ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

  བདེ་ལེགས་སུ་གྱུར་ཅིག མཚན་དང་དཔེ་བྱད་བཟང་པོའི་དཔལ་གྱིས་རབ་མཛེས་ཤིང་། །གསུང་དབྱངས་ཡན་ལག་རྒྱ་མཚོ་ཆོས་ཀྱི་འབྲུག་སྒྲ་ཅན། །མཁྱེན་བརྩེ་དཔལ་ལྡན་ཡོན་ཏན་ཀུན་གྱི་གཏེར་མཛོད་འཛིན། །སྐྱེ་དགུའི་རྣམ་འདྲེན་ལྷ་ཡི་ལྷ་ལ་སྤྱི་བོས་འདུད། །སངས་རྒྱས་བསྟན་པའི་གཞི་དང་རྩ་བ་འདུལ་བའི་སྡེ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་སྟོན་པའི་གཞུང་། །འདུལ་བ་རྒྱ་མཚོའི་བཅུད་ཀྱི་སྙིང་པོ་མདོར་བསྡུས་པ། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། །འདུལ་བ་ནི་དེ་བཞིན་གཤེགས་པས་གཉིས་འཐད་གསུངས་ཏེ། གཉིས་གང་ཞེ་ན། ལྟུང་བ་འདུལ་བ་དང་། ཉོན་མོངས་པ་འདུལ་བའོ། །་་་་་འདུལ་བ་མདོ་ཡི་གསལ་བྱེད་ཉི་མའི་འོད་འདི་བརྩམ། །འདིར་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་མཐའ་དག་གི་གཞི་མར་གྱུར་པ་འདུལ་བའི་ལུང་བདུད་རྩིའི་རྒྱ་མཚོ་དང་འདྲ་བའི་ནང་ནས། ཚིག་མདོར་བསྡུས་ཤིང་དོན་རྒྱས་པར་སྟོན་པའི་བསྟན་བཅོས་འདི་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱིས་ལེགས་པར་སྦྱར་རོ། །འདི་ལ་གཉིས་ཏེ། གཞན་འཇུག་པའི་ཡན་ལག་ཏུ་དགོས་འབྲེལ་བསྟན་པ་དང་། བརྗོད་བྱ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བསྟན་པའོ། །དང་པོ་ནི་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པས་བསྟན་ཏོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་དང་། དགོས་འབྲེལ་གྱི་བསྡུས་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་ལས། དང་པོ་་་་་་ངེས་པ་བསྐྱེད་པ་དགོས་པར་འདོད་པ་དགག་པ་ནི། མུ་སྟེགས།་་་་་རྣ་མ་ཕུག་པ་ན་རེ་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། བསྟན་བཅོས་ཀྱི་ལུས་ཀྱི་དགོས་སོགས་ཆོས་བཞི་་་་་་ཡོད་ལ་བསྟན་བཅོས་ཀྱི་ལུས་ལ་དགོས་སོགས་ཆོས་བཞི་ཡོད་ཅེས་ཕལ་ཆེ་བ་ཟེར་བ་ནི་མི་རིགས་ཏེ། འབྲེལ་བ་ནི་དགོས་པའི་སྟེང་ན་ཡོད་ཀྱི། འབྲེལ་ཡུལ་བསྟན་བཅོས་ཀྱི་སྟེང་ན་ཡོད་པ་ནི་མ་ཡིན་ཏེ། སྤྱིར་ན་འབྲེལ་པ་ནི་འབྲེལ་པོའི་སྟེང་ན་ཡོད་ཀྱི་འབྲེལ་ཡུལ་གྱི་སྟེང་ན་ཡོད་པ་མ་ཡིན་པའི་ཕྱིར་རོ། །དཔེར་ན་མེ་དང་དུ་བའི་འབྲེལ་བ་བཞིན་ནོ། ཡོད་ངེས་སྙམ་དུ་ངེས་ཤེས་སྐྱེས་པ་དེ་ཁོ་ན་ཡིན་ཞེས་གྲག་གོ །འོ་ན་དེ་ཚོད་དུ་འདིར་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་དེ། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཕལ་ཆེར་ཡོད་ལ་ཚེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཡིན་ཞེས་བསྒྲེའོ། །ཅིའི་ཕྱིར་ཟེར་ན། དེར་ཡང་ངོ་། །ངེས་ཤེས་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཆོས་ཅན། དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རྟོག་ལྡན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་ཞེས་མཚུངས་པ་ཡིན་ནོ། །སློབ་དཔོན་ཆོས་མཆོག་གིས་མཛད་པའི།་་་་་ཚད་མ་བརྟག་པ་ལས་ཀྱང་། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་་་་་་སྦྱོར་བ་ངན་པ་བཟློག་པ་དགོས་པར་འདོད་པ་དགག་པ་ནི། སློབ་དཔོན་ཞི་བ་འཚོའི་བཞེད་པས། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། གཞན་གྱི་སྦྱོར་བ་ངན་པ་བཟློག་པ་ཡིན་ཏེ། གཞན་དག་འདི་སྐད་དུ། བསྟན་བཅོས་འདི་ནི། བརྩམ་པར་བྱ་བ་མ་ཡིན་ཏེ། དགོས་པ་ལ་སོགས་པའི་ཆོས་བཞི་མེད་པའི་ཕྱིར་ཞེས་ཟེར་བ་ལ། རྟགས་་་་་་དགོས་པ་ལ་སོགས་པ་ཡོད་དོ་ཞེས་བརྗོད་པ་ལ་བརྟེན་ནས་དགོས་པ་ལ་སོགས་པ་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་སྐྱེ་བར་འགྱུར་པས་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པའི་ཕྱིར་དགོས་འབྲེལ་བཞི་བསྟན་པ་ཡིན་ནོ་ཞེས་འཆད་དོ། །དེ་ནི་མི་འཐད་དེ། སྦྱོར་བ་ངན་པ་དེ་ལྟ་བུ་ཁྱེད་རང་གི་རྟོག་པས་དྭོགས་པ་བསུ་བ་ཙམ་དུ་ཟད་ཀྱི། དེ་ལྟ་བུའི་སྦྱོར་བ་འགོད་པ་པོ་གཞི་མ་གྲུབ་པའི་ཕྱིར་དང་། དགོས་་་་་་གཞན་དག་འདི་སྐད་དུ་འབྲེལ་གྱི་ངག་འདི་ཉིད་ཀྱང་། བརྩམ་པར་བྱ་བ་མ་ཡིན་ཏེ། དེ་ལ་ཡང་དགོས་པ་ལ་སོགས་པ་ཆོས་བཞི་མེད་པའི་ཕྱིར་ཞེས་བྱ་བ་

༼༥༽

ལ་སོགས་པ་ཡང་དགག་དགོས་པར་མགོ་མཚུངས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་གཞུང་མཛེས་པ་བསྐྱེད་པ་དགོས་པར་འདོད་པ་དགག་པ།་་་་་ནི་བྲམ་ཟེ་བདེ་བྱེད་དགའ་བ་ན་རེ། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། གཞུང་མཛེས་པ་བསྐྱེད་པ་ཡིན་ཞེས་ཟེར་རོ། །འོ་ན་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པ་དེ་ཁོ་ན་མ་ཡིན་པར་ཐལ། གཞུང་མཛེས་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན་རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་དོན་རྟོགས་པའི་ཕྱིར་དང་སྒྲ་སྦྱར་བའི་་་་་་ཡོངས་གཅོད་ཀྱི་དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་སོ། །བཞི་པ་་་་་་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་དགོས་པར་འདོད་པ་དགག་པ་ནི་ཁ་་་་་་ཤ་མི་སྦས་ཏི་ལ་སོགས་པ་ཅིག་ན་རེ། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ནི། རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ཡིན་ཏེ། ཊཱི་ཀ་ལས། འདི་ལྟར་རྟོག་པ་སྔོན་དུ་གཏོང་བ་དག་ནི། འབྲེལ་བ་མེད་པ་དང་། བརྗོད་པར་བྱ་བ་མེད་པ་དང་། དགོས་པ་མེད་པའི་་་་་་ཚིག་ཙམ་ཉན་པར་མི་སྤྲོ་ན་བསྟོད་ར་དང་བསྟན་བཅོས་རབ་ཏུ་བྱེད་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བམ་པོ་ལྔ་བཅུ་པ་ལས་བཤད་དོ་ཚིག་ཀྱང་་་་་་གཅིག་ཙམ་ཁས་མི་ལེན་ན། བསྟན་བཅོས་ལ་་་་་་རིལ་པོ་དང་ལེའུ་དང་རབ་ཏུ་

༼༦༽

བྱེད་པ་སོགས་པ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པས་ཤེས་སོ་ཞེས་འཆད་དོ། དེ་དགག་པ་ལ་གཉིས་ལས། དང་པོ་་་་་་གནོད་བྱེད་བརྗོད་པ་ནི། བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པ་དེ་ཁོ་ན་མ་ཡིན་པར་ཐལ། རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན། སྔར་བཞིན་ནོ། །སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས་བཤད་པ་དེ་ནི་ཉིང་དགོས་ལ་དགོངས་པ་ཡིན་པས་་་་་་དགོས་པའི་སྐབས་འདིར་ཁུངས་སུ་མི་ཆེའོ་ཞེས་གསུང་ངོ་། །གཉིས་པ་རང་ལུགས་བཞག་པ་ལ་གཉིས་ཏེ། དགོས་པ་དངོས་དང་། ཉིང་དགོས་སོ། །དང་པོ་ལ་གཉིས་ལས། དང་པོ་་་་་་རྟོག་པ་སྔོན་དུ་གཏོང་བ་དེ་དག་ནི་ཡོངས་གཅོད་ཀྱི་དགོས་པ་ནི། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པར་དང་པོར་རྟོགས་པ་དེ་ཆོས་ཅན། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། རང་སྐབས་ཀྱི་ངག་ལ་བརྟེན་ནས་དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་སྒྲའི་བརྗོད་བྱ་རྟོགས་པ་ཡིན་པའི་ཕྱིར་རོ།་་་་་ངག་ལ་བརྟེན་ནས་ཞེས་སྨོས་པ་ནི། སངས་རྒྱས་ལ་སོགས་པས་མངོན་ཤེས་ལ་བརྟེན་ནས་དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་སྒྲའི་བརྗོད་བྱ་རྟོགས་པ་སེལ་ལོ། །གཏན་ཚིགས་འདི་ལ་མཐུན་དཔེ་མེད་པ་མ་ཡིན་ཏེ། དང་པོར་རྟོགས་པ་དེའི་དུས་གཉིས་པར་རྟོགས་པ་མཐུན་དཔེར་སྦྱར་རོ། །གཏན་ཚིགས་དེ་གང་གིས་གྲུབ་ན། ཊཱི་ཀ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་བྱ་བའི་མདོ་དང་པོ་འདིས་ནི། འདུལ་བ་མདོ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ་ཞེས་གསུངས་པས། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པ་དེ།

༼༧༽

དགོས་སོགས་ཆོས་བཞི་ཡོད་སྟོན་གྱི།་་་་་ངག་འདིའི་བརྗོད་བྱ་ཡིན་པར་གྲུབ་ལ་ངག་འདི་ལ་བརྟེན་ནས་ངག་འདིའི་བརྗོད་བྱ་དེ་རྟོགས་པ་ཡིན་པས་གཏན་ཚིགས་དེ་གྲུབ་བོ། །ཁྱབ་པ་གཞུང་གིས་གྲུབ་སྟེ་རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་་་་་་དོན་རྟོགས་པའི་ཕྱིར་དང་སྒྲ་སྦྱར་བའི་དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར་ཞེས་པས་གྲུབ་བོ། །དགོས་སོགས་ཆོས་བཞི་ཡོད་པར་གོ་བ་དེ་ཡང་དབང་རྣོན་་་་་་དགོས་པ་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་དུ་སྐྱེ་བ་ཤས་ཆེ་བ་ཡིན་ཏེ། ཚིག་དོན་འབྲེལ་པར་མ་ངེས་ཤིང་ཡིད་ཆེས་པར་དཀའ་བའི་ཕྱིར་རོ། །དགོས་པ་ཡོད་ངེས་སྙམ་དུ།་་་་་དབང་རྟུལ་ངེས་ཤེས་སུ་སྐྱེ་བ་ཤེས་ཆེ་བ་ཡིན་ཏེ། ཚིག་དོན་འབྲེལ་པར་མ་ངེས་ཀྱང་ཡིད་ཆེས་པར་སླ་བའི་ཕྱིར་རོ། །གཉིས་པ་རྣམ་བཅད་ཀྱི་དགོས་པ་ནི། དགོས་སོགས་ཆོས་བཞི་ཡོད་པར་གོ་བ་ལ་བརྟེན་ནས་རྣམ་བཅད་དུ་ལོག་རྟོག་བཞི་་་་་་དགོས་པ་མེད་ངེས་འབྲེལ་པ་མེད་ངེས་བརྗོད་བྱ་མེད་ངེས་ཉིང་དགོས་མེད་སྙམ་པ་བཞི་དང་།་་་་་དགོས་པ་ཕལ་ཆེར་མེད་ལ་ཆེ་སྙམ་པ་ལ་སོགས་པ། ཐེ་ཚོམ་བཞི་སྟེ་བརྒྱད་བསལ་བ་་་་་་རྣམ་བཅད་ཀྱི་དགོས་པ་ཡིན་ཏེ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་པའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ་ཞེས་སོ། །གཉིས་པ་ཉིང་དགོས་ནི། རྟོག་ལྡན་བསྟན་བཅོས་ལ་འཇུག་པ་དེ་ཡིན་ཏེ།་་་་་ཚད་མ་རྣམ་ངེས་ཀྱི། ཊཱི་ཀ་འཐད་ལྡན་ལས། དགོས་པ་སྟོན་པའི་ངག་གིས་ཅི་ཞིག་བྱ་ཞེ་ན། ཚིག་ལས་རྟོག་པ་དང་ལྡན་པ་རྣམས་ཐེ་ཚོམ་སྐྱེ་ཞིང་། དེས་ན་་་་་་དགོས་པ་དོན་དུ་གཉེར་ལ་དེ་ལས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་རྩོད་པ་སྤང་བ་ལ་གསུམ་ལས་དང་པོ། རྣམ་བཅད་བཟློག་པའི་ཕྱོགས་ལ་རྩོད་པ་སྤང་བ་་་་་་ལོག་རྟོག་བཞི་བསལ་བ་དེ་དགོས་པ་ཡིན་ཞེས་སྔར་ཁས་

༼༨༽

བླངས་བ་དེ་ལ་རྩོད་པ་ནི། གལ་ཏེ་དམ་བཅའ་བའི་ངག་གིས་ལོག་རྟོག་བསལ་ནུས་སམ་མི་ནུས། མི་ནུས་ན་ལོག་རྟོག་བསལ་བ་དེ་དགོས་འབྲེལ་ངག་གི་དགོས་པ་ཡིན་པའི་དམ་བཅའ་ཉམས་སོ། །ནུས་ན་ནི། སྒྲ་ཆོས་ཅན། མི་རྟག་སྟེ་བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་སྦྱོར་བ་དེ་ལྟར་བཀོད་པ་ཆོས་ཅན། སྒྲ་རྟག་འཛིན་གྱི་ལོག་རྟོག་བཟློག་པའི་དོན་དུ་རྟགས་དང་དཔེ་བཀོད་པ་དོན་མེད་དུ་ཐལ། སྒྲ་མི་རྟག་ཅེས་དམ་བཅས་པ་ཙམ་གྱིས་སྒྲ་རྟག་འཛིན་གྱི་ལོག་རྟོག་ཁེགས་པའི་ཕྱིར་རོ་་་་་་རྟགས་མ་གྲུབ་ན་དམ་བཅའ་བའི་ངག་གིས་ལོག་རྟོག་བསལ་ནུས་ཟེར་བ་དེ་བུད་ཅིང་། ཁྱབ་པ་མ་གྲུབ་ན་འགལ་ལོ། །འདོད་ན་ཚད་མའི་གཞུང་རྣམས་ལ་རྟགས་དང་དཔེ་བཀོད་པ་དང་འགལ་ལོ་ཞེ་ན། ངག་གིས་ཐོས་བྱུང་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས་སྐྱོན་དང་པོ་དམ་བཅའ་བུད་པའི་སྐྱོན་་་་་་མེད་ལ། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་ན་མི་ནུས་པས་སྐྱོན་གཉིས་པ་་་་་་རྟགས་དང་དཔེ་བཀོད་པ་དོན་མེད་དུ་ཐལ་བའི་སྐྱོན་མེད་དོ། །གཉིས་པ་ཡོངས་གཅོད་འཇུག་པའི་ཕྱོགས་ལ་མི་ནུས་མི་དགོས་ཀྱི་སྐྱོན་སྤོང་བ་ལ་གཉིས་ལས། མི་ནུས་ཀྱི་སྐྱོན་སྤང་བ་ནི། དབང་པོ་རྟུལ་པོས་ངེས་ཤེས་སུ་གོ་བ་དེ་དགོས་པ་ཡིན་པར་སྔར་ཁས་བླངས་པ་དེ་ལ་རྩོད་པ།་་་་་དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་གི་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ཅིང་། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །མི་དགོས་ཀྱི་སྐྱོན་སྤང་བ་ནི། དབང་པོ་རྣོན་པོ་ཐེ་ཚོམ་དུ་གོ་བ་དེ་དགོས་པ་ཡིན་ཞེས་སྔར་ཁས་བླངས་པ་དེ་ལ་རྩོད་པ།་་་་་དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་པར་ཐལ། ངག་དེ་མེད་ཀྱང་ཐེ་ཚོམ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན། དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་པའི་ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་པར་ཐལ་ཟེར་རམ། དགོས་འབྲེལ་ངག་གི་འབྲས་བུར་གྱུར་པའི་ཐེ་ཚོམ་བསྐྱེད་པའི་དོན་དུ་སྨོས་མི་དགོས་

༼༩༽

པར་ཐལ་ཟེར། དང་པོ་ལྟར་ན་འདོད་ཅིང་། གཉིས་པ་ལྟར་ན་རྟགས་ལ་བརྟག་སྟེ། ངག་དེ་མེད་ཀྱང་དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་པའི་ཐེ་ཚོམ་ངང་གིས་སྐྱེ་བའི་ཕྱིར་ཟེར་རམ། དགོས་འབྲེལ་ངག་གི་འབྲས་བུར་གྱུར་པའི་ཐེ་ཚོམ་ངང་གིས་སྐྱེ་བའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་རྟགས་མ་གྲུབ་བོ། །གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། མདོ་རྩ་བ་འདི་ལ་ལུས་རྣམ་གཞག་མེད་ཀྱང་འོད་ལྡན་རྩ་འགྲེལ་སོགས་ལུས་རྣམ་གཞག་ཡོད་པ་རྣམས་ཀྱི་དབང་དུ་བྱས་ཏེ། འདི་སྐད་དུ།་་་་་བརྗོད་བྱ་དགོས་འབྲེལ་གསུམ་པོ་དེ་ཆོས་ཅན། དགོས་འབྲེལ་ངག་གིས་བརྗོད་མི་དགོས་པར་ཐལ། ལུས་རྣམ་གཞག་ལ་བརྟེན་ནས་གོ་བར་ནུས་པའི་ཕྱིར་ཞེ་ན། ལུས་རྣམ་གཞག་ལ་བརྟེན་ནས་གོ་བར་ནུས་པ་དེ། བསྟན་བཅོས་ལ་འཇུག་པའི་སྔ་རོལ་ཏུ་གོ་བར་ནུས་པའི་ཕྱིར་ཞེ་ན་རྟགས་མ་གྲུབ་ལ། བསྟན་བཅོས་ལ་ཞུགས་ནས་གོ་བར་ནུས་པའི་ཕྱིར་ཞེ་ན་ཁྱབ་པ་མ་གྲུབ་བོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས་དང་པོ་དགོས་འབྲེལ་གྱི་རབ་ཏུ་དབྱེ་བ་ནི། དགོས་འབྲེལ་བཞི་གསུམ་བཅུ་གཉིས་ཡོད་པ་ལས། ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། སྐྱེས་བུ་སྐོམ་པས་གདུང་པ་ལ། བུམ་པ་ན་ཆུ་ཡོད་ཅེས་སྨྲས་པ་ལྟ་བུ། ཐ་མལ་པའི་ངག་ལ་ཡང་བརྗོད་བྱ་དགོས་པ། འབྲེལ་པ་ཉིང་དགོས་དང་བཞི་ཡོད་དེ།་་་་་ངག་དེས་བསྟན་པར་བྱ་བའི་དོན་དེ་ནི་བརྗོད་བྱ་ཡིན་ལ། ངག་ལ་བརྟེན་ནས་ངག་གི་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ་ཡིན་ཞིང་། ངག་གི་དོན་རྟོགས་པ་ལ་བརྟེན་ནས་སྐྱེས་བུའི་དགོས་དོན་གྲུབ་པ་ནི་ཉིང་དགོས་ཡིན་ནོ། །ཉིང་དགོས་དེ་ནི་དགོས་པ་ལས་བྱུང་ཞིང་། དགོས་པ་དེ་ངག་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ཏེ། དེ་བྱུང་གི་འབྲེལ་པ་ཡིན་ནོ་ཞེས་སྔ་མ་རྣམས་གསུང་ངོ་། །གཞན་དེ་ལྟར་ཡིན་ཡང་། དགོས་པ་དེ་ནི་དཔྱད་དགོས་ཏེ། ངག་གི་བརྗོད་བྱའི་དོན་རྟོགས་པ་དགོས་པ་ཡིན་ན། བྱ་རོག་སོ་རྟོག་གི་བསྟན་བཅོས་ཆོས་ཅན། དགོས་པ་ཡོད་པར་ཐལ། ངག་གི་བརྗོད་བྱ་རྟོགས་པ་ཡོད་པའི་ཕྱིར་རོ། །འདོད་ན་ཊཱི་ཀ་འཐད་ལྡན་ལས་བྱ་རོག་

༼༡༠༽

གི་སོ་རྟོག་པ་བཞིན་དུ་འབྲས་བུ་་་་་་མེད་དགོས་པ་་་་་་ཅེས་བཤད་དོ། །དེས་ན་ངག་གི་བརྗོད་བྱའི་དོན་རྟོགས་པ་ཙམ་ནི་དགོས་པ་ཡིན་པར་མ་ངེས་ཀྱི། སྐྱེས་བུའི་དགོས་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་ངག་གི་བརྗོད་བྱའི་དོན་རྟོགས་པ་ནི་དགོས་པ་ཡིན་ནོ་ཞེས་རིགས་སོ། །འདི་ལྟར་སྤྱིར་བཏང་བ་ལ་ཐ་མལ་པའི་ངག་ལ་ཡང་དགོས་འབྲེལ་ཡན་ལག་བཞི་ཚང་བར་ཡོད་དོ། །དམིགས་བསལ་ནི་ནགས་གསེབ་ན་སྟག་མགོ་དགུ་པ་ཡོད་དོ་ཞེས་པ་ལྟ་བུ་རྫུན་ཚིག་ལ་ནི་ཞེན་པའི་བརྗོད་བྱ་མེད་དོ། །བདེན་པ་སྨྲས་ཀྱང་དོན་མ་གོ་ན་ནི་བརྗོད་བྱ་རྟོགས་པའི་དགོས་པ་དང་དགོས་པ་དེ་ངག་ལས་བྱུང་བའི་འབྲེལ་པ་མེད་དོ། །དོན་གོ་བ་ཡང་སྐྱེས་བུའི་དགོས་དོན་གྲུབ་པར་མི་འགྱུར་བའི་ངག་ལ་ནི་ཉིང་དགོས་མེད་དེ། ཐ་མལ་པའི་ངག་དེ་དག་ལ་ནི་དགོས་འབྲེལ་ཡན་ལག་བཞི་མི་ཚང་ངོ་།་་་་་དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་པ་དགོས་འབྲེལ་གྱི་ངག་འདི་ལ་བརྗོད་བྱ། དགོས་པ་འབྲེལ་པ་ཉིང་དགོས་དང་བཞི་ཡོད་དེ།་་་་་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པ་དེ་་་་་་དགོས་སོགས་བཞི་ཡོད་སྟོན་གྱི་ངག་གི་བརྗོད་བྱ་ཡིན་ལ། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་ཡོད་པར་གོ་བ་དེ་དགོས་པ་ཡིན་ཞིང་དེ་ལྟར་གོ་བ་ལ་བརྟེན་ནས་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ནི་ཉིང་དགོས་ཡིན་ནོ། །ཉིང་དགོས་དེ་ནི་དགོས་པ་ལ་བརྟེན་ནས་བྱུང་ཞིང་། དགོས་པ་དེ་དགོས་འབྲེལ་གྱི་ངག་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ནོ། །བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས་རྫོགས་སོ་ཡན་ཆད་འདུལ་བའི་གཞུང་རིལ་པོ་འདི་ལ་བརྗོད་བྱ་དགོས་པ། འབྲེལ་པ་ཉིང་དགོས་དང་བཞི་ཡོད་དེ།་་་་་བསྟན་བཅོས་འདིའི་བརྗོད་བྱ་ནི་་་་་་སོ་སོ་ཐར་པའི་སྡོམ་པ་སྟེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་ལ། ཚུལ་ཁྲིམས་དེ་བདེ་བླག་ཏུ་རྟོགས་པ་ནི་དགོས་པ་ཡིན་ཞིང་། མྱ་ངན་ལས་འདས་པ་ནི་ཉིང་དགོས་ཡིན་ནོ། །འབྲེལ་པ་གང་ཞེ་ན།་་་་་མྱ་ངན་ལས་འདས་པ་ཐོབ་པ་ནི་ཚུལ་ཁྲིམས་རྟོགས་པ་ལས་བྱུང་ཞིང་། ཚུལ་ཁྲིམས་རྟོགས་པ་དེ་བསྟན་བཅོས་འདི་ལ་བརྟེན་ནས་བྱུང་བ་ནི་འབྲེལ་པ་ཡིན་ནོ། །དེ་ལྟར་ཡང་ཊཱི་ཀ

༼༡༡༽

ལས། འདིར་བརྗོད་པར་བྱ་བ་ནི་ཆོས་འདི་པ་དག་གི་ཚུལ་ཁྲིམས་ཏེ་ཞེས་པ་དང་། ཊཱི་ཀ་ལས།་་་་་འདིར་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚུལ་ཁྲིམས་བསྟན་པ་སྟེ་་་་་་ཚུལ་ཁྲིམས་བསྟན་ཞེས་པ་ཚུལ་ཁྲིམས་རྟོགས་པ་འཕེན་ཞེས་པ་དང་། ཊཱི་ཀ་ལས།་་་་་དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ་ཞེས་པ་དང་། ཊཱི་ཀ་ལས།་་་་་མདོ་འདི་ནི་ཐབས་ཡིན་ལ་ཚུལ་ཁྲིམས་བསྟན་པ་ནི་ཐབས་ལས་བྱུང་བ་ཡིན་ཏེ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་གོ་རིམ་བཞིན་ནོ། །ཞིབ་ཏུ་ཕྱེ་ན་དགོས་འབྲེལ་ཡན་ལག་བརྒྱད་ཡོད་དེ་འོག་ཏུ་འཆད་དོ། །གཉིས་པ་གྲངས་ངེས་པའི་རྒྱུ་མཚན་ལ་གཉིས་ཏེ། གྲངས་ངེས་དངོས་དང་། ཞར་ལ་བྱུང་བའོ། །དང་པོ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། རྔོག་དང་ཤ་སྦས་ལ་སོགས་པ།་་་་་ཁ་ཅིག་ན་རེ་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ལ་ཆོས་བཞི་དགོས་ཏེ། དགོས་པ་ཡོད། བསྒྲུབ་པར་ནུས། འདོད་བྱ་ཡིན། དེའང་བསྟན་བཅོས་འདི་དང་འབྲེལ་ཞིང་འདི་བས་སླ་བའི་ཐབས་གཞན་མེད་པ་དང་བཞི་དགོས་པ་ལས། དགོས་པ་མེད་ན་རྟོག་ལྡན་མི་འཇུག ཆུ་དོན་གཉེར་གྱི་གང་ཟག་ཁྲོན་པ་སྐམ་པོར་མི་འཇུག་པ་བཞིན་ནོ། །དེས་ན།་་་་་དགོས་པ་ཡོད་པར་སྟོན་དགོས་པས་བརྗོད་བྱ་བསྟན། དགོས་པ་ཡོད་ཀྱང་སྒྲུབ་པར་མི་ནུས་ན་རྟོག་ལྡན་མི་འཇུག ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་སྤྱི་བོ་ན་ཡོད་པའི་ནོར་བུ་རིན་པོ་ཆེ་བཞིན་ནོ། །དེས་ན།་་་་་སྒྲུབ་པར་ནུས་པར་སྟོན་དགོས་པས་དགོས་པ་བསྟན། སྒྲུབ་པར་ནུས་ཀྱང་འདོད་བྱ་མ་ཡིན་ན་རྟོག་ལྡན་མི་འཇུག་སོག་པོ་པར་པར་སིག་སིག་པའི་ཡུལ་ན་མ་བག་མར་ལེན་པ་བཞིན་ནོ། །དེས་ན།་་་་་འདོད་བྱ་ཡིན་པར་སྟོན་དགོས་པས་ཉིང་དགོས་བསྟན། འདོད་བྱ་ཡིན་ཡང་བསྟན་བཅོས་འདི་དང་མ་འབྲེལ་ན་རྟོག་ལྡན་མི་འཇུག ཐར་པ་དོན་གཉེར་གྱི་གང་ཟག་བྲམ་

༼༡༢༽

ཟེའི་རིག་བྱེད་ཀླག་པ་ལ་མི་འཇུག་པ་བཞིན་ནོ། །དེས་ན།་་་་་བསྟན་བཅོས་འདི་དང་འབྲེལ་ཞིང་འདི་བས་སླ་བའི་ཐབས་གཞན་མེད་པར་སྟོན་དགོས་པས་འབྲེལ་པ་བསྟན་པ་ཡིན་ཞེས་ཟེར་རོ། །འོ་ན་དགོས་པ་ཡོད་སྟོན་གྱི་ངག་གི་དགོས་པ་ཡོད་པར་བསྟན་ནམ་མ་བསྟན། མ་བསྟན་ན་ཊཱི་ཀ་ལས་འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ་ཞེས་པ་དང་འགལ་ལོ། །བསྟན་ན་དགོས་པ་ཡོད་སྟོན་གྱི་ངག་ཆོས་ཅན། ཟློས་པའི་སྐྱོན་ཅན་དུ་ཐལ། དགོས་པ་ཡོད་སྟོན་གྱི་ངག་གིས་དགོས་པ་ཡོད་པར་བསྟན་ཅིང་བརྗོད་བྱ་བསྟན་པས་ཀྱང་དགོས་པ་ཡོད་པར་བསྟན་པའི་ཕྱིར་རོ།་་་་་རྟགས་ཁས་བླངས་པས་གྲུབ་བོ། །གཉིས་པ་རང་ལུགས་བཞག་པ་ནི། བསྟན་བཅོས་འདི་ལ་བརྗོད་བྱ་མེད། དེ་མེད་པས་་་་་་བརྗོད་བྱ་དེ་རྟོགས་པའི་དགོས་པ་མེད་པ། དེ་མེད་པས་་་་་་དགོས་པ་དེ་བསྟན་བཅོས་ལ་བརྟེན་ནས་འབྱུང་བའི་འབྲེལ་པ་དང་ཉིང་དགོས་མེད་སྙམ་པའི་ལོག་རྟོག་བཞི་བསལ་བའམ། བརྗོད་བྱ་ལ་སོགས་པ་དེ་དག་ཕལ་ཆེར་མེད་ལ་ཆེ་སྙམ་པའི་ཐེ་ཚོམ་བཞི་བསལ་བའི་ཕྱིར། དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་ཏེ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་དོགས་པ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་དོགས་པ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་དོགས་པ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ་ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་ལོག་རྟོག་སྐྱེ་བ་ངེས་པ་གཞིར་བྱས་ལ་ལོག་རྟོག་བཞིར་གྲངས་ངེས་པས་དེ་དག་སེལ་བ་ལ་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་སམ། ལོག་རྟོག་སྐྱེ་བ་སྲིད་པ་གཞིར་བྱས་ལ་དེ་ལྟར་གྲངས་ངེས། དང་པོ་ལྟར་ན་དགོས་འབྲེལ་ཡན་ལག་བཞིར་གྲངས་མ་ངེས་པར་ཐལ། ལོག་རྟོག་བཞི་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ།་་་་་ལོག་རྟོག་མི་སྐྱེ་བ་ཡང་སྲིད་ཅིང་སྐྱེས་ན་ཡང་གཅིག་གམ་གཉིས་གསུམ་ལས་མི་སྐྱེ་བར་སྲིད་པས་བཞི་སྐྱེ་བའི་ངེས་པ་མེད་དོ། །གཉིས་པ་ལྟར་ནའང་དགོས་འབྲེལ་ཡན་ལག་བཞིར་གྲངས་མ་ངེས་པར་ཐལ། ལོག་རྟོག་བཞི་བས་ཀྱང་མང་བ་སྐྱེ་སྲིད་པར་ཕྱིར་རོ་ཞེ་ན།་་་་་སྲིད་པའི་ཕུག་པས་ཟེར་བ་ལྟར་ལོག་རྟོག་བརྒྱའང་སྐྱེ་སྲིད་པས་སོ། །གཉིས་ཀ་མི་སྨྲ་སྟེ། ལོག་རྟོག་ཙམ་པོ་ལས་གཞན། རྟོག་ལྡན་བསྟན་བཅོས་

༼༡༣༽

ལ་འཇུག་པའི་གེགས་སུ་འགྱུར་ངེས་ཀྱི་ལོག་རྟོག་བཞིར་གྲངས་ངེས་པ་དེ་དག་སེལ་བ་ལ་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་སོ་ཞེས་གསུང་ངོ་།་་་་་ཁ་ཅིག་ན་རེ་རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་སུ་འགྱུར་ངེས་ཀྱི་ལོག་རྟོག་བཞི་པོ་དེར་གྲངས་ངེས་པ་མི་འཐད་དེ། སྒྲུབ་པར་མི་ནུས་ངེས་སྙམ་པའི་ལོག་རྟོག་ཀྱང་རྟོག་ལྡན་བསྟན་བཅོས་ལ་འཇུག་པའི་གེགས་སུ་འགྱུར་ངེས་ཀྱི་ལོག་རྟོག་ཡིན་པའི་ཕྱིར་ཟེར་ཡང་དགོས་པ་དེ་སྒྲུབ་པར་མི་ནུས་ན་ནི་དགོས་པ་དེ་ཐོབ་པའི་འབྲེལ་པ་མེད་པ་ཉིད་ཡིན་པས་སྒྲུབ་པར་མི་ནུས་པ་ནི་འབྲེལ་མེད་ཀྱི་བྱེ་བྲག་ཡིན་ནོ་ཞེས་རིགས་པས་སོ། །གཉིས་པ་ཞར་ལ་བྱུང་བ་ལ་གཉིས་ལས། དང་པོར་བསྟན་བྱ་དགོས་འབྲེལ་བཞི་གཅིག་གམ་ཐ་དད་ནི། ངོ་བོ་གཅིག་པ་དང་ཐ་དད་ཅི་རིགས་སུ་ཡོད་དེ། མི་དང་བཙུན་པ་བཞིན་ནོ། །དེ་ཡང་དགོས་པ་དང་འབྲེལ་པ་ངོ་བོ་གཅིག་གོ །དགོས་པ་དང་ཞེན་བརྗོད་ངོ་བོ་ཐ་དད་ཅིང་། དངོས་བརྗོད་དངོས་མེད་དེ་དང་ཞེན་བརྗོད་ལ་སོགས་པ་དངོས་པོར་གྲུབ་པ་རྣམས་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དཔེར་ན་ཟླ་བ་གཉིས་ཀྱི་རྣམ་པ་དང་། ཟླ་བ་དངོས་ཉིད་བཞིན་ནོ། །དེ་རྣམས་ནི་གཙོ་ཆེར་ཚད་མའི་ལུགས་དང་བསྟུན་པ་སྟེ་སྤྱིར་བཏང་ཡིན་ནོ།་་་་་ཕ་རོལ་ཏུ་ཕྱིན་པའི་སྐབས་སུ་ནི། མཐར་ཐུག་པའི་དུས་ན་ཞེན་པའི་བརྗོད་བྱ་དང་ཉིང་དགོས་ངོ་བོ་གཅིག་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་ཆོས་ཀྱི་སྐུ་ངོ་བོ་གཅིག་ཅེས་འཆད་དོ། །ཁྱད་པར་དུ་མདོ་སྡེ་པ་ལྟར་ན་ཉིང་དགོས་མྱ་ངན་ལས་འདས་པ་དངོས་མེད་ཡིན་པས་་་་་་དངོས་མེད་ནི་དངོས་མེད་དང་དངོས་པོ་ཡིན་པས། དེ་དང་་་་་་ཞེན་བརྗོད་ལ་སོགས་པ་གཞན་དངོས་པོར་གྲུབ་པ་རྣམས་གཅིག་པ་བཀག་པའི་ཐ་དད་ཡིན་ལ། བྲེ་བྲག་ཏུ་སྨྲ་བ་ནི་མྱ་ངན་ལས་འདས་པ་དངོས་པོར་འདོད་པས། མྱང་འདས་དངོས་ནི།་་་་་དེ་དང་་་་་་ཞེན་བརྗོད་ལ་སོགས་པ་གཞན་དངོས་པོར་གྲུབ་པ་རྣམས་རྫས་ཐ་དད་པར་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བ་ནི་འབྲེལ་པ་ཡང་་་་་་དགོས་པ་ལ་སོགས་པ་གཞན་རྣམས་ལས་རྫས་གཞན་དུ་འདོད་དེ། འབྲེལ་པ་ནི།་་་་་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་རྫས་སོ། །གཉིས་པ་དགོས་འབྲེལ་སྟོན་བྱེད་ཀྱི་ངག་གཅིག་གམ་ཐ་དད་ནི། འདུལ་བའི་་་་་་མདོ་འདིའི་བརྗོད་དགོས་འབྲེལ་གསུམ་ཡོད་སྟོན་གྱི་ངག་ངོ་བོ་གཅིག་ཡིན་ལ། ངག་དེ་དང་ཉིང་དགོས་ཡོད་སྟོན་གྱི་ངག་ཐ་དད་ཡིན་ཏེ། ཉིང་དགོས་

༼༡༤༽

སྟོན་བྱེད་ངེས་པར་འབྱུང་བ་ཞེས་པ་དང་། བརྗོད་དགོས་འབྲེལ་གསུམ་དངོས་ཤུགས་ཀྱིས་སྟོན་བྱེད་ཚུལ་ཁྲིམས་ཀྱི་ཞེས་པ་ཐ་དད་པའི་ཕྱིར་རོ། །གསུམ་པ་དབྱེ་བ་སོ་སོའི་རང་བཞིན་ནི། དགོས་འབྲེལ་ཡན་ལག་བཞི་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད་པ་ལས། བརྗོད་བྱ་ལ་གཉིས་ཏེ། དངོས་ཀྱི་བརྗོད་བྱ་དང་། ཞེན་པའི་བརྗོད་བྱའོ། །དང་པོ་ནི་བུམ་པ་ལ་སོགས་པའི་དོན་སྤྱིའོ། །སྤྱིར་ན།་་་་་དངོས་ཀྱི་བརྗོད་བྱ་སྤྱིའི་མཚན་ཉིད་ནི། བརྡ་བཏགས་པ་ལ་བརྟེན་ནས་རང་གི་བརྗོད་བྱ་སྣང་སྟོབས་ཀྱིས་གོར་རུང་ཞིང་རང་མཚན་གྱི་དོན་བྱེད་པས་སྟོང་པ་སྟེ། རྣམ་འགྲེལ་ལས། སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོགས་པའི་དོན་གང་ཡིན་པ་དེ། །སྒྲ་ཡི་ཡུལ་ནི་ཡིན་འདོད་དེ། །དོན་གྱི་མཚན་ཉིད་གཞན་ཡོད་མིན། །ཞེས་སོ། །བྱེ་བྲག་ཏུ་་་་་་འདུལ་བའི་སྐབས་འདིར་དངོས་ཀྱི་བརྗོད་བྱ་ནི་སོ་ཐར་སྡོམ་པའི་དོན་སྤྱིའོ། །དེ་ཡང་འདུལ་བའི་གཞུང་རྣམས་ཀྱི་དངོས་ཀྱི་བརྗོད་བྱའི་མཚན་ཉིད་ནི། སོ་སོ་ཐར་པའི་སྡོམ་པ་ཞེས་བརྡ་བཏགས་པ་ལ་བརྟེན་ནས་རང་གི་བརྗོད་བྱ་སྣང་སྟོབས་ཀྱིས་གོར་རུང་ཞིང་རང་མཚན་གྱི་དོན་བྱེད་པས་སྟོང་པའོ། །ཞེན་པའི་བརྗོད་བྱ་ནི་སོ་སོར་ཐར་པའི་སྡོམ་པ་དོན་རང་མཚན་པ་སྟེ། སོ་ཐར་སྡོམ་པ།་་་་་དེའི་དབྱེ་བ་དང་། མཚན་ཉིད་ལ་སོགས་པ་རྒྱས་པར་འོག་ཏུ་འཆད་དོ། །དགོས་པ་ལ་གཉིས་ཏེ། དགོས་པ་དོན་གྱི་ཆོས་སུ་བཞག་པ་དང་། དགོས་པ་ཤེས་པའི་ཆོས་སུ་བཞག་པའོ། །དེ་ཡང་རྟོགས་བྱའི་དོན་་་་་་ཡུལ་གང་རྟོགས་ཞེ་ན་ཚུལ་ཁྲིམས་ལྟ་བུ་འདི་རྟོགས་པས་ན་དགོས་པ་དོན་གྱི་ཆོས་སུ་བཞག་ཅིང་། བློ་གང་གིས་རྟོགས་ཞེ་ན་ཉན་པ་པོའི་ཤེས་རབ་ལྟ་བུ།་་་་་རྟོགས་བྱེད་ཀྱི་བློ་འདིས་རྟོགས་པས་ན་དགོས་པ་ཤེས་པའི་ཆོས་སུ་བཞག་གོ་་་་་འདི་གཉིས་ནི་རྟོགས་བྱ་ཡུལ་གྱི་ཆ་ནས་བརྩིས་པ་དང་རྟོགས་བྱེད་བློ་ཡི་ཆ་ནས་བརྩིས་པ་སྟེ་ལྡོག་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བའོ། །འབྲེལ་པ་ལ་གཉིས་ཏེ། བསྟན་བཅོས་དང་དགོས་པ་འབྲེལ་པ་དང་། དགོས་པ་དང་ཉིང་དགོས་འབྲེལ་པའོ། །དེ་ཡང་བསྟན་བཅོས་ལ་བརྟེན་ནས་བསྟན་བཅོས་ཀྱི་དགོས་པ་འབྱུང་བ་དང་། དགོས་པ་ལ་བརྟེན་ནས་དགོས་པའི་དགོས་པ་འབྱུང་བ་སྟེ་གོ་རིམ་བཞིན་ནོ། །ཉིང་དགོས་ལ་གཉིས་ཏེ། དགོས་པའི་དགོས་པ་གནས་སྐབས་པ་དང་། དགོས་པའི་དགོས་པ་མཐར་ཐུག་

༼༡༥༽

པའོ། །དེ་ཡང་ཟག་མེད་ཀྱི་ལམ་དང་མྱ་ངན་ལས་འདས་པ་སྟེ་གོ་རིམ་བཞིན་ནོ། །བཞི་པ་དགོས་འབྲེལ་བསྟན་ལུགས་ནི། བརྗོད་བྱ་དང་ཉིང་དགོས་ནི། ཚུལ་ཁྲིམས་ཀྱི་ཞེས་པ་དང་། ངེས་པར་འབྱུང་བའི་ཞེས་པས་དངོས་སུ་བསྟན་ལ། བརྗོད་བྱ་བསྟན་པའི་ཤུགས་ཀྱིས་དགོས་པ་དང་འབྲེལ་པ་གཉིས་བསྟན་ཏེ།་་་་་བརྗོད་བྱ་ཚུལ་ཁྲིམས་ཡིན་པར་བསྟན་པས་ཚུལ་ཁྲིམས་རྟོགས་པ་དེ་དགོས་པ་ཡིན་པར་ཤུགས་ཀྱིས་བསྟན་ཏེ་བརྗོད་བྱ་ནི་ཚུལ་ཁྲིམས་ཡིན་ལ་བརྗོད་བྱ་རྟོགས་པ་དེ་དགོས་པ་ཡིན་པའི་ཕྱིར། ཚུལ་ཁྲིམས་རྟོགས་པར་བྱ་བའི་དོན་དུ་བསྟན་བཅོས་རྩོམ་པ་ཡིན་པས་བསྟན་བཅོས་འདི་ལ་བརྟེན་ནས་ཚུལ་ཁྲིམས་རྟོགས་པ་འབྱུང་ཞེས་དེ་བྱུང་གི་འབྲེལ་པ་ཤུགས་ཀྱིས་བསྟན། ཊཱི་ཀ་ལས། བརྗོད་པར་བྱ་བ་དང་དགོས་པའི་དགོས་པ་ནི་ཚུལ་ཁྲིམས་དང་ངེས་པར་འབྱུང་བའི་སྒྲ་གཉིས་ཀྱིས་གོ་རིམ་བཞིན་དུ་མངོན་སུམ་དུ་བསྟན་ལ། འབྲེལ་པ་དང་དགོས་པ་ནི་ཤུགས་ཀྱིས་བསྟན་ཏེ་ཞེས་སོ། །ལྔ་པ་གང་ཟག་གང་ལ་བསྟན་པ་ནི། གང་ཟག་རིགས་བཞི་ལས། དགོས་འབྲེལ་ཡན་ལག་བཞི་བསྟན་རུང་མ་བསྟན་རུང་འཇུག་པ་དང་མི་འཇུག་པ་ལ་ནི་བསྟན་པར་མི་རིགས་ཏེ། བསྟན་མི་དགོས་པའི་ཕྱིར་དང་། བསྟན་ཡང་དོན་མེད་པའི་ཕྱིར་རོ། །མ་བསྟན་ན་ཡང་འཇུག་ཅིང་བསྟན་ན་མི་འཇུག་པ་ལ་ནི། བསྟན་པར་མི་རིགས་ཏེ། བསྟན་ན་དགག་བྱ་དང་ལྡན་པའི་ཕྱིར་རོ། །མ་བསྟན་ན་མི་འཇུག་ཅིང་བསྟན་ན་འཇུག་པ་ལ་ནི། བསྟན་པར་རིགས་ཏེ། བསྟན་པའི་དགོས་པ་དང་ཉིང་དགོས་ཡོད་པའི་ཕྱིར་རོ། །དྲུག་པ་དགོས་པ་ལ་སོགས་ལ་རྩོད་པ་སྤང་བ་ལ་བཞི་ལས། དང་པོ་དགོས་པ་ལ་རྩོད་པ་སྤང་བ་ནི། ཊཱི་ཀ་ལས་འདིར་དགོས་པ་ནི་ཚུལ་ཁྲིམས་བསྟན་པའོ་ཞེས་སོ། །དེ་ལ་འདི་སྐད་དུ།་་་་་མདོ་རྩ་བས་ཚུལ་ཁྲིམས་བསྟན་པ་དེ་ཆོས་ཅན། ཟློས་པའི་སྐྱོན་ཅན་ཡིན་པར་ཐལ། ལུང་གིས་བསྟན་ཟིན་གྱི་ཚུལ་ཁྲིམས་བསྟན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ནའང་ཟློས་པའི་སྐྱོན་དུ་མི་འགྱུར་ཏེ། འདུལ་བ་ལུང་ལ་མེད་ཅིང་མདོ་རྩ་བ་ལ་ཡོད་པའི་དགོས་པ་གཞན་ཡང་ཡོད་པའི་ཕྱིར་རོ། །གང་དང་གང་ཡོད་ཅེ་ན། ཊཱི་་་་་་གཞུང་རྒྱས་པ་ཉན་པས་འཇིགས་པ་སྤོང་བའི་དགོས་པ་ཡོད། ལུང་སྡེ་བཞི་རྟོགས་པར་བྱེད་པའི་དགོས་པ་ཡོད། ལོག་

༼༡༦༽

པར་རྟོག་པ་བསལ་བའི་དགོས་པ་ཡོད་དེ། ཀ་ལས། གཞུང་རྒྱས་པ་ཉན་པས་འཇིགས་པ་རྣམས་ཀྱི་དོན་དང་། རྣམ་པར་འབྱེད་པ་ལ་སོགས་པ་དེ་དག་ཉིད་ཡང་དག་པར་བསྟན་པའི་ཕྱིར། ལོག་པར་རྣམ་པར་འཆད་པ་བསལ་བའི་དོན་དུ་སློབ་དཔོན་གྱིས་མདོ་བརྩམས་སོ་ཞེས་སོ། །གཉིས་པ་འབྲེལ་པ་ལ་རྩོད་པ་སྤོང་བ་ནི། ཉིང་དགོས་མྱ་ངན་ལས་འདས་པ་ཆོས་ཅན། དེ་བྱུང་གི་འབྲེལ་པ་མེད་པར་ཐལ། འདུས་མ་བྱས་ཡིན་པའི་ཕྱིར་རོ། །འདོད་ན་དགོས་པ་ལས་ཉིང་དགོས་བྱུང་བར་འདོད་པའི་དམ་བཅའ་ཉམས་སོ་ཞེ་ན། མྱ་ངན་ལས་འདས་པ་འདུས་མ་བྱས་ཡིན་པས་དེ་བྱུང་གི་འབྲེལ་པ་མེད་ཀྱང་། མྱ་ངན་ལས་འདས་པ་ཐོབ་པ་འདུས་བྱས་ཡིན་པས། ཐོབ་པ་ལ་དེ་བྱུང་གི་འབྲེལ་པ་ཡོད་དེ། དགོས་པ་ཚུལ་ཁྲིམས་རྟོགས་པ་ལ་བརྟེན་ནས་རིམ་གྱིས་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ། །དེ་ཡང་བརྒྱུད་འབྲེལ་ཡིན་གྱི་དངོས་སུ་འབྲེལ་བ་ནི་མ་ཡིན་ནོ། །གསུམ་པ་བརྗོད་བྱ་ལ་རྩོད་པ་སྤོང་བ་ནི།་་་་་ཚུལ་ཁྲིམས་བརྗོད་བྱ་ཡིན་ཞེས་ཁས་བླངས་པ་ལ་རྩོད་པ། འདུལ་བ་མདོ་རྩ་བའི་གཞུང་ཆོས་ཅན། གཞུང་འདིས་སོ་སོར་ཐར་པའི་སྡོམ་པ་བརྗོད་བྱར་བསྟན་པ་མ་ཡིན་པར་ཐལ། གཞུང་འདིས་སོ་སོར་ཐར་པའི་སྡོམ་པའི་ངོ་བོ་བསྟན་པ་མེད་པའི་ཕྱིར་རོ་ཞེ་ན།་་་་་དེ་ཡང་རབ་ཏུ་བྱུང་བའི་གཞི་འདིས་སྡོམ་པ་ལེན་ལུགས་བསྟན་ཡང་སྡོམ་པའི་ངོ་བོ་མ་བསྟན་པའི་ཕྱིར་དང་། རྣམ་འབྱེད་རྣམ་གཉིས་སྤྱིར་བསྟན་དང་བཅས་པས་ལྟུང་བ་སྡེ་ལྔ་བསྟན་ཡང་སྡོམ་པའི་ངོ་བོ་མ་བསྟན་པའི་ཕྱིར་དང་། གཞི་སྨད་ཀྱི་གཞུང་རྣམས་ཀྱིས་གསོ་སྦྱོང་ལ་སོགས་དང་ལྟུང་བ་ཕྱིར་བཅོས་ལ་སོགས་བསྟན་ཡང་སྡོམ་པའི་ངོ་བོ་མ་བསྟན་པའི་ཕྱིར་རོ། །རྟགས་མ་གྲུབ་སྟེ། མདོ་འདིས་སྡོམ་པའི་ངོ་བོ་དངོས་སུ་མ་བསྟན་ཀྱང་བརྒྱུད་ནས་བསྟན་པའི་ཕྱིར་རོ།་་་་་དེ་ཡང་རབ་ཏུ་བྱུང་བའི་གཞི་འདིས་རྒྱུ་སྡོམ་པ་ལེན་ལུགས་བསྟན་པས་དེའི་འབྲས་བུ་སྡོམ་པ་བརྒྱུད་ནས་བསྟན་པའི་ཕྱིར་དང་། རྣམ་འབྱེད་རྣམ་གཉིས་སྤྱིར་བསྟན་དང་བཅས་པས་འབྲས་བུ་ལྟུང་བ་སྡེ་ལྔ་བསྟན་པས་དེའི་རྒྱུ་བསླབ་པའི་ཡན་ལག་བརྒྱུད་ནས་བསྟན་པའི་ཕྱིར་དང་། གཞི་སྨད་ཀྱི་གཞུང་རྣམས་ཀྱིས་གསོ་སྦྱོང་ལ་སོགས་པ་བསླབ་པ་ཡོངས་སུ་སྦྱོང་བྱེད་བསྟན་པས་སྦྱང་བྱའི་སྡོམ་པ་བརྒྱུད་ནས་བསྟན་པའི་ཕྱིར་དང་ཕྱིར་བཅོས་ཀྱི་གཞིས་དག་པར་བྱེད་པའི་ཐབས་བསྟན་པར་བྱ་བའི་སྡོམ་པ་བརྒྱུད་ནས་བསྟན་པའི་ཕྱིར་རོ་ཞེས་གསུང་ངོ་།རྩོད་པ་གཞན་ཡང་།་་་་་སོ་སོར་ཐར་པའི་སྡོམ་པ་རང་མཚན་པ་ཆོས་ཅན། བརྗོད་བྱ་མ་ཡིན་པར་ཐལ། དོན་རང་མཚན་ཡིན་པའི་ཕྱིར་རོ། །ཁྱབ་

༼༡༧༽

པ་ནི་རྣམ་འགྲེལ་ལས། དངོས་པོ་རང་བཞིན་པ་སྐད་ཅིག་རེ་རེ་ཞིང་འགགས་པས་བརྡ་བྱ་བར།་་་་་དཀའ་དང་མི་་་་་་བརྡ་བྱ་བར་ནུས་བརྡ་བྱས་པ་ལ་་་་་་འབྲས་མེད་ཕྱིར། །རང་གི་མཚན་ཉིད་བརྗོད་བྱ་མིན། །ཞེས་བཤད་པས་གྲུབ་བོ་ཞེ་ན། གཞུང་དེ་ནི་དངོས་ཀྱི་བརྗོད་བྱ་མ་ཡིན་པ་ལ་བརྗོད་བྱ་མ་ཡིན་པས་ཁྱབ་པ་མེད་དེ། དངོས་ཀྱི་བརྗོད་བྱ་མ་ཡིན་ཡང་ཞེན་པའི་བརྗོད་བྱ་ཡིན་པའི་ཕྱིར་རོ། །བཞི་པ་ཉིང་དགོས་ལ་རྩོད་པ་སྤོང་བ་ལ་གསུམ་སྟེ། བརྒལ་ལན་གྱི་སྒོ་ནས་ཉིང་དགོས་ངོས་གཟུང་བ་དང་། འདུས་བྱས་འདུས་མ་བྱས་ཀྱི་སྒོ་ནས་རྩོད་པ་སྤང་བ་དང་། གནས་སྐབས་མཐར་ཐུག་གི་སྒོ་ནས་རྩོད་པ་སྤང་བའོ། །དང་པོ་ནི། ཊཱི་ཀ་ལས། བརྒྱ་ལ་ལ་ལ་ཞིག་ཚུལ་ཁྲིམས་ཡོངས་སུ་ཤེས་པ་དེས་ཅི་ཞིག་བྱ་སྟེ། དེ་ནི་བྱ་རོག་གི་སོ་རྟོག་པ་དང་འདྲ་བར་ཚུལ་ཁྲིམས་ཡོངས་སུ་ཤེས་པ་དེ་ལ།་་་་་གར་ཡང་དགོས་པ་མེད་་་་་་འདུལ་བ་མདོ་རྩ་བའི་གཞུང་ཆོས་ཅན། འདུལ་བའི་གཞུང་འདི་ལ་བརྟེན་ནས་ཚུལ་ཁྲིམས་རྟོགས་པ་ལ་དགོས་པ་མེད་པར་ཐལ། འདུལ་བའི་གཞུང་འདི་ལ་དགོས་པའི་དགོས་པ་མེད་པའི་ཕྱིར། དོ་ཞེས་རྒོལ་ན། རྩོད་པ་དེའི་ལན་གདབ་དགོས་པ།་་་་་དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ་ཞེས་སོ། །གཉིས་པ་ནི། མདོ་རྩ་བའི་ཉིང་དགོས་དེ་འདུས་བྱས་ཡིན་ནམ་འདུས་མ་བྱས་ཡིན། དང་པོ་ལྟར་ན། མདོ་རྩ་བའི་ཉིང་དགོས་ཆོས་ཅན། མི་རྟག་པར་ཐལ། འདུས་བྱས་ཡིན་པའི་ཕྱིར་རོ། །འདོད་ན་ཊཱི་ཀ་ལས། མྱ་ངན་ལས་འདས་པ་ནི་དོན་དམ་པར་གཙོ་བོ་ཡིན་ཏེ། དགེ་བ་དང་རྟག་པའི་ཕྱིར་རོ་ཞེས་སོ། །གཉིས་པ་ལྟར་ན། མདོ་རྩ་བའི་ཉིང་དགོས་ཆོས་ཅན། འདུས་མ་བྱས་ཡིན་པའི་ཕྱིར་ལྡན་མིན་འདུ་བྱེད་ཡིན་མི་སྲིད་པར་ཐལ་ལོ། །འདོད་ན།་་་་་མདོ་རྩ་བའི་ཉིང་དགོས་ཆོས་ཅན། ལྡན་མིན་འདུ་བྱེད་ཡིན་མི་སྲིད་པའི་ཕྱིར། ཐོབ་པའི་བྱེ་བྲག་ཡིན་མི་སྲིད་པར་ཐལ་བ་ལས། ཊཱི་ཀ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་

༼༡༨༽

ཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་འགལ་ལོ་ཞེ་ན། འདི་ལ་མཐར་ཐུག་པའི་ཉིང་དགོས་གཉིས་ཡོད་དེ་མྱ་ངན་ལས་འདས་པ་དང་། དེ་ཐོབ་པའོ། །སྔ་མ་ནི་འདུས་མ་བྱས་ཡིན་ལ། ཕྱི་མ་ནི་འདུས་བྱས་ཡིན་ཏེ། ལྡན་མིན་འདུ་བྱེད་་་་་་དེའང་མཛོད་ལས། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་དག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚིགས་ལ་སོགས་པ་ཡང་། །ཞེས་ཟག་བཅས་ཀྱི་ཐོབ་པ་དང་ཟག་མེད་ཀྱི་ཐོབ་པ་ཐམས་ཅད་ལྡན་མིན་འདུ་བྱེད་ཡིན་པར་བཤད་དོ། ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཅི་ཟག་མེད་ཀྱི་ལམ་མདོ་རྩའི་ཉིང་དགོས་ཡིན་ནམ་མ་ཡིན། དང་པོ་ལྟར་ན་ཊཱི་ཀ་ལས། ཅིའི་ཕྱིར་ཟག་པ་མེད་པའི་ལམ་མི་གཟུང་ཞེ་ན་གཙོ་བོ་མ་ཡིན་པའི་ཕྱིར་ཞེས་པ་དང་འགལ་ལོ། །གཉིས་པ་ལྟར་ན།་་་་་ཟག་མེད་ཀྱི་ལམ་མཐོང་ལམ་སྐད་ཅིག་དང་པོ་ཆོས་ཅན། འདུལ་བའི་གཞུང་གི་དགོས་པའི་དགོས་པ་ཡིན་པ་ཁེགས་པར་ཐལ། ཟག་མེད་ཀྱི་ལམ་ཡིན་པའི་ཕྱིར་རོ། །འདོད་ན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་བར་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་་་་་་ཟག་མེད་ཀྱི་ལམ་མཐོང་ལམ་སྐད་ཅིག་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་བཟུང་སྟེ་དགོས་པའི་དགོས་པ་ཡིན་པར། བཤད་པ་དང་འགལ་ལོ་ཞེ་ན། ཉིང་དགོས་གནས་སྐབས་པ་དང་མཐར་ཐུག་པ་གཉིས་ལས། དང་པོ་ནི་ཟག་མེད་ཀྱི་ལམ་ཡིན་ལ། གཉིས་པ་ནི་མྱ་ངན་ལས་འདས་པ་ཡིན་གྱི་ཟག་མེད་ཀྱི་ལམ་མ་ཡིན་ཏེ། ཉིང་དགོས་མཐར་ཐུག་པའི་དབང་དུ་བྱས་ནས། ཊཱི་ཀ་ལས། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ་ཞེས་བཤད་དོ། །ཟག་མེད་ཀྱི་ལམ་ནི་མཐར་ཐུག་པའི་ཉིང་དགོས་མ་ཡིན་ཏེ། ཊཱི་ཀ་ལས། ཅིའི་ཕྱིར་ཟག་པ་མེད་པའི་ལམ་་་་་་མཐར་ཐུག་པའི་དགོས་པའི་དགོས་པར། མ་གཟུང་ཞེ་ན། གཙོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཟག་པ་མེད་པའི།་་་་་ལམ་ནི་་་་་་མྱ་ངན་ལས་འདས་པ་ལ་ལྟོས་ནས། གཙོ་བོ་མ་ཡིན་ཏེ། དེ་མྱ་ངན་ལས་འདས་པའི་

༼༡༩༽

དོན་དུ་ཡིན་པའི་ཕྱིར་རོ། །གཙོ་བོ་དང་གཙོ་བོ་མ་ཡིན་པ་གཉིས་ནི་གཙོ་བོ་ལ་འབྲས་བུར་ཡིད་ཆེས་སོ་ཞེས་ཟེར་བའི་ཕྱིར་་་་་་འཇིག་རྟེན་ན་དེ་སྐད་གྲགས་པའི་ཕྱིར་རོ་ཞེས་པའོ། རོ། །མྱ་ངན་ལས་འདས་པ་ནི་དགོས་པའི་དགོས་པ་མཐར་ཐུག་ཡིན་ཏེ་ཟག་མེད་ཀྱི་ལམ་ལ་ལྟོས་ནས་གཙོ་བོ་ཡིན་པའི་ཕྱིར་དེ་ཡང་ཊཱི་ཀ་ལས།་་་་་མྱ་ངན་ལས་འདས་པ་ནི། དོན་དམ་པར་གཙོ་བོ་ཡིན་ཏེ། དགེ་བ་དང་རྟག་པའི་ཕྱིར་ཞེས་བཤད་དོ། །བདུན་པ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མེད་ཀྱི་དོན་ནི། བརྗོད་དགོས་འབྲེལ་གསུམ་པོ་དེ་བསྟན་འཆོས་ལ་ཞུགས་དུས་ན་ཉམས་སུ་མྱོང་བས་གྲུབ་ལ།་་་་་སྟེ་བསྟན་བཅོས་འདི་ལ་ཞུགས་པ་ན་བརྗོད་བྱ་ཚུལ་ཁྲིམས་ཡིན་པ་དང་དགོས་པ་ཚུལ་ཁྲིམས་རྟོགས་པ་ཉམས་སུ་མྱོང་བས་གྲུབ་ཅིང་ཚུལ་ཁྲིམས་རྟོགས་པ་དེ་བསྟན་བཅོས་འདི་ལ་བརྟེན་ནས་བྱུང་བའི་འབྲེལ་བ་ཡང་ཉམས་སུ་མྱོང་བས་གྲུབ། དགོས་པའི་དགོས་པ་ནི་ལུང་གིས་གྲུབ་སྟེ། ཚད་མ་རང་མཚན་པས་གྲུབ་པ་ནི་མ་ཡིན་ནོ། །གཉིས་པ་ཡན་ལག་གི་དོན་ནི། ཁམས་གསུམ་འཁོར་བ་ནས་ངེས་པར་འབྱུང་བ། མྱ་ངན་ལས་འདས་པ་སྟེ། དེ་ཐོབ་པར་བྱེད་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་རྩོམ་ཞེས་པའོ། །དེ་ཡང་ངེས་པར་འབྱུང་བ་ཞེས་པས་དགོས་པའི་དགོས་པ་བསྟན་ལ། ཚུལ་ཁྲིམས་ཞེས་པས་བརྗོད་དགོས་འབྲེལ་གསུམ་བསྟན་ཏེ། བརྗོད་བྱ་དངོས་སུ་བསྟན་ཞིང་དགོས་པ་དང་འབྲེལ་པ་ཤུགས་ཀྱིས་བསྟན་ཏོ། །དེ་ཡང་འབྱུང་བ་ཞེས་བྱ་བའི་སྒྲ་ནི་དོན་མང་པོ་ལ་འཇུག་སྟེ། རྐང་གིས་འགྲོ་བ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། རྐང་ཐང་གིས་འབྱུང་ཞེས་པ་ལྟ་བུའོ། །བཞོན་པ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། གླང་པོ་ཆེས་འབྱུང་། རྟས་འབྱུང་ཞེས་པ་ལྟ་བུའོ། །གནས་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། གྲོང་དུ་འབྱུང་། གྲོང་ཁྱེར་དུ་འབྱུང་ཞེས་པ་ལྟ་བུའོ། །ལམ་ལ་ཡང་འབྱུང་བའི་སྒྲ་འཇུག་སྟེ། ལམ་པོ་ཆེ་ནས་འབྱུང་། གསེབ་ལམ་ནས་འབྱུང་ཞེས་པ་ལྟ་བུའོ། །ཊཱི་ཀ་ལས། ཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་སྟེ་འབྱུང་བ་ནི་ཐོབ་པར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། །དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་ཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ་ཞེས་སོ། །དེ་ལ་གང་འབྱུང་ན། སུ་ཚུལ་ཁྲིམས་བསྲུང་བ་དེ་འབྱུང་ངོ་། །གང་ནས་འབྱུང་ན་

༼༢༠༽

ཁམས་གསུམ་འཁོར་བ་ནས་སོ། །གང་གིས་འབྱུང་ན་ཚུལ་ཁྲིམས་ཀྱིས་སོ། །གང་དུ་འབྱུང་ན་མྱ་ངན་ལས་འདས་པར་རོ། །ཇི་ལྟར་འབྱུང་ན། ཕྱིར་མི་ལྡོག་པར་ཏེ། ཊཱི་ཀ་ལས། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ངེས་པའི་སྒྲ་ནི་སཾ་སྐྲྀ་ཏའི་སྒྲ་ལས་ནི་ཤྩ་ཞེས་ཏེ། དེའི་དོན་ནི་རྟག་པ་དང་ཐེ་ཚོམ་མི་ཟ་བ་གཉིས་ལས། འདིར་ནི་རྟག་པ་སྟེ་དེ་ལྟར་མ་ཡིན་ན་ཉིང་དགོས་མྱ་ངན་ལས་འདས་པ་སྟོན་པའི་ངག་ཏུ་མི་རུང་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་སྒྲ་ནི་སཾ་སྐྲྀ་ཏའི་སྒྲ་ལས་ཤཱི་ལ་ཞེས་ཏེ། ཤཱི་ལ་ཞེས་པ་དེ།་་་་་དོན་བསྒྱུར་ན་ཚུལ་ཁྲིམས་་་་་་ཞེས་སོ། །ཤཱི་ལ་ཞེས་པ་དེ།་་་་་།སྒྲ་བསྒྱུར་ན་བསིལ་ཐོབ་ཅེས་བྱ་སྟེ། ཤཱི་ལ་ཞེས་པ་དེ་ལ་ཤི་ཏ་ཞེས་སྒྲའི་རྐྱེན་བྱིན་ན་བསིལ་བ་ཞེས་སོ། །ལ་བྷ་ཞེས་སྒྲའི་རྐྱེན་བྱིན་ན་ཐོབ་པ་ཡིན་པས་བསིལ་བ་ཐོབ་པ་སྟེ།་་་་་ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་ཕྱིར་རོ། །དབང་དུ་བྱས། །ཞེས་པ་ནི་སཾ་སྐྲྀ་ཏའི་སྒྲ་ལས་ཨ་ཐ་ཞེས་སོ། །ཨ་ཐ་ཞེས་བྱ་བཀྲ་ཤིས་དང་། །དེ་ནས་དེ་མ་ཐག་པ་དང་། །དབང་དུ་བྱས་དང་བཞི་ལ་འཇུག །འདིར་ནི་དབང་དུ་བྱས་པའོ། །ཞེས་སྨྲས་ཏེ། ཨ་ཐ་མཾ་ག་ལ་ཞེས་སྒྲའི་རྐྱེན་བྱིན་ན། ཨ་ཐ་ཞེས་པ་ནི་བཀྲ་ཤིས་ཞེས་པ་སྟེ། ཊཱི་ཀ་ལས་སྨན་དཔྱད་ཡན་ལག་བརྒྱད་པའི་ཚིག་འོག་ཏུ་ཁུངས་སུ་དྲངས་པ་ལ་བཀྲ་ཤིས་ཡུན་རིང་དུ་འཚོ་བ་དང་མཐུན་པའི་རྗོད་བྱེད་ལེའུ་རྣམ་པར་བཤད་པར་བྱའོ་ཞེས་པ་ལྟ་བུའོ། །ཨ་ཐ་ཁ་ལུ་བྷ་ག་བྷན་ཞེས་རྐྱེན་བྱིན་ན། ཨ་ཐ་ཞེས་པ་ནི་དེ་ནས་ཞེས་པ་སྟེ། ཊཱི་ཀ་ལས།་་་་་དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ཉིད་ན་ཞེས་པ་ལྟ་བུའོ། །ཨ་ཐ་་་་་་དེ་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ་ཞེས་དེང་སང་སྨན་དཔྱད་ཡན་ལག་བརྒྱད་པ་ན་སྣང་ཡང་། དེ་ནས་ཞེས་པ་ནི་ལོ་ཙྪ་བ་རིན་ཆེན་བཟང་པོའི་འགྱུར་སྐྱོན་ཡིན་གྱི། བཀྲ་ཤིས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ་ཞེས་པ་སྟེ། སྨན་དཔྱད་ཡན་ལག་བརྒྱད་པའི་ཚིག་དེ་མདོ་རྩ་བའི་ཊཱི་ཀར་དྲངས་པ་ལས་དེ་ནས་ཞེས་མ་སྨོས་པར་བཀྲ་ཤིས་ཞེསསྨོས་སོ། །སྨན་དཔྱད་ཡན་ལག་བརྒྱད་པའི་འགྲེལ་པ་སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པ་ལས་ཀྱང་ཡི་གེ་ཨོཾ་དང་ཨ་ཐའི་སྒྲ་གཉིས་པོ་འདི་དག་སྔོན་ཚངས་པའི་ཁུར་ཚོས་བརྡོལ་ཏེ་མངོན་པར་བྱུང་། དེས་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་སྨོས་པ་ཡིན་པས་བཀྲ་ཤིས་པ་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་འཇུག་ཅིང་། མངོན་པར་འདོད་པའི་དོན་སྒྲུབ་པ་འབྱུང་བར་གྱུར་པ་ཡིན་ནོ་ཞེས་བཤད་དོ། །ཨོཾ་ཞེས་པ་དང་ཨ་ཐ་ཞེས་པ་དེ་འདོན་པར་བྱེད་པ་རྣམས་ལ་བཀྲ་ཤིས་པ་འབྱུང་བའོ། །ཨ་ཏི་ཀ་ར་ཞེས་སྒྲའི་རྐྱེན་བྱིན་ན། ཨ་ཐ་ཞེས་པ་ནི་དེ་མ་ཐག་ཅེས་པ་སྟེ། ཊཱི་ཀ་ལས།་་་་་དེ་མ་ཐག་ཏུ་སོམ་ཉི་ཐམས་ཅད་རྣམ་པར་བཅད་ནས་ཞེས་པ་ལྟ་བུའོ། །ཨ་ཐ་ཨ་ནན་ཏ་ར་ཞེས་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号