ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༡༠༤༽

གསུམ་བཟླས་པའམ་ལན་སྟོང་བརྗོད་པ་དེས་ནི་ཆོས་ཅན། ཀློག་པའི་སློབ་དཔོན་ཉིད་དུ་མི་འགྱུར་ཏེ། ཁྱད་པར་གྱི་གཞི་ཀློག་པ་ཉིད་མ་ཡིན་པའི་ཕྱིར་རོ། །འགྲེལ་ཆུང་ལས་ཀློག་པའི་སློབ་དཔོན་བྱ་བར་འདུ་ཤེས་མ་བཞག་པར་བསླབ་པ་དང་བཟླས་པ་ནི་ཇི་སྙེད་ལོབས་ཀྱང་སློབ་དཔོན་དུ་མི་འགྱུར་ཞེས་སོ། །དཔེར་ན་ཁ་ཏོན་འདོན་པ་བཞིན་ནོ། །འོ་ན་ཀློག་པ་དང་ཁ་ཏོན། དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ཊཱི་ཀ་ལས། ཁ་ཏོན་ནི་བཟུང་ཟིན་པ་གོམས་པར་བྱ་བའི་བསམ་པས་ཡིན་པའི་ཕྱིར་དང་། ཀློག་པ་ནི་མ་བཟུང་བ་འཛིན་པའི་ཚུལ་ཡིན་པའི་ཕྱིར་རོ་ཞེས་སོ། །མཁན་་་་་་ཉེ་བར་མི་བརྗོད་དེ་ཞེས་པའི་ཊཱི་ཀ་ལས་ཉེ་བར་ཞེས་བའི་སྒྲ་ནི་ཁད་ཉེ་བའི་ཚིག་ཡིན་པའི་ཕྱིར་ཞེས་བཤད་པས་ཉེ་ཚིག་གཞན་དུ་མི་བརྗོད་དོ་ཞེས་དང་། འགྲེལ་ཆུང་ལས་མཁན་པོ་དང་། སློབ་དཔོན་ལ། བཙུན་པའམ་བླ་མ་ཞེས་པ་ལ་སོགས་པ་བླ་དྭགས་གཞན་དུ་མི་འབོད་མཁན་པོ་དང་སློབ་དཔོན་ནང་ཡང་ནོར་ཏེ་མི་འབོད་ཅེས་བཤད་དོ། །པོའི་མིང་མི་བཟུང་ཞེས་པ་ནི་མཚན་བློ་ལ་མི་བཟུང་བ་མ་ཡིན་གྱི་ངག་ཏུ་མི་བརྗོད་པ་སྟེ། འགྲེལ་ཆུང་ལས་མཁན་པོའི་མཚན་ནས་མི་སྨོས་ཞེས་སོ། །དགེ་སློང་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་ཆོ་ག་ནི་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། དགེ་སློང་གི་སྡོམ་པ་འཐོབ་ཅིང་བསྲུངས་པས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་ནོད་པ་ནི། མཁན་པོ་དང་། སློབ་དཔོན་་་་་་གསང་སྟེ་སྟོན་པ་དང་ལས་བྱེད་པ། གཉིས་དང་། དད་པའི།་་་་་དགེ་འདུན་མཚན་ཉིད་དང་ལྡན་པ་ལའོ། །མཁན་པོ་དང་སློབ་དཔོན་གྱི་མཚན་ཉིད་ནི་སྐབས་འོག་ཏུ་འཆད་པར་འགྱུར་རོ། །དེ་དག་མེད་ན་སྐྱེ་མི་སྐྱེ་ནི། མཁན་པོ་དང་གསང་སྟེ་སྟོན་པ་མེད་ཀྱང་རྒྱུ་གཞན་ཚང་ན་སྡོམ་པ་སྐྱེ་སྟེ། མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་པ་དང་། བར་ཆད་མ་དྲིས་པར་ཡང་ངོ་ཞེས་བཤད་པས་གྲུབ་བོ། །ལས་ཀྱི་སློབ་དཔོན་མེད་དམ་དགེ་འདུན་བཞི་ཡན་ཆད་དུ་ལོངས་པ་དེ་མེད་ན་ནི་་་་་་ཚུར་ཤོག་ལ་སོགས་པའི་དགེ་སློང་གི་སྡོམ་པ་མ་སྐྱེ་ཡང་། ལས་ཀྱི་ཆོ་ག་ལ་བརྟེན་པའི་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། ཆོ་ག་གསོལ་བཞིའི་ལས་ཀྱི་བྱེད་པ་པོ་མེད་པའི་ཕྱིར་རོ། །དད་པའི།་་་་་དགེ་འདུན་གྱི་མཚན་ཉིད་ནི་གྲངས་ཚང་བ་དང་། ལས་ཀྱི་ཁ་སྐོང་བར་འོས་པ་དང་། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་

༼༡༠༥༽

སྟེ། ཕྱི་མ་གཉིས་ནི་རྒྱས་པར་ལས་གཞིར་སྟོན་ལ། གྲངས་ཚང་བ་ནི་ཡུལ་དབུས་སུ་དགེ་སློང་བཅུ་དང་། མཐའ་འཁོབ་ཏུ་བཅུ་བཙལ་དུ་མེད་ན་་་་་་ལས་ཀྱི་སློབ་དཔོན་དང་། ལྔའི་གྲངས་ཚང་བའོ། །དེ་དག་མ་ཚང་ཡང་དགེ་སློང་བཞིར་ཚང་ན་ལུང་ཞུ་བ་ལས། བཙུན་པ་བཅུ་ཡང་མཆིས་ལ་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །གཉིས་པ་རྟེན་གང་གིས་ནོད་པ་ལ་བཞི་ལས། དང་པོ་ལུས་ཕུན་སུམ་ཚོགས་པ་ནི། དངོས་པོའམ་བསམ་པའི་སྒོ་ནས་ནར་སོན་པ་དང་། ལུས་་་་་་མ་ནིང་ལ་སོགས་པ། ལ་བརྟེན་པའི་བར་ཆད་མཐའ་དག་དང་བྲལ་བའོ། །དེ་ལ་དངོས་པོ་ནར་སོན་པ་ནི་མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ནས་ལོ་ཉི་ཤུ་ལོན་པ་སྟེ། རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་ལ་ནི་བསྙེན་པར་རྫོགས་པ་ཆགས་སོ་ཞེས་སོ། །བསམ་པ་ནར་སོན་པ་ནི་ལོ་ཉི་ཤུ་མ་ལོན་ཡང་ལོན་པར་འདུ་ཤེས་པ་སྟེ། ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེས་སོ། །ལེན་པ་པོས་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ནི། དེ་ལ་དགེ་སློང་ཕའི་སྡོམ་པ་མི་སྐྱེ་སྟེ། སོ་སོ་ཐར་པ་ལས། གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ་ཞེས་སོ། །དམིགས་བསལ་ནི་ལོ་ཉི་ཤུ་མ་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་པ་ལ་ཡང་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ཡོད་དེ། ལས་དང་པོ་དང་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དགེ་སློང་མའི་སྡོམ་པ་ལེན་པ་ན་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་སྐྱེ་བའི་ཚེ་ཉིད་ན་སྡོམ་ལེན་མཚན་གྱུར་ན་དགེ་སློང་ཕའི་སྡོམ་པ་སྐྱེ་བར་རིགས་སོ། །དེ་ལྟར་མཚན་གྱུར་པ་དེ་ལ་དགེ་སློང་ཕའི་སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པ་མི་རིགས་ཏེ། འོ་ན་དེང་སང་ནི་དགེ་སློང་གི་སྡོམ་པ་ལེན་པ་ན་མངལ་དང་བཤོལ་གྱི་ཟླ་བ་བརྩིས་ཏེ་ལོ་བཅུ་དགུ་ལ་དགེ་སློང་བྱེད་པར་སྣང་ན་དེ་ལ་སྡོམ་པ་སྐྱེའམ་མི་སྐྱེ་སྙམ་ན། རང་གི་རྣམ་བཤད་ལས། བསྙེན་པར་རྫོགས་པ་ནི་མ་ཆགས་པ་ཡིན་ཏེ། ལོ་བཅུ་དགུ་ལོན་པ་ལ་སོགས་པའི་སྐྱོན་གྱིས་སོ་ཞེས་པ་དང་། འགྲེལ་ཆུང་ལས་ཀྱང་ཐོག་མ་ཁྲིམས་

༼༡༠༦༽

འབོགས་པའི་ཚེ་ནི་ལོ་ཉི་ཤུར་མ་ཚང་བར་ཤེས་ནས་མངལ་གྱི་ཟླ་བ་བསྣན་ཀྱང་ཁྲིམས་མི་ཆགས་སོ་ཞེས་སོ། །འོན་ཀྱང་གཞུང་དེ་གཉིས་ཀྱི་དགོངས་པ་བཅལ་བར་བྱ་ཞིང་། ཊཱི་ཀ་ལས་བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་བརྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་ཆགས་ལ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེ་ངེས་པར་གཟུང་སྟེ། མི་ལུས་ཐོབ་ནས་ལོ་ཉི་ཤུ་ལོན་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་སྟེ་སྔར་བཤད་ཟིན་ཏོ །གསུམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་ནི། སྔར་ནས་སྐྲ་དང་ཁ་སྤུ་བྲེགས་པ་དང་། འདིར་ཆོས་གོས་གསུམ་དང་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་མཁན་པོས་བྱིན་གྱིས་བརླབས་པ་དང་ལྡན་པ་དང་། གདིང་བ་དང་ཆུ་ཚགས་ནི་ཚིག་གིས་བྱིན་ཡང་རུང་ངོ་། །དེ་དག་མེད་ན་སྐྱེའམ་མི་སྐྱེ་ཞེ་ན། དེ་དག་ཐམས་ཅད་མ་ཚང་སྟེ་སྒྲེན་མོའམ་ཁྱིམ་པ་ལ་སོགས་པའི་ཆ་ལུགས་རྫོགས་ན་མི་སྐྱེ་སྟེ། སྒྲེན་མོ་དང་ཞེས་བཤད་ཅིང་། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ་ཞེས་སོ། །དེ་ལ་དགོངས་ནས་ལུང་མ་མོ་ལས་ལྷུང་བཞེད་དང་ཆོས་གོས་མེད་པ་དང་མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་གསུངས་སོ། །ལྷུང་བཟེད་དང་ཆོས་གོས་འགའ་རེ་མ་ཚང་ཡང་མི་སྐྱེ་བའི་སྐྱོན་མེད་དེ། ལུང་ཕྲན་ཚེགས་ལས་ལྷུང་བཟེད་མེད་པ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ཤིང་། ལུང་ཞུ་བ་ལས་བཙུན་པ་ལྷུང་བཟེད་མ་མཆིས་ཆོས་གོས་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །བཞི་པ་ཚིགས་སྔ་མ་སྔོན་དུ་སོང་བ་ནི་སྔར་་་་་་ཚིགས་སྔ་མ་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་སྔོན་དུ་ཐོབ་ཅིང་ལྡན་པའོ། །དེ་སྔོན་དུ་མ་སོང་ཡང་དགེ་སློང་གི་སྡོམ་པ་སྐྱེ་སྟེ། བཤད་ཟིན་ཏོ། །གསུམ་པ་དངོས་པོ་གང་ནོད་པ་ནི་བསྙེན་རྫོགས་ཀྱི་སྡོམ་པ་སྟེ་སྐབས་ཀྱིས་གྲུབ་བོ། །བཞི་པ་ཆོ་ག་ཇི་ལྟ་བུས་ནོད་པ་

༼༡༠༧༽

ནི་སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བའི་ཆོ་ག་ནི་རྒྱས་པར་ཀརྨ་ཤ་ཏཾ་ལས་ཤས་པར་བྱའོ། །དངོས་གཞིའི་ཆོ་ག་ནི་གསོལ་བཞིའི་ལས་བྱ་བའོ། །མཇུག་གི་ཆོ་ག་ནི། ལས་ཀྱི་མཇུག་སྡུད་བརྗོད་པ་དང་། ཐོབ་དུས་གོ་བར་བྱ་བ་དང་། གདམས་ངག་བཅུ་གཅིག་བརྗོད་པ་དང་གསུམ་གཞུང་ནས་བཤད་ཅིང་། དེའི་རྗེས་སུ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བ་ནི་འདུལ་བ་འཛིན་པ་རྣམས་ཀྱི་ལག་ལེན་ལས་བྱུང་ངོ་། །ཡན་ལག་གི་དོན་ནི། ད་ལྟར་གྱི་ཆོ་གས་བསྙེན་རྫོགས་ནོད་པ་ཆོས་ཅན། ཡུལ་དགེ་འདུན་ལ་རག་ལས་ཏེ་བསྙེན་པར་རྫོགས་པར་བྱ་བ་ཡིན་ཏེ། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་བྱ་བ་ཡིན་པའི་ཕྱིར་རོ།་་་་་དཔེར་ན་གསོལ་བཞིའི་སྔོན་ཆོག་གིས་བསྙེན་རྫོགས་བྱ་བ་བཞིན་ནོ། །ད་ལྟར་གྱི་ཆོ་གའི་སྐབས་སུ་ཡུལ་དགེ་འདུན་ལས་བསྙེན་པར་རྫོགས་པར་བྱ་ཡི། དགེ་ཚུལ་ལྟར་གང་ཟག་ལས་བླང་བ་ནི་མ་ཡིན་ནོ། །ཊཱི་ཀ་ལས་དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པར་འགྱུར་ཞེས་པ་ནི་་་་་་དགེ་སློང་གི་སྡོམ་པ་ནོད་པར་བྱེད་པར་ཆོས་ཅན། དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པར་བྱ་བ་ཡིན་པའི་ཕྱིར་ན་དད་པའི་དགེ་འདུན་མེད་པར་བསྙེན་པར་རྫོགས་པར་འགྱུར་བ་ཁེགས་པར་ཐལ། མཁན་སློབ་དང་དགེ་འདུན་ཚོགས་པ་ལས་བསྙེན་པར་རྫོགས་པར་བྱ་བ་ཡིན་པ་ཁེགས་པར་ཐལ། ལས་ཀྱི་ཆོ་ག་ལ་རག་ལས་ཏེ། བསྙེན་པར་རྫོགས་པར་བྱ་བ་ཡིན་པ་ཁེགས་པར་ཐལ། ཞེས་ཐལ་འགྱུར་གསུམ་བརྗོད་ནས། འདོད་ན་ནི་ཚུར་ཤོག་ལ་སོགས་པ་ནི་དད་པའི་དགེ་འདུན་མེད་པར་ཡང་བསྙེན་པར་རྫོགས་པར་འགྱུར་ལ། ལུང་གཅིག་ལས་འཕྲོས་པ་ལས་མངོན་དུ་གྱུར་པ་བཅུའི་སྐབས་སུ་མཁན་སློབ་མངོན་སུམ་དུ་གྱུར་པ་ཞེས་མཁན་སློབ་ལ་བརྟེན་ནས་བསྙེན་པར་རྫོགས་པར་གསུངས་ཤིང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །ཞེས་ཀྱང་ལུང་གཅིག་ལས་འཕྲོས་པ་ལས་གསུངས་སོ། །ད་ལྟར་གྱི་ཆོ་གས་བསྙེན་རྫོགས་ནོད་ན། གང་ལ་གསོལ་བ་གདབ་པ་ཡུལ་གྱི་ཆ་ནས་དགེ་འདུན་ཁོ་ན་ལས་བསྙེན་པར་རྫོགས་པར་འགྱུར་ཞེས་དགོངས་སོ། །མཁན་པོ་ཉིད་དུ་ཕྱོགས་པ་ཞེས་པ་ནི། ཁ་་་་་་སོག་ཅིག་ན་རེ་ལྐོག་ཏུ་ཐ་མལ་གྱི་ཚིག་གིས་མཁན་པོ་མཛད་པར་ཞུ་བ་ཕུལ། ཚོགས་སུ་ཆོ་གའི་སྒོ་ནས་མཁན་པོར་གསོལ་བ་བཏབ་ལས་ཀྱི་གནས་སུ་ཚོགས་པ་དང་ཆོས་གསུམ་ལྡན་ཏེ། འགྲེལ་་་་་་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་ཅེས་བྱ་བ་ནི་མཁན་པོ་བྱ་བར་སྔར་སྐད་སྦྱར་ཏེ་འཐམས་པ་དང་མཁན་པོ་ཉིད་མོས་པ་དང་དགེ་འདུན་གྱི་ནང་དུ་འོངས་པས་

༼༡༠༨༽

ན་ཞེས། ཆུང་ལས་བཤད་ཟེར་ཞིང་ཆོས་གསུམ་ལྡན་དེས་དགེ་འདུན་ཚོགས་པའི་སྐབས་སུ་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱ་ཞེས་འཆད་དོ། །དེ་ནི་མ་ཡིན་ཏེ། སྐབས་འདི་ཉིད་ཀྱི།་་་་་ལུང་གཞི་དང་ཀརྨ་ཤ་ཏཾ་ལས། མཁན་པོས་དེའི་ལྷུང་བཟེད་དང་ཆོས་གོས་དག་བཙལ་བར་བྱ་ཞིང་། ལས་བྱེད་པའི་དགེ་སློང་དང་གསང་སྟེ་སྟོན་པའི་དགེ་སློང་ལ་ཡང་གསོལ་བ་གདབ་པར་བྱ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པ་ཕྱིར་བཅོས་ཏེ་འདུག་པར་བྱའོ་ཞེས་དགེ་འདུན་རྣམས་ལས་ཀྱི་གནས་སུ་འཇུག་པའི་སྔ་རོལ་ཏུ་ལས་བྱེད་པ་དང་གསང་སྟེ་སྟོན་པའི་དགེ་སློང་ལ་གསོལ་བ་གདབ་པར་གསུངས་པ་དང་འགལ་ལོ། །ལུང་ཕྲན་ཚེགས་ཀྱི་དགེ་སློང་མའི་སྐབས་ལས་མཁན་མོས་གསང་སྟེ་སྟོན་པ་དང་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ། དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་མ་རྣམས་འདུས་ཤིང་ཞེས་གསུངས་པ་དང་། བསྙེན་པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ་ཞེས་པའི་ལུང་ཕྲན་ཚེགས་ཀྱི་བྱུང་བ་་་་་་ལས་ཉེར་དགའི་དགེ་ཚུལ་བསྙེན་པར་རྫོགས་པར་འདོད་ནས་ཉེར་དགས་ལས་བྱེད་པའི་དགེ་སློང་དང་གསང་སྟེ་སྟོན་པ་དང་དགེ་སློང་གང་དག་ལས་ཀྱི་གནས་སུ་མ་འོང་བ་ལ་གསོལ་བ་བཏབ་སྟེ་དེ་ནས་དགེ་ཚུལ་ཁྲིད་ལ་ལས་ཀྱི་གནས་སུ་སྔར་སོང་ནས་ཕྱག་དར་བྱ་སྟེ་སྟན་བཤམས་པ་ན་དགེ་སློང་དག་འོངས་ཏེ་ཞེས་ལས་ཀྱི་གནས་སུ་འཇུག་པའི་སྔ་རོལ་ཏུ་གསོལ་བ་གདབ་པར་གསུངས་པ། དང་ཡང་འགལ་ལོ།་་་་་དེས་ན་འདི་ནི་དགེ་འདུན་རྣམས་ཚོགས་པ་ན་གསོལ་བ་གདབ་པ་མིན་གྱི་དེའི་སྔ་རོལ་ཏུ་གསོལ་བ་གདབ་པའོ་ཞེས་རྒྱ་འདུལ་འཛིན་ལ་སོགས་པ་རྣམས་གསུང་ལ་དེ་ལེགས་སོ། །དེང་སང་ཚོགས་སུ་གསོལ་བ་འདེབས་པ་ནི་ཚེགས་ཆུང་བའི་ཕྱིར་སླ་ཆོས་བྱས་པའོ། །གསང་སྟེ་སྟོན་པའི་དགེ་སློང་ཞེས་སྨོས་ཀྱང་ལས་བྱེད་པ་ལ་དགེ་སློང་ཞེས་མ་སྨོས་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ལས་བྱེད་པ་ལས་ཀྱི་ཆོ་ག་ཡོངས་སུ་རྫོགས་པས་དགེ་སློང་ཉིད་ཡིན་པར་གྲུབ་པའི་ཕྱིར་རོ་ཞེས་བཤད་དོ།་་་་་འོ་ན་གསང་སྟེ་སྟོན་པ་ཞེས་སྨོས་པས་ཀྱང་དགེ་སློང་ཉིད་ཡིན་པར་གྲུབ་པའི་ཕྱིར་ཞེས་མཚུངས་སོ་སྙམ་ན། །གསང་སྟེ་སྟོན་པ་ནི་

༼༡༠༩༽

ལས་ཀྱི་ཆོ་གས་བསྐོ་བ་ཡིན་ལ་དེ་ལ་ཆོ་ག་རྗེས་སུ་བསྒྲག་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་བསྐོས་པས་ཀྱང་འགྲུབ་བམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་དགེ་སློང་ཞེས་སྨོས་སོ། །དགེ་ཚུལ་གྱི་མཁན་པོ་ཡིན་ཡང་བསྙེན་པར་རྫོགས་པར་བྱེད་པའི་མཁན་པོར་གསོལ་ཏེ། འགྲེལ་ཆུང་ལས། ལས་ཐ་དད་པའི་ཕྱིར་ཞེས་བཤད་དེ། བྱ་བ་ཐ་དད་པའི་ཕྱིར་ཞེས་པའོ། །མཁན་པོ་དེ་མཁན་པོ་རང་གིས་ཞེས་སྨོས་ཅི་དགོས་ཞེ་ན། ཊཱི་ཀ་ལས། རང་གིས་ཞེས་སྨོས་པ་ནི་བཅོལ་བའི་ཆོ་ག་སྤང་བའི་ཕྱིར་ཞེས་ཏེ། གཙུག་ཕུད་འདྲེག་པ་དང་མཚན་བརྟག་པ་ལ་སོགས་པ་གཞན་ལ་བཅོལ་བས་འགྲུབ་པ་ལྟར་ཆོས་གོས་བྱིན་གྱིས་བརླབ་པ་འདི་ཡང་གཞན་ལ་བཅོལ་བས་འགྲུབ་བམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ།་་་་་འགྲེལ་ཆུང་ལས་འདུག་སྟེ་སྔགས་བཏབ་བམ་མཁན་པོ་ལས་གཞན་གྱིས་དེའི་ཚེ་སྔགས་བཏབ་ན་མི་འཆགས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེ་ལྟ་བུ་ཉིད་མ་ཡིན་ཏེ་ཞེས་བཤད་དོ། །འགྲེལ་ཆུང་ལས་ནི་ལྟ་བུ་ཉིད་མ་ཡིན་ན་ཞེས་བཤད་དེ། མ་ཡིན་ན་ཞེས་པས་སྐྱོན་དང་བྲལ་བ་དང་ཡོན་ཏན་དང་ལྡན་པ་གང་ཡང་གོ་བར་མི་ནུས་ལ་ཞེས་བཤད་དོ། །དེ་ལྟ་བུ་ཉིད་་་་་་ཆུང་ཆེ་སྐྱ་བ། མ་ཡིན་ཏེ་ཞེས་པས་སྐྱོན་་་་་་ཆུང་ཆེ་སྐྱ་བའི། དང་བྲལ་བ་དངོས་སུ་བསྟན་ཏེ་་་་་་ཚད་ལྡན་དང་ཁ་དོག་བཟང་བའི། ཡོན་ཏན་དང་ལྡན་པ་ཤུགས་ལ་བསྟན་པས་སྒྲ་བཟང་པོ་ཡིན་ཞེས་གསུང་ངོ་། །དེ་ལྟ་བུ་ཉིད་མ་ཡིན་ཏེ། ཞེས་པ་སྒྲ་བཟང་ཤོས་འདི་མདོ་རྩ་བའི་གཞུང་དུ་བཀོད་ཆོད་ཀྱི་དབང་དུ་བྱས་པའོ། །ལག་ལེན་བྱེད་ཚོད་ཀྱི་དབང་དུ་བྱས་པ་ནི། ལུང་གཞི་དང་ཀརྨ་ཤ་ཏཾ་ལས་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་ཡོན་ཏན་ནང་ལྡན་པ་ཡིན་ན་་་་་་བཟང་ངོ་། ཞེས་་་་་་བརྗོད་པར། བཤད་དོ། །སྐབས་འདིར་ལྷུང་བཟེད་དགེ་འདུན་ལ་བསྟན་དགོས་ཀྱང་། ཆོས་གོས་ནི་བསྟན་མི་དགོས་སོ། །བསྡུས་པ་ལས། ཆོས་གོས་རྣམས་དང་ལྷུང་བཟེད་དགེ་འདུན་ལ་བསྟན་ཏེ་བྱིན་གྱིས་བརླབས་པར་བྱའོ་ཞེས་བཤད་པ་ལ་བརྟེན་ནས། མངའ་རིས་པ།་་་་་ཁ་ཅིག་ནི་ཆོས་གོས་ཀྱང་་་་་་དགེ་འདུན་རྣམས་ཀྱི་སྤྱན་སྔར་ཕྱར་ཏེ། དགེ་འདུན་ལ་བསྟན་ནས་བྱིན་གྱིས་རློབ་ཅེས་ཐོས་མོད་ཀྱི། ཆོས་གོས་ནི་དགེ་འདུན་ལ་བསྟན་དགོས་

༼༡༡༠༽

པར་ལུང་ལས་དངོས་སུ་མ་གསུངས་ལ། ལྷུང་བཟེད་ཀྱི་མདོར་བསྡུས་སྦྱོར་ན་ཡང་མི་འཐད་དེ། མདོར་བསྡུས་སྦྱོར་བ་ནི་རྒྱུ་མཚན་མཚུངས་པ་ལ་སྦྱོར་བ་ཡིན་ལ།་་་་་གོས་དང་ལྷུང་བཟེད་ཡངས་དོག་མི་མཚུངས་པའི་ཕྱིར་ཏེ། གོས་ལ་རྒྱུ་རུང་བ་བདུན་དང་།་་་་་བདུན་པོ་ལ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་དམ་པའི་གོས་དང་། ཉི་འོག་གི་གོས་ཞེས་རྣམ་འབྱེད་ལས་གསུངས་ལ། ཁ་དོག་རུང་བ་་་་་་སྔོན་པོ་དང་། དམར་པོ་དང་། ངུར་སྨྲིག་དང་། གསུམ་གསུངས་ཀྱང་། ལྷུང་བཟེད་ལ་རྒྱུ་རུང་བ་ས་ལྕགས་གཉིས་ལས་མེད་ཅིང་། ཁ་དོག་རུང་བ་ནག་པོ་ལས་གཞན་མེད་པའི་ཕྱིར་རོ། །སྐབས་འདིར་ཆོས་གོས་ལ་རྒྱུའི་བྱིན་རླབས་གསུངས་ལ་ལྷུང་བཟེད་ལ་རྒྱུའི་བྱིན་རླབས་མ་གསུངས་པའི་རྒྱུ་མཚན་ཅི་ཞེ་ན། ཆོས་གོས་ཀྱི་རྒྱུ་རས་ཡུག་ལྟ་བུ་ལ་གོས་ཀྱི་བློ་སྐྱེ་བའི་ཕྱིར་དང་། ལྷུང་བཟེད་ཀྱི་རྒྱུ་ལྕགས་གོང་ལྟ་བུ་ལ་སྣོད་སྤྱད་ཀྱི་བློ་མི་སྐྱེ་བའི་ཕྱིར་ཞེས་གསུངས་ངོ་།་་་་་ལས་ཀྱི་ཆོ་ག་ཐོས་པའི་ཉེ་འཁོར་ལས། བཀར་ནས་ཞེས་པ་ནི་་་་་་དགེ་སློང་གི་སྡོམ་པ་ལེན་པའོ། དགེ་ཚུལ་དེས་གསང་སྟེ་སྟོན་པ་བསྐོ་བའི་ལས་ཐོས་ན་རྐུ་ཐབས་སུ་འགྱུར་བ་དང་། དགེ་འདུན་རྣམས་ལ་ཉེས་བྱས་སུ་འགྱུར་བ་སྤང་བའི་ཕྱིར་རོ། །འོ་ན་གསང་སྟེ་སྟོན་པ་བསྐོ་བའི་ལས་འདི་དང་དགེ་འདུན་གྱི་ནང་དུ་བར་ཆད་འདྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་གཉིས་ནི། དགོས་པ་དང་། གནས་སྐབས་་་་་་དགེ་ཚུལ་ཡིན་པ། དང་། ལས་ཀྱི་ངོ་བོ་་་་་་གསོལ་བ་འབའ་ཞིག་པ་ཡིན་པར། འདྲ་བ་ལ། དགེ་སློང་གི་སྡོམ་པ་ལེན་པ་པོ་དེས་ཆོ་ག་འདི་ནི་ཐོས་སུ་མི་རུང་ལ། འོག་མ་ནི་ཐོས་སུ་རུང་བའི་རྒྱུ་མཚན་ཅི་ཞེ་ན། འདི་ནི་བར་ཆད་མེད་པར་ངེས་པར་བྱས་མ་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བ་མ་མཛད་པའི་ཕྱིར་དང་། འོག་མ་ནི་གསང་སྟེ་སྟོན་པས་བར་ཆད་མེད་པར་ངེས་པར་བྱས་ཟིན་པ་ལ་ལྟོས་ནས་ལས་ཐོས་པ་གནང་བའི་ཕྱིར་རོ། །གང་ཡིན་ཞེས་པ་འདི་ཊཱི་ཀ་ལས་གང་ཡིན་ཞེས་བྱ་བ་དེ་ནི་སྔགས་ཀྱི་ཚིག་གི་ཡི་གེ་དང་པོ་བླངས་པ་ཡིན་ཞེས་བཤད་ལ་ཆོ་གའི་ཚིག་གི་ཐ་མ་ན་འདུག་པ་འགལ་ལོ་ཞེས་ན་གང་ཡིན་ཞེས་པ་འདི་སཾ་སྐྲྀ་ཏའི་སྒྲ་ལ་ཆོ་གའི་ཚིག་གི་དང་པོ་ན་ཡོད་ཀྱང་། སྒྲ་ལོག་འགྱུར་དུ་བསྒྱུར་བས་བོད་དཔེ་ལ་ཆོ་གའི་ཚིག་གི་ཐ་མར་སོང་བ་ཡིན་པས་མི་འགལ་ལོ། །སྤྲོ་བར་བྱས་ནས་ཞེས་པའི་ཊཱི་ཀ་ལས་ཆོ་ག་བཤད་པ་འདི་ནི་ཐམས་ཅད་དུ་ཡང་

༼༡༡༡༽

དུས་དང་པོར་བྱ་བ་ཡིན་ཞེས་པ་ནི་སྤྲོ་བ་འདྲི་བའི་ཆོ་ག་བཤད་པ་འདི་ནི་བསྐོ་བའི་ལས་ཐམས་ཅད་དུ་ཡང་དུས་དང་པོར་བྱ་བ་ཡིན་ནོ་ཞེས་པའོ། །དེ་དགེ་འདུན་ལ་གསོལ་བར་བྱའོ་ཞེས་པའི།་་་་་ཊཱི་ཀ་ལས་དེ་དང་དེ་ལྟར་བྱས་ནས་ཞེས་པ་ནི་གསང་སྟེ་སྟོན་པ་བཙལ་བ་དེ་དང་སྤྲོ་བ་འདྲི་བ་དེ་ལྟར་བྱས་ནས་་་་་་དེ་དགེ་འདུན་ལ་གསོལ་བར་བྱའོ། །ཞེས་པའོ། །ཊཱི་ཀ་ལས། ཁྱོད་ཉོན་ཅིག་ཅེས་བྱ་བའི་ཚིག་དང་པོས་ནི་སྔགས་མཐའ་དག་ལེན་པར་བྱེད་དེ་ཞེས་པ་ནི་ཁྱོད་ཉོན་ཅིག་ཅེས་བྱ་བའི་ཚིག་དང་པོ་འདིས་མཚོན་ཏེ་བར་ཆད་དྲི་བའི་ཆོ་ག་མཐའ་དག་སྐབས་འདིར་ལེན་པར་བྱེད་ཅིང་གོ་བར་བྱ་ཞེས་པའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱ་ཞེས་སོ། །མཐར་ཕྱིན་པ་མཇུག་གི་ཆོ་ག་ལ་གསུམ་སྟེ། ལས་བྱས་པ་གོ་བའི་ཡན་ལག་ཏུ་ལས་ཀྱི་མཇུག་སྡུད་བརྗོད་པ་དང་། བསླབ་པ་རྒན་གཞོན་མཉམ་གསུམ་རྟོགས་པ་ཡན་ལག་ཏུ་སྡོམ་པའི་ཐོབ་དུས་བརྗོད་པ། བསླབ་པ་མི་ཉམས་ཤིང་བརྟན་པའི་ཡན་ལག་ཏུ་སྐབས་ཀྱི་གདམས་ངག་བརྗོད་པའོ། །དང་པོ་ནི་བྱས་པ་ཉིད་ན་གནས་པ་བརྗོད་པར་བྱའོ་ཞེས་ལས་གཞིར་་་་་་ལས་ཀྱི་མཇུག་སྡུད་བརྗོད་པ་ཐམས་ཅད་ཐུན་མོང་དུ། སྟོན་པར་འགྱུར། གཉིས་པ་ནི་དེ་མ་ཐག་ཏུ་ཞེས་པ་ལ་སོགས་པས་བསྟན་ཏེ། འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། བསླབ་པ་རྒན་གཞོན་མཉམ་གསུམ་གྱི་ཚུལ་ཁྲིམས་བདེ་བླག་ཏུ་རྟོགས་པ་དང་། སྡོམ་པ་ཐོབ་དུས་མ་བརྗོད་པའི་ཉེས་པ་ཁེགས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་བརྗོད་པ་ནི་གསར་དུ་རབ་ཏུ་ཕྱུང་བའམ། སྐབས་འདིར་ནི་གསར་དུ་བསྙེན་པར་རྫོགས་པ་ལའོ། །གཉིས་པ་རྟེན་གང་གིས་བརྗོད་པ་ནི། དགེ་ཚུལ་གྱི་སྐབས་སུ་སློབ་དཔོན་ལས་གཞན་པའི་དགེ་སློང་གང་ཡང་རུང་བས་བརྗོད་དེ་ལུང་དང་ཀརྨ་ཤ་ཏཾ་ལས་་་་་་སློབ་དཔོན་མ་ཡིན་པ་དགེ་སློང་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་སྐྱེས་བུ་དང་རྩ་བ་དང་ཉིན་མཚན་གྱི་ཆ་དང་དུས་ཚོད་ཀྱང་བརྗོད་པར་བྱའོ་ཞེས། བཤད་དོ། །དགེ་སློང་གི་སྐབས་སུ་ལས་ཀྱི་སློབ་དཔོན་ལས་གཞན་པའི་དགེ་སློང་གང་ཡང་རུང་བས་བརྗོད་དེ། ཀརྨ་ཤ་ཏཾ་ལས། དགེ་སློང་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་དེ་

༼༡༡༢༽

གཞལ་བར་བྱ་ཞིང་བརྗོད་པར་བྱའོ་ཞེས་པ་དང་། གཞི་འགྲེལ་ལས། གྲིབ་ཚོད་གཞལ་བ་དེ་ནི་དགེ་སློང་གང་ཡང་རུང་བ་གཞན་གྱིས་བྱའི། དགེ་སློང་ལས་བྱེད་པས་མི་བྱ་སྟེ། འདི་ལྟར་དེས་ནི་གནས་བརྗོད་པ་ལ་སོགས་པ་སྐབས་ལྷག་མ་དག་བྱ་དགོས་པས་སྟན་ལས་ལྡང་བར་མི་རིགས་པའི་ཕྱིར་རོ་ཞེས་སོ། །གསུམ་པ་དུས་གང་གི་ཚེ་བརྗོད་པ་ནི། ལས་བརྗོད་པ་གསུམ་པ་མཇུག་སྡུད་དང་བཅས་པ་བྱས་མ་ཐག་ཏུ་སྟེ། དེ་མ་ཐག་ཏུ་ཞེས་སོ། །བཞི་པ་དངོས་པོ་གང་བརྗོད་པ་ནི། གྲིབ་ཚོད་དང་། ཉིན་མཚན་གྱི་ཆ་དང་། ཚེས་གྲངས་དང་། ཟླ་བའི་ངོ་དང་། དུས་ཚོད་ལོ་འགྲོས་དང་བདུན་བརྗོད་པ་སྟེ། ལོ་འགྲོས་བརྗོད་པ་ནི་འདུལ་བ་ནས་མ་གསུངས་ཀྱང་། འདིར་ཡུལ་ཆོས་དང་བསྟུན་པའི་ཕྱག་ལེན་ཡིན་ནོ། །ལྔ་པ་ཚུལ་ཇི་ལྟར་བརྗོད་པ་ནི། བརྗོད་པའི་ཚེ་ན་གྲིབ་ཚོད་འདི་ལ་ཁྱོད་བསྙེན་པར་རྫོགས་སོ་ཞེས་པ་ནས་འགོ་བརྩམས་ཏེ་ཕྲ་རིམ་ནས་བརྗོད་དེ། ལུང་ནས་བཤད་པའི་གོ་རིམ་མོ། །བརྩི་བའི་ཚེ་ན་་་་་་ཁྱོད་བསྙེན་པར་རྫོགས་ནས་ལོ་དུ་ལོན་ཞེས་པ་ནས་འགོ་བརྩམས་ཏེ། རགས་རིམ་ནས་བརྩི་སྟེ། བསྡུས་པ་ལས་དང་པོ་ལོ་གྲངས་དྲི་བར་བྱའོ། །དུས་ཚོད་ཀྱང་ངོ་ཞེས་བཤད་ཅིང་། རགས་རིམ་་་་་་ལོ་དང་ཟླ་བ་ལ་སོགས་པ། སྔ་ཕྱི་བྱུང་ན་་་་་་གྲིབ་ཚོད་ལ་སོགས་པ། ཕྲ་རིམ་བརྩི་མི་དགོས་པས་ཚེགས་ཆུང་བའི་དགོས་པ་ཡོད་པའི་ཕྱིར་རོ། །ཡན་ལག་གི་དོན་ལ། སྐྱེས་བུ་ཉིད་ནི། ཐུར་མ་སྐྱེས་བུ་དང་། གྲིབ་མ་སྐྱེས་བུ་གཉིས་སུ་དབྱེ་སྟེ། ཊཱི་ཀ་ལས་ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཉིད་ཅེས་བརྗོད་པར་བྱ་སྟེ་ཞེས་པ་དང་། གཞི་འགྲེལ་ལས་ཀྱང་ཐུར་མ་དེའི་ཐ་སྙད་ནི་སྐྱེས་བུ་ཞེས་བྱ་སྟེ། ཐུར་མས་གཞལ་བའི་གྲིབ་མ་ཐུར་མའི་ཚད་ཙམ་རེ་རེ་ལ་གྲིབ་ཚོད་སྐྱེས་བུ་རེ་རེ་ཞེས་བྱ་ཞེས་བཤད་དོ། །དོན་དེ་ལྟར་ཕྲན་ཚེགས་འགྲེལ་ལས་ཀྱང་བཤད་དོ། །ཤིང་བུ་སོར་བཞི་པ་ཐུར་མའི་མིང་ཅན་ནི་སྐྱེས་བུ་ཡིན་ལ། ཐུར་མ་ཇི་ཙམ་པའི་གྲིབ་མ་དེ་ཙམ་སྐྱེས་བུ་ཞེས་བྱའོ་ཞེས་པ་དང་། འགྲེལ་ཆུང་ལས་ཕུར་བུ་སོར་བཞིའི་གྲིབ་མ་སོར་བཞི་ལ་སྐྱེས་བུ་གཅིག་ཏུ་བརྩི་ཞེས་སོ། །དོན་དེ་ལྟར་ཕྲན་ཚེགས་འགྲེལ་བ་ལས་ཀྱང་བཤད་དོ།་་་་་ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་ཞེས་པ་སྔ་དྲོ་དངོས་སུ་གསུངས་ནས། ལ་སོགས་ཀྱིས་ཉེར་གཅིག་བསྡུས་ཏེ། ལུང་གཞི་ལས་ཉིན་མཚན་གྱི་ཆ་་་་་་སྔ་དྲོ་དང་གུང་དང་ཕྱི་དྲོ་དང་མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་

༼༡༡༣༽

དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ། ཉི་ཤུ་རྩ་གཉིས་གསུངས་པ་དེ་རྣམས་ནི་ལུང་གཞིའམ་སྡོམ་པ་འབོགས་པའི་ཆོ་གའི་ཡི་གེ་ལས་བལྟའོ། །སྐབས་འདིར་ལུང་ལས་ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་དང་། ཉི་མ་བཞི་ཆ་ལུས་པ་དང་བརྒྱད་ཆ་ལུས་པ་ཞེས་གསུངས་པ་ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་དང་བཞི་ཆ་ལ་བརྩིའམ་ནམ་མཁའི་གོ་ལ་བརྩི་ཞེ་ན། གཞི་འགྲེལ་ལས། ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བའོ་ཞེས་བཤད་་་་་་ཅིང་དེ་དང་མཐུན་པར་ཤ་སྦས་ཏི་ལ་སོགས་པ་རྣམས་འཆད། ཀྱང་མི་འཐད་དེ། ལུང་གཞི་ལས་་་་་་ཉི་མའི་དཀྱིལ་འཁོར་བརྒྱད་ཆ་དང་བཞི་ཆ་འདོད་པ་དེ་ནི་གཞུང་ལྔ་དང་འགལ་ལ་འདི་ལྟར། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་། ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་ཞེས་གོ་རིམ་དེ་ལྟར་གསུངས་པས་ནམ་མཁའི་གོ་ལ་བརྩི་བར་གྲུབ་བོ།་་་་་ནམ་མཁའི་གོའི་བརྒྱད་ཆ་དང་བཞི་ཆ་སྟེ་ཉི་མ་བརྒྱད་ཆ་དང་བཞི་ཆར་ཕྱིན་པར་གྲུབ། །ཉི་མ་བཞི་ཆ་ལུས་པ་དང་བརྒྱད་ཆ་ལུས་ཞེས་པ་འདི་ལ།་་་་་ལུང་ཕྲན་ཚེགས་ལས། ཕྱི་དྲོའི་བཞི་ཆ་དང་ཕྱི་དྲོའི་བརྒྱད་ཆ་ཞེས་གསུངས་ཤིང་།་་་་་ལུང་དེ་ནི་ཕྱི་དྲོའི་དུས་ན་ཉི་མོའི་བཞི་ཆ་ལུས་པ་དང་། ཕྱི་དྲོའི་དུས་ན་ཉིན་མོའི་བརྒྱད་ཆ་ལུས་པའི་དོན་ཏོ། །ཉི་ཤར་དང་བརྒྱད་ཆ་བཞི་ཆ་གསུམ་ལ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཉི་མ་རྩེ་དང་། དྲོས་བུ་ཆུང་དང་། དྲོས་ཆེན་ཞེས་གསུངས་སོ། །ཉི་མ་བརྒྱད་ཆ་ཤར་བ་དང་བཞི་ཆ་ཤར་བ་ཞེས་པ་འདི་ལ་འགྱུར་རྙིང་གི་ཀརྨ་ཤ་ཏཾ་ལས་ཉི་མ་དྲོས་བུ་ཆུང་དང་ཉི་མ་དྲོས་པོ་ཆེ་ཞེས་བཤད་ཅིང་། རྣམ་འབྱེད་འགྲེལ་ལས་ཀྱང་། ཉི་མའི་བརྒྱད་ཆ་ཤར་བ་ཞེས་བྱ་བ་ནི་ནམ་མཁའི་ཕྱོགས་ལ་འགྲོ་བའི་ལམ་གྱི་བརྒྱད་ཆ་ཆོད་པའོ་ཞེས་བཤད་དོ། །ནམ་མཁའི་གོའི་བརྒྱད་ཆ་དང་བཞི་ཆ་ཡིན་པ་ལ་གཞུང་ལྔ་ཡོད། དུས་ཚོད་དེ་དག་ནི་ལྔའོ། །ཞེས་པའི་འགྲེལ་ཆུང་ལས་དུས་ལ་རྣམ་པ་ལྔ་ཡོད་དེ་སྟོན་ཟླ་ཐ་ཆུང་ཉ་བ་ནས་འགོ་བཟུང་སྟེ་བརྩིའོ་ཞེས་སོ། །དགུན་གྱི་དུས་ནི། གཞི་འགྲེལ་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དཔྱིད་ཟླ་ར་བའི་

༼༡༡༤༽

ཉའི་བར་གྱི་ཟླ་བ་བཞི་ནི་དགུན་གྱི་དུས་སོ་ཞེས་བཤད་དོ། །དེ་ནས་དུས་ཚིགས་རྣམས་མཐར་ཆགས་ཀྱིས་བརྩིའོ།་་་་་སྨིན་དྲུག་མགོ་རྒྱལ་མཆུ་དབོ་དང་། །ནག་པ་ས་ག་ཆུ་སྟོད་སྣྲོན། །གྲོ་བཞིན་ཁྲུམས་སྟོད་ཐ་སྐར་ཏེ། །ཟླ་བ་ངོས་འཛིན་སྐར་མ་ཡིན། །ཞེས་གཟུང་ངོ་། །འོ་ན་འདུལ་བ་ནས་དུས་ཚིགས་འབྱེད་ལུགས་མི་འདྲ་བ་གསུམ་གསུངས་པའི་རྒྱུ་མཚན་ཅི་ཞེ་ན། འདིར་ལོ་གཅིག་ལ་དུས་ཚིགས་ལྔར་གསུངས་པ་ནི། གདུལ་བྱ་ལྔ་ཚན་ལ་མོས་པ་དང་མཐུན་པར་བྱ་བའི་ཕྱིར་ཏེ། དགུན་ཟླ་བ་བཞི་དང་། དཔྱིད་ཟླ་བ་བཞི་དང་། དབྱར་ཟླ་བ་བཞི་ཡིན་ཡང་། དབྱར་ལ་དུས་ཚིགས་གསུམ་དུ་བཅད་དེ་ལྔ་རུ་མཛད་་་་་་བླ་མ་རྣམས་སྐབས་འདིར་དུས་ཚིགས་ལྔར་བཤད་པ་ནི་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་དབྱར་ཐུང་ངུའི་དུས་སུ་སྡོམ་པ་བླངས་ན་བསླབ་པ་རྒན་གཞོན་བརྩི་བའི་ཚེ་དབྱར་ཐུང་ངུའི་དུས་སྡོམ་པ་བླངས་ཟེར་ན། ཟླ་བ་དང་། ཟླ་བའི་ངོ་དང་། ཚེས་གང་ལ་བླངས་ཞེས་དྲི་མི་དགོས། པའི་ཕྱིར་རོ། །ཟླ་འཇོག་གི་སྐབས་སུ་ལོ་གཅིག་ལ་དུས་ཚིགས་གསུམ་དུ་གསུངས་པ་ནི་དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་ཀྱི་ཚད་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ།་་་་་གོས་དེ་གཞན་གྱིས་ཟླ་བ་བཞི་གྱོན་ཅིང་དམན་པར་བྱས་པ་ཡིན་ན་དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་པས་བྱོན་དུ་གནང་སྟེ་འདི་ཉིད་ལས་དུས་ཚིགས་སུ་བཅད་པ་ལས་ནི་ཞེས་པ་དང་། ལུང་རྣམ་འབྱེད་ལས་དུས་ཚིགས་གསུམ་པོ་དག་ལས་དུས་ཚིགས་ཞེས་བྱ་བ་ནི་ཟླ་བ་བཞི་སྟེ། ཞེས་གསུངས་སོ། །གསོ་སྦྱོང་གི་གཞིར་ལོ་གཅིག་ལ་་་་་་དགུན་སྟོད་དང་དགུན་སྨད་དང་དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་དང་དྲུག་སྟེ། དུས་ཚིགས་དེ་རྣམས་རང་རང་གི་ཟླ་བ་ཕྱེད་དང་གཉིས་འདུས་ཏེ་ཤུལ་དུ་ཟླ་བ་ཕྱེད་ལུས་པ་ན་གསོ་སྦྱོང་བཅུ་བཞི་པ་འབྱུང་སྟེ་འདི་ཉིད་ལས་དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་གསུངས་སོ། །དུས་ཚིགས་དྲུག་ཏུ་གསུངས་པ་ནི། གསོ་སྦྱོང་བཅུ་བཞི་པ་བདེ་བླག་ཏུ་རྟོགས་པའི་ཕྱིར་རོ། །གདམས་ངག་བརྗོད་པ་ནི། གནས་རྣམས་བརྗོད་པར་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་སྤྱི་དོན་ལ་གཉིས་ཏེ། གདམས་ངག་གི་སྤྱི་དོན་དངོས་དང་། འཕྲོས་དོན་སྦྱངས་པའི་ཡི་དམ་བསྟན་པའོ། །དང་པོ་ལ་གཉིས་ལས་དང་པོ་དགོས་པའི་དོན་ནི་བསླབ་བྱ་རགས་རིམ་གོ་བ་ལ་བརྟེན་ནས་བསླབ་པ་མི་ཉམས་པར་འགྱུར་བ་དང་། གདམས་ངག་མ་བརྗོད་པའི་ཉེས་པ་ཁེགས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་བརྗོད་པ་ནི། གསར་དུ་བསྙེན་པར་རྫོགས་པ་ལ་སྟེ། བསྙེན་པར་

༼༡༡༥༽

རྫོགས་མ་ཐག་པ་ལ་ཞེས་པས་སོ། །གཉིས་པ་རྟེན་གང་གིས་བརྗོད་པ་ནི་ལས་ཀྱི་སློབ་དཔོན་གྱིས་ཏེ། ཀརྨ་ཤ་ཏཾ་ལས། དགེ་སློང་ལས་བྱེད་པས་གནས་རྣམས་བརྗོད་པར་བྱའོ་ཞེས་བཤད་དོ། །གསུམ་པ་དུས་གང་གི་ཚེ་བརྗོད་པ་ནི། སྡོམ་པའི་ཐོབ་དུས་བརྗོད་མ་ཐག་ཏུ་སྟེ། ལུང་གཞི་དང་ཀརྨ་ཤ་ཏཾ་ལས། དུས་ཚོད་བརྗོད་པ་དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱ་སྟེ་ཞེས་བཤད་དོ། །བཞི་པ་ཚུལ་ཇི་ལྟར་བརྗོད་པ་ནི་ལྟུང་བར་འགྱུར་བ་ལ་སོགས་པ་སྤང་བའི་ཚུལ་དུ་བརྗོད་པ་དང་། དགེ་སྦྱོང་དུ་བྱེད་པ་ལ་སོགས་པ་ཉམས་སུ་བླང་བའི་ཚུལ་དུ་བརྗོད་པའོ། །ལྔ་པ་དངོས་པོ་གང་བརྗོད་པ་ནི་གདམས་ངག་བརྗོད་པའོ། །འདི་ལ་ལྔ་ལས། དང་པོ་གདམས་ངག་གི་དབྱེ་བ་ནི། དགེ་སློང་ཕའི་སྐབས་སུ་མདོའི་སྒོ་ནས་ཕྱེ་ན་གདམས་ངག་བཅུ་གཅིག་སྟེ། དོན་གྱི་སྒོ་ནས་ཕྱེ་ན་ཉི་ཤུའོ། །དེའང་མདོ་དང་པོ་གསུམ་པོ་རེ་རེ་ལ་བཞི་བཞི་སྟེ་བཞི་གསུམ་བཅུ་གཉིས་དང་། མཆོག་ཏུ་འདོད་པ་ལ་སོགས་པ་འོག་མ་བརྒྱད་དོ། །གདམས་ངག་བཅུ་གཅིག་གི་སྟེང་དུ་ལྕི་བའི་ཆོས་རྣམས་བརྗོད་པ་བསྣན་པས་དགེ་སློང་མ་རྣམས་ཀྱི་གདམས་ངག་ནི་བཅུ་གཉིས་སོ། །ཞིབ་ཏུ་ཕྱེ་ན་སུམ་ཅུ་རྩ་གཅིག་སྟེ་དེའང་གནས་རྣམ་པ་གསུམ་དང་ཕམ་པ་བརྒྱད་དང་ལྕི་བའི་ཆོས་བརྒྱད་དང་གཞན་རྣམས་དགེ་སློང་གི་སྐབས་དང་འདྲའོ། །གཉིས་པ་བསྡུ་བ་ནི་གཉིས་སུ་འདུས་ཏེ། བསླབ་བྱ་ཡུལ་ལ་གདམས་པ་དང་། །སློབ་བྱེད་གཉེན་པོ་ལ་གདམས་པའོ། །དེའང་མདོ་དང་པོ་རྣམས་དང་འོག་མ་གཉིས་ཏེ་གོ་རིམ་བཞིན་ནོ། །གསུམ་པ་གྲངས་ངེས་པ་ནི། དགེ་སློང་གི་སྡོམ་པ་ཐོབ་མ་ཐག་པའི་སྐབས་འདིར་ལུང་ལས་གདམས་ངག་བཅུ་གཅིག་པོ་འདི་ཙམ་ཞིག་བསྟན་ན་དོན་དུ་འགྱུར། དེ་བས་མང་བ་དང་ཉུང་བར་བསྟན་ན་དོན་དུ་མི་འགྱུར་པར་དགོངས་ནས་བཅུ་གཅིག་བསྟན་ཏེ་སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ནོ། །བཞི་པ་གོ་རིམ་ངེས་པ་ནི།་་་་་རིགས་པ་ཡང་དག་མི་རྙེད། ལུང་ལས་གསངས་པའི་གོ་རིམ་མོ། །ལྔ་པ་དགེ་སློང་གི་སྡོམ་པ་སྦྱིན་པའི་མཇུག་གི་ཆོ་གར་་་་་་གདམས་ངག་བཅུ་གཅིག་པོ། འདི་རྣམས་གདམས་པའི་འཐད་པ་ནི། འདི་རྣམས་གདམས་པས་འདུལ་བ་མཐའ་དག་གི་དོན་གདམས་པར་འགྱུར་ཞིང་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཞེས་གསུངས་སོ། །

༼༡༡༦༽

གཉིས་པ་འཕྲོས་དོན་སྦྱངས་པའི་ཡི་དམ་བསྟན་པ་ནི།་་་་་སྨན་པ་གུས་ཏེ་བོར་བ་མ་གཏོགས། གནས་རྣམས་པ་བཞིའི་དང་པོ་གསུམ་ནི་སྦྱངས་པའི་ཡི་དམ་ཡིན་པས། དེ་ལ་འཕྲོས་ཏེ་སྦྱངས་པའི་ཡི་དམ་བཅུ་གཉིས་བསྟན་པ་འདི་ལ་བདུན་ལས་དང་པོ་དབྱེ་བ་ལ། དབྱེ་བའི་གཞི་ནི་སྦྱངས་པའི་ཡི་དམ་ཙམ་མོ། །དབྱེ་བའི་སྒོ་ཆེ་ལོང་དུ་དབྱེ་བ་དང་། ཞིབ་མོ་རྣམ་གཞག་ཏུ་དབྱེ་བའོ། །ཆེ་ལོང་དུ་ཕྱེ་ན་བཅུ་གཉིས་ཏེ། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིང་བ་ཕྱག་དར་ཁྲོད། །དགོན་པ་པ་དང་ཤིང་དྲུང་བླ་གབ་མེད། །དུར་ཁྲོད་པ་དང་ཙོག་པུ་གཞི་ཇི་བཞིན་ཞེས་གཟུང་ངོ་། །ཞིབ་ཏུ་ཕྱེ་ན་ཉི་ཤུ་སྟེ་སོ་སོའི་རང་བཞིན་བཤད་པས་ཤེས་པར་འགྱུར་རོ། །གཉིས་པ་སོ་སོའི་རང་བཞིན་ནི། ཉན་ཐོས་ཀྱི་ས་ལས། བསོད་སྙོམས་པ་རྣམ་པ་གཉིས་ཏེ་རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། མཐར་གྱིས་སློང་བའི་བསོད་སྙོམས་པའོ། །དང་པོ་ནི་འདྲིས་པའི་ཁྱིམ་་་་་་གཅིག་གམ་གཉིས། དག་ནས་ཅི་རྙེད་པ་ཙམ་ཟ་བར་བྱེད་པའོ།་་་་་ཅིང་དེས་ཆོག་པར་བྱེད་ཀྱི་གསུམ་ཡན་ཆད་ཀྱི་ཁྱིམ་རྣམས་ནས་མི་སློང་། །གཉིས་པ་ནི་་་་་་ཁྱིམ་བཟང་ངན་མི་འདམ་པར་མཐར་ཆགས་ཀྱིས་སློང་སྟེ། ཁྱིམ་རྣམས་སུ་བརྒྱུས་ཏེ་བསོད་སྙོམས་་་་་་བཟང་ངན་མང་ཉུང་། ཅི་ཐོབ་པ་ཟ་བར་བྱེད་ཀྱི་ཁྱིམ་འདི་ནས་བཟའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕང་བསྟོད་དེ་ཁྱིམ་རྣམས་སུ་མི་འགྲོ་བའོ་ཞེས་་་་་་ཉན་ས་ལས། བཤད་དོ། །སྟན་གཅིག་པ་ལ་གསུམ་པ་སྟེ། སྟན་གྱི་མཐའི་སྟན་གཅིག་པ་དང་། ཆུའི་མཐའ་དང་། ཟས་ཀྱི་མཐའི་སྟན་གཅིག་པའོ། །དེ་གསུམ་ནི་ཟས་ཟ་བའི་སྟན་དེ་ལས་ལངས་ནས་ཉིན་ཞག་དེ་ལ་དུས་རུང་བའི་ཟས་མི་ཟ་བ་དང་། སྟན་དེ་ལས་མ་ལངས་ཀྱང་།་་་་་ཟས་ཟོས་ཏེ་ཁ་བཤལ་བའི་ལག་ཆུ་བླངས་ནས་་་་་་ཉིན་ཞག་དེ་ལ་དུས་སུ་རུང་བའི། ཟས་མི་ཟ་བ་དང་། ལྷུང་བཟེད་ཀྱི་ཆུ་བླངས་ནས་མི་ཟ་བ་ཡིན་ནོ་ཞེས་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །སྟན་དེ་ལས་མ་ལངས་ཤིང་ལག་ཆུ་མ་བླངས་ཀྱང་།་་་་་ཁམ་གྱི་ཐ་མ་མིད་དེ་ཟ་འཕྲོ་བཅད་ནས་ཟས་མི་ཟ་བའོ། །དེ་གསུམ་ནི་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །ཟས་ཕྱིས་མི་ལེན་པ་ནི་ཇི་ཙམ་གྱིས་བདག་འཚོ་བར་བྱེད་པའི་ཟས་ཐམས་ཅད་མ་མནོས་པ་དེ་སྲིད་ཟ་བར་མི་བྱེད་ཅིང་ཟས་ཐམས་ཅད་བླངས་ནས་ཟ་བར་རྩོམ་པ་ནས་ཟས་ཕྱིས་མི་ལེན་པ་སྟེ་དེ་ལྟར་ཉན་ཐོས་ཀྱི་ས་ལས་བཤད་དོ། །

༼༡༡༧༽

འདི་ལ་གཉིས་ཏེ། དུས་གཅིག་པ་དང་། གསོག་པུ་པའོ།་་་་་དང་པོ་ནི་ཟ་བའི་སྔ་རོལ་ཏུ་དུས་རུང་གི་ཟས་བྱིན་ལེན་ལན་ཅིག་བྱས་ནས། ཉིན་ཞག་གཅིག་ལ་དུས་རུང་གི་ཟས་ཕྱིས་མི་ལེན་པའོ། །གཉིས་པ་ནི་འབྲས་ཆན་དང་། ཚོད་མ་དང་། ཞོ་ལྟ་བུ་སྣོད་སོ་སོར་བླུག་པ། ཟ་བའི་སྔ་རོལ་ཏུ་དེ་རྣམས་ཀྱི་བྱིན་ལེན་སྔ་ཕྱི་རིམ་གྱི་བྱས་ཏེ། ཟ་འཕྲོ་གཏོད་ནས་ཉིན་ཞག་གཅིག་ལ་དུས་རུང་གི་ཟས་ཕྱིས་མི་ལེན་པའོ། །ཆོས་གོས་གསུམ་པ་ནི་ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ཏེ་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །འོན་ཀྱང་གཞུང་འདི་ལས་ཆོས་གོས་གསུམ་པས་ཀྱང་ངོ་་་་་་ཁྲུས་རས་འཆང་། ཞེས་པ་དང་སྦྱངས་པའི་ཡོན་ཏན་བསྟན་པ་ལས་གདིང་བ་དང་གཡན་པ་དགབ་པ་དང་། གདོང་ཕྱིས་ཀྱི་གོས་དང་དབྱར་གྱི་རས་ཆེན་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་བཤད་པས། ཆོས་གོས་གསུམ་ཁོ་ནར་མ་ངེས་སོ། །འོན་ཀྱང་འཚོ་བའི་ཡོ་བྱད་ཀྱི་གོས་ཀྱི་གཙོ་བོ་ཆོས་གོས་གསུམ་ཡིན་པས་ཆོས་གོས་གསུམ་པ་ཞེས་བྱ་སྟེ། འདི་ནི་འཚོ་བའི་ཡོ་བྱད་འཆང་གི་དེ་ལས་གཞན་ལྷག་པའི་ཡོ་བྱད་ཀྱི་གོས་དང་མཁོ་བའི་ཡོ་བྱད་ཀྱི་གོས་མི་འཆང་བའི་དམ་བཅའ་བྱས་པའོ། །ཕྱིང་པ་བ་ནི་གོས་ཐམས་ཅད་ལུག་གི་བལ་ལས་བྱས་པ་འཆང་གི་་་་་་རས་དང་དར་སོགས། གཞན་མ་ཡིན་པ་སྟེ་་་་་་ཉན་ཐོས་ཀྱི་ས་ལས་བཤད་དོ། །ཞེས་སོ། །ཕྱག་དར་ཁྲོད་པ་ལ་གཉིས་ཏེ། བོར་བའི་ཕྱག་དར་ཁྲོད་པ་དང་། དུས་ཚིགས་སུ་བཅད་པའི་ཕྱག་དར་ཁྲོད་པའོ། །དང་པོ་ནི།་་་་་ཉན་སར། གཞན་གྱིས་ལམ་སྲང་ལ་སོགས་པར་བོར་བའི་གོས་ཀྱི་དུམ་བུ་ལ་སོགས་པ་བཀྲུས་ལ་དྲུབས་ཏེ་ཁ་དོག་བསྒྱུར་ཅིང་འཆང་བའོ། །གཉིས་པ་ནི།་་་་་འདུལ་བའི་ཟླ་འཇོག་གི་སྐབས་ལས། གཞན་གྱིས་ཟླ་བ་བཞི་ཡན་ཆད་གྱོན་ཅིང་དམན་པར་བྱས་པ་མ་གཏོགས་པའི་གོས་གསར་པ་ལོངས་མི་སྤྱོད་པའོ། །དགོན་པ་བ་ནི་གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱིས་བར་དུ་བཅད་པའི་དབེན་པར་གནས་འཆའ་བའོ། །སྦྱངས་པའི་ཡོན་ཏན་བསྟན་པ་ལས་ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན་དེ་ཉིད་དུ་སྐྱ་རེངས་ཤར་ཡང་ཤིང་དྲུང་བ་ཉིད་ཉམས་པར་མི་འགྱུར་རོ་ཞེས་སོ།་་་་་ཤིང་གཅིག དྲུང་པ་ནི་ཤིང་དྲུང་དུ་གནས་འཆའ་བའོ། །བླ་གབ་མེད་པ་ནི་སྟེང་མ་གཡོགས་པའི་ཕྱོགས་སུ་གནས་འཆའ་བའོ། །དུར་ཁྲོད་པ་ལ་གཉིས་ཏེ། ཐམས་ཅད་་་་་་ལུང་རྣམ་འབྱེད་ལས། ཉེ་

༼༡༡༨༽

དུ་དག་གིས་ཤི་བའི་དུར་ཟས་སྔར་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་ལ་ཟས་སུ་བྱེད་རོའི་གོས་དུར་ཁྲོད་དུ་འདོར་བར་བྱེད་པ་དེ་དག་བཀྲུས་ཏེ་དྲུབས་ཤིང་ཁ་བསྒྱུར་ནས་ཆོས་གོས་སུ་བྱེད། ཤི་བ་དེའི་རྗེས་སུ་དུར་ཁྲོད་དུ་འདོར་བར་བྱེད་པའི་གྱོ་མོ་བཞག་པ་དེ་ལྷུང་བཟེད་དུ་བྱེད་གནས་མལ་ཡང་དུར་ཁྲོད་པ་སྟེ་དེར་གནས་བཅའ་བར་བྱེད་པའོ་ཞེས་གསུངས་སོ། །དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་བུ་དང་ཁང་པ་མི་བྱ་བར་དུར་ཁྲོད་དུ་གནས་པར་བྱ་ཞེས་སྦྱངས་པའི་ཡོན་ཏན་བསྟན་པ་ལས་བཤད་དོ། །གནས་མལ་དུར་ཁྲོད་པ་ནི་ཉན་ཐོས་ཀྱི་ལས་གང་དུ་སྐྱེ་བའི་ཚོགས་ཤིའོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་བཅའ་བར་བྱེད་པའོ། །དུར་ཁྲོད་ལྡན་པ་དང་། ཕྱོགས་འགའ་དུར་ཁྲོད་ལྡན་པའོ། །དེ་ཡང་དང་པོ་ནི་ཟས་གོས་སྣོད་སྤྱད་གནས་མལ་ཐམས་ཅད་དུར་ཁྲོད་ཀྱི་རྫས་ལ་བརྟེན་པ་དང་། གཉིས་པ་ནི་དེ་དག་ལས་སྣ་འགའ་ཙམ་དུར་ཁྲོད་ཀྱི་རྫས་ལ་བརྟེན་པའོ། །ཙོག་པུ་པ་ནི་ཉིན་མཚན་ཐམས་ཅད་ནམ་དུ་ཡང་གློས་ཕབ་སྟེ་མི་ཉལ་བར་ཙོག་པུར་འདུག་པའོ། །དེ་ལ་ཡང་ཆེ་འབྲིང་ཆུང་གསུམ་ཡོད་དོ།་་་་་ཙོག་པུ་བཙན་པོ་བ་ནི། སྦྱངས་པའི་ཡོན་ཏན་བསྟན་པ་ལས། སྣའི་དཔྱད་བྱེད་ན་གནང་བའི་སྐབས་དབྱེ་བར་བྱ་སྟེ། ཙོག་པུ་བ་ཉིད་ཉམས་པར་མི་འགྱུར་རོ་ཞེས་གསུངས་པས་སྣའི་བཤལ་སྨན་སམ་བག་གཤར་བཏང་བས་སྣའི་བཤལ་དེས་ཆོས་གོས་ཆུད་ཟ་བ་སྤངས་པའི་ཕྱིར་མདུན་དུ་དགུ་བ་བཅོལ་བྱེད་དམ། དེ་ལས་གཞན་དུ་ནི་ཉིན་མཚན་ཐམས་ཅད་དུ་གཡས་གཡོན་དང་མདུན་རྒྱབ་གང་ཡང་རྩིག་པ་ལ་མི་བརྟེན་པར་ཙོག་པུ་བ་ཉིད་དུ་འདུག་པའོ། །འབྲིང་ནི་རྒྱབ་རྩིབས་ལོགས་ས་ལ་བརྟེན་ནའང་མདུན་དང་གཡས་གཡོན་མི་བརྟེན་པར་ཙོག་པུ་ཉིད་དུ་འདུག་པའོ། །ཆུང་ངུ་ནི་རྒྱབ་དང་གཡས་གཡོན་རྩིག་པ་ལ་བརྟེན་ཡང་མགོ་སྔས་ལ་མི་འཇོག་པར་ཙོག་པུ་ཉིད་དུ་འདུག་པའོ། །གཞི་ཇི་བཞིན་པ་འབོལ་སྟན་དང་རས་ལ་སོགས་པའི་སྟན་བཏིང་བར་མི་བྱེད་པར།་་་་་ནི་རྩ་འམ་ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང་། རྩའམ་ལོ་མ་བཏིང་བ་དེ་ཡང་ལན་ཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི་ཡང་དང་ཡང་མི་བརྗེ་མི་འཆོས་པ་ཡིན་ཞེས་ཉན་ཐོས་ཀྱི་ས་ལས་བཤད་དོ། །སྦྱངས་པའི་ཡོན་ཏན་བསྟན་པ་ལས། གཞི་ཇི་བཞིན་པ་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ཏེ། སྔ་ན་འདུག་པ་བླངས་ནས་གནས་མལ་ལེན་པར་མི་བྱེད་དོ་ཞེས་ཀྱང་བཤད་དོ། །གསུམ་པ་བསྡུ་བ་ནི་བཞིར་འདུས་ཏེ་ཟས་ལ་བརྟེན་པ་དང་། གོས་ལ་བརྟེན་པ་དང་། སྤྱོད་ལམ་ལ་་་་་་གཞི་ཇི་བཞིན་པ་ནི་མལ་གོང་འོག་མ་འདམ་པ་ཡང་ཡིན་ནོ་ཞེས་འདུལ་འཛིན་པ་རྣམས་གསུང་ངོ་། བརྟེན་པ་དང་། གནས་མལ་

༼༡༡༩༽

ལ་བརྟེན་པ་སྟེ། དང་པོ་གསུམ་དང་། དེ་འོག་གསུམ་དང་། ཙོག་པུ་བ་དང་། གཞན་ལྔའོ། །བཞི་པ་སྒྲ་བཤད་ནི་ཉན་ཐོས་ཀྱི་ས་ལས་ཅིའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་ལེགས་པར་རྨེལ་བ་ལ་སྦྱངས་པ་ཞེས་བྱ་སྟེ། བལ་མ་རྨེལ་ན་འཛིངས་ཤིང་བལ་བཀལ་བར་བྱ་བའི་ལས་སུ་མི་རུང་ངོ་། །དེ་བཞིན་དུ་ཟས་གོས་ལ་སོགས་པ་ལ་ཆགས་པས་སེམས་ཀུན་ཏུ་ཞེན་པ་སྟེ། སྦྱངས་པའི་ཡོན་ཏན་འདི་དག་གིས་ཚངས་པར་སྤྱོད་པ་ལ་གནས་པར་བྱེད་སེམས་མཉེན་པར་བྱེད་སེམས་ལས་སུ་རུང་བར་བྱེད་པས་ན་སྦྱངས་པའི་ཡོན་ཏན་ཞེས་བྱའོ་ཞེས་གསུངས་སོ། །དམ་བཅའ་བླངས་བ་དང་ལྡན་པས་སྦྱངས་པའི་ཡི་དམ་ཞེས་ཀྱང་བྱའོ། །ལྔ་པ་གང་ཟག་གང་ལ་བསྔགས་པ་ནི། ཆགས་པ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་དང་། སྡང་བ་ཀུན་ཏུ་སྤྱོད་པ་ཤས་ཆེ་བ་གཉིས་ལས། སྔ་མ་ལ་བསྔགས་ཏེ། འདི་རྣམས་ཕྱི་ནང་གི་འདོད་པ་ལ་ཆགས་པ་སྤོང་བའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །ཕྱི་མ་ལ་ནི་དེ་ཙམ་དུ་བསྔགས་པ་མ་ཡིན་ཏེ། འདི་རྣམས་ལ་བརྟེན་ནས་ཚོར་བ་སྡུག་བསྔལ་དང་མཚུངས་པར་ལྡན་པའི་ཁྲོ་བ་འཕེལ་བར་འགྱུར་བའི་ཕྱིར་ཞེས་གསུང་ངོ་། །དྲུག་པ་གང་གི་གཉེན་པོ་གང་ཡིན་བསྟན་པ་ནི། ཉན་ཐོས་ཀྱི་ས་ལས་འདི་ལྟར་བཤད་དེ། ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་བསོད་སྙོམས་པའོ། །ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་སྟན་གཅིག་དང་ཕྱིས་མི་ལེན་པའོ། །གོས་མང་པོ་དང་་་་་་དར་གོས་ལ་སོགས་པ་འཇམ་པོ་དང་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་གོས་ལ་བརྟེན་པ་་་་་་ཆོས་གོས་གསུམ་པ་དང་ཕྱིང་བ་པ་དང་ཕྱག་དར་ཁྲོད་པ་དང་། གསུམ་གོ་རིམ་བཞིན་ནོ། །འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་པའོ། །གནས་ཁང་ལ་ཆགས་པ་སྤང་བའི་ཕྱིར། ཤིང་དྲུང་དང་བླ་གབ་མེད་པའོ། །གནས་ཁང་ལ་ཆགས་པ་དང་སེམས་ཅན་ལ་ཆགས་པ་གཉིས་ཀ་སྤང་བའི་ཕྱིར་དུར་ཁྲོད་པའོ། །གློས་ཕབ་སྟེ་ཉལ་བ་ལ་ཆགས་པ་སྤང་བའི་ཕྱིར་ཙོག་པུ་བའོ། །འབོལ་སྟན་ལ་སོགས་པའི་་་་་་སྟན་གདིང་བ་དང་རྩྭའམ་ལོ་མ་བཏིང་བའི་སྟེང་རས་མལ་སོགས་པས་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པའོ་ཞེས་བཤད་དོ། །བདུན་པ་བསྙེན་པར་རྫོགས་པའི་མཇུག་གི་ཆོ་གར་་་་་་སྦྱངས་པའི་ཡོན་ཏན། གསུམ་པོ་འདི་བརྗོད་ལ་གཞན་

༼༡༢༠༽

དགུ་པོ་མི་བརྗོད་པའི་འཐད་པ་ནི། ཚངས་པར་སྤྱོད་པ་ཉམས་པར་བྱེད་པའི་རྒྱུའི་གཙོ་བོ་ཡོ་བྱད་གསོག་པ་ཡིན་་་་་་ཏེ་ནོར་གསོག་པའི་སོ་ནམ་ཟུང་བཞི་ཡ་བརྒྱད་གང་བྱས་ཚུལ་ཁྲིམས་དང་འགལ་བར་འགྱུར་ཞིང་ནོར་གསོག་པ་ནི་གོས་དང་ཟས་དང་གནས་ཁང་གི་ཆེད་དུ་ཡིན། ལ། གོས་ཕྱག་དར་ཁྲོད་ལ་སོགས་པ་འདི་གསུམ་ཉམས་སུ་བླངས་པས་ཡོ་བྱད་གསོག་པ་ཁེགས་པའི་ཕྱིར་དང་། འདི་བསྒྲུབ་པར་ནུས་པའི་ཕྱིར་རོ། །ཐམས་ཅད་དུར་ཁྲོད་དང་ལྡན་པས་ཀྱང་ཡོ་བྱད་གསོག་པ་ཁེགས་མོད་ཀྱི། དུས་སྙིགས་མའི་སེམས་ཅན་སྙིང་སྟོབས་ཆུང་བས་བསྒྲུབ་པར་མི་ནུས་པའི་ཕྱིར་རོ་ཞེས་གསུང་ངོ་།་་་་་འགྲེལ་ཆུང་ལས་བསྙེན་པར་རྫོགས་པའི་མཇུག་གི་ཆོ་གར་སྦྱངས་པའི་ཡི་དམ་བཅུ་གཉིས་པོ་ཐམས་ཅད་བརྗོད་ཅེས་ཟེར་ཏེ་ལུང་དང་ཀརྨ་ཤ་ཏཾ་དང་འགལ་ལོ་གསུང་ཡང་འགྲེལ་ཆུང་ན་དེ་མི་སྣང་ངོ་། །ཡན་ལག་གི་དོན་ནི། ཚངས་པར་སྤྱོད་པའི་གནས་རྣམ་པ་བཞི་པོ་གོས་ཕྱག་དར་ཁྲོད་དང་།་་་་་ཊཱི་ཀ་ལས་ཕྱག་དར་བཞིན་དུ་བོར་བའི་ཕྱིར་ཕྱག་དར་དང་འདྲ་བའི་གོས་ཞེས་བཤད་ལ། ཟས་བསོད་སྙོམས་དང་། གནས་མལ་ཤིང་དྲུང་དང་། སྨན་བཀུས་ཏེ་བོར་བ་་་་་་གུར་ཀུམ་ཁུ་བ་ཕྱུང་སྟེ་ཚིགས་མ་བོར་བ་ལྟ་བུ། སྟེ། དེ་རྣམས་ལ་བསྟེན་པར་བརྗོད་པར་བྱའོ།་་་་་གོས་ཕྱག་དར་ཁྲོད་དང་སྨན་བཀུས་ཏེ་བོར་བ་ལ་བསྟེན་པར་བྱེད་ཀྱང་སླའི་ཚུལ་ཁྲིམས་དང་འགལ་བར་མི་བྱའོ་ཞེས་བསྟན་པ་ཡིན་གྱི། ལྷག་པར་རྙེད་ན་གོས་བཟང་པོ་དང་སྨན་བཟང་པོ་བསྟེན་དུ་མི་རུང་བ་མ་ཡིན་ནོ། །ངན་སོང་དུ་ལྟུང་བར་འགྱུར་བ་ཕམ་པ་བཞི་པོ་ནི། རྣམ་པར་དཀར་བའི་ཆོས་མ་ཡིན་ཡང་མཚན་ཉིད་འཛིན་པའི་ཆོས་ཏེ་དེ་རྣམས་ཀྱང་སྤང་བ་ཉིད་དུ་བརྗོད་པར་བྱའོ། །དགེ་སློང་དུ་བྱེད་པའི་ཆོས་བཞི་པོ་ནི།་་་་་ཁྱིམ་པའི་ཕྱོགས་ཀྱི་སྐྱོན་བརྗོད་ཅིང་། གཤས་ཀྱང་སླར་མི་གཤེ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ་དང་། བརྡེག་ཀྱང་སླར་མི་བརྡེག་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ཀྱི་སྐྱོན་བརྗོད་ཅིང་།་་་་་མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་སྟེ། རྣམ་པར་དཀར་བའི་ཆོས་དེ་རྣམས་ཀྱང་བརྗོད་པར་བྱའོ། །མཆོག་ཏུའམ་རབ་ཏུ་འདོད་འདུན་བསྐྱེད་པར་བྱ་བ་ནི་དགེ་སློང་གི་སྡོམ་པའོ། །དེའང་མཁན་སློབ་དང་དགེ་འདུན་དང་ལས་ཀྱི་ཆོ་ག་ཡང་དག་པ་ཕུན་སུམ་ཚོགས་པ་ཉིད་ཀྱིས་དགེ་སློང་གི་ཚུལ་ཁྲིམས་རྫོགས་པར་ཐོབ་པ་ཉིད་བརྗོད་ནའོ། །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་རྣམས་དང་གསར་དུ་བསྙེན་པར་རྫོགས་པའི་དགེ་སློང་གཉིས་ཚུལ་ཁྲིམས་ཀྱི་རྒྱུ་མཚན་གྱིས་མཉམ་པར་གྱུར་པ་ཉིད་སྒྲུབ་པ་ནན་ཏན་དུ་བྱ་བ་

༼༡༢༡༽

ལ་ངེས་པར་སྦྱར་བར་བྱའོ།་་་་་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤོང་བའི་ཆ་ནས་མཉམ་པ་ཡིན་གྱི། བཅས་པའི་ཁ་ན་མ་ཐོ་བ་སྤོང་དགོས་ཀྱི་ཆ་ནས་དགེ་སློང་རྒན་བུ་པས་གསར་བུ་བཅས་པ་མང་པོ་ཡོད་དེ། བྱ་བ་ཞུ་བ་ལ་སོགས་པའི་བཅས་པ་རྣམས་སོ། །འཇིག་རྟེན་པའི་ཚུལ་དང་འབྲེལ་པ་ཕ་དང་བུའི་འབྲེལ་པའི་གཟུགས་བརྙན་ནི་མཁན་པོ་དང་མཁན་བུའི་འབྲེལ་བ་སྟེ། དེ་གཉིས་ཕ་བུ་དངོས་མ་ཡིན་ཡང་ཕ་བུ་ལྟར་ཤིན་ཏུ་ཉེ་བའི་སྒོ་ནས་འདྲ་བས་ན་གཟུགས་བརྙན་ཞེས་བྱ་སྟེ། མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་སྟེ་གུས་པར་བྱ་བ་ལ་ཡང་ངེས་པར་སྦྱར་བར་བྱའོ། །གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྒན་གཞོན་འབྲིང་གསུམ་ལ། རང་གི་ལུས་ངག་ཡིད་གསུམ་དུལ་བར་གནས་པ་སྟེ། གུས་པར་གནས་པ་ཉིད་ལ་ཡང་ངེས་པར་སྦྱར་བར་བྱའོ། །དགེ་སློང་རྣམས་ཀྱིས་བྱ་དགོས་པ་ཀློག་པ་དང་ཁ་ཏོན་དང་ཚུལ་བཞིན་ཡིད་ལ་བྱ་བ་ལ་སོགས་པ་དེ་རྣམས་སྦྱོར་བས་རྗེས་སུ་སྒྲུབ་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །མ་བརྗོད་པ་ནི་བསྙེན་པར་རྫོགས་པའི་མཇུག་གི་ཆོ་གར་བྱེ་བྲག་རེ་རེ་ནས་མ་བརྗོད་པ་སྟེ་དགེ་འདུན་ལྷག་མ་མན་ཆད་ལྟུང་བ་སྡེ་བཞི་པོ་རྣམས་སོ། །དེ་རྣམས་ཀྱིས་སྡོམ་པ་ཡང་དག་པར་བླངས་པའི་བསླབ་པའི་གཞི་རྣམས་ཡོངས་སུ་ཤེས་པའི་ཐབས་བསྒྲུབ་པར་འགྱུར་བ་ཉིད་བརྗོད་པ་སྟེ། ད་གཟོད་འདུལ་བ་རྒྱ་ཆེར་སྟོན་པ་ལས་ཤེས་པར་འགྱུར་ཞེས་ཀྱང་བརྗོད་པར་བྱའོ། །བསླབ་པ་ལ་གུས་པ་སྟེ་ཚུལ་ཁྲིམས་ལ་གཅེས་སྤྲས་བྱ་བ་ལ་ཡང་ངེས་པར་སྦྱར་བར་བྱའོ། །བསྒྲུབ་པར་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞིའོ། །དེ་ཐོབ་བྱེད་ཀྱི་ཐབས་ནི་བག་ཡོད་པ་སྟེ། བག་ཡོད་པར་སྒྲུབས་ཤིག་ཅེས་བརྗོད་པ་དང་བཅས་པ་ལ་ཡང་ངེས་པར་སྦྱར་བར་བྱའོ། །འགྲེལ་ཆུང་ལས་བག་ཡོད་པར་མྱ་ངན་ལས་འདས་པ་སྒྲུབས་ཤིག་ཅེས་བསྒོ་ཞེས་བཤད་དོ། །དེ་ལྟར་སྡོམ་པ་མནོས་ནས་མ་ཉམས་པར་བསྲུངས་ན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འཐོབ་པས། མ་ཉམས་པར་བསྲུང་དགོས་སོ། །བསྲུང་བའི་ཐབས་ཀྱི་གཞུང་ཐམས་ཅད་བསྲུང་ཐབས་ལྔར་འདུས་པ་ལས།་་་་་དེ་ཕྱི་རོལ་གྱི་རྐྱེན་གང་ཟག་གཞན་ལ་བརྟེན་ཏེ་བསྲུང་བ་དང་། ནང་གི་རྒྱུ་བསམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྲུང་བ་དང་། སྤང་བྱ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་དང་། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་

༼༡༢༢༽

བ་དང་། བདེ་བར་གནས་པའི་རྐྱེན་ལ་བརྟེན་ཏེ་བསྲུང་བ་དང་ལྔ། ཕྱི་རོལ་གྱི་རྐྱེན་གང་ཟག་གཞན་ལ་བརྟེན་ཏེ་བསྲུང་བ་འདི་དང་པོར་སྟོན་ཏེ། ལས་དང་པོ་པ་ལ་མཁོ་འཇེབས་ཤིན་ཏུ་ཆེ་བའི་ཕྱིར་རོ། །འདི་ལ་གསུམ་་་་་་སྟེ་བྱ་བ་ཞུ་བའི་ཚུལ་གྱིས་བསྲུང་བ་དང་། གནས་པ་ལ་གནས་པའི་ཚུལ་གྱིས་བསྲུང་བ་དང་། ཆད་པ་བཅད་པའི་ཚུལ་གྱིས་བསྲུང་བ་དང་གསུམ། ལས། བྱ་བ་ཞུ་བའི་ཚུལ་གྱིས་བསྲུང་བ་དང་པོར་བསྟན་ཏེ། ལུང་ལས་དང་པོར་གསུངས་ཤིང་སྡོམ་པ་ཐོབ་པའི་སྐད་ཅིག་གཉིས་པ་ནས་བྱ་བ་གང་བྱེད་ཀྱང་བླ་མ་ལ་ཞུ་དགོས་པའི་ཕྱིར་རོ། །དེ་ཡང་གནས་པས་གནས་ལ་ཞེས་པ་ནས་བསྟན་ཏོ། །འདིའི་སྤྱིའི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ལ་གཉིས་ལས། བྱ་བ་ཞུས་པའི་དངོས་ཀྱི་དགོས་པ་ནི། མ་ཞུས་པའི་ཉེས་པ་ཁེགས་པའོ། །བརྒྱུད་པའི་དགོས་པ་ནི་གསུམ་སྟེ། ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པ་་་་་་སྟེ་བླ་མ་ལ་བྱ་བ་ཞུས་ཤིང་ཚུལ་བཞིན་དུ་བྱེད་བྱད་བཞིན་བྱས་ནས་ཉེས་སྤྱོད་བྱེད་པ་ནི་མི་རིགས་སོ་སྙམ་སྟེ་ཁྲེལ་ཡོད་སྐྱེ་བ། དང་། བྱ་བ་རུང་མི་རུང་ཤེས་པར་འགྱུར་བ་དང་། བཀའ་བཞིན་དུ་བསྒྲུབས་པས་གནས་ལ་གུས་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་ལས། དང་པོ་ཡུལ་གང་ལ་ཞུ་བ་ནི། རང་གི་གནས་སུ་གྲུབ་ཅིང་མ་ཉམས་པ་ལ་ཞུ་སྟེ་གནས་ལམ་ཞུས་པར་བྱ་བ་མི་བྱའོ་ཞེས་སོ། །གཉིས་པ་རྟེན་གང་གིས་ཞུ་བ་ནི། གནས་པར་འོས་པས་ཞུ་སྟེ། གནས་པས་་་་་་མ་ཞུས་པར་བྱ་བ་མི་བྱ། ཞེས་སོ། །གསུམ་པ་དངོས་པོ་གང་ཞུ་བ་ནི་བྱེད་པ་པོ་གང་ཟག་གཅིག་གི་དབང་དུ་བྱས་ན་བྱ་བ་ནི་རུང་བ་དང་མི་རུང་བ་གཉིས་སུ་ཁ་ཚོན་ཆོད་ཀྱང་། བློ་ལ་ལྟོས་ནས་གསུམ་དུ་ཡོད་དེ། རུང་བར་ཤེས་པ་དང་མི་རུང་བར་ཤེས་པ་དང་། རུང་མི་རུང་ཐེ་ཚོམ་ཟ་བའོ། །དེ་ཡང་མི་་་་་་ཆང་འཐུངས་པ་ལ་སོགས་པ། རུང་བར་ཤེས་པ་དེ་བླ་མ་ལ་མི་ཞུ་སྟེ། ཞུས་ན་དགག་བྱ་དང་ལྡན་པའི་ཕྱིར་རོ། །རུང་བར་ཤེས་ཀྱང་བཤང་གཅི་བྱ་བ་ལ་སོགས་པ་དམིགས་བསལ་རྣམས་བླ་མ་ལ་མི་ཞུ་སྟེ། ཞུ་མི་དགོས་པ་ཉིད་དུ་བཅས་པའི་ཕྱིར་རོ། །དམིགས་བསལ་མ་གཏོགས་པ་རུང་བར་ཤེས་པ་རྣམས་དང་། ཐེ་ཚོམ་ཟ་བ་རྣམས་བླ་མ་ལ་བྱ་བ་ཞུ་སྟེ།་་་་་རུང་བར་ཤེས་པ་རྣམས་ཞུ་བར། འོད་ལྡན་ནས་བྱ་བ་ཞུ་བའི་སྐབས་ལས་ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ་ཞེས་པ་དང་། ཐེ་ཚོམ་ཟ་བ་རྣམས་ཞུས་ན་རུང་མི་རུང་།་་་་་ཐེ་ཚོམ་ཆོད་པའི་དགོས་པ་ཡོད་པའི་ཕྱིར་རོ། །

༼༡༢༣༽

བཞི་པ་ཚུལ་ཇི་ལྟར་ཞུ་བ་ནི། ཁ་ཅིག་ན་རེ་བྱ་བ་ཞུ་བ་ན་བྱ་བ་རང་རང་གི་མིང་ནས་སྨོས་མི་དགོས་ཀྱི། ཀུན་ཏུ་སྤྱད་པ་རུང་བ་དག་བགྱིད་པར་ཞུ་འཚལ་ཞེས་ཞུ་སྟེ། འོད་ལྡན་ལས་ཀུན་ཏུ་སྤྱད་པར་རུང་བ་དག་བགྱིའོ། །ཞེས་ཞུ་བར་བཤད་དོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་ལས་བཤད་པ་དེ་ནི། བྱ་བ་ཞུ་བའི་གཞི་རུང་བ་དག་ཞུ་ཞེས་པ་བསྟན་པ་ཡིན་གྱི། བྱ་བ་ཞུ་བའི་ཚུལ་ལུགས་བསྟན་པ་མ་ཡིན་ལ། བྱ་བ་རང་རང་གི་མིང་ནས་སྨོས་མི་དགོས་ན། ལུང་རྣམ་འབྱེད་ནས་ཚེ་དང་ལྡན་པ་ཆོས་ཀྱི་བྱུང་བ་ལས། སྣམ་སྦྱར་བཙེམ་པར་ཞུ། ཉིན་མོ་སྤྱོད་པ་ལ་མཆི་བར་ཞུ། བསོད་སྙོམས་ལ་མཆི་བར་ཞུ་ཞེས་བྱ་བ་རང་རང་གི་མིང་ནས་སྨོས་ཏེ་ཞུ་བར་གསུངས་པ་དང་། ཀཱ་རི་ཀ་ལས་ཀྱང་། འཚལ་མ་འཚལ་ཞེས་བླ་མ་ལ། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ། །ཞེས་པ་དང་། ལོ་དྲི་བ་ལས་ཡང་ཆག་ཆག་དང་ཕྱག་དར་དང་ཀློག་པ་དང་ཁ་ཏོན་དང་དགེ་བའི་ཕྱོགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་བགྱིད་ཅེས་བཤད་པ་དང་། རིགས་པས་ཀྱང་བྱ་བ་རང་རང་གི་མིང་ནས་མ་སྨོས་པར་ཀུན་ཏུ་སྤྱད་པ་རུང་བ་དག་བགྱིད་པར་ཞུ་ཞེས་བརྗོད་པ་དེ་ཆོས་ཅན། བྱ་བ་ཞུ་བའི་ཚུལ་ལུགས་མ་ཡིན་ཏེ། བྱ་བ་རུང་མི་རུང་ཐེ་ཚོམ་ཆོད་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་བྱ་བ་རྣམས་རང་རང་གི་མིང་གིས་སྨོས་ཏེ་ཞུ་བ་ཡིན་ནོ། །དེ་ཡང་བླ་མ་ལ་ཕྱག་བཙལ་ནས། ཙོག་ཙོག་པོར་འདུག་ཅིང་ཐལ་མོ་སྦྱར་ཏེ་བྱ་བ་ཞུ་བར་བྱའོ། །བག་ཡོད་པར་སྒྲུབས་ཤིག་ཅེས་བླ་མས་གནང་བར་བྱའོ། །ལྔ་པ་དུས་ནམ་གྱི་ཚེ་ཞུ་བ་ནི། བྱ་བ་ནར་མ་རྣམས་ཞུ་བ་དང་། བྱ་བ་གློ་བུར་བཞུ་བའོ། །དང་པོ་ནི་གནས་དང་གནས་པ་གཉིས་ཀ་རང་བཞིན་གྱི་མཚམས་གཅིག་ན་ཉིན་རེ་ལན་གསུམ་ཞུ།་་་་་འདི་དང་གོང་མ་རྣམས་ལ་མཚམས་གཅིག་དགོས་པར་གསུངས། རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེ་རྒྱང་གྲགས་ལྔའམ་དྲུག་ཡོད་ན་ཞག་ལྔའམ་དྲུག་ཅིང་ངོ་། །མཚམས་པོ་ཆེ་གཅིག་གིས་བསྡུས་ཤིང་དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེ་ན་འཕྲལ་གྱི་བྱ་བ་་་་་་ནམ་ལྡངས་པར་ཁྲུས་བྱ་བ་དང་། ཕྱག་བྱ་བ་དང་། ཟས་ཟ་བ་དང་། ནར་མའི་དགེ་སྦྱོར་ལ་སོགས་པ་སྟེ་འཕྲལ་གྱི་བྱ་བ། རྣམས་དུས་གཅིག་ཏུ་ཞུ་བ་ཡིན་ནོ། །དེ་ལྟར་ཡང་གཙུག་ལག་ཁང་དེ་ན་འདུག་ན་གནས་པས་ཉིན་པར་ལན་གསུམ་འགྲོ་བར་བྱའོ་ཞེས་པ་ལ་སོགས་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号