་ལུས་པར་བཀབ་པས་དངོས་པོའི་རྣམ་པ་འཇིག་རྟེན་པའི་ལྟ་བ་དྲི་མ་མེད་པའི་ཡུལ་ལས་མ་འདས་ཀྱང་མ་མཐོང་བར་གྱུར་པ། ཐ་སྙད་ཀྱི་བདེན་པ་ལ་གནས་པ་ཁོ་ན་ཡིན་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བའི་དེ་ཁོ་ན་ཉིད་ཙམ་གྱི་རྗེས་སུ་འཇུག་པ་ལྷུར་ལེན་པ། རྩ་བ་དང་ཆན་དང་ཕབས་དང་ཆུ་དང་དྲོད་ལ་སོགས་པ་རྫས་ཀྱི་ཁྱད་པར་ཡོངས་སུ་སྨིན་པ་ཙམ་གྱི་རྐྱེན་ལས་བྱུང་ཞིང་། མྱོས་པ་དང་བརྒྱལ་བ་ལ་སོགས་པའི་ནུས་པའི་ཁྱད་པར་དང་ལྡན་པའི་ཆང་དམིགས་པ་ལྟར། བློ་ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོ་ཡོངས་སུ་སྨིན་པ་ཙམ་ལས་འབྱུང་བ་ཉིད་དུ་སྨྲ་བ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སྐུར་པ་འདེབས་པར་ཞུགས་པ། འཇིག་རྟེན་འདི་ཡང་མེད་ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད། སེམས་ཅན་རྫུས་ཏེ་སྐྱེ་བ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་ཕ་རོལ་དང་བདག་ལ་སྐུར་པ་འདེབས་པར་བྱེད་པ། དེ་ལ་སྐུར་པ་འདེབས་པས་འབྲས་བུ་ཁྱད་པར་དུ་འཕགས་པ་ཡིད་དུ་འོང་བ་མཐོ་རིས་དང་བྱང་གྲོལ་གྱི་ཁྱད་པར་འཕེན་པ་ལ་རྒྱབ་ཀྱིས་ཕྱོགས་པ། རྟག་ཏུ་རྒྱུན་མི་ཆད་པར་མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་ལ་ཞུགས་པས་དམྱལ་བ་ལ་སོགས་པའི་གཡང་ས་ཆེན་པོར་ལྟུང་བ་ལ་མངོན་དུ་ཕྱོགས་པ་དེ་དག་གི་ཡང་དག་པ་མ་ཡིན་པའི་ལྟ་བ་དེ་དག་བཟློག་པར་བྱ་ཞིང་གདུལ་བྱ་དམན་པ་དང་འབྲིང་པོ་དང་མཆོག་རྗེས་སུ་གཟུང་བར་བཞེད་པས་གདུལ་བྱ་དམན་པ་སྡིག་པ་མི་དགེ་བ་བྱེད་པ་རྣམས་མི་དགེ་བ་ལས་བཟློག་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་དབྱེ་བས་ཐ་དད་པའི་སེམས་ཅན་གྱི་ཁམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་གཤེགས་པ། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཐུགས་དམ་བཅས་པ། སྒྲུབ་པ་ལྷུར་མཛད་པ། ཐབས་དང་མཁྱེན་རབ་དང་ཐུགས་རྗེ་ཆེན་པོ་དང་ལྡན་པ། འགྲོ་བ་དུ་མའི་དཔེ་ཟླ་མི་མངའ་བའི་གཉེན། ཉོན་མོངས་པའི་ནད་མ་ལུས་པ་གསོ་བར་མཛད་པ། སྨིན་པའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་འགའ་ཞིག་ཏུ་བདག་གོ་ཞེས་ཀྱང་བཏགས་གྱུར་ཞིང་སྟེ། བཞག་པར་གྱུར་ཏོ། །རྒྱུ་མེད་པར་སྨྲ་བ་དགག་པའི་འཐད་པ་ནི། བྱེད་པ་པོ་དང་ལས་བརྟག་པ་དང་། རྒྱུ་མེད་ལས་ཀྱང་མིན་ཞེས་བྱ་བ་དེས་དབུ་མ་ལ་འཇུག་པ་ལས་རྒྱས་པར་ཤེས་པར་བྱ་སྟེ། དེ་དགག་པའི་ཕྱིར་འདིར་ཡང་འབད་པར་མི་བྱའོ། །གང་དག་དག་པའི་ལས་བྱེད་ཅིང་མི་དགེ་བའི་ལས་ལས་ལོག་པ། བདག་ཏུ་ཡང་དག་པར་ལྟ་བ་མཁྲེགས་པ་བྱ་སྲད་བུ་ཆེས་ཤིན་ཏུ་རིང་བས་བརྟོད་པ་ལྟར་ཤིན་ཏུ་རིང་པོར་ཕྱིན་ཡང་ཁམས་གསུམ་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བར་འགྲོ་མི་ནུས་པ། གདུལ་བྱ་བར་མ་དེ་དག་འཇིག་ཚོགས་ལ་ལྟ་བར་མངོན་པར་ཞེན་པ་ལྷོད་པར་བྱ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ལ་འདུན་པ་བསྐྱེད་པར་བྱ་བའི་ཕྱིར་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་མེད་ཅེས་ཀྱང་བསྟན་པར་གྱུར་ཏོ། །གང་དག་སྔོན་གོམས་པའི་ཁྱད་པར་གྱིས་ཟབ་མོའི་ཆོས་ལ་ལྷག་པར་མོས་པ་རྗེས་སུ་འབྲེལ་པའི་ས་བོན་ཡོངས་སུ་སྨིན་པར་གྱུར་པ་ཐོབ་པ་མྱ་ངན་ལས་འདས་པ་ལ་ཉེ་བར་གནས་པ་བདག་ལ་ཆགས་པ་དང་བྲལ་བ། ཐུབ་པའི་དབང་པོའི་གསུང་རབ་ཀྱི་དོན་གྱི་དེ་ཁོ་ན་ཉིད་མཆོག་ཏུ་ཟབ་པའི་གཏིང་དཔོག་པར་ནུས་པ། གདུལ་བྱ་མཆོག་ཏུ་གྱུར་པ་དེ་དག་ལ་ནི་ལྷག་པར་མོས་པའི་ཁྱད་པར་ངེས་པར་བཟུང་ནས། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན་ཏེ། ཇི་ལྟར་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པ་དེ་བཞིན་དུ། དེའི་གཉེན་པོར་གྱུར་པ་བདག་མེད་པར་ལྟ་བ་ཡང་། ཡང་དག་པ་མ་ཡིན་པ་ཉིད་དོ། །དེ་ལྟར་ན་བདག་འགའ་ཡང་མེད་ལ། བདག་མེད་པ་ཡང་འགའ་ཡང་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུགས་མེད་པ་བསྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིགས་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོགས་པ་ཞེས་བྱའོ་ཞེས་གསུངས་སོ། །འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་ནི། །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་བརྫུན་པ་མིན་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་གྱུར་པས། །དེ་དག་གཉི་ག་དོན་དུ་མིན། །ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་གདུལ་བྱའི་སྐྱེ་བོ་དམན་པ་དང་བར་མ་དང་མཆོག་གི་བསམ་པ་ཐ་དད་པ་ཉིད་ཀྱིས་བདག་དང་བདག་མེད་པ་དང་། དེ་གཉི་ག་དགག་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་འཇུག་པ་དེའི་ཕྱིར། དབུ་མ་པ་རྣམས་ལ་ལུང་གིས་གནོད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱི་ནས་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་ཏེ་མཁས་པ་ཡིན། །ཞེས་བཤད་དོ། །དེ་བཞིན་དུ། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོའང་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་བསོད་ནམས་གྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བརྟེན། །ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་སོ། །ཡང་ན་འདིའི་དོན་གཞན་ཡིན་ཏེ། འདུ་བྱེད་སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་རྣམས་ལ་ལས་དང་འབྲས་བུའི་འབྲེལ་པ་མེད་པར་བལྟས་ནས་གྲངས་ཅན་པ་ལ་སོགས་པ་དག་གིས་བདག་གོ་ཞེས་ཀྱང་བཏགས་གྱུར་ཞིང་། འཐད་པས་འཁོར་བ་པོ་བདག་མ་མཐོང་ཞིང་འཇིག་རྟེན་རྒྱང་འཕན་པ་དག་གིས། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཉིད་དུ་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་བྱ་བ་ལ་སོགས་པས་བདག་མེད་ཅེས་ཀྱང་བསྟན་པར་འགྱུར་ལ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་དག་ལྟར་དངོས་པོ་བྱིས་པའི་སྐྱེ་བོས་བཏགས་པའི། བདག་དང་བདག་མེད་པ་ལ་སོགས་པ་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་མ་གཟིགས་པ། བཅོམ་ལྡན་འདས། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་བྱ་བའོ། །འདིར་སྨྲས་པ། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདག་དང་བདག་མེད་པ་གཉི་ག་མེད་པར་བསྟན་ན། དེ་གཉིས་མ་བསྟན་པ་ཡིན་དང་། འོ་ན་ཅི་བསྟན། བརྗོད་པར་བྱ་སྟེ། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །འདིར་བརྗོད་པར་བྱ་བ་འགའ་ཞིག་ཡོད་ན་ནི། དེ་སྟོན་པར་འགྱུར་བ་ཞིག་ན། གང་གི་ཚེ་བརྗོད་པར་བྱ་བ་ལྡོག་ཅིང་། ཚིག་དག་གི་ཡུལ་ཡོད་པ་མ་ཡིན་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ། །ཡང་ཅིའི་ཕྱིར་བརྗོད་པར་བྱ་བ་མེད་ཅེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་གསུངས་ཏེ། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་སྤྱོད་ཡུལ་ལོ། །སྤྱོད་ཡུལ་ནི་ཡུལ་ཏེ། དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་སེམས་ཀྱི་སྤྱོད་ཡུལ་འགའ་ཞིག་ཡོད་པར་གྱུར་ན་ནི་དེར་རྒྱུ་མཚན་འགའ་ཞིག་སྒྲོ་བཏགས་ནས་ཚིག་དག་འཇུག་པར་འགྱུར་ན། གང་གི་ཚེ་སེམས་ཀྱི་སྤྱོད་ཡུལ་ཉིད་མི་འཐད་པ་དེའི་ཚེ། རྒྱུ་མཚན་སྒྲོ་བཏགས་ནས་ཚིག་གར་འཇུག་པར་འགྱུར། ཡང་ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མེད་ཅེ་ན། བསྟན་པའི་ཕྱིར། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་ཏེ། གང་གི་ཕྱིར་མ་སྐྱེས་པ་དང་མ་འགགས་པ་ཆོས་ཉིད་དེ་ཆོས་ཀྱི་ངོ་བོ་དང་། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་གཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ །སེམས་མི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ག་ལ་འགྱུར་ལ། དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ་ཞེས་བྱ་བར་གནས་སོ། །དེ་ཉིད་ཀྱི་ཕྱིར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེ་བར་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་འཆད་པར་འགྱུར་རོ། །འདི་ནི་དེ་ལྟར་མ་ཡིན་པའམ། ཡང་ན་ཕྱོགས་སྔ་མ་འདི་ནི་གཞན་ཡིན་ཏེ། །སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གང་སྨྲས་ན། ཇི་ལྟར་སྤྲོས་པ་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེ་ན། བརྗོད་པ། གང་གི་ཕྱིར། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བ་ལ་སོགས་པ་སྟེ། སྔ་མ་བཞིན་དུ་བཤད་པར་བྱའོ། །རྣམ་པ་གཅིག་ཏུ་ན་འདི་སྐད་དུ། སྔར་ནང་དང་ཕྱིའི་དངོས་པོ་མ་དམིགས་པས་ནང་དང་ཕྱི་རོལ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པ་ཟད་པ་གང་ཡིན་པ་དེ་ནི་འདིར་དེ་ཁོ་ན་ཉིད་ཡིན་ནོ་ཞེས་གང་བཤད་ན། དེ་ཅི་འདྲ་བ་ཞིག་ཡིན་ཞིང་། ཅི་དེ་བརྗོད་པའམ་ཤེས་པར་བྱ་བར་ནུས་སམ་ཞེ་ན། འདི་ལྟར། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །དེ་ཁོ་ན་ཉིད་དེ་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་རྒྱུ་ཅིའི་ཕྱིར་དེ་ཁོ་ན་ཉིད་དེ་བརྗོད་པར་བྱ་བ་ལྡོག་ཅིང་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་ཏེ། བཤད་པ་ནི་སྔ་མ་ཁོ་ན་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ་ཞེས་གསུངས་སོ། །འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །ཇི་ལྟར་རླུང་བསྐུལ་སྒྲ་འབྱུང་བ། །དེ་ལ་དཀྲོལ་བྱེད་མེད་མོད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་འགྱུར་བ། །དེ་བཞིན་ལེགས་པར་སྔར་སྦྱངས་ཤིང་། །སེམས་ཅན་བསམ་པས་བསྐུལ་གྱུར་པ། །སངས་རྒྱས་གསུང་ནི་འབྱུང་འགྱུར་ཡང་། །འདི་ལ་རྟོག་པ་ཡོད་མི་མངའ། །ཇི་ལྟར་བྲག་ཅའི་སྒྲ་ནང་དང་། །ཕྱི་རོལ་གནས་པ་མ་ཡིན་པ། །དེ་བཞིན་མི་ཡི་དབང་པོའི་གསུང་། །ནང་དང་ཕྱི་རོལ་གནས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །འདིར་ཁ་ཅིག་དབུ་མ་པ་ནི་མེད་པ་པ་དང་ཁྱད་པར་མེད་པ་ཡིན་ཏེ། གང་གི་ཕྱིར་དགེ་བ་དང་མི་དགེ་བའི་ལས་དང་། བྱེད་པ་པོ་དང་། འབྲས་བུ་དང་། འཇིག་རྟེན་ཐམས་ཅད་རང་བཞིན་གྱིས་སྟོང་པར་སྨྲ་བ་ཡིན་ལ། མེད་པ་པ་དག་ཀྱང་དེ་དག་མེད་དོ་ཞེས་སྨྲ་བར་བྱེད་པ་ཡིན་པ་དེའི་ཕྱིར། དབུ་མ་པ་ནི་མེད་པ་པ་དང་ཁྱད་པར་མེད་དོ་ཞེས་རྒོལ་བར་བྱེད་དོ། །དེ་ལྟར་ནི་མ་ཡིན་ཏེ། དབུ་མ་པ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ། །མེད་པ་པ་དག་གིས་ནི་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སྒོ་ནས་འཇིག་རྟེན་ཕ་རོལ་ལ་སོགས་པ་དངོས་པོ་མེད་པར་རྟོག་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འཇིག་རྟེན་འདིའི་དངོས་པོའི་རྣམ་པ་རང་བཞིན་གྱིས་དམིགས་ནས་དེ་འཇིག་རྟེན་ཕ་རོལ་ནས་འདིར་འོང་བ་དང་། འཇིག་རྟེན་འདིས་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་མ་མཐོང་ནས་འཇིག་རྟེན་འདིར་དམིགས་པའི་དངོས་པོ་དང་འདྲ་བའི་དངོས་པོ་གཞན་ལ་སྐུར་པ་འདེབས་པར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་དེ་དག་གིས་དངོས་པོའི་རང་གི་ངོ་བོར་ཡོད་པ་མ་ཡིན་པ་ཉིད་ལ་མེད་པ་ཉིད་དུ་རྟོག་པའི་ཕྱིར་རེ་ཞིག་ལྟ་བ་འདིའི་སྒོ་ནས་མཚུངས་པ་ཡོད་དོ་ཞེ་ན། མེད་དེ། དབུ་མ་པ་དག་གིས་ནི་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པའི་ཕྱིར་ལ། དེ་དག་གིས་ཁས་མ་བླངས་པའི་ཕྱིར་མི་མཚུངས་པ་ཉིད་དོ། །གལ་ཏེ་དངོས་པོ་མ་གྲུབ་པར་མཚུངས་སོ་ཞེ་ན། གལ་ཏེ་ཡང་དངོས་པོ་མ་གྲུབ་པ་མཚུངས་པ་ཉིད་ཡིན་པ་དེ་ལྟ་ན་ཡང་རྟོགས་པ་པོ་ཐ་དད་པས་མི་མཚུངས་པ་ཉིད་དོ། །འདི་ལྟར་དཔེར་ན་རྐུ་བྱས་པའི་མི་ཞིག་ལ། གཅིག་གིས་ནི་ཡང་དག་པར་མི་ཤེས་བཞིན་དུ་དེ་དང་མི་མཛའ་བས་སྦུད་ནས་འདིས་བརྐུས་སོ་ཞེས་དེ་ལ་ལོག་པར་སྨྲ་བར་བྱེད་ལ། གཞན་ནི་དངོས་སུ་མཐོང་ནས་སུན་འབྱིན་པར་བྱེད་དོ། །དེ་ལ་དངོས་པོ་ཐ་དད་པ་མེད་མོད་ཀྱང་དེ་ལྟ་ན་ཡང་། རྟོགས་པ་པོ་ཐ་དད་པས་གཅིག་ལ་ནི་དེར་བརྫུན་དུ་སྨྲའོ་ཞེས་བརྗོད་ལ། གཞན་ལ་ནི་བདེན་པར་སྨྲའོ་ཞེས་བྱའོ། །གཅིག་ལ་ནི་ཡང་དག་པར་བརྟགས་པ་ན་གྲགས་པ་མ་ཡིན་པ་དང་ཁ་ན་མ་ཐོ་བར་འགྱུར་ལ། གཞན་ལ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་དངོས་པོའི་རང་གི་ངོ་བོ་ཐ་མི་དད་ཀྱང་དབུ་མ་པ་དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རིག་པ་རྣམས་ཁོང་དུ་ཆུད་པ་དང་སྨྲ་བ་ན། མེད་པ་པ་དངོས་པོའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་རིག་པ་མ་ཡིན་པ་དག་དང་ལྷན་ཅིག་ཤེས་པ་དང་བརྗོད་པ་དག་མཚུངས་པར་ཡོད་པ་མ་ཡིན་ནོ། །སྔོན་གྱི་སློབ་དཔོན་དག་ནི་ཇི་ལྟར་སོ་སོའི་སྐྱེ་བོ་དང་འཕགས་པ་གཉིས་ཀྱི་སོ་སོར་མ་བརྟགས་པ་དང་སོ་སོར་བརྟགས་པའི་བཏང་སྙོམས་དག་བཏང་སྙོམས་སུ་མཚུངས་པ་དང་། ཇི་ལྟར་དམུས་ལོང་དང་མིག་དང་ལྡན་པ་གཉིས་ཀྱིས་ཡུལ་ཕྱོགས་ངེས་པར་མཚུངས་ཀྱང་ཁྱད་པར་ཆེན་པོ་ཡོད་པ་དེ་བཞིན་དུ་མེད་པ་པ་དག་དང་། དབུ་མ་པ་རྣམས་ལ་ཡང་ཁྱད་པར་ཡོད་པར་འགྱུར་རོ་ཞེའོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས་པ་ཡིན་ལ། དེ་ལ་ངག་དང་སེམས་དག་འཇུག་པ་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་། དེ་མ་བསྟན་ན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་མི་ནུས་པས། གདུལ་བྱའི་སྐྱེ་བོ་རྣམས་དེ་ལ་འཇུག་པར་བྱ་བའི་ཕྱིར་གདོན་མི་ཟ་བར་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ཇི་ཞིག་ལྟར་དེ་བསྟན་པའི་རིམ་པ་ཞིག་ཡོད་དགོས་པས་དེ་བརྗོད་པར་བྱའོ། །བརྗོད་པ། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་བསྟན་པའི་རིམ་པ་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། གང་འདི། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་བྱའོ། །དེ་ལ། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་བྱ་བ་དང་། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པ། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་བྱ་བ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་བྱ་བའི་ལུང་ལས་ན་ཐོག་མ་ཁོ་ནར་རེ་ཞིག་བཅོམ་ལྡན་འདས་ཀྱིས་གང་གིས་ན་དེ་ལྟར་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་ཐོག་མར་རླུང་གིས་དཀྱིལ་འཁོར་ནས་སྲིད་པའི་རྩེ་མོ་ལ་ཐུག་པ། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པའི་སྐྱེ་བ་དང་། གནས་པ་དང་འཇིག་པ་ཕྱིན་ཅི་མ་ལོག་པ་རབ་ཏུ་དབྱེ་བ་སྣ་ཚོགས་པ་དང་བཅས་པ། རྒྱུ་དང་བཅས་པ། འབྲས་བུ་དང་བཅས་པ། རོ་མྱང་བ་དང་བཅས་པ། ཉེས་དམིགས་དང་བཅས་པ། ཉེ་བར་བསྟན་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་ཞིང་ཐམས་ཅད་གཟིགས་པ་འདི་ནི་འཇིག་རྟེན་གྱི་བྱུང་ཚུལ་མ་ལུས་པ་མཁྱེན་པ་ཡིན་ནོ་སྙམ་དུ་བདག་ཉིད་ལ་འཇིག་རྟེན་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དེའི་ལྟ་བ་ལ་ལྟོས་ནས། གདུལ་བྱའི་སྐྱེ་བོ་རང་ལ་གྲགས་པའི་དངོས་པོ་རབ་ཏུ་དབྱེ་བ་དང་། རང་གི་ངོ་བོའི་རྣམ་པར་ཕྱེ་བ་ཐོས་ནས་མོས་པ་མངོན་པར་འདོད་པ་སྐྱེས་པ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་རིག་པའི་རབ་རིབ་ཅན་དག་གིས་བདེན་པར་བརྟགས་པ་གང་ཡིན་པ་དེ་ཉིད་བདེན་ནོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་གདུལ་བྱའི་སྐྱེ་བོ་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་དུ་བློ་སྐྱེས་པ་ལ་དུས་ཕྱིས། དེ་དག་ཐམས་ཅད་ཡང་དག་མིན། །ཞེས་བསྟན་ཏོ། །དེ་ལ་ཡང་དག་པ་ཞེས་བྱ་བ་ནི་གང་ལ་གཞན་དུ་འགྱུར་བ་ཉིད་མེད་པ་ལ་བྱ་ན། སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་འདུས་བྱས་རྣམས་ལ་ནི་གཞན་དུ་འགྱུར་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་དུ་འགྱུར་བ་ཡོད་པས་ཡང་དག་པ་མ་ཡིན་ནོ། །འང་གི་སྒྲ་ནི་དང་གི་དོན་ཏེ། ཐམས་ཅད་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཞེས་བསྟན་པ་སྡུད་པར་བལྟ་བར་བྱའོ། །ཁ་ཅིག་ལ་ནི་འདི་དག་ཐམས་ཅད། །ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་བསྟན་ཏོ། །དེ་ལ་བྱིས་པའི་སྐྱེ་བོ་ལ་ལྟོས་ནས་ནི་འདི་དག་ཐམས་ཅད་ཡང་དག་པ་ཡིན་ལ། འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ནི་འདི་དག་ཐམས་ཅད་བརྫུན་པ་སྟེ། འདི་དག་གིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལྟ་བ་ལ་ཡུན་རིང་པོ་ནས་གོམས་པ་སྒྲིབ་པ་ཅུང་ཟད་ཙམ་མ་བཀྲོལ་བ་ཁ་ཅིག་ལ་ནི། དེ་དག་ཡང་དག་མིན་མིན་ཡང་དག་མིན་ཞེས་བསྟན་ཏེ། སྒྲིབ་པ་ཅུང་ཟད་ཙམ་པོ་དེ་ཡང་སྤང་བར་བྱ་བའི་ཕྱིར་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་བཀག་པ་ལྟར་དེ་གཉི་ག་ཡང་བཀག་པ་ཡིན་ནོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྗེས་སུ་བསྟན་པ་སྟེ། ལམ་གོལ་པ་ནས་བཟློག་ནས་ལམ་བཟང་པོ་ལ་འགོད་པ་ནི་བསྟན་པའོ། །དེ་ལྟར་མཐར་གྱིས་སྟོན་པ་ནི་རྗེས་སུ་སྟོན་པའོ། །ཡང་ན་གདུལ་བྱའི་སྐྱེ་བོ་དང་འཚམ་པར་སྟོན་པ་ནི་རྗེས་སུ་སྟོན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་དེ་དག་ཐམས་ཅད་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་ཉིད་དུ་རྣམ་པར་གནས་སོ། །དེ་བཞིན་གཤེགས་པ་རྣམས་ནི་གསུང་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་མི་གསུང་སྟེ། ནད་དང་རྗེས་སུ་མཐུན་པའི་སྨན་ཉེ་བར་སོགས་པ་ལྟར་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བར་བཞེད་པས་ཇི་ལྟར་འཚམ་པ་ལྟར་སྟོན་པར་མཛད་པ་ཡིན་ནོ། །ཇི་སྐད་དུ་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང་། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་བཤད་དོ། །གང་ལ་འཇུག་པར་བྱ་བའི་ཕྱིར་བསྟན་པ་འདི་དག་སྟོན་པའི་དེ་ཁོ་ན་ཉིད་དེ་མཚན་ཉིད་ཅི་དང་ལྡན་པ་ཞིག་ཅེ་ན། བརྗོད་པར་བྱ་བ་བཟློག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་འདི་ནི་ཁོ་བོ་ཅག་གིས་བཤད་ཟིན་ཏོ། །གང་གི་ཚེ་འདི་དེ་ལྟ་བུ་ཡིན་པ་དེའི་ཚེ་གཞན་ཡང་ཅི་ཞིག་དྲིར་ཡོད། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་འཇིག་རྟེན་པའི་ཐ་སྙད་ཁས་བླངས་པ་ལྟར་ཐ་སྙད་ཀྱི་བདེན་པའི་ངོར་སྒྲོ་བཏགས་ནས་དེའི་མཚན་ཉིད་ཀྱང་བརྗོད་པར་བྱ་དགོས་སོ་ཞེ་ན། དེ་བརྗོད་པར་བྱ་སྟེ། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །དེ་ལ་འདི་ལ་གཞན་ལས་ཤེས་པ་ཡོད་པ་མ་ཡིན་པས་ན་གཞན་ལས་ཤེས་མིན་ཏེ། གཞན་གྱིས་བསྟན་པས་རྟོགས་པར་བྱ་བ་མ་ཡིན་གྱི། རང་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རབ་རིབ་ཅན་དག་གིས་སྐྲ་ཤད་ལ་སོགས་པའི་ངོ་བོ་ཕྱིན་ཅི་ལོག་མཐོང་བ་ན། རབ་རིབ་མེད་པས་བསྟན་དུ་ཟིན་ཀྱང་། རབ་རིབ་མེད་པ་ལྟར་སྐྲ་ཤད་ལ་སོགས་པའི་རང་གི་ངོ་བོ་མ་མཐོང་བའི་ཚུལ་གྱིས་རྟོགས་པར་བྱ་བ་ཇི་ལྟར་གནས་པ་བཞིན་རྟོགས་པར་མི་ནུས་ཀྱི། འོ་ན་ཅི་ཞེ་ན། རབ་རིབ་མེད་པས་བསྟན་པ་ལས་འདི་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བ་འདི་ཙམ་ཞིག་ཏུ་ནི་རྟོགས་པར་འགྱུར་ལ། གང་གི་ཚེ་རབ་རིབ་སེལ་བའི་མིག་སྨན་བསྐུས་པས་རབ་རིབ་མེད་པར་གྱུར་པ་དེའི་ཚེ་ནི་སྐྲ་ཤད་ལ་སོགས་པའི་རང་གི་ངོ་བོ་དེ་མ་རྟོགས་པའི་ཚུལ་གྱིས་རྟོགས་པར་འགྱུར་བ་དེ་བཞིན་དུ། འཕགས་པ་རྣམས་སྒྲོ་བཏགས་པའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་མོད་ཀྱི་དེ་ལྟ་ན་ཡང་དེ་ཙམ་གྱིས་འཕགས་པ་མ་ཡིན་པ་རྣམས་ཀྱིས་དེའི་རང་གི་ངོ་བོ་རྟོགས་པར་མི་འགྱུར་ལ། གང་གི་ཚེ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་ལྟ་བ་མ་རིག་པའི་རབ་རིབ་སེལ་བར་བྱེད་པའི་མིག་སྨན་གྱིས་བློའི་མིག་དག་ལ་བསྐུས་པར་གྱུར་པ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་པར་གྱུར་པ་དེའི་ཚེ་དེ་ཁོ་ན་ཉིད་དེ་མ་རྟོགས་པའི་ཚུལ་གྱིས་རང་ཉིད་ཀྱིས་རྟོགས་པར་འགྱུར་ཏེ། དེ་ལྟར་ན་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་གཞན་ལས་ཤེས་པ་མ་ཡིན་པ་དེ་ནི་དེ་ཁོ་ན་ཉིད་དོ། །དེ་ནི་ཞི་བའི་རང་བཞིན་ཏེ། རབ་རིབ་མེད་པས་སྐྲ་ཤད་མ་མཐོང་བ་ལྟར་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་ནི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །སྤྲོས་པ་ནི་ངག་སྟེ་དོན་རྣམས་སྤྲོ་བར་བྱེད་པའི་ཕྱིར་རོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་ནི་ངག་དག་གིས་མ་བརྗོད་པའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ནི་རྣམ་པར་རྟོག་པ་མེད་པ་ཡང་ཡིན་ཏེ། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན། དེ་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན། ཡི་གེ་རྣམས་ལ་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེ་ལྟར་ན་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །འདི་ལ་དོན་ཐ་དད་པ་ཡོད་པས་ན། དོན་ཐ་དད་པས་ཏེ་དོན་སོ་སོ་བའོ། །དོན་ཐ་དད་པ་མེད་པ་ནི་དོན་ཐ་དད་པ་མིན་པ་སྟེ། དོན་སོ་སོ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པའི་མདོ་ལས། ལྷའི་བུས་སྨྲས་པ། འཇམ་དཔལ་དོན་དམ་པའི་སྦྱོར་བ་ནི་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དག་དོན་དམ་པར་ན་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། གཏན་མ་སྐྱེས་པ་གང་དུ་མཚུངས་པ་དེར་དོན་དམ་པར་མཚམས་མེད་པ་རྣམས་ཀྱང་མཚུངས་སོ། །མཚམས་མེད་པ་རྣམས་དོན་དམ་པར་གང་དུ་མཚུངས་པ་དེར་ནི་ལྟ་བར་གྱུར་པ་རྣམས་ཀྱང་མཚུངས་སོ། །ལྟ་བར་གྱུར་པ་རྣམས་གང་དུ་མཚུངས་པ་དེར་ནི་སོ་སོ་སྐྱེ་བོའི་ཆོས་རྣམས་ཀྱང་མཚུངས་སོ། །སོ་སོ་སྐྱེ་བོའི་ཆོས་རྣམས་གང་དུ་མཚུངས་པ་དེར་ནི་སློབ་པའི་ཆོས་རྣམས་ཀྱང་མཚུངས་སོ། །སློབ་པའི་ཆོས་རྣམས་གང་དུ་མཚུངས་པ་དེར་ནི་མི་སློབ་པའི་ཆོས་རྣམས་ཀྱང་མཚུངས་སོ། །མི་སློབ་པའི་ཆོས་རྣམས་གང་དུ་མཚུངས་པ་དེར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མཚུངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་གང་དུ་མཚུངས་པ་དེར་ནི་མྱ་ངན་ལས་འདས་པ་ཡང་མཚུངས་སོ། །མྱ་ངན་ལས་འདས་པ་གང་དུ་མཚུངས་པ་དེར་ནི་འཁོར་བ་ཡང་མཚུངས་སོ། །དོན་དམ་པར་འཁོར་བ་གང་དུ་མཚུངས་པ་དེར་ནི་དོན་དམ་པར་ཀུན་ནས་ཉོན་མོངས་པ་ཡང་མཚུངས་སོ། །དོན་དམ་པར་ཀུན་ནས་ཉོན་མོངས་པ་གང་དུ་མཚུངས་པ་དེར་ནི་དོན་དམ་པར་རྣམ་པར་བྱང་བ་ཡང་མཚུངས་སོ། །དོན་དམ་པར་རྣམ་པར་བྱང་བ་གང་དུ་མཚུངས་པ་དེར་ནི་ཆོས་ཐམས་ཅད་ཀྱང་མཚུངས་སོ། །ལྷའི་བུ་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཡང་དག་པར་སྦྱོར་བའི་དགེ་སློང་ནི་དོན་དམ་པར་ཡང་དག་པར་སྦྱོར་བ་ཞེས་བྱ་སྟེ། ཇི་སྐད་བརྗོད་པ་བཞིན་དུ་མ་ཡིན་ནོ། །ལྷའི་བུས་སྨྲས་པ། མཉམ་པ་ཉིད་གང་དུ་དོན་དམ་པར་ན་རྣམ་པར་བྱང་བའི་བར་དུ་མཉམ་པ་གང་ཡིན་པ་དེར་དོན་དམ་པར་ཆོས་ཐམས་ཅད་ཀྱང་མཉམ་པ་ཞེས་བྱ་ཞེ་ན། འཇམ་དཔལ་གྱིས་སྨྲས་པ། དོན་དམ་པར་ནི་ཆོས་ཐམས་ཅད་མ་སྐྱེས་པར་མཉམ་པ་དང་། དོན་དམ་པར་ན་ཆོས་ཐམས་ཅད་མ་བྱུང་བར་མཉམ་པ་དང་། དོན་དམ་པར་ན་ཆོས་ཐམས་ཅད་གཏན་དུ་མ་སྐྱེས་པར་མཉམ་པ་དང་། དོན་དམ་པར་ན་ཆོས་ཐམས་ཅད་དངོས་པོ་མེད་པར་མཉམ་པས། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ནི་གཏན་མ་སྐྱེས་པ་ཉེ་བར་བཟུང་ནས་ཆོས་ཐམས་ཅད་ལ་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། ཁམ་པའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་དང་། རིན་པོ་ཆེའི་སྣོད་ཀྱི་ནང་གི་ནམ་མཁའ་གང་ཡིན་པ་འདི་གཉིས་ནམ་མཁའི་ཁམས་ཉིད་ཡིན་ཏེ། དེ་ལ་དོན་དམ་པར་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །ལྷའི་བུ་དེ་བཞིན་དུ་དོན་དམ་པར་གང་ཀུན་ནས་ཉོན་མོངས་པ་དེ་གཏན་མི་སྐྱེ་བ་ཉིད་དོ། །གང་རྣམ་པར་བྱང་བ་དེ་ཡང་དོན་དམ་པར་གཏན་མི་སྐྱེ་བ་ཉིད་དོ། །དོན་དམ་པར་ན་འཁོར་བ་ཡང་གཏན་མི་སྐྱེ་བ་ཉིད་དོ། །དོན་དམ་པར་ན་མྱ་ངན་ལས་འདས་པའི་བར་དུ་ཡང་གཏན་མི་སྐྱེ་བ་ཉིད་དེ། དེ་ལ་དོན་དམ་པར་ན་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པར་ན་ཆོས་ཐམས་ཅད་གཏན་མི་སྐྱེ་བའི་ཕྱིར་རོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་དོན་ཐ་དད་པ་མ་ཡིན་པ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །འདིར་ཕྱི་མ་ཕྱི་མས་བཤད་པར་ཡང་རིག་པར་བྱའོ། །དེ་ལྟར་ན་རེ་ཞིག་འཕགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཡིན་ནོ། །འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཇི་ལྟར་སཱ་ལུའི་ས་བོན་ལ་བརྟེན་ནས་སཱ་ལུའི་མྱུ་གུ་འབྱུང་བ་ལྟར་རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་ཞིག་འབྱུང་བ། དེ་ནི་རེ་ཞིག་དེ་ཉིད་དོ་ཞེས་བརྗོད་པར་ནི་མི་ནུས་སོ། །ས་བོན་གང་ཡིན་པ་དེ་ནི་མྱུ་གུ་མ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དག་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཕ་དང་བུ་གཉིས་ཀྱང་གཅིག་ཉིད་དུ་འགྱུར་རོ། །གཅིག་ཡིན་པའི་ཕྱིར་མྱུ་གུ་ལྟར་མྱུ་གུའི་གནས་སྐབས་སུ་ས་བོན་འཛིན་པར་ཡང་འགྱུར་རོ། །ཡང་ན་ས་བོན་ལྟར་མྱུ་གུ་ཡང་འཛིན་པར་མི་འགྱུར་རོ། །དེ་ལྟར་ན་ས་བོན་རྟག་པ་ཉིད་དུ་ཡང་འགྱུར་ཏེ། མི་འཇིག་པར་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་རྟག་པར་སྨྲ་བར་ཐལ་བར་འགྱུར་བས་ཉེས་པ་ཆེན་པོར་འགྱུར་ཏེ། ལས་དང་འབྲས་བུ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ས་བོན་གང་ཡིན་པ་དེ་ཉིད་མྱུ་གུ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །དེ་ལས་གཞན་པ་ཡང་མ་ཡིན་ནོ། །ས་བོན་ལས་མྱུ་གུ་གཞན་པ་ཉིད་ཀྱང་མ་ཡིན་ཏེ། ས་བོན་མེད་པར་ཡང་མྱུ་གུ་སྐྱེ་བར་ཡང་ཐལ་བར་འགྱུར་བའི་ཕྱིར་ཏེ། གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །མྱུ་གུའི་གནས་སྐབས་ན་ཡང་ས་བོན་རྒྱུན་ཆད་པ་མེད་པར་ཐལ་བར་འགྱུར་ལ། དེའི་ཕྱིར་འཆོལ་པའི་སྐྱོན་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རྒྱུ་གང་ཞིག་ལ་བརྟེན་ནས་འབྲས་བུ་གང་ཞིག་འབྱུང་བར་འགྱུར་ལ། རྒྱུ་དེ་འབྲས་བུ་ཡང་མ་ཡིན་ཞིང་། རྒྱུ་དེ་ལས་འབྲས་བུ་དེ་གཞན་པ་ཡང་མ་ཡིན་པ་དེའི་ཕྱིར་རྒྱུ་ནི་ཆད་པ་ཡང་མ་ཡིན་ཞིང་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བར་གཞག་པར་ཡང་ནུས་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ལྷས། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་ཞིང་། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །ཞེས་བཤད་དོ། །མདོ་ལས་ཀྱང་། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས། སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད་རྩིར་གྱུར་པ་དེ། །དོན་གཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མ་ཡིན། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་ཆེན་པོ་ཐུགས་རྗེ་ཆེན་པོའི་སྤྲིན་ཆེན་པོའི་ཚོགས་ཀྱིས་ཕྱོགས་ཀྱི་དཀྱིལ་འཁོར་ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པ་བར་མཚམས་མེད་པར་ཁེབས་པར་མཛད་པ། འགྲོ་བ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་མངོན་དུ་རྒྱུའི་ཉི་མའི་དཀྱིལ་འཁོར་ཤིན་ཏུ་ཆེས་ཚ་བས་གདུངས་པའི་གདུང་བ་ཉེ་བར་ཞི་བ་ལྷུར་མཛད་པ། རྟག་པར་རྒྱུན་མི་ཆད་པར་ཇི་ལྟར་འཚམ་པར་སྤྱོད་པ་རྣམས་ཀྱི་གཉེན་པོར་གྱུར་པ། དམ་པའི་ཆོས་སྟོན་པའི་བདུད་རྩིའི་རྒྱུན་དག་འབེབས་པས་ཇི་ལྟར་འོས་པར་གདུལ་བའི་སྐྱེ་བོའི་དགེ་བའི་རྩ་བའི་ལོ་ཏོག་གི་མྱུ་གུ་སྐྱེས་པ་སྤེལ་བས་རྗེས་སུ་བཟུང་བར་བཞེད་པ། རྟག་ཏུ་དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་འབེབས་པ། འཇིག་རྟེན་པ་སྐྱོབ་པ་མེད་པའི་སྐྱོབ་པ། མགོན་མེད་པའི་མགོན། འཇིག་རྟེན་མགོན་པོ་རྣམས་ཀྱི་དམ་པའི་ཆོས་ཀྱི་བདུད་རྩི་རྒ་བ་དང་འཆི་བ་གཏན་གཅོད་པ་དེ་ནི། ཇི་སྐད་བསྟན་པའི་ཚུལ་གྱིས་གཅིག་དང་ཐ་དད་པ་ཉིད་དང་བྲལ་བ་དང་། ཆད་པ་དང་རྟག་པར་སྨྲ་བ་དང་བྲལ་བར་ཤེས་པར་བྱའོ། །ཉན་ཐོས་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་བདུད་རྩི་འདི་ལ་ཞུགས་པ། ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་རབ་ཏུ་ཞུགས་པ་རྣམས་ཀྱིས་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་གསུམ་གྱི་བདུད་རྩི་ཉེ་བར་སྤྱད་པའི་ཕྱིར་ངེས་པ་ཁོ་ནར་རྒ་ཤི་ཟད་པའི་ངོ་བོ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །ཅི་སྟེ་ཡང་ཇི་ཞིག་ལྟར་འདིར་དགེ་བའི་རྩ་བ་མ་སྨིན་པ་ཉིད་ཀྱིས་དམ་པའི་ཆོས་ཀྱི་བདུད་རྩི་འདི་ཐོས་སུ་ཟིན་ཀྱང་ཐར་པ་མ་ཐོབ་ན་ནི། དེ་ལྟ་ནའང་དེ་དག་སྐྱེ་བ་གཞན་དུའང་སྔོན་གྱི་རྒྱུའི་སྟོབས་ཉིད་ལས་གྲུབ་པ་ངེས་པར་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །ཇི་སྐད་དུ་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་དོ། །ཅི་སྟེ་ཡང་ཇི་ཞིག་ལྟར། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན་སྟེ། གྱུར་པའི་ཚེ་འཕགས་པའི་ལམ་སྟོན་པར་བྱེད་པའི་རྐྱེན་མ་ཚང་བས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་མ་ཐོབ་པར་གྱུར་པ། དེ་ལྟ་ན་ཡང་སྔོན་ཚེ་རབས་གཞན་དུ་དེ་ཁོ་ན་ཉིད་ཐོས་པའི་རྒྱུའི་སྟོབས་ཁོ་ན་ལས་འཇིག་རྟེན་འདིའི་ཉེ་བར་བསྟན་པ་ལ་ལྟོས་པ་དང་བྲལ་ཡང་རྐྱེན་རྣམ་པར་དབེན་པ་རྟེན་པ་ཙམ་ཐོབ་པ། རང་འབྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །རྟེན་པ་མེད་པ་ནི་ལུས་དང་སེམས་དག་དབེན་པའམ། དགེ་བའི་བཤེས་གཉེན་ཡོངས་སུ་མི་ཚོལ་བ་སྟེ། རྟེན་མེད་པའི་རྒྱུ་དེ་ལས་སོ། །གང་གི་ཕྱིར་སངས་རྒྱས་མི་འབྱུང་བའི་དུས་སུ་རང་སངས་རྒྱས་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་དེའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པའི་རྒྱལ་པོས་གསུངས་པ་དམ་པའི་ཆོས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཇི་སྐད་དུ་བཤད་པ་དེ་འབྲས་བུ་ཡོད་པར་གྲུབ་པ་ཤེས་པར་བྱའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཤེས་རབ་ཅན་རྣམས་ཀྱིས་སྲོག་དག་ཀྱང་བཏང་སྟེ་དེ་ཁོ་ན་ཉིད་བཙལ་བར་འོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བཅོམ་ལྡན་འདས་མ་ཇི་ལྟར་བཙལ་བ་བཞིན་ནོ། །ཇི་སྐད་དུ། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ཡོངས་སུ་བཙལ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་ཚོལ་བ་ན། ལུས་ལ་ཆེད་ཆེར་མི་བྱེད། སྲོག་ལ་མི་ལྟ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་མི་གནས་པར་ཡོངས་སུ་བཙལ་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཚོལ་ཞིང་འབྲོག་དགོན་པ་ཞིག་ཏུ་ཕྱིན་པ་ན་བར་སྣང་ལས་སྒྲ་ཐོས་པར་གྱུར་ཏེ། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཤིག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་གྱི་ཅི་ནས་ལུས་ངལ་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་། གཉིད་དང་རྨུགས་པ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་། བཟའ་བ་ཡིད་ལ་བྱེད་པ་མི་སྐྱེད་པ་དང་ཞེས་བྱ་བ་ནས་ནང་ངམ་ཕྱི་རོལ་གང་ལ་ཡང་སེམས་སྨོན་པར་མ་བྱེད་ཅིག རིགས་ཀྱི་བུ་གཡོན་དུ་མ་ལྟ་བར་སོང་ཤིག གཡས་སུ་མ་ཡིན། ཤར་དུ་མ་ཡིན། ནུབ་ཏུ་མ་ཡིན། བྱང་དུ་མ་ཡིན། སྟེང་དུ་མ་ཡིན། འོང་ཏུ་མ་ཡིན། ཕྱོགས་མཚམས་སུ་ཡང་མ་ལྟ་བར་སོང་ཤིག རིགས་ཀྱི་བུ་ཇི་ལྟར་བདག་ལས་མ་ཡིན་འཇིག་ཚོགས་ལས་ཀྱང་མ་གཡོས་པ་དང་། ཇི་ལྟར་གཟུགས་ལས་ཀྱང་མ་གཡོས་པ་དང་། ཇི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ཇི་ལྟར་རྣམ་པར་ཤེས་པ་ལས་ཀྱང་མ་གཡོས་པ་དེ་ལྟར་སོང་ཤིག གང་འདི་ལས་གཡོས་པ་དེ་ནི་རྣམ་པར་ཉམས་པར་འགྱུར་རོ། །ཅི་ལས་ཉམས་པར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་འགྱུར་རོ། །གང་སངས་རྒྱས་ཀྱི་ཆོས་རྣམས་ལས་ཉམས་པར་གྱུར་པ་དེ་ནི་འཁོར་བ་ལ་སྤྱོད་དོ། །གང་འཁོར་བ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་མི་འཐོབ་བོ་ཞེས་བྱ་བའི་བར་ནས། ཆུ་དེ་དག་མི་སྣང་བར་བྱས་ནས་ཀུན་ཏུ་ཆུ་བཙལ་ན་ཆུ་མ་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདི་ཆག་ཆག་གདབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ། ས་ཕྱོགས་འདི་ནས་རྡུལ་གྱི་ཁམས་བྱུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ལུས་ལ་ཕོག་ན་མི་རུང་ན། བདག་གི་ལུས་གདོན་མི་ཟ་བར་འཇིག་པ་འདིས་ཅི་ཞིག་བྱ། བདག་གི་ལུས་འདི་ལྟ་བུའི་བྱ་བ་ལ། འཇིག་པ་ནི་བླའི། ནུས་པ་མེད་པའི་བྱ་བ་ལ་འདོད་པའི་ཕྱིར་དང་། འདོད་པའི་གཞིས་འཁོར་བ་དག་ན་འཁོར་བ་ན་བདག་གི་ལུས་བརྒྱ་སྟོང་མང་པོ་དེ་ལྟ་བུའི་གནས་སུ་ཞིག་པ་ནི་ཅིར་ཡང་མ་རུང་ངོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་མཚོན་རྣོན་པོ་བླངས་ཏེ། བདག་གི་ལུས་ཀུན་ཏུ་ཕུག་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་ཁོ་ར་ཁོར་ཡུག་ཏུ་ཆག་ཆག་བཏབ་པོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་མཐོང་མ་ཐག་ཏུ་འདི་ལྟ་སྟེ། དཔེར་ན་དགེ་སློང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་དགེ་སློང་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དེ་བཞིན་དུ་བདེ་བ་དེ་ལྟ་བུ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་དབེན་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དོ། །ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་པ་ཉིད་དོ། །ཆོས་ཐམས་ཅད་ཁེངས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་འགག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་དོ། །ནམ་མཁའ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་བྱ་བའི་བར་དང་། ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས་པ་ཉིད་དོ། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། བདག་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་པ་ཉིད་དེ། དེ་དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིར་དུས་གསུམ་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་ནི་བཅོམ་ལྡན་འདས་ཀྱིས་བསྟན་ལ། དེ་དག་ཀྱང་དངོས་པོའི་རྟེན་ཅན་ཡིན་ཏེ། གང་གི་ཕྱིར་དངོས་པོའི་རང་བཞིན་སྐྱེས་ནས་འགགས་པ་ལ་ནི་འདས་པ་ཞེས་བསྙད་ལ། སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་ཡིན་ཞིང་། བདག་གི་དངོས་པོ་མ་རྙེད་པ་ནི་མ་འོངས་པ་ཡིན་ནོ། །དེ་ལྟར་ན་དངོས་པོའི་རང་བཞིན་གྱི་རྒྱུ་ཅན་དུས་གསུམ་ལྟར་ན། དེ་དག་ཀྱང་ཡོད་པ་ཡིན་ཏེ། དེའི་ཕྱིར་དེའི་རྒྱུ་དངོས་པོའི་རང་བཞིན་ཡང་ཡོད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་དུས་གསུམ་ཉིད་ཡོད་ན། །དུས་གསུམ་དུ་གདགས་པའི་རྒྱུ་དངོས་པོའི་རང་བཞིན་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་འདུས་ན་ཡོད་པར་འགྱུར་ཞེས་གསུངས་ཏེ། འདིར་གལ་ཏེ་རེ་ཞིག་ད་ལྟར་དང་མ་འོངས་པའི་དུས་དག་ཡོད་ན། དེ་དག་འདས་པའི་དུས་ལ་ལྟོས་པའམ་མ་ལྟོས་པ་ཡོད་པར་འགྱུར་གྲང་། དེ་ལ་གལ་ཏེ་འདས་པ་ལ་ལྟོས་ནས་གྲུབ་ན་ནི། དེའི་ཚེ་ངེས་པར་དག་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། གང་གི་ཕྱིར་གང་ཞིག་གང་ན་ཡོད་པ་མ་ཡིན་པ་དེ་ནི་དེ་ལ་ལྟོས་པ་མ་ཡིན་ཏེ། དཔེར་ན་རང་གི་བུ་མོ་མོ་གཤམ་དང་། རག་གི་མེ་ཏོག་ནམ་མཁའ་དང་རང་གི་ཏིལ་མར་བྱེ་མ་དག་ལ་མི་ལྟོས་པ་བཞིན་ནོ། །གལ་ཏེ་སྒྲོན་མའི་རང་གི་ངོ་བོ་ལ་མུན་པ་མེད་ཀྱང་འགལ་ཟླ་ཉིད་དུ་ལྟོས་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ཡང་བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་འདིར་གལ་ཏེ་ལྟོས་པ་གྲུབ་པར་བྱ་བའི་ཕྱིར་ད་ལྟར་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འདོད་ན་ནི། དེ་ལྟར་ན། འདས་པའི་དུས་ན་ཡོད་པའི་ཕྱིར་འདས་པའི་དུས་ཀྱི་རང་གི་བདག་ཉིད་ལྟར། དེ་དག་ཀྱང་འདས་པའི་དུས་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདས་པར་ཡང་མི་འགྱུར་ཏེ། གང་གི་ཕྱིར་ད་ལྟར་ལས་འདས་པ་ནི་འདས་པ་ཡིན་ལ། མ་ཐོབ་པ་ནི་མ་འོངས་པ་ཡིན་ནོ་ཞེས་བྱ་བ་ཡིན་ན། གང་གི་ཚེ་ད་ལྟར་དང་མ་འོངས་པ་དག་ཡོད་པ་མ་ཡིན་པ་ཉིད་དུ་གྱུར་པ་དེའི་ཚེ་གང་ཞིག་འདས་པ་ཉིད་དུ་འགྱུར་བ་ག་ལ་ཡོད། དེའི་ཕྱིར་འདས་པར་ཡང་མི་འགྱུར་རོ། །ཅི་སྟེ་ཇི་སྐད་དུ་བཤད་པའི་སྐྱོན་སྤང་བར་འདོད་ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །གལ་ཏེ་ད་ལྟར་བ་དང་མ་འོངས་པའི་དུས་དེ་དག་འདས་པའི་དུས་དེ་ན་མེད་པར་རྟོག་ན། དེ་ལྟ་ན་ཡང་དེ་ན་ཡོད་པ་མ་ཡིན་པས། ནམ་མཁའི་ཨུཏྤལ་ལྟར་ལྟོས་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་དུས་སྨྲ་བ་རྣམས་ཀྱི་ལྟར་ན་དུས་ཡོད་པ་ཉིད་ཡིན་ན། དེ་ལ་ལྟོས་པས་དགོས་པ་ཅི་ཡོད་སྙམ་ན། བརྗོད་པ་དེ་ལྟ་ན་ཡང་། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ད་ལྟར་བྱུང་བ་དང་མ་འོངས་པ་དག་ཡོད་པ་མ་ཡིན་ཏེ། འདས་པ་ལ་མི་ལྟོས་པའི་ཕྱིར་བོང་བུའི་རྭ་བཞིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟར་ན་ཇི་ལྟར་འདས་པ་ལ་ལྟོས་པའམ་མ་ལྟོས་པ་ཡང་རུང་སྟེ། ད་ལྟར་བྱུང་བ་དང་མ་འོངས་པ་དག་གྲུབ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ད་ལྟར་བྱུང་བ་ལ་ལྟོས་སམ་མ་ལྟོས་ཀྱང་རུང་སྟེ། འདས་པ་དང་མ་འོངས་པ་དག་གམ། མ་འོངས་པ་ལ་ལྟོས་སམ་མ་ལྟོས་ཀྱང་རུང་སྟེ། འདས་པ་དང་ད་ལྟར་བྱུང་བ་དག་མ་གྲུབ་པར་ཤེས་པ་ན། ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་ལྟོས་སམ་མ་ལྟོས་ཀྱང་རུང་སྟེ་མ་གྲུབ་པའི་རིམ་པའི་ཚུལ་འདི་ཉིད་དང་སུན་དབྱུང་བ་མཚུངས་པར་བསྒྲེ་བའི་ཕྱིར། རིམ་པའི་ཚུལ་ནི་འདི་ཉིད་ཀྱི། །ལྷག་མ་གཉིས་པོ་བསྣོར་བ་དང་། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །ཞེས་གསུངས་སོ། །ཇི་ལྟར་ཞེ་ན། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་དུས་ཡོད་པར་འགྱུར། །འདས་པ་དང་ནི་མ་འོངས་དུས། །གལ་ཏེ་དེ་ནི་མེད་གྱུར་ན། །འདས་པ་དང་ནི་མ་འོངས་དུས། །ཇི་ལྟར་དེ་ལ་ལྟོས་པར་གྱུར། །ད་ལྟར་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་འདས་པ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ཞེས་བྱ་སྟེ། རེ་ཞིག་འདི་ནི་དུས་བསྣོར་བ་གཅིག་ཡིན་ནོ། །འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་ལྟོས་གྱུར་ན། །འདས་པ་དང་ནི་ད་ལྟར་བྱུང་། །མ་འོངས་དུས་ན་ཡོད་པར་འགྱུར། །འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་ད་ལྟར་བྱུང་། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །མ་འོངས་པ་ལ་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་འདས་པ་དང་། །ད་ལྟར་དུས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་འདི་ནི་དུས་བསྣོར་བ་གཉིས་པ་སྟེ། དེ་ལྟར་དུས་བསྣོར་བ་གཉིས་ཁོང་དུ་ཆུད་པར་བྱའོ། །གང་གི་ཕྱིར་རྣམ་པར་དཔྱད་པ་ན། དུས་གསུམ་མེད་པ་དེའི་ཕྱིར་དུས་ཡོད་པ་མ་ཡིན་ལ། དུས་མེད་པས་དངོས་པོའི་རང་བཞིན་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཇི་ལྟར་དུས་གསུམ་པོ་འདི་རྣམ་པར་དཔྱད་པ་དེ་བཞིན་དུ། མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ་སྟེ། མཆོག་དང་ཐ་མ་འབྲིང་ལ་སོགས། །ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་དང་། སྐྱེ་བ་དང་གནས་པ་དང་མི་རྟག་པ་རྣམས་དང་། སྔོན་གྱི་མཐའ་དང་དབུས་ཀྱི་མཐའ་དང་ཕྱི་མའི་མཐའ་རྣམས་དང་། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དག་དང་། སློབ་པ་དང་མི་སློབ་པ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ལ་སོགས་པ་དངོས་པོ་གསུམ་དང་འབྲེལ་པར་གནས་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བསྡུའོ། །གཅིག་ལ་སོགས་པའང་ཞེས་བྱ་བའི་སོགས་པའི་སྒྲ་འདིས་ནི་གཉིས་པ་དང་མང་པོ་དག་སྡུད་དོ། །མཆོག་ལ་སོགས་པ་དག་དང་། །གཅིག་ལ་སོགས་པ་དེ་རྣམས་ནི། །དུས་གསུམ་རྣམ་པར་བཤད་པས་བཤད་པར་རིག་པར་བྱའོ། །འདིར་སྨྲས་པ། དུས་ནི་ཡོད་པ་ཉིད་དེ། ཚད་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འདིར་གང་མེད་པ་དེ་ལ་ནི་ཚད་དང་ལྡན་པ་ཉིད་ཡོད་པ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དུས་ལ་ནི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཉིན་མོ་དང་། མཚན་མོ་དང་། ཉིན་མཚན་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་དང་། ཉི་མ་ནུར་བ་དང་། ལོ་ལ་སོགས་པའི་དབྱེ་བས་ཚད་དང་ལྡན་པ་ཉིད་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་ཚད་དང་ལྡན་པ་ཉིད་ཀྱི་ཕྱིར་དུས་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། གལ་ཏེ་དུས་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། དེ་ཚད་དང་ལྡན་པ་ཉིད་དུ་ཡང་འགྱུར་ན། ཡོད་པ་ནི་མ་ཡིན་ཏེ། གང་གི་ཕྱིར། མི་གནས་དུས་ནི་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་ནི་ཇི་ལྟར་གདགས། །གལ་ཏེ་འདི་ན་དུས་ཞེས་བྱ་བ་སྐད་ཅིག་མ་ལ་སོགས་པ་ལ་ཐ་དད་པ་གནས་པ་འགའ་ཞིག་ཡོད་ན་ནི་དེ་སྐད་ཅིག་ལ་སོགས་པ་དག་གི་སྒོ་ནས་ཚད་དང་ལྡན་པར་འཛིན་པ་ཞིག་ན། དུས་ཞེས་བྱ་བ་གང་ཞིག་སྐད་ཅིག་མ་ལ་སོགས་པ་དག་གི་སྒོ་ནས་འཛིན་པར་ཐེར་ཟུག་པར་གནས་པ་ནི་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་མི་གནས་དུས་ནི་འཛིན་མི་བྱེད་དེ། མི་གནས་པའི་ཕྱིར་འཛིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་དུས་རྟག་པར་གནས་པའི་རང་བཞིན་ཅན་ཁོ་ན་ཡོད་པ་ཡིན་ལ། དེ་སྐད་ཅིག་ལ་སོགས་པ་དག་གིས་མངོན་པར་གསལ་བར་བྱེད་པ་ཡིན་ཏེ། དེ་སྐད་དུ་ཡང་། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བར་ཤིན་ཏུ་དཀའ། །ཞེས་འབྱུང་བ་དེ་ལྟ་བུའི་མཚན་ཉིད་ཅན་གནས་པའི་རང་བཞིན་གང་ཡིན་པ་དེ་ནི་ཡོད་པ་ཡིན་ནོ་སྙམ་ན། བརྗོད་པར་བྱ་སྟེ། དེ་ལྟར་ན་ཡང་གང་ཞིག་སྐད་ཅིག་ལ་སོགས་པ་དག་གིས་མངོན་པར་གསལ་ཞིང་གཟུང་བ་དུས་གནས་པ་ཡོད་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་དུས་གནས་པ་ཡོད་པ་མ་ཡིན་ནོ་ཞེ་ན། སྐད་ཅིག་ལ་སོགས་པ་ལས་ཐ་དད་པར་མ་བཟུང་བའི་ཕྱིར་རོ། །གཞན་ཡང་དུས་འདི་འདུས་བྱས་ཀྱི་རང་བཞིན་དུ་གྱུར་པ་ཞིག་གམ། འདུས་མ་བྱས་ཀྱི་རང་བཞིན་དུ་གྱུར་པ་ཞིག་ཡོད་པར་རྟོག་གྲང་ན། གཉི་ག་ཡང་། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་བྱ་བ་དེས་འདུས་བྱས་བརྟག་པར་བཀག་ཟིན་ཏོ། །དེའི་ཕྱིར་དེ་ལྟར་ན་གང་ཞིག་གཟུང་བར་བྱ་བ་དུས་གནས་པ་ཡོད་པ་མ་ཡིན་ནོ། །དུས་གང་ཞིག་དེ་ལྟར་མི་གནས་ཤིང་ཡོད་པ་མ་ཡིན་པའི་ཕྱིར་གཟུང་བ་མ་ཡིན་པ་དེ་ནི་མ་བཟུང་བ་ཡིན་དང་ཇི་ལྟར་སྐད་ཅིག་ལ་སོགས་པ་དག་གིས་གདགས་པར་ནུས་ཞེས་གསུངས་པ་ནི། མ་བཟུང་དུས་ནི་ཇི་ལྟར་གདགས། །ཞེས་བྱ་བའོ། །དེའི་ཕྱིར་དུས་མེད་པ་ཉིད་དོ། །འདིར་སྨྲས་པ། དུས་ཞེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་རང་བཞིན་དུ་གྲུབ་པ་རྟག་པ་འགའ་ཞིག་མེད་པ་ནི་བདེན་ཏེ། འོ་ན་ཅི་ཞེ་ན། འདུ་བྱེད་གཟུགས་ལ་སོགས་པ་དག་ལ་བརྟེན་ན་བརྟགས་པའི་དུས་ནི་སྐད་ཅིག་ལ་སོགས་པའི་སྒྲས་བརྗོད་པར་བྱ་བར་འགྱུར་ཏེ། དེའི་ཕྱིར་ཉེས་པ་མེད་དོ། །བརྗོད་པར་བྱ་སྟེ། དེ་ལྟ་ན་ཡང་། གལ་ཏེ་དུས་ནི་དངོས་བརྟེན་ཏེ། །དངོས་མེད་དུས་ནི་ག་ལ་ཡོད། །གལ་ཏེ་དེ་ལྟར་དངོས་པོ་ལ་བརྟེན་ནས་དུས་སུ་འགྱུར་རོ་ཞེས་རྣམ་པར་འཇོག་ནའོ། །གང་གི་ཚེ་དངོས་པོ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་ངེས་པར་དེའི་རྒྱུ་ཅན་གྱི་དུས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་པོ་འགའ་ཡང་ཡོད་མིན་ན། །ཞེས་གསུངས་ཏེ། གོང་དུ་རྒྱས་པར་བསྟན་པའི་ཕྱིར་དང་། དགག་པ་འཆད་པར་འགྱུར་བའི་ཡང་ཕྱིར་རོ། །གང་གི་ཚེ་དེ་ལྟར་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཚེ། དུས་ལྟ་ཡོད་པར་ག་ལ་འགྱུར། །དུས་མེད་པས་དེའི་ཚད་དུ་གྱུར་པ་དུས་ཀྱི་བྱེ་བྲག་སྐད་ཅིག་ལ་སོགས་པ་ཡང་མེད་དོ། །དེའི་ཕྱིར་ཚད་དང་ལྡན་པ་ཉིད་ཀྱིས་དུས་གྲུབ་པར་ག་ལ་འགྱུར་ཏེ། དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་གླང་པོའི་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདས་མི་འགྱུར། །མཁས་རྣམས་ནམ་ཡང་སྤྱོད་པ་མེད་མི་འགྱུར། །ཞེས་གསུངས་ལ། དེ་བཞིན་དུ། ཆོས་ནི་སྟོང་ཕྲག་བརྒྱ་དག་བསྟན་གྱུར་ནས། །སངས་རྒྱས་འབུམ་ཕྲག་གང་དག་འདས་གྱུར་ཀྱང་། །ཆོས་དང་ཡི་གེ་དག་ལ་ཟད་མེད་དེ། །སྐྱེ་བ་ཡོད་མིན་དེས་ན་ཟད་པ་མེད། །ཅེས་བྱ་བ་དང་། དེ་བཞིན་དུ། དེ་བཞིན་གཤེགས་པ་འབྱུང་བའི་དུས་ཀྱི་ཚེ། །བྱམས་པ་ཞེས་བྱའི་རྒྱལ་བ་འབྱུང་འགྱུར་ཞིང་། །ས་འདི་གསེར་གྱིས་བདལ་བ་འབྱུང་འགྱུར་བ། །དེ་ཚེ་དེ་ཡི་འབྱུང་དེ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སློབ་དཔོན་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། དུས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་དགུ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དུས་ནི་ཡོད་པ་ཉིད་དེ། འབྲས་བུ་འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར་རོ། །གང་མེད་པ་དེ་ནི་ལྷན་ཅིག་བྱེད་པའི་ངོ་བོ་མ་ཡིན་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །དེའི་ཕྱིར་དུས་ནི་ཡོད་པ་ཉིད་དེ། ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར་རོ། །འདི་ན་མྱུ་གུ་གང་ཞིག་ས་བོན་དང་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཞེས་བྱ་བ་རྒྱུ་དང་རྐྱེན་ཚོགས་པ་ལ་བརྟེན་ནས་སྐྱེ་བ་ནི། ས་བོན་ལ་སོགས་པའི་རྒྱུ་དང་རྐྱེན་ཚོགས་པ་ཡོད་ཀྱང་དུས་ཀྱི་ཁྱད་པར་ཉེ་བས་མི་སྐྱེ་བ་ཡིན་ནོ། །ཕྱི་རོལ་དག་ལ་ཇི་ལྟ་བ་དེ་བཞིན་དུ་ནང་གི་བདག་ཉིད་ལ་ཡང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །གང་གི་ཕྱིར་དེ་ལྟར་དུས་དེ་ལ་ལྟོས་པ་ཡོད་པ་དེའི་ཕྱིར་གང་ཞིག་མྱུ་གུ་ལ་སོགས་པ་བྱུང་བ་ལ་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་བ་དུས་ཞེས་བྱ་བ་དེ་ཡོད་པ་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་མྱུ་གུ་ལ་སོགས་པ་འབྲས་བུ་འབྱུང་བ་ཉིད་ཡོད་ན་ནི། དུས་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་འགྱུར་བ་ཞིག་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་མྱུ་གུ་ལ་སོགས་པ་འབྲས་བུ་སྐྱེ་བར་རྟོག་པ་ན། འབྲས་བུ་ཚོགས་པ་ལ་རྣམ་པར་གནས་པ་ཞིག་གམ། མི་གནས་པ་ཞིག་དེ་ལས་སྐྱེ་བར་རྟོག་གྲང་། དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་རྣམ་པར་གནས་པ་ཞིག་ལ་རྟོག་ན་ནི། དེ་ནི་མི་རུང་ངོ་ཞེས་བསྟན་པའི་ཕྱིར། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་གསུངས་ཏེ། གལ་ཏེ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་འབྲས་བུ་ཡོད་ན་ནི། དེ་ལྟ་ན་གང་ཞིག་ཚོགས་པ་ལ་ཡོད་པ་དེ་ཇི་ལྟར་དེས་བསྐྱེད་པར་འགྱུར་ཏེ། ཁར་གཞོང་ན་ཡོད་པའི་ཞོ་ནི་ཁར་གཞོང་གིས་བསྐྱེད་པ་མ་ཡིན་ནོ། །གཞན་ཡང་གང་ཡོད་པ་དེ་ནི་གྲུབ་ཟིན་པའི་ཕྱིར། གྲུབ་ཟིན་པའི་བུམ་པ་མདུན་ན་གནས་པ་ལྟར་ཡང་སྐྱེ་བ་ལ་ལྟོས་པ་མེད་པ་ཡིན་ནོ། །གལ་ཏེ་མངོན་པར་གསལ་བའམ་རགས་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཕྱོགས་འདི་ལ་གོང་དུ་ལན་བཏབ་ཟིན་པའི་ཕྱིར་རོ། །མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །དེ་བཞིན་ཞེས་བྱ་བ་དེར་ལན་བརྗོད་ཟིན་ཏོ། །ཅི་སྟེ་ཚོགས་པ་ལ་འབྲས་བུ་མེད་དོ་ཞེས་རྟོག་ན། དེ་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་གསུངས་ཏེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་དེ་མེད་ན་ནི། འོ་ན་ཇི་ལྟར་རྒྱུ་དང་རྐྱེན་ཚོགས་པས་འབྲས་བུ་བསྐྱེད་དེ། དེ་ན་ཡོད་པ་མ་ཡིན་པའི་ཕྱིར་བྱེ་མ་དག་གི་ཏིལ་མར་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མི་སྲིད་པས། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་གསུངས་ཏེ། འབྲས་བུ་དེ་ཚོགས་པ་ཉིད་ལས་མི་སྐྱེ་བ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །གཞན་ཡང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གང་ཞིག་གང་ན་ཡོད་པ་དེ་ནི་དེར་གཟུང་དུ་ཡོད་དེ། དཔེར་ན་ཁར་གཞོང་གི་ཞོ་བཞིན་ལ། གང་ཞིག་གང་ན་ཡོད་པ་མ་ཡིན་པ་དེ་ནི་དེར་གཟུང་དུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མ་དག་ལ་འབྲུ་མར་ལྟ་བུའོ། །ཅི་སྟེ་དངོས་པོ་རྣམས་ཡོད་ཀྱང་། ཤིན་ཏུ་ཕྲ་བ་དང་། ཤིན་ཏུ་ཉེ་བ་དང་། ཤིན་ཏུ་རིང་བ་དང་། དབང་པོ་ལ་རྙོག་པ་ཆགས་པ་དང་། དབང་པོ་ལ་གནོད་པ་བྱས་པ་དང་། ལུས་ཅན་གྱི་རྫས་ཀྱིས་ཆོད་པ་དང་། ལུས་མི་སྣང་བར་འགྱུར་བ་དང་། ཡིད་ལ་མ་བཟུང་བའི་ཕྱིར་ཕྲ་རབ་དང་། མིག་ལ་གནས་པའི་མིག་སྨན་གྱི་ཐུར་མ་དང་། ཉི་མའི་འགྲོས་དང་། རབ་རིབ་ཅན་གྱི་སྐྲ་རེ་རེ་དང་། ལོང་བ་དང་འོན་པ་ལ་སོགས་པའི་གཟུགས་དང་། སྒྲ་ལ་སོགས་པ་དང་། རྩིག་པ་ལ་སོགས་པས་བར་དུ་བཅད་པའི་བུམ་པ་དང་། གྲུབ་པ་དང་ལྷ་དང་ཤ་ཟ་ལ་སོགས་པའི་ལུས་དང་། ཡུལ་གཞན་ཡིད་ལ་བྱེད་པ་དང་བཅས་པའི་ཡུལ་གཞན་ལྟར་གཟུང་དུ་མེད་པ་ཡིན་ནོ་ཞེ་ན། འོ་ན་གང་གིས་ན་འདི་དག་ཡོད་བཞིན་དུ་མི་དམིགས་པར་འགྱུར་བ། མ་བཟུང་བ་འདི་དག་ཡོད་པ་ཉིད་ལ་རྟག་ཅིང་ཡོད། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། ལུང་རྣམས་ཀྱིས་འཛིན་པའི་ཕྱིར་དེ་དག་ཡོད་པ་ཉིད་དོ་ཞེ་ན། འོ་ན་དེ་དག་མ་དམིགས་སོ། །ཞེས་བརྗོད་པར་མི་བྱ་སྟེ། རྗེས་སུ་དཔག་པ་ལ་སོགས་པ་དག་གིས་དམིགས་པའི་ཕྱིར་རོ། །གལ་ཏེ་དབང་པོ་གཟུགས་ཅན་གྱིས་གཟུང་བར་བྱ་བ་དེ་གང་ཡིན་པ་དེ་ཡོད་ཀྱང་བྱེད་པ་དག་གིས་མ་བཟུང་བ་ཡིན་ནོ་ཞེ་ན། བརྗོད་པ། ཅི་ཁོ་བོ་ཅག་གིས་ཡོད་བཞིན་པར་གྱུར་པ་དབང་པོ་གཟུགས་ཅན་དག་གིས་གཟུང་དུ་མེད་དོ་ཞེས་དེ་སྐད་དུ་སྨྲས་སམ། འོ་ན་ཅི་ཞེ་ན། ཁོ་བོ་ཅག་ནི། ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཞེས་སྤྱིར་སྨྲའོ། །ཅི་སྟེ་ཡང་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། བྱེ་མ་དག་ལས་འབྲུ་མར་བཞིན་ནོ། །འབྲས་བུ་ནི་ཚོགས་པ་ལས་སྐྱེ་བ་ཡང་ཡིན་ཏེ། དེའི་ཕྱིར་ཚོགས་པ་ལ་འབྲས་བུ་ཡོད་པ་ཉིད་ནི་རྗེས་སུ་དཔག་པ་ལས་ཡིན་ནོ་སྙམ་དུ་སེམས་ན། བརྗོད་པ། གང་ཞིག་གང་ན་ཡོད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། དཔེར་ན་ཁར་གཞོང་ལས་ཞོ་མི་སྐྱེ་བ་བཞིན་ནོ་ཞེས་རྗེས་སུ་དཔག་པ་འདི་ལས་དེ་ཡོད་པར་མི་རིགས་པའི་ཕྱིར་ཚོགས་པ་འབྲས་བུ་མེད་པ་ཉིད་དོ་ཞེས་ཅི་སྟེ་མི་གཟུང་། ཅི་སྟེ་ཡང་ཕྱོགས་གཉི་ག་ཡང་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་ན་ཇི་ལྟར་ཡོད་པ་ཉིད་མི་རིགས་པ་དེ་བཞིན་དུ་མེད་པ་ཉིད་ཀྱང་མི་རིགས་སོ་སྙམ་ན། བརྗོད་པར་བྱ་སྟེ། ཁོ་བོ་ཅག་ནི་འདི་མེད་པར་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི་གཞན་གྱིས་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པ་འགོག་པ་ཡིན་ནོ། །དེ་བཞིན་དུ་ཁོ་བོ་ཅག་ནི་འདི་ཡོད་པ་ཉིད་དུ་སྒྲུབ་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདི་གཞན་གྱིས་མེད་པ་ཉིད་དུ་བརྟགས་པ་སེལ་བ་ཡིན་ཏེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །བརྒྱ་པ་ལས་ཀྱང་། འབྲས་བུ་ཡོད་ཉིད་གང་འདོད་དང་། །འབྲས་བུ་མེད་ཉིད་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་བཤད་དོ། །དེའི་ཕྱིར་དེ་ལྟར་ན་ཚོགས་པ་ལས་འབྲས་བུ་སྐྱེ་བ་མ་ཡིན་ཏེ། ཡོད་པ་ནི་གཟུང་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་རྣམ་པར་གཞག་པ་ཡིན་ནོ། །ཅི་སྟེ་ཚོགས་པ་ལ་འབྲས་བུ་མེད་པ་ཉིད་དོ་སྙམ་དུ་སེམས་ན་དེ་ལྟ་ན་ཡང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །ཇི་ལྟར་མེ་དང་སོལ་བ་ལ་སོགས་པ་དག་ལ་མྱུ་གུ་མེད་པའི་ཕྱིར་ན། དེ་དག་དེའི་རྒྱུར་མི་འགྱུར་བ་དེ་བཞིན་དུ། ས་བོན་ལ་སོགས་པ་བརྗོད་པར་འདོད་པ་རྣམས་ཀྱང་རྒྱུ་དང་རྐྱེན་ཉིད་དུ་མི་འགྱུར་ཏེ། དེ་དག་ལ་མྱུ་གུ་མེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་མ་ཡིན་པ་དག་ལས་ནི་འབྲས་བུ་འབྱུང་བར་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་འབྱུང་བ་མེད་དོ། །འདིར་སྨྲས་པ། གང་ལས་ཅི་ཚོགས་པ་ལས་འབྲས་བུ་ཡོད་དམ་འོན་ཏེ་མེད་ཅེས་བྱ་བའི་བསམ་པ་འདིར་འགྱུར་བ། ཚོགས་པ་ལ་ནི་འབྲས་བུ་བསྐྱེད་པའི་ནུས་པ་མེད་དོ། །འོ་ན་ཅི་ཞེ་ན། རྒྱུ་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་ལ། ཚོགས་པས་ནི་རྒྱུ་ལ་ཕན་འདོགས་པ་ཙམ་ཞིག་བྱེད་པ་ཡིན་ནོ། །རྒྱུ་དེ་ནི་འབྲས་བུ་བསྐྱེད་པར་བྱ་བའི་ཕྱིར་རྒྱུ་བྱིན་ནས་འགག་པར་འགྱུར་ལ། རྒྱུ་དེས་ཕན་བཏགས་པའི་འབྲས་བུ་ཡང་སྐྱེ་བ་ཡིན་ནོ། །བརྗོད་པར་བྱ་སྟེ། འབྲས་བུ་མ་སྐྱེས་པའི་རྒྱུ་ལ་ནི་ཕན་འདོགས་པ་ཡོད་པ་མ་ཡིན་ལ། མ་སྐྱེས་པ་ལ་ནི་མོ་གཤམ་གྱི་བུ་ལྟར་སུས་ཀྱང་ཅུང་ཟད་ཙམ་ཡང་བྱེད་པར་མི་ནུས་པས་རྟོག་པ་འདི་ནི་མི་རིགས་སོ། །གཞན་ཡང་། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགག་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུ་དེས་འབྲས་བུ་སྐྱེད་པའི་ཕྱིར་རྒྱུ་དེ་བྱེད་རྒྱུ་བྱིན་ནས་འགག་པར་འགྱུར་རོ་ཞེས་རྟོག་ན་ནི། དེ་ལྟ་ན་རྒྱུའི་བདག་ཉིད་གང་བྱིན་པ་དང་གང་འགག་པ་དེ་གཉིས་སུ་འགྱུར་ན། དེ་ནི་རིགས་པ་ཡང་མ་ཡིན་ཏེ། ཕྱེད་རྟག་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཕྱེད་མི་རྟག་པར་འགྱུར་བའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་ཕན་ཚུན་འགལ་བ་དག་ཀྱང་གཅིག་ལ་མེད་པའི་ཕྱིར་རོ། །ཅི་སྟེ་རྒྱུའི་བདག་ཉིད་གཉིས་སུ་ཐལ་བ་སྤང་བར་བྱ་བའི་དོན་དུ་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་ཅུང་ཟད་ཀྱང་མ་བྱིན་པར་བདག་ཉིད་ཐམས་ཅད་ཀྱི་རྒྱུའི་འགག་པར་འདོད་ན་ནི། དེ་ལྟ་ན་ཡང་། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགག་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །གལ་ཏེ་འབྲས་བུ་ལ་ཅུང་ཟད་ཀྱང་མ་བྱིན་པར་བདག་ཉིད་ཐམས་ཅད་ཀྱིས་རྒྱུ་འགགས་ན་ནི། དེ་ལྟར་རྒྱུ་དེ་འགགས་ནས་སྐྱེས་པའི་འབྲས་བུ་གང་ཡིན་པ་དེ་རྒྱུ་མེད་པ་ཁོ་ནར་འགྱུར་ན། རྒྱུ་མེད་པ་ནི་ཡོད་པ་མ་ཡིན་པས་རྟོག་པ་འདི་ནི་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་འབྲས་བུ་རྒྱུ་ལས་སྐྱེ་བས་ཉེས་པ་འདིར་འགྱུར་ན་ནི། དེ་ལྟར་ན་ཚོགས་པ་དང་ལྷན་ཅིག་སྐྱེས་པ་ཁོ་ན་འབྲས་བུ་སྐྱེད་པར་བྱེད་པ་ཡིན་པར་འགྱུར་ཏེ། དཔེར་ན་སྒྲོན་མ་འོད་ཀྱིས་སྐྱེད་པར་བྱེད་པ་ཡིན་པ་བཞིན་ནོ། །རྟོག་པ་འདི་ཡང་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པར་བྱེད་དང་བསྐྱེད་བྱ་གང་། །དུས་གཅིག་པར་ནི་ཐལ་བར་འགྱུར། །ཞེས་གསུངས་ཏེ། བ་གླང་གི་རྭ་གཡས་གཡོན་དུས་གཅིག་པ་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དུ་ཡང་མ་མཐོང་བས། འདི་ནི་མི་རིགས་སོ། །འདིར་ཁ་ཅིག་ན་རེ། དངོས་པོ་རྣམས་མ་བྱུང་བ་ལས་སྐྱེ་བ་ནི་མེད་དེ། གློ་བུར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་དེ་ནི་རྒྱུ་དང་རྐྱེན་གྱིས་ཚོགས་པའི་སྔ་རོལ་མ་འོངས་པའི་གནས་སྐབས་ན་གནས་པ་ཡིན་ལ། རྒྱུ་དང་རྐྱེན་གྱི་ཚོགས་པས་ནི་དེ་ད་ལྟར་བའི་གནས་སྐབས་སུ་བསྐྱེད་པ་ཡིན་གྱི། རྫས་ནི་གནས་པ་ཉིད་དོ་ཞེས་ཟེར་རོ། །དེ་དག་ལ་བརྗོད་པ་ནི། གལ་ཏེ་ཚོགས་པའི་སྔ་རོལ་དུ། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །ཞེས་བྱ་བ་སྟེ། གལ་ཏེ་ཚོགས་པའི་སྔ་རོལ་ན་འབྲས་བུ་རང་གི་ངོ་བོས་ཡོད་པར་གྱུར་ན་ནི། དེ་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པར་འགྱུར་ལ། དེའི་ཕྱིར་རྒྱུ་མེད་པར་འབྱུང་བར་འགྱུར་ན། དངོས་པོ་རྒྱུ་མེད་པར་འབྱུང་བ་དག་ནི་ཡོད་པ་ཉིད་ཀྱང་མ་ཡིན་ཏེ་བོང་བུའི་རྭ་ལ་སོགས་པ་རྣམས་ཀྱང་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔར་གྲུབ་ཟིན་པ་ལ་ཡང་རྒྱུ་དང་རྐྱེན་ལ་ལྟོས་པས་དགོས་པ་མེད་པའི་ཕྱིར་ཡང་འདིར་རིགས་པ་མ་ཡིན་ནོ། །ཡང་གཞན་དག་ནི། འབྲས་བུ་ནི་རྒྱུ་ཁོ་ནས་སྐྱེད་པར་བྱེད་ཀྱི། ཚོགས་པས་ནི་མ་ཡིན་ལ། བཤད་ཟིན་པའི་ཉེས་པར་ཐལ་བ་ཡང་མ་ཡིན་ཏེ། འདི་ལྟར་གང་ལས་ཅི་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རམ། འོན་ཏེ་མ་བྱིན་པར་ཡིན་ཞེས་རྣམ་པར་དཔྱོད་པར་འགྱུར་བ། རྒྱུ་ཡང་གཞན་ལ་འབྲས་བུ་ཡང་གཞན་པ་ནི་མ་ཡིན་གྱི། འོན་ཀྱང་རྒྱུ་ཉིད་འགགས་ནས་འབྲས་བུའི་བདག་ཉིད་དུ་རྣམ་པར་གནས་པ་ཡིན་ནོ་ཞེས་འཛེར་ཏོ། །དེ་ལྟ་ན་ཡང་། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་དུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུ་འགགས་པ་ན་འབྲས་བུ་སྐྱེ་ལ་འབྲས་བུ་དེ་ཡང་རྒྱུའི་བདག་ཉིད་ཅན་ཁོ་ན་ཡིན་ནོ་ཞེས་རྟོག་ན། དེ་ལྟ་ཡིན་ན་ནི། རྒྱུ་ནི་ཀུན་དུ་འཕོ་བར་འགྱུར་ཏེ། ཟློས་གར་མཁན་ཆ་བྱད་གཞན་བཏང་ནས་ཆ་བྱད་གཞན་ལེན་པ་ལྟར་རྒྱུ་འཕོ་བ་ཙམ་ཞིག་ཏུ་འགྱུར་གྱི། འབྲས་བུ་སྔ་ན་མེད་པ་སྐྱེ་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུ་རྟག་པ་ཉིད་དུ་འགྱུར་ན། རྟག་པ་དག་ནི་ཡོད་པ་ཉིད་ཀྱང་མ་ཡིན་ནོ། །ཇི་སྐད་དུ་བརྒྱ་པ་ལས། གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བསྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་གང་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ཞེས་བཤད་དོ། །གཞན་ཡང་རྟོག་པ་འདི་ལ་ནི། སྔོན་སྐྱེས་པའི་རྒྱུ་ཡང་སྐྱེ་བར་འགྱུར་ན། སྐྱེས་པ་ནི་སླར་ཡང་སྐྱེ་བར་མི་རིགས་ཏེ། དགོས་པ་མེད་པའི་ཕྱིར་དང་། ཐུག་པ་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །ཅི་སྟེ་བདག་ཉིད་གང་གིས་ཡོད་པའི་བདག་ཉིད་དེ་སྐྱེ་བ་ནི་མ་ཡིན་གྱི། བདག་ཉིད་གང་གིས་ཡོད་པ་མ་ཡིན་པ་དེ་ཁོ་ན་སྐྱེ་བ་ཡིན་ནོ་སྙམ་ན། འདི་ཡང་མི་རུང་སྟེ། རྒྱུའི་རང་གི་ངོ་བོ་རྒྱུའི་རང་བཞིན་མ་སྤངས་པ་ལ་འབྲས་བུ་ཡིན་ནོ་ཞེས་བྱ་བར་མིང་ཙམ་ཞིག་ཐ་དད་པ་ཡིན་པའི་ཕྱིར་དང་། གནས་སྐབས་ཐ་དད་ན་ཡང་རྫས་ཐ་མི་དད་པར་སྒྲུབ་པར་མི་ནུས་པའི་ཕྱིར་དང་། འབྲས་བུའི་གནས་སྐབས་ན་རྒྱུའི་རང་བཞིན་ཡོངས་སུ་སྤངས་པ་ནི་འབྲས་བུའི་སྒྲས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ན་རྒྱུ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེས་བྱ་བ་འདི་ནི་གྱི་ནའོ། །གཞན་ཡང་། གལ་ཏེ་རྒྱུས་འབྲས་བུ་སྐྱེས་པར་བྱེད་ན། དེ་འགགས་པའམ་མ་འགགས་པ་ཞིག་གིས་སྐྱེད་པར་བྱེད། འབྲས་བུ་ཡང་སྐྱེས་པའམ་མ་སྐྱེས་པ་ཞིག་བསྐྱེད་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར། འགགས་པ་ནུབ་པར་གྱུར་པ་ཞིག །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །ཅེས་གསུངས་ཏེ། གལ་ཏེ་རེ་ཞིག་འགགས་པ་ནུབ་ཅིང་ཞིག་པར་གྱུར་པའི་རྒྱུས་འབྲས་བུ་སྐྱེས་པ་སྟེ་ཡོད་ཅིང་བདོག་པ་བསྐྱེད་དོ་ཞེས་བྱ་བར་རྟོག་ན་ནི་དེ་ནི་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་འགགས་པ་ཡོད་པ་མ་ཡིན་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་པར་འགྱུར། གལ་ཏེ་འབྲས་བུ་སྐྱེད་ན་ནི་མོ་གཤམ་གྱི་བུས་ཀྱང་བུ་སྐྱེད་པར་འགྱུར་རོ། །འབྲས་བུ་ཡོད་ཅིང་བདོག་པ་ཡང་སྐྱེ་བ་ལ་ལྟོས་པ་མེད་པ་ཡང་རྒྱུས་ཇི་ལྟར་བསྐྱེད་པར་འགྱུར། ཅི་སྟེ་ཡང་ནུས་པ་མེད་པའི་ཕྱིར་འགགས་པས་ནི་མི་བསྐྱེད་དེ། འོ་ན་ཅི་ཞེ་ན། རྒྱུ་གནས་པ་ཁོ་ནས་འབྲས་བུ་བསྐྱེད་པར་འགྱུར་རོ་སྙམ་ན། བརྗོད་པ། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་བསྐྱེད། །འབྲས་བུ་ཡོད་པ་དང་འབྲེལ་པ་སྟེ་ཡང་དག་པར་འབྲེལ་པའི་རྒྱུ་འགྱུར་བ་མེད་པའི་རང་བཞིན་ཅན་གནས་པས་ཀྱང་ཇི་ལྟར་བསྐྱེད་པར་འགྱུར། འདིར། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་ཡིན། །ཞེས་བྱ་བའི་རྒྱུ་རྒྱུའི་དངོས་པོར་རྟོགས་བཞིན་པ་ནི་གདོན་མི་ཟ་བར་རྣམ་པར་འགྱུར་བ་ཡིན་དགོས་ལ། གང་ཞིག་རྣམ་པར་མི་འགྱུར་བ་དེ་ནི་རྒྱུའི་མཚན་ཉིད་དང་ལྡན་པ་མ་ཡིན་པས་འབྲས་བུ་དང་འབྲེལ་པས་ཇི་ལྟར་བསྐྱེད་པར་འགྱུར་ཏེ། འབྲས་བུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་འབྲས་བུ་ཡོད་པ་ཡང་བསྐྱེད་པར་མི་ནུས་པའི་ཕྱིར་འབྲས་བུ་དང་མ་འབྲེལ་ཞིང་། ཡང་དག་པར་འབྲེལ་པ་མེད་པའི་རྒྱུ་ཁོ་ནས་འབྲས་བུ་བསྐྱེད་པར་འགྱུར་རོ་སྙམ་ན། འདི་ཡང་མི་རིགས་སོ་ཞེས་གསུངས་པ་ནི། ཅི་སྟེ་རྒྱུ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅེས་བྱ་སྟེ། གལ་ཏེ་རྒྱུ་འབྲས་བུ་དང་མ་འབྲེལ་བར་འདོད་ན། ད་ནི་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ། མ་འབྲེལ་པའི་ཕྱིར་འབྲས་བུ་འོ་ཅོག་སྐྱེད་པར་བྱེད་པའམ་ཡང་ན་ཅུང་ཟད་ཀྱང་སྐྱེད་པར་བྱེད་པར་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །གཞན་ཡང་། འདིར་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན། དེས་འབྲས་བུ་དེ་མཐོང་ནས་སམ་མ་མཐོང་པར་སྐྱེད་པར་བྱེད་གྲང་ན། གཉི་ག་ལྟར་ན་ཡང་མི་རུང་ངོ་ཞེས་གསུངས་པ་ནི། རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །ཞེས་བྱ་བའོ། །དེ་ལ་གལ་ཏེ་མཐོང་ནས་སྐྱེད་པར་བྱེད་དོ་ཞེས་རྟོག་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཡོད་པ་ཁོ་ན་མཐོང་བར་ནུས་ཀྱི། ཡོད་པ་མ་ཡིན་པ་ནི་མ་ཡིན་ནོ། །ཡོད་པ་ཡིན་ནོ་ཞེ་ན་ནི། དེ་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་རྒྱུས་འབྲས་བུ་མཐོང་ནས་སྐྱེད་པར་མི་བྱེད་དོ། །མ་མཐོང་བར་ཡང་སྐྱེད་པར་མི་བྱེད་དེ། འབྲས་བུ་ཐམས་ཅད་ཀྱི་སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མཐོང་བ་འདི་གོ་ཅི་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། མཐོང་བ་ནི་དམིགས་པའོ་ཞེས་བྱ་བ་འདི་ནི་འཇིག་རྟེན་དུ་གྲགས་པ་ཡིན་ནོ། །གལ་ཏེ་དབང་པོ་མེད་པས་ས་བོན་ལ་སོགས་པ་དག་ལ་འདི་མི་སྲིད་པ་མ་ཡིན་ནམ་ཞེ་ན། སྲིད་དམ་མི་སྲིད་ཀྱང་རུང་སྟེ། ཁོ་བོ་ཅག་ལ་ནི་བརྒལ་ཞིང་བརྟག་པར་ནི་མི་བྱ་སྟེ། འོ་ན་སུ་ལ་ཞེ་ན། སྐྱེ་བར་སྨྲ་བ་དེ་ལའོ། །དེ་ལ་གལ་ཏེ་སྐྱེ་བར་སྨྲ་བ་པོ་མཐོང་ནས་སྐྱེད་པར་བྱེད་དོ་ཞེས་སྨྲ་ན། ས་བོན་ལ་སོགས་པས་མཐོང་ངོ་ཞེས་བྱ་བ་གང་ཡིན་པ་འདི་ནི་འཇིག་རྟེན་དུ་མ་མཐོང་ངོ་ཞེས་དེ་ལ་བརྗོད་པར་བྱའོ། །དེའི་ཕྱིར་རྟོག་པ་འདི་མི་རིགས་སོ། །ཅི་སྟེ་མ་མཐོང་བར་ཞེས་རྟོག་པར་བྱེད་ན། དེ་ལྟ་ན་ཡང་གང་མ་མཐོང་བ་གང་ཅུང་ཟད་གཅིག་ཡོད་པ་དེ་ཐམས་ཅད་སྐྱེད་པར་བྱེད་པར་འགྱུར་ན། བསྐྱེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མ་མཐོང་བར་ཡང་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཁོ་བོ་ཅག་ནི་མི་འདོད་པ་བསྒྲུབས་པས་གཞན་གྱིས་བརྟགས་པ་འགོག་པར་བྱེད་པ་ཡིན་ཏེ། སྐྱེས་བུ་ལ་སོགས་པ་རྒྱུར་སྨྲ་བ་འགྲོ་བ་བློ་སྔོན་དུ་གཏོང་བའི་བྱེད་པ་པོ་ཅན་དུ་ཁས་ལེན་པ་རྣམས་དང་། གཅེར་བུ་པ་ས་བོན་ལ་སོགས་པ་དབང་པོ་གཅིག་པར་རྟོགས་པ་རྣམས་ལ་ནི་ཐལ་བར་འགྱུར་བ་ལྡོག་པ་མ་ཡིན་ཏེ། དེའི་ཕྱིར་ཉེས་པ་མེད་དོ། །གཞན་ཡང་གལ་ཏེ་རྒྱུ་དང་འབྲས་བུ་ལ་ཕན་ཚུན་ཚོགས་པའི་མཚན་ཉིད་ཀྱི་ཕྲད་པ་ཡོད་ན་ནི་དེའི་ཚེ་དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོར་འགྱུར་ཏེ། གང་གི་ཕྱིར་ཕན་ཚུན་ཕྲད་པ་མེད་པར་སྣང་བ་དང་མུན་པ་དག་གམ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མ་མཐོང་ངོ་། །དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་འདོད་པ་ན། གཞན་གྱིས་ཕྲད་པ་གདོན་མི་ཟ་བར་ཁས་བླང་དགོས་ན། དེ་ཡང་རྣམ་པར་དཔྱད་པ་ན་དུས་གསུམ་ཆར་དུ་ཡང་ཡོད་པ་མ་ཡིན་ཏེ། འདིའི་ཕྱིར་ཡང་རྒྱུས་འབྲས་བུ་བསྐྱེད་པ་མ་ཡིན་ནོ། །ཇི་ལྟར་ཕྲད་པ་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །རེ་ཞིག་འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་། ལྷན་ཅིག་ཕྲད་པ་ནམ་ཡང་སྟེ་གཞར་ཡང་ཡོད་པ་མ་ཡིན་ཏེ། དུས་གཉི་ག་ཡང་འདས་པ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་འདས་པ་ནི་རྒྱུ་མ་སྐྱེས་པ་དང་ཡང་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཞིག་པ་དང་མ་སྐྱེས་པ་ཉིད་ཀྱིས་གཉི་ག་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང་དུས་ཐ་དད་པའི་ཕྱིར་རོ། །འབྲས་བུ་འདས་པ་ཡང་རྒྱུ་སྐྱེས་པ་ད་ལྟར་བ་དང་ཡང་ཕྲད་པ་ཡོད་པ་མ་ཡིན་ཏེ་དུས་ཐ་དད་པའི་ཕྱིར་དང་། འབྲས་བུ་ཞིག་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུ་དང་ལྷ་སྦྱིན་བཞིན་ནོ་སྙམ་དུ་དགོངས་པའོ། །ཇི་ལྟར་འབྲས་བུ་འདི་རྒྱུ་འདས་པ་དང་མ་འོངས་པ་དང་ད་ལྟར་བ་དང་ལྷན་ཅིག་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ། འབྲས་བུ་ད་ལྟར་བ་རྒྱུ་དུས་གསུམ་པ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གསུངས་པ་ལ། འབྲས་བུ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་འདས་པ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རོ། །འབྲས་བུ་ད་ལྟར་བ་ནི་རྒྱུ་ད་ལྟར་བ་དང་ཡང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ཅིག་ཅར་མེད་པའི་ཕྱིར་དང་། ཡོད་ཟིན་པ་ལ་ཕྲད་པ་དོན་མེད་པའི་ཕྱིར་རོ། །ཡོད་པ་ཕན་ཚུན་ལྟོས་པ་མེད་པ་དག་ལ་ནི་ཡང་ཕྲད་པས་དགོས་པ་ཅི་ཞིག་ཡོད་དེ། དེའི་ཕྱིར་ཕྲད་པ་མེད་དོ། །ད་ནི་ཇི་ལྟར་འབྲས་བུ་མ་འོངས་པ་ཡང་རྒྱུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། འབྲས་བུ་མ་སྐྱེས་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། འབྲས་བུ་མ་སྐྱེས་པ་ནི་མེད་པ་ཡིན་ལ། དེ་ནི་རྒྱུ་དུས་ཐ་དད་པ་དང་ད་ལྟར་བ་དང་འདས་པ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རོ། །རྒྱུ་མ་འོངས་པ་དང་ཡང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་རྣམ་པ་ཐམས་ཅད་དུ་རྒྱུ་དང་འབྲས་བུ་གཉིས་ཕྲད་པ་ཡོད་པ་མ་ཡིན་པ་དེའི་ཚེ། ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་བསྐྱེད། །ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་རྒྱུས་འབྲས་བུ་མི་བསྐྱེད་པ་ཉིད་དེ། མོ་གཤམ་གྱི་བུ་བཞིན་ནོ་སྙམ་དུ་དགོངས་པའོ། །ཅི་སྟེ་ཡང་ཕྲད་པ་ཡོད་པ་ཉིད་ཡིན་དང་། རྒྱུས་འབྲས་བུ་བསྐྱེད་དོ་སྙམ་ན། དེ་ཡང་མི་རིགས་ཏ་ེ། དུས་གསུམ་ཆར་དུ་ཡང་ཕྲད་པ་མ་དམིགས་པའི་ཕྱིར་རོ། །ཅི་སྟེ་ཡང་རྒྱུ་དང་འབྲས་བུ་གཉིས་ཅི་ཞིག་ལྟར་ཕྲད་པར་རྟོག་ན། དེ་ལྟ་ན་ཡང་། ཕྲད་པ་ཡོད་པ་ཡིན་ན་ཡང་། རྒྱུས་ནི་འབྲས་བུ་ཇི་ལྟར་བསྐྱེད་དེ། འབྲས་བུ་ལྷན་ཅིག་པ་ཡང་སྐྱེ་བ་དོན་མེད་པའི་ཕྱིར་དང་། ལྷན་ཅིག་མ་ཡིན་པ་རྣམས་ཀྱང་ཕྲད་པར་མི་རིགས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །གཞན་ཡང་། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུས་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །རྒྱུ་གང་ཞིག་འབྲས་བུ་སྐྱེད་པར་བྱེད་པར་འདོད་པ་དེ་དེས་སྟོང་པ་ཞིག་གམ་མི་སྟོང་པ་ཞིག་གིས་འབྲས་བུ་སྐྱེད་པར་བྱེད་གྲང་། དེ་ལ་འབྲས་བུས་སྟོང་ཞིང་བྲལ་བའི་རྒྱུས་ནི་འབྲས་བུ་སྐྱེད་པར་མི་བྱེད་དེ། རྒྱུ་མ་ཡིན་པ་ལྟར་འབྲས་བུས་སྟོང་པའི་ཕྱིར་རོ། །འབྲས་བུས་མི་སྟོང་པའི་རྒྱུས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་དེ། ཡོད་པའི་ཕྱིར་བུ་ཡོད་པའི་ལྷ་སྦྱིན་བཞིན་ནོ། །དེ་ལྟར་ན། རེ་ཞིག་འབྲས་བུས་སྟོང་པའམ་མི་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །འབྲས་བུ་གང་ཞིག་སྐྱེ་བ་དེ་ཡང་མི་སྟོང་པའམ་སྟོང་པ་ཞིག་བསྐྱེད་གྲང་། དེ་ལ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །འབྲས་བུ་མི་སྟོང་པ་ནི་རྟེན་ཅིང་འབྲེལ་པར་མ་བྱུང་ཞིང་རང་བཞིན་གྱིས་རྣམ་པར་གནས་པ་ཡིན་ལ། འབྲས་བུ་རྣམ་པར་གནས་པ་དེ་ལྟ་བུ་དེ་ནི་སྐྱེ་བར་མི་འགྱུར་ཞིང་། རང་བཞིན་ལ་ལྡོག་པ་མེད་པས་འགག་པར་མི་འགྱུར་རོ། །དེའི་ཕྱིར་དེ་མི་སྟོང་པར་འདོད་པ་ན་མི་སྐྱེ་བ་དང་མི་འགག་པར་གྱུར་ན། དེ་ལྟར་ནི་འདོད་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དེ་མི་སྟོང་པ་མ་ཡིན་ཏེ། སྐྱེ་བ་དང་འགག་པར་ཁས་བླངས་པའི་ཕྱིར་རོ། །ད་ནི་འབྲས་བུ་སྟོང་པ་དེ་ཡང་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འགག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལ་སྟོང་པ་ནི་གང་རང་བཞིན་གྱིས་མེད་པ་ལ་བརྗོད་ལ། གང་རང་བཞིན་གྱིས་མེད་པ་དེ་ནི་ཇི་ལྟར་སྐྱེ་བའམ་འགག་པར་འགྱུར་ཏེ། ནམ་མཁའ་ལ་སོགས་པ་རང་བཞིན་གྱིས་མེད་པ་ལ་ནི་སྐྱེ་བའམ་འཇིག་པ་མ་མཐོང་ངོ་། །དེའི་ཕྱིར་འབྲས་བུ་དེ་སྟོང་པར་འདོད་པ་ན་ཡང་མ་སྐྱེས་པ་དང་མ་འགགས་པར་ཐལ་བར་འགྱུར་རོ། །གཞན་ཡང་། གལ་ཏེ་རྒྱུ་གང་ཞིག་འབྲས་བུ་སྐྱེད་པར་བྱེད་པ་ན། དེ་འབྲས་བུ་ལས་ཐ་དད་པའམ། ཐ་མི་དད་པ་ཞིག་གིས་བསྐྱེད་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཞེས་གསུངས་པ་ནི། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བྱ་བའོ། །འདི་ནི་དམ་བཅའ་བ་ཙམ་ཞིག་ཡིན་ཏེ། ཇི་ལྟར་གྲུབ་ཅེ་ན། བསྟན་པའི་ཕྱིར། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་ཏེ། གལ་ཏེ་རྒྱུ་དང་འབྲས་བུ་གཅིག་ཉིད་ཡིན་ན་ནི། དེའི་ཚེ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་གཉིས་གཅིག་པ་ཉིད་དུ་ཁས་བླངས་པར་འགྱུར་ན། དེ་གཉིས་ནི་གཅིག་པ་ཉིད་ཀྱང་མ་ཡིན་ཏེ་ཕ་དང་བུ་དང་མིག་དང་མིག་གི་རྣམ་པར་ཤེས་པ་དག་ཀྱང་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་རེ་ཞིག་རྒྱུ་དང་འབྲས་བུ་ལ་གཅིག་ཉིད་ཡོད་པ་མ་ཡིན་ནོ། །ད་ནི་གཞན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་རྒྱུ་དང་འབྲས་བུ་གཞན་ཉིད་ཡིན་ན་ནི། དེའི་ཚེ་གཞན་ལ་ལྟོས་པ་མེད་པའི་ཕྱིར་འབྲས་བུ་རྒྱུ་ལ་ལྟོས་པ་མེད་པ་ཉིད་དུ་འགྱུར་ན། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུ་ལ་གཞན་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གང་དག་ལ་དེ་ལྟར་རྣམ་པར་དཔྱད་པ་ན། དེ་ཉིད་དང་གཞན་ཉིད་ཡོད་པ་མ་ཡིན་པ་དེ་དག་ནི་ནམ་ཡང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་མ་ཡིན་ཏེ། དེའི་ཕྱིར་རྒྱུས་འབྲས་བུ་བསྐྱེད་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན། དེས་འབྲས་བུ་དེ་ངོ་བོ་ཉིད་ཀྱིས་ཡོད་པའམ། མེད་པ་ཞིག་བསྐྱེད། དེ་ལས་ཅིར་འགྱུར་ཞེ་ན། གཉི་ག་ལྟར་ཡང་མི་རིགས་སོ་ཞེས་གསུངས་པ་ནི་འབྲས་བུ་ངོ་བོ་ཉིད་ཡོད་ན་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། །ཞེས་བྱ་བའོ། །དེ་ལ་འབྲས་བུ་གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པ་རང་བཞིན་གྱིས་བདོག་པ་དེ་ནི་ཡང་མི་སྐྱེ་སྟེ། ཡོད་པའི་ཕྱིར་བུམ་པ་ཡོད་པ་བཞིན་ནོ། །འབྲས་བུ་ངོ་བོ་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ཡང་རྒྱུས་བསྐྱེད་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་བོང་བུའི་རྭ་བཞིན་ནོ། །གལ་ཏེ་གཟུགས་བརྙན་གྱིས་མ་ངེས་པ་ཉིད་དོ་ཞེ་ན། མ་ངེས་པ་ཉིད་དུ་འགྱུར་མོད། དངོས་པོ་རྣམས་རང་བཞིན་མེད་པར་ནི་གྲུབ་བོ། །དེའི་ཕྱིར་རང་བཞིན་དུ་སྨྲ་བ་བཏང་བར་འགྱུར་ཞིང་། ཁོ་བོ་ཅག་སྨྲ་བའི་རྗེས་སུ་སྨྲ་བ་ཉིད་དུ་འགྱུར་རོ། །དངོས་པོ་རང་བཞིན་དང་བཅས་པ་འགའ་ཡང་མེད་པས་འགལ་ཟླ་མེད་པའི་ཕྱིར་དངོས་པོ་རང་བཞིན་མེད་པ་ཡང་མེད་དེ། དེའི་ཕྱིར་མ་ངེས་པ་ཉིད་དུ་ག་ལ་འགྱུར། འདི་ལྟར་ཁོ་བོ་ཅག་གི་ལྟར་ན་ནི་གཟུགས་བརྙན་རང་བཞིན་དང་བཅས་པ་མ་ཡིན་ཞིང་། རང་བཞིན་མེད་པ་ཡང་མ་ཡིན་ཏེ། ཆོས་ཅན་མེད་ན་དེའི་ཆོས་དག་ཀྱང་མེད་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱིས་ནི་གཟུགས་བརྙན་ཞེས་བྱ་བ་ཅུང་ཟད་ཅིག་རང་བཞིན་དང་རང་བཞིན་མེད་པར་གཟིགས་པ་མ་ཡིན་ནོ། །དེ་ལ་སྔར་ནི། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དངོས་སུ་འབྲས་བུ་སྐྱེ་བའི་བྱེད་པ་པོ་ཉིད་ཡིན་པ་བཀག་པ་ཡིན་ལ། དེ་ལྟ་ནི་རྒྱུས་འབྲས་བུ་སྐྱེ་བའི་བྱ་བའི་རབ་ཏུ་སྦྱོར་བར་བྱེད་པ་པོ་ཉིད་ཡིན་པ་བཀག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གོང་མ་ལས་འདིའི་ཁྱད་པར་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་ཡང་རྒྱུ་འབྲས་བུ་སྐྱེ་བའི་བྱ་བའི་རབ་ཏུ་སྦྱོར་བར་བྱེད་པ་ཉིད་ཡིན་པ་བཀག་མོད་ཀྱི། དེ་ལྟ་ན་ཡང་རེ་ཞིག་རྒྱུ་ནི་རང་བཞིན་གྱིས་ཡོད་པ་ཡིན་ལ། འབྲས་བུ་མེད་ན་ནི་རྒྱུའི་རྒྱུ་ཉིད་ཀྱང་མི་འགྲུབ་སྟེ། དེའི་ཕྱིར་འབྲས་བུ་ཡང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་འདི་སྐྱེད་པར་བྱེད་པ་མ་ཡིན་བཞིན་དུ་རྒྱུ་ཉིད་ཡིན་པར་འགྱུར་ན་ནི་རྒྱུར་གྱུར་པ་ཞིག་ན། སྐྱེད་པར་བྱེད་པ་མ་ཡིན་ན། རྒྱུ་ཉིད་འཐད་པར་མི་འགྱུར་རོ། །ཅི་སྟེ་དེ་ལྟར་རྒྱུའི་རྒྱུ་ཉིད་ཡོད་པ་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་འབྲས་བུ་ནི་རེ་ཞིག་ཡོད་པ་ཡིན་ལ། རྒྱུ་མེད་པར་ནི་འབྲས་བུ་རིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡོད་པས་རྒྱུ་ཡང་ཡོད་པར་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། གང་གི་ཚེ་སྐྱེད་པར་མི་བྱེད་པ་ལ་རྒྱུའི་རྒྱུ་ཉིད་ཡོད་པ་མ་ཡིན་པར་བཤད་པ། དེའི་ཚེ། རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །དེའི་ཕྱིར་འབྲས་བུ་ཡང་མེད་དོ། །འདིར་སྨྲས་པ། རྒྱུ་འབའ་ཞིག་འབྲས་བུ་སྐྱེ་བའི་བྱ་བའི་རབ་ཏུ་སྦྱོར་བར་བྱེད་པ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྒྱུ་དང་རྐྱེན་ཚོགས་པས་འབྲས་བུ་སྐྱེད་དོ་ཞེ་ན། དེ་ནི་མི་རིགས་ཏེ། ཉེས་པ་བརྗོད་ཟིན་པའི་ཕྱིར་རོ། །གཞན་ཡང་རྒྱུ་དང་རྐྱེན་གྱི་ཚོགས་པ་འདི་གལ་ཏེ་འབྲས་བུ་སྐྱེད་པར་བྱེད་པར་རྟོག་ན། ཅི་སྟེ་བདག་ཉིད་ཀྱིས་བདག་ཉིད་སྐྱེད་པར་བྱེད་པ་ཞིག་གམ། འོན་ཏེ་མ་ཡིན་པ་ཞིག་ཡིན་གྲང་། གལ་ཏེ་སྐྱེད་པར་བྱེད་པ་ཞིག་ཡིན་ནོ་ཞེས་རྟོག་ན་ནི་དེ་མི་རུང་སྟེ། བདག་གི་དངོས་པོ་མ་རྙེད་པ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཉིད་དུ་མ་མཐོང་བ་དེའི་ཕྱིར་གདོན་མི་ཟ་བར་ཚོགས་པས་བདག་གི་དངོས་པོ་རྙེད་པར་འགྱུར་དགོས་ན། བདག་གི་དངོས་པོ་རྙེད་པ་ནི་ཡང་བདག་ཉིད་བསྐྱེད་པ་ལ་རབ་ཏུ་སྦྱོར་བར་བྱེད་པ་ཉིད་དུ་མི་རིགས་ཏེ། དེའི་ཕྱིར་ཚོགས་པས་རང་གི་བདག་ཉིད་མི་སྐྱེད་ལ། གང་ཞིག་བདག་ཉིད་མི་སྐྱེད་པ་དེས་ནི་ཇི་ལྟར་འབྲས་བུ་སྐྱེད་པར་ནུས་ཞེས་བསྟན་པའི་ཕྱིར། རྒྱུ་རྣམས་དང་ནི་རྐྱེན་དག་གིས། །ཚོགས་པ་གང་ཡིན་དེ་ཡི་ནི། །བདག་གིས་བདག་ཉིད་མི་སྐྱེད་ན། །འབྲས་བུ་ཇི་ལྟར་སྐྱེད་པར་བྱེད། །དེ་ཕྱིར་ཚོགས་པས་བྱས་པ་མེད། །ཅེས་གསུངས་ཏེ། རྒྱུ་རྣམས་དང་རྐྱེན་དག་གི་ཚོགས་པ་གང་ཡིན་པ་དེ་རེ་ཞིག་བདག་གིས་བདག་ཉིད་མི་སྐྱེད་དེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་། བདག་ཉིད་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གང་ཞིག་རེ་ཞིག་བདག་ཉིད་མི་སྐྱེད་པ་དེས་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ། མོ་གཤམ་གྱི་བུ་བདག་ཉིད་སྐྱེད་པར་མི་ནུས་པས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བར་མི་རིགས་སོ། །དེ་ལྟར་ཚོགས་པ་ཡང་རང་གི་བདག་ཉིད་སྐྱེད་པར་བྱེད་པ་མ་ཡིན་པར་འབྲས་བུ་བསྐྱེད་པ་མི་རིགས་ཏེ། དེའི་ཕྱིར་ཚོགས་པས་བྱས་པའི་འབྲས་བུ་མེད་དོ། །ཅི་སྟེ་ཡང་གལ་ཏེ་ཚོགས་པས་བྱས་པའི་འབྲས་བུ་མེད་ན། དེ་ལྟ་ན་འོ་ན་ཚོགས་པ་མ་ཡིན་པས་བྱས་པ་ཡོད་དོ་སྙམ་ན། བརྗོད་པ། ཚོགས་མིན་བྱས་པའི་འབྲས་བུ་མིན། །གང་གི་ཚེ་ཚོགས་པས་བྱས་པའི་འབྲས་བུ་ཡོད་པ་མ་ཡིན་པ་དེའི་ཚེ་ཇི་ལྟར་ཚོགས་པ་མ་ཡིན་པས་བྱས་པ་ཤིན་ཏུ་འགལ་བ་ཡོད་པར་ག་ལ་འགྱུར་ཏེ། ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་འབྲས་བུ་མེད་མོད་ཀྱི། དེ་ལྟ་ན་ཡང་རེ་ཞིག་རྒྱུ་དང་རྐྱེན་གྱི་ཚོགས་པ་ནི་ཡོད་པ་ཡིན་ལ། འབྲས་བུ་མེད་པར་ནི་རྒྱུ་དང་རྐྱེན་གྱི་ཚོགས་པ་སྲིད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཡང་ཡོད་པར་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་འབྲས་བུ་ཉིད་ཡོད་ན། །རྒྱུ་དང་རྐྱེན་གྱི་ཚོགས་པ་ཡང་ཡོད་པར་འགྱུར་ན། གང་གི་ཚེ་ཇི་སྐད་བཤད་པའི་རིགས་པས་འབྲས་བུ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ། འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །འབྲས་བུ་མེད་པ་ཉིད་ཡིན་ན་རྒྱུ་མཚན་མེད་པས་རྐྱེན་གྱི་ཚོགས་པ་དག་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས་ཀྱང་། །མཆུ་དང་ལྐོག་མ་རྐན་ལ་བརྟེན་ནས་ནི། །ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང་། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མིན། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་ལ་བརྟེན་ནས་ངག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། །ཡིད་དང་ངག་ནི་མི་སྣང་གཟུགས་མེད་དེ། །ནང་དང་ཕྱི་རོལ་དག་ནའང་དམིགས་སུ་མེད། །མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། །སྐྱེ་དང་འཇིག་ལ་རྣམ་པར་བརྟགས་བྱས་ན། །དེ་ཚེ་ངག་ཀུན་བྲག་ཅ་ལྟ་བུ་དང་། །སྐད་ཅིག་པ་དང་སྙིང་པོ་མེད་པར་མཐོང་། །ཞེས་གསུངས་པ་དང་།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号