ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༢༡༽

སྒྲའི་རྐྱེན་བྱིན་ན། ཨ་ཐ་ཞེས་པ་ནི་དབང་དུ་བྱས་ཞེས་པ་སྟེ། ཊཱི་ཀ་ལས།་་་་་སྒྲའི་རྗེས་སུ་བསྟན་པའི་དབང་དུ་བྱའོ་ཞེས་པ་ལྟ་བུའོ། །ཨ་ཐ་ཞེས་བྱ་བའི་སྒྲ་འཇུག་པའི་ཡུལ་བཞིན་ལས་དགོས་འབྲེལ་གྱི།་་་་་སྐབས་འདིར་ཨ་ཐ་ཞེས་སྨོས་པ་ནི་དབང་དུ་བྱས་ཞེས་པ་སྟེ། ཊཱི་ཀ་ལས་འདིར་ཨ་ཐ་ཞེས་བྱ་བའི་སྒྲ་ནི་དབང་དུ་བྱ་བའི་དོན་ཁོ་ནར་སྦྱར་ཏེ་ཞེས་སོ། །ཊཱི་ཀས་ཁུངས་དྲངས་པའི་རང་གི་རྣམ་པར་བཤད་པ་ལས་ཀྱང་ཨ་ཐ་ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་ཏོ་ཞེས་གསུངས་སོ།་་་་་དེ་ནས་ཞེས་བྱ་བ་ནི་དབང་དུ་བྱེད་པའི་དོན་ཏོ་ཞེས་རང་གི་རྣམ་བཤད་ན་སྣང་ཡང་དེ་ནས་ཞེས་བྱ་བ་དེ་ནི་ལོ་ཙྪ་བས་འགྱུར་སྐྱོན་ཡིན་གྱི་ཊཱི་ཀས་རང་གི་རྣམ་བཤད་ཁུངས་སུ་དྲངས་པ་ལས་ཨ་ཐ་ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་ཡིན་པར་བཤད་པ་དེ་འགྱུར་ལེགས་པ་ཡིན་ནོ། །དེ་ལྟར་ན་དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས། སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་པ་ཡན་ཆད། འདུལ་བའི་མདོ་མཐའ་དག་་་་་་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཀྱི་དབང་དུ་མ་བྱས། ལེགས་སྨོན་གྱི་ཚུལ་ཁྲིམས་ཀྱི་དབང་དུ་ཡང་མ་བྱས་ཀྱི། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་རྩོམ་ཞེས་བཤད་པར་དམ་བཅའ་བ་ཡང་བསྟན་ཏོ། །བཤད་པ་དམ་བཅའ་བྱས་པ།་་་་་དེའི་དགོས་པ་ནི། སྐྱེས་བུ་དམ་པ་རྣམས་དམ་བཅས་པའི་ཁུར་མི་འདོར་བས། བསྟན་འཆོས་རྩོམ་པར་དམ་བཅས་པ་ནི་དེའི་རྗེས་སུ།་་་་་རྩོམ་པ་ལ་ལེ་ལོའི་གེགས་བསལ་ཞིང་། བརྩོན་འགྲུས་ཀྱི་གྲོགས་སུ་འགྱུར་བས་བརྩམས་པ་མཐར་ཕྱིན་པར་འགྱུར་བའོ། །གཉིས་པ་བརྗོད་བྱ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བསྟན་པ་ལ་གཉིས་ཏེ། སོ་སོར་ཐར་པའི་སྡོམ་པའི་སྤྱིའི་དོན་དང་། གཞུང་གི་དོན་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་བཅུ་སྟེ། དབྱེ་བསྡུ་མཚན་ཉིད་སྒྲ་བཤད་དང་། །རྒྱུ་རྐྱེན་འབྲས་བུ་

༼༢༢༽

ངོ་བོ་དང་། །གནས་ཚུལ་བྱེད་པའི་ལས་དང་བཅུར། །སོ་སོ་ཐར་སྡོམ་རྣམ་པར་བཤད། །དང་པོ་དབྱེ་བ་ནི། མཛོད་ལས། སོ་སོ་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་གསུངས་ཏེ། རབ་བྱུང་སྡེ་ལྔའི་སྡོམ་པ་ལྔ། །དགེ་བསྙེན་ཕ་མའི་སྡོམ་པ་གཉིས། །བསྙེན་གནས་སྡོམ་པ་དང་བཅས་པ། །སོ་སོ་ཐར་པའི་སྡོམ་པ་བརྒྱད། །ཅེས་གཟུང་ངོ་། །འོ་ན་དགེ་སློང་ཕ་མ་གཉིས་དང་དགེ་ཚུལ་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་ནི་ཐ་དད་དུ་བགྲང་ཡང་། བསྙེན་གནས་ཕ་མ་གཉིས་ཀྱི་སྡོམ་པ་གཅིག་ཏུ་བགྲང་བའི་རྒྱུ་མཚན་ཅི་ཞེ་ན། དུས་ཡུན་ཐུང་བས་སྡོམ་པ་དམན་པ་ལ་དགོངས་ནས་གཞུང་ལས་གཅིག་ཏུ་བགྲངས་པ་ཙམ་ཡིན་ནོ། །ཁ་ཅིག་ན་རེ་ཟ་མ་དང་མ་ནིང་ལ་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེ་པའི་ཕྱིར་་་་་་བསྙེན་གནས་ཕ་དང་བསྙེན་གནས་མ་དང་བསྙེན་གནས་ཟ་མ་དང་བསྙེན་གནས་མ་ནིང་ཞེས། བསྙེན་གནས་ཕ་མ་གཉིས་སུ་མ་ངེས་པས། བསྙེན་གནས་ཕ་མའི་སྡོམ་པ་གཉིས་ཞེས་མ་བགྲངས་པར་བསྙེན་གནས་ཀྱི་སྡོམ་པ་ཞེས་ཕྱོགས་གཅིག་ཏུ་བགྲངས་པའི་ཞེས་ཟེར་རོ། །དེའི་སྒྲུབ་བྱེད་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པ་སེམས་ཙམ་པའི་གཞུང་ལྟར་ན་ཟ་མ་དང་མ་ནིང་ལ་དགེ་བསྙེན་གྱི་སྡོམ་པ་སྐྱེ་ཡང་དགེ་བསྙེན་གྱི་མིང་མི་འཐོབ་པར་གསུངས་ལ། ཟ་མ་དང་མ་ནིང་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་ཡང་། བསྙེན་གནས་ཀྱི་མིང་མི་ཐོབ་པར་མ་གསུངས་ལ། བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་གསུངས་པས་སོ། །འདིར་བྱེ་བྲག་སྨྲ་བའི་ལུགས་ཀྱིས་དེ་ལྟར་ཁས་མི་བླང་སྟེ། མཛོད་འགྲེལ་དང་། རང་གི་རྣམ་བཤད་དང་། ཊཱི་ཀ་ལས། ཟ་མ་དང་མ་ནིང་སྡོམ་པའི་ཞིང་མ་ཡིན་ཞེས་སོ། །འོན་ཀྱང་དགེ་སློང་གི་མཚན་ཉམས་པ་འགྱུར་བ་མི་བསྟེན་པ་ནི་དམིགས་བསལ་ཡིན་ཏེ། རབ་ཏུ་བྱུང་བའི་ཕོ་དབང་ཉམས་པར་གྱུར་ན། ལུང་གཞི་ལས། གལ་ཏེ་འགྱུར་བ་བསྟེན་ན། བསྙིལ་བར་བྱའོ། །གལ་ཏེ་འགྱུར་བ་མི་བསྟེན་ན་བཏང་སྙོམས་སུ་བྱའོ་ཞེས་་་་་་མི་བསྙིལ་བར་གསུངས་ལ། ཞུ་འགྲེལ་ལས་ཀྱང་། དགེ་སློང་གི་་་་་་ཡན་ལག་སྐྱེས་པ་བཅད་པ་ལ་སོགས་པས་ཉམས་པ་འདི་ཇི་སྲིད་དུ་འགྱུར་བ་མི་བསྟེན་པ་དེ་སྲིད་དུ་དགེ་སློང་ཉིད་ཡིན་ལ། འདི་ལ་དགེ་སློང་གཞན་བཞིན་དུ་

༼༢༣༽

ཅི་རིགས་པར་ལྟུང་བ་རྣམས་འབྱུང་ངོ་ཞེས་སོ། །གཉིས་པ་བསྡུ་བ་ནི། རབ་ཏུ་བྱུང་བའི་སྡོམ་པ་དང་། ཁྱིམ་པ་ཕྱོགས་ཀྱི་སྡོམ་པ་གཉིས་སུ་འདུས་ཏེ། སྔ་མ་ལྔ་དང་། ཕྱི་མ་གསུམ་གོ་རིམ་་་་་་སྡོམ་པ་གསུམ་ལྡན་གྱི་དགེ་སློང་ལ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པའི་རྒྱུན་དང་ཡང་ལྡན་ནོ། །བཞིན་ནོ། །གསུམ་པ་སོ་སོར་ཐར་བའི་སྡོམ་པའི་མཚན་ཉིད་ནི། བྱེ་བྲག་སྨྲ་བ་ལྟར་ན། ཉེས་པར་སྤྱོད་པ་ལས་མི་མཐུན་ཕྱོགས་ཀྱི་དངོས་གཞི་ཡིན་པའི་གཟུགས་དགེ་བ་གང་ཞིག ཁམས་གོང་མའི་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་་་་་་སངས་རྒྱས་ཀྱི་ཤཱི་ལ་དང་ཉམས་པའི་ཤཱི་ལ་དང་། ལུས་ངག་གི་རིག་བྱེད་ཀྱི་གཟུགས་ལ་ཁྱབ་བོ། །ཚུལ་ཁྲིམས་ལས་གཞན་པ་ལུས་ངག་གི་དགེ་བ་ནི། དེའི་ཡན་ལག་ཡིན་གྱི་དངོས་གཞི་མིན་ནོ། །པའོ། །བཞི་པ་སྒྲ་བཤད་པ་ལ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ། དང་པོ་ཐར་པའི་སྡོམ་པ། ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་བྱ་སྟེ། པྲ་ཏི་་་་་་སོ་སོར་ཐར་པ་ཞེས་པ་འདི་ལ་རྒྱ་གར་སྐད་དུ་མོཀྵ་ཞེས་སོ། །དེ་ལ་སྒྲ་བཤད་གསུམ་སྟེ། པྲ་ཏི་ཞེས་པ་སོ་སོ་ཡིན་ལ། མོ་ཀྵ་ཞེས་པ་ཐར་པ་ཡིན་པས་སོ་སོར་ཐར་པ་ཞེས་བྱ་སྟེ། ཚུལ་ཁྲིམས་བསྲུང་བའི་གང་ཟག་སོ་སོ་ངན་འགྲོ་དང་འཁོར་བ་ལས་ཐར་བར་འགྱུར་གྱི། གཞན་གྱིས་ཚུལ་ཁྲིམས་བསྲུངས་པས་གཞན་ཐར་པར་མི་འགྱུར་བའི་ཕྱིར་རོ། །པྲ་ཏི་ཞེས་པ་དང་པོ་ཡིན་ལ། མོཀྵ་ཞེས་པ་ཐར་པ་ཡིན་པས་དང་པོ་ཐར་པ་ཞེས་ཀྱང་བྱ་སྟེ། སྡོམ་པ་ཐོབ་པའི་སྐད་ཅིག་དང་པོ་དེ་ཉིད་ཀྱི་ཚེ་ན། སྔར་རང་རང་གི་སྐབས་ཀྱི་སྡོམ་མིན་ཡིན་པ་དེ་ལས་ཐར་པའི་ཕྱིར་རོ།་་་་་རྣམ་འབྱེད་འགྲེལ་ལས་ཀྱང་སོ་སོ་ཐར་པ་ཞེས་བྱ་བ་ནི་དང་པོར་ཐར་པའོ་ཞེས་བཤད་དོ། །པྲ་ཏི་ཞེས་པ་ནི་སྒྲའི་རྐྱེན་གྱིས་ཐབས་ཀྱི་དོན་ཏོ། །མོཀྵ་ཞེས་པ་ཐར་པ་ཡིན་པས་ཐར་པའི་ཐབས་ཞེས་པ་སྟེ། དེས་ན་ཐར་པའི་ཐབས་ཀྱི་སྡོམ་པ་ཞེས་ཀྱང་བྱའོ། །སྒྲ་བཤད་དེ་གསུམ་ནི་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །སྡོམ་པ་ཐོབ་ནས་སྐད་ཅིག་གཉིས་པ་ཚུན་ཆད་ཀྱི་སྡོམ་པ་དེ་ཡང་སོ་སོ་ཐར་པ་ཡིན་ན་ནི། མཛོད་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐད་ཅིག་དང་པོ་དག་ནི་སོ་སོར་ཐར་པ་ཞེས་ཀྱང་བྱ། སོ་སོ་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། སྐད་ཅིག་

༼༢༤༽

མ་གཉིས་པ་ལ་སོགས་པ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི་སོ་སོ་ཐར་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ་ལོ་ཞེ་ན། སོ་སོ་རང་ཉིད་ཐར་པར་འགྱུར་བའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་པ་ཡིན་ཡང་། དང་པོ་ཐར་པའི་སྒྲ་བཤད་ཅན་གྱི་སོ་སོ་ཐར་པ་ནི་མ་ཡིན་ནོ་ཞེས་པ་སྟེ། སྡོམ་པ་ཐོབ་པའི་སྐད་ཅིག་དང་པོར་ཐར་ཟིན་ནས་ཀྱི་རྗེས་ཞུགས་ཡིན་པའི་ཕྱིར་རོ། །ལྔ་པ་རྒྱུའི་སྒོ་ནས་གཏན་ལ་དབབ་པ་ནི། མཛོད་ལས། རྒྱུ་དྲུག་རྐྱེན་བཞི་འབྲས་བུ་ལྔར་བཤད་པ་ལས་རྒྱུ་དྲུག་ནི། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་བཤད་དོ། །འོ་ན་སོ་སོ་ཐར་པའི་སྡོམ་པ་འདི་རྒྱུ་དྲུག་པོ་གང་ལས་སྐྱེས། གང་ལས་མ་སྐྱེས་ཞེ་ན། སྡོམ་པ་ཆོས་ཅན། རྣམ་སྨིན་གྱི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། རྣམ་སྨིན་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན་རྒྱུ་འབྲས་འཆོལ་པར་འགྱུར་ལ་རྟགས་དེ་གང་གིས་གྲུབ་ན།་་་་་དེའང་རྣམ་སྨིན་ནི་ལུང་མ་བསྟན་ཡིན་ལ་སྡོམ་པ་ནི་དགེ་བར་ལུང་དུ་བསྟན་པ་ཡིན་པས་ན་སྡོམ་པ་རྣམ་སྨིན་མ་ཡིན་པར་གྲུབ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་པ་དང་། མཛོད་ཀྱི་འགྲེལ་བཤད་ལས། ལུང་བསྟན་ཐོགས་པ་མེད་པའི་གཟུགས། །ཞེས་གཞུང་དྲངས་ཤིང་། མཛོད་ལས། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་གསུངས་པའོ། །འོ་ན་རྣམ་སྨིན་གྱི་རྒྱུ་གང་ཞེ་ན། མཛོད་ལས། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་ཁོ་ན་ཞེས་པ་ནི་ལུང་མ་བསྟན་དང་དགེ་བ་ཟག་མེད་གཉིས་རྣམ་སྨིན་གྱི་རྒྱུ་མ་ཡིན་པར་བསྟན་ཏེ་དེའང་ལུང་མ་བསྟན་ས་བོན་རུལ་པ་དང་འདྲ་སྟེ། འབྲས་བུ་རྣམ་སྨིན་བསྐྱེད་པའི་ནུས་པ་མེད་ལ། དགེ་བ་ཟག་མེད་ནི་ས་བོན་སྐམ་པོ་དང་འདྲ་སྟེ། སྲེད་པའི་རླན་མེད་པས་འབྲས་བུ་རྣམ་སྨིན་བསྐྱེད་པར་མི་བྱེད་པའོ།་་་་་སོ། །རྣམ་སྨིན་ནི་གང་ཞེ་ན། ངོ་བོ་ལུང་དུ་མ་བསྟན་པ། རྟེན་སེམས་ཅན་དུ་བརྗོད་པ། རྒྱུ་ལུང་དུ་བསྟན་པ། དུས་ཕྱིས་ནས་གྲུབ་པ་སྟེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་འབྱུང་། །ཞེས་པ་དང་། མཛོད་འགྲེལ་ལས། རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཁོ་ན་ལས་འབྲས་བུ་འབྱིན་ཏེ། འདི་ལྟར་ལྷན་ཅིག་གམ་

༼༢༥༽

དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ་ཞེས་སོ། །ཀུན་འགྲོའི་རྒྱུ་གང་ཞེ་ན། མཛོད་ལས། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་ས་ཀུན་འགྲོ་སྔ། །ཞེས་སོ། །དེའང་འདོད་ཁམས་ཀྱི་འདོད་ཆགས་སྔ་མས་འདོད་ཁམས་རང་སའི་འདོད་ཆགས་ཕྱི་མ་བསྐྱེད་པ་ལྟ་བུ་ཉོན་མོངས་པ་སྔ་མས་རང་སའི་ཉོན་མོངས་པ་ཕྱི་མ་བསྐྱེད་པ་སྟེ། རང་སའི་ཉོན་མོངས་པ་ཅན་ཀུན་ལ་ཁྱབ་པས་ཀུན་འགྲོ་ཞེས་བྱའོ། །དེ་ལྟར་ན་སྡོམ་པ་ཆོས་ཅན། ཀུན་འགྲོའི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། ཀུན་འགྲོ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཀུན་འགྲོ་ནི་ཉོན་མོངས་པ་ཡིན་ལ་སྡོམ་པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པས་ན་སྡོམ་པ་ཀུན་འགྲོ་མ་ཡིན་པར་གྲུབ་སྟེ། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །ཞེས་གསུངས་སོ། །མཚུངས་ལྡན་གྱི་རྒྱུ་གང་ཞེ་ན། རྟེན་མཚུངས་པའི་སེམས་དང་སེམས་བྱུང་ཕན་ཚུན་གཅིག་གིས་གཅིག་སྐྱེད་པར་བྱེད་པ་སྟེ། མཛོད་ལས། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་པ་དང་། དེའི་འགྲེལ་པ་ལས། རྟེན་མཚུངས་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཕན་ཚུན་དུ་མཚུངས་པར་ལྡན་པའི་རྒྱུ་ཡིན་ནོ་ཞེས་རྟེན་མཚུངས་པ་ནི་སེམས་མིག་གི་རྣམ་ཤེས་དང་དེའི་སེམས་བྱུང་དག་ནི། བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་པར་མཚུངས་པ་ལྟ་བུའོ།་་་་་སོ། །མཚུངས་ལྡན་གྱི་རྒྱུ་འདི་ནི་ལྷན་ཅིག་འབྱུང་བའི་རྒྱུའི་བྱེ་བྲག་ཡིན་ཏེ། མཛོད་འགྲེལ་ལས། མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ་ཞེས་སོ། །དེ་ཡང་མདོ་སྡེ་པའི་ལུགས་ཀྱིས་སྡོམ་པའི་ངོ་བོ་ནི་སྤོང་བའི་སེམས་པ་ཡིན་པས་སྡོམ་པ་མཚུངས་ལྡན་ཡིན་ཡང་། བྱེ་བྲག་སྨྲ་བའི་ལུགས་ཀྱིས་སྡོམ་པ་གཟུགས་ཡིན་པ་ལྟར་ན། སྡོམ་པ་ཆོས་ཅན། མཚུངས་ལྡན་གྱི་རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། མཚུངས་ལྡན་མ་ཡིན་པའི་ཕྱིར་རོ། །རྟགས་ཁྱབ་མ་གྲུབ་ན་རྒྱུ་འབྲས་འཆོལ་བར་འགྱུར་ལ།་་་་་དེ་ཡང་སྐབས་འདིར་མཚུངས་ལྡན་ནི་སེམས་དང་སེམས་བྱུང་ཡིན་ལ་སྡོམ་པ་ནི་གཟུགས་ཡིན་པས་ན་སྡོམ་པ་མཚུངས་ལྡན་མ་ཡིན་པར་གྲུབ་བོ། །སྐལ་མཉམ་

༼༢༦༽

གྱི་རྒྱུ་གང་ཞེ་ན། རྒྱུ་རང་གི་ངོ་བོ་ཅི་འདྲ་བའི་འབྲས་བུ་སྐྱེད་པར་བྱེད་པ་སྟེ། མཛོད་ལས། སྐལ་མཉམ་རྒྱུ་ནི་འདྲ་བའོ།་་་་་འབྲས་ལས་འབྲས་སྐྱེ། ནས་ལས་ནས་སྐྱེ་བ་ལྟ་བུའི་རང་རང་གི་རིགས་འདྲ་སྔ་མ་སྔ་མ་ནི་སྐད་མཉམ་གྱི་རྒྱུ་ཡིན་ནོ། །ཞེས་སོ། །དེ་ཡང་སྡོམ་པ་ཐོབ་ནས་མ་བཏང་གི་བར་དུ་སྡོམ་པའི་རྫས་སྐད་ཅིག་སྔ་ཕྱི་སྐྱེ་འགག་བྱེད་པའི་ཆ་ནས་སྐལ་མཉམ་གྱི་རྒྱུ་ལས་སྡོམ་པ་སྐྱེའོ། །སྡོམ་པ་ལེན་པའི་ཚེ་ན་ནི་སྐལ་མཉམ་གྱི་རྒྱུ་ལས་སྡོམ་པ་མི་སྐྱེ་སྟེ། སྡོམ་པ་སྐྱེ་བའི་སྔ་ལོགས་ན།་་་་་སྡོམ་པ་མེད་པ་དང་་་་་་སྡོམ་པ་སྐྱེས་པ་ན་དེ། ཡོད་པ་སྐལ་བ་མི་མཉམ་པའི་ཕྱིར་ཞེས་་་་་་ཤ་སྦས་ལ་སོགས་པ་བླ་མ། སྔ་མ་རྣམས་གསུང་ངོ་། །འོན་ཀྱང་དེའི་ཚེ་ན་ཡང་དགེ་བ་ཙམ་དུ་སྐལ་བ་མཉམ་པའི་རྒྱུ་ལས་སྐྱེ་བ་ཡིན་ཏེ། སྡོམ་པ་ལེན་སེམས་དགེ་བ་ལས་སྡོམ་པ་དགེ་བ་སྐྱེ་བའི་ཕྱིར་ཞེས་སློབ་དཔོན་གསུང་ངོ་། མདོ་སྡེ་པ་ཡན་ཆད་ནི་ལྷན་ཅིག་བྱུང་བའི་རྒྱུ་འབྲས་འདི་མི་འདོད་ཀྱང་འདིར་བྱེ་བྲག་སྨྲ་བའི་ལུགས་ཀྱིས།་་་་་ལྷན་ཅིག་འབྱུང་བའི་རྒྱུ་གང་ཞེ་ན། རྒྱུ་རང་དང་དུས་མཉམ་པའི་འབྲས་བུ་སྐྱེད་པར་བྱེད་པ་སྟེ། མཛོད་ལས། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། ལུས་ཀྱི།་་་་་།འབྱུང་བ་བཞི་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པ་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞི་ནི། །ཞེས་་་་་་སྡོམ་པའམ་མྱུ་གུ་མཚན་གཞི་འདུས་བྱས་ཀྱི་ཐ་སྙད་དུ་མཚོན་པ་ལ་སྐྱེ་བ་རྒ་བ་གནས་པ་མི་རྟག་པ་དང་བཞི་མཚན་ཉིད་དུ་བཀོད་ན་མཚན་ཉིད་དང་མཚན་གཞི་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ནོ་ཞེས་སྟོན་པ་ནི་འདུས་བྱས་ཀྱི། པ་དང་། དེའི་འགྲེལ་པ་ལས། ལྷན་ཅིག་འབྱུང་བའི་ཆོས་རྣམས་ཀྱང་གཅིག་ཡོད་ན་ཐམས་ཅད་ཡོད་ལ་གཅིག་མེད་ན་ཐམས་ཅད་མེད་པས་རྒྱུ་དང་འབྲས་བུའི་ཁྱད་པར་རིགས་པ་ཡིན་ནོ། །དཔེར་ན་དབྱུག་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་བཞིན་དུ་ཞེས་སོ། །དེ་ལྟར་ན་སྡོམ་པ་ཆོས་ཅན། ལྷན་ཅིག་འབྱུང་བའི་རྒྱུས་བསྐྱེད་པ་ཡིན་ཏེ། རང་གི་སྐྱེ་བ་ལྡན་མིན་འདུ་བྱེད་ཀྱིས་བསྐྱེད་པའི་ཕྱིར་རོ། །དེ་གང་གིས་གྲུབ་ན། མཛོད་ལས། མཚན་ཉིད་མཚན་གཞི་བཞིན་ཞེས་འདུས་བྱས་ཐམས་ཅད་ཀྱང་སྐྱེ་བ་ལྡན་མིན་འདུ་བྱེད་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་བཞི་་་་་་སྐྱེ་བ་རྒ་བ་གནས་པ་མི་རྟག་པ་སྟེ་ལྡན་མིན་འདུ་བྱེད་ཀྱི་རྫས་བཞི། དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པར་

༼༢༧༽

བཤད་པས་་་་་་རྟགས་ཁྱབ་གཉིས་ཀ་གྲུབ་བོ།་་་་་འོ་ན་ལྷན་ཅིག་འབྱུང་བའི་རྒྱུ་གང་ཡིན་པ་དེ་ལྷན་ཅིག་འབྱུང་བའི་འབྲས་བུ་ཡིན་པར་ངེས་སམ་ཞེ་ན། མུ་བཞིར་ཡོད་དེ། ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ལ་ལྷན་ཅིག་འབྱུང་བའི་འབྲས་བུ་ཡང་ཡིན་པ་ནི། ལུས་ཀྱི་འབྱུང་བཞི་ཕན་ཚུན་རྒྱུ་འབྲས་ཡིན་པ་ལྟ་བུའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ཡིན་ལ། ལྷན་ཅིག་འབྱུང་བའི་འབྲས་བུ་མ་ཡིན་པ་དང་ལྷན་ཅིག་འབྱུང་བའི་འབྲས་བུ་ནི་ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པ་ནི་མྱུ་གུ་སྐད་ཅིག་ད་ལྟར་བ་དང་དེའི་གྲིབ་མ་སྐད་ཅིག་ད་ལྟར་བ་ལྟ་བུ་སྟེ་གོ་རིམ་བཞིན་ནོ། །ལྷན་ཅིག་འབྱུང་བ་ནི་ཡིན་ལ། ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་པ་ནི་སྡོམ་པ་རིག་བྱེད་མ་ཡིན་པའི་གཟུགས་དང་དེའི་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ལྟ་བུའོ། །དེ་དག་ནི་བྱེ་བྲག་སྨྲ་བའི་གཞུང་ལུགས་ཡིན་ནོ། །འོ་ན་སྤོང་བ་བདུན་གྱི་སྡོམ་པ་སྐྱེ་ན། སྤོང་བ་བདུན་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ནམ་མ་ཡིན་ཞེ་ན། སོ་སོ་ཐར་བའི་སྡོམ་པ་ནི། སྤོང་བ་བདུན་པོ་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་ཏེ། མཛོད་འགྲེལ་ལས། རྒྱུར་བྱས་པའི་གཟུགས་གཞན་་་་་་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་སྤོང་བདུན་ནི་་་་་་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནོ་ཞེས་པ་དང་། དེའི་འགྲེལ་བཤད་་་་་་རྒྱལ་སྲས་མ་ལས། སོ་སོ་ཐར་པའི་སྡོམ་པས་བསྡུས་པའི་སྤོང་བ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཏེ། ཚོགས་པ་ཐ་དད་པའི་ཕྱིར་ཞེས་གསུངས་སོ།་་་་་གལ་ཏེ་དགེ་སློང་གི་སོ་སོ་ཐར་པའི་སྡོམ་པ་ཆོས་ཅན། སྤོང་བ་བདུན་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་ཏེ། སྤོང་བདུན་ཚང་པར་མནོས་ན་སྐྱེ་ཡི་ཡན་ལག་ངེས་པ་ལས་སྡོམ་པ་མི་སྐྱེ་བའི་ཕྱིར་དང་། མཛོད་ཀྱི་འགྲེལ་བཤད་ལས་ཀྱང་ཚང་པ་ཁོ་ན་མནོས་པར་བྱ་སྟེ། སྤོང་བ་རྣམས་ཕན་ཚུན་རག་ལས་པའི་ཕྱིར་ཞེས་པས་སོ་ཞེ་ན། དེ་ནི་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་གཟུགས་བདུན་སྐྱེ་བ་དེ་སྔོན་འགྲོ་སྤོང་སེམས་བདུན་ཚང་པར་རག་ལས་པ་ལ་སོགས་པ་ཡིན་གྱི་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་གཟུགས་བདུན་པོ་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་ནོ། །འོན་ཀྱང་བསམ་གཏན་གྱི་སྡོམ་པའི་སྤོང་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། ཟག་མེད་ཀྱི་སྡོམ་པའི་སྤོང་བ་བདུན་ཡང་དེ་བཞིན་ཏེ། མཛོད་ཀྱི་འགྲེལ་བཤད་་་་་་རྒྱལ་སྲས་མ་ལས། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་སྤོང་བ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། སྲོག་གཅོད་པའི་སྤོང་བ་ཡང་གཞན་དྲུག་གི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། དྲུག་པོ་དེ་དག་

༼༢༨༽

ཀྱང་དེའི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ་ཞེས་སོ། །བྱེད་རྒྱུ་གང་ཞེ་ན། འབྲས་བུ་རང་ཉིད་མ་གཏོགས་པ་སྐྱེ་བ་ལ་མི་སྒྲིབ་པའི་ཆོས་ཐམས་ཅད་ཡིན་ཏེ། མཛོད་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་སོ། །བྱེད་རྒྱུ་ལ་གཉིས་ལས། དང་པོ་བྱེད་རྒྱུ་བྱེད་པས་སྟོང་པ་ནི། མཛོད་འགྲེལ་ལས། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ་ཞེས་འབྲས་བུ་སྐྱེ་བ་ལ་ཕན་མ་བཏགས་ཀྱང་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་ལ་བྱེད་རྒྱུ་ཞེས་གསུངས་ཏེ། བྱེ་བྲག་སྨྲ་བའི།་་་་་གྲུབ་མཐའ་ལ་གྲགས་པ་ཙམ་མོ། །གཉིས་པ་བྱེད་རྒྱུ་བྱེད་པ་དང་བཅས་པ་འདི་ལ་གསུམ་ལས། དང་པོ་འབྱུང་བ་རྒྱུར་གྱུར་པ་ནི། མཛོད་ལས། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་སོ། །འདི་ལ་གཉིས་ཏེ། སྡོམ་པ་མ་སྐྱེས་པ།་་་་་སྐྱེད་པར་བྱེད་པ་གཞིའི་འབྱུང་བ་དང་། སྡོམ་པ་སྐྱེས་ཟིན་པ།་་་་་གནས་པར་བྱེད་པ་རྟེན་གྱི་འབྱུང་བའོ། །དེ་ཡང་མཛོད་འགྲེལ་ལས། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་་་་་འི་གཟུགས་ནི།་་་་་སྐྱེ་བའི། སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་་་་་་པའི་སྡོམ་པ་ལེན་པ་པོའི་ལུས་ཀྱི། འབྱུང་བ་ཆེན་པོ་དེ་དག་རྒྱུར་བྱས་ནས་སྐྱེའོ། དེ་་་་་་འདས་པའི་འབྱུང་བ་བཞི་པོ། དག་ནི་་་་་་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས། འདིའི་་་་་་སྐྱེད་པ་བྱེད་པ། གཞིའི་དོན་དུ་འགྱུར་ལ།་་་་་སྡོམ་པ་ཐོབ་ཟིན་གྱི། ལུས་ཀྱི་འབྱུང་བ་ཆེན་པོ་ད་ལྟར་བྱུང་བ་རྣམས་ནི་་་་་་ཐོབ་ཟིན་གནས་པའི། རྟེན་གྱི་དོན་དུ་འགྱུར་ཞེས་སོ། །གཉིས་པ་རིག་བྱེད་རྒྱུར་གྱུར་པ་ལ་གཉིས་ལས། རིག་བྱེད་ཙམ་པོ་ལ་བརྟེན་པ་ནི་ཚུར་ཤོག་ཅེས་པ་ལྟ་བུའོ། །རིག་བྱེད་ཁྱད་པར་ཅན་ལ་བརྟེན་པ་ནི་གསོལ་བཞིའི་སྔོན་ཆོག་གམ། ད་ལྟར་གྱི་ཆོ་ག་ལྟ་བུ་སྟེ། དེ་ཡང་གཞན་གྱི་ལུས་ངག་གི་རྣམ་པར་རིག་བྱེད་དང་། རང་གི་ལུས་ངག་གི་རྣམ་པར་རིག་བྱེད་ལ་བརྟེན་ནས་སོ་སོ་ཐར་པའི་སྡོམ་པ་འཐོབ་སྟེ། མཛོད་ལས། སོ་སོ་ཐར་ཅེས་པ་གཞན་གྱི་རྣམ་པར་རིག་བྱེད་སྩོགས་ཀྱིས་ཞེས་སོ། །མཛོད་འགྲེལ་ལས། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་ཟེར་བ་བསྡུ་བའི་ཕྱིར་་་་་་སྩོགས་ཞེས་པའི་སྒྲས་གང་བསྡུ་སྙམ་ན་རིག་བྱེད་ལ་རག་མ་ལས་པར་སོ་སོ་ཐར་པའི་སྡོམ་པ་སྐྱེ་བ་ཡོད་པ་དེ་དག་བསྡུ་སྟེ། སྩོགས་པའི་སྒྲ་སྨོས་ཏེ། དེ་དག་གི་སོ་སོ་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་ནི་མ་ཡིན་ནོ་ཞེས་པ་དང་།

༼༢༩༽

དེའི་འགྲེལ་བཤད་ལས། དེའང་སངས་རྒྱས་ལ་སོགས་པའི་ནི་རྣམ་པར་རིག་བྱེད་ལ་རག་མ་ལས་པའི་ཕྱིར་ཞེས་སོ། །གསུམ་པ་སེམས་པ་རྒྱུར་གྱུར་པ་ལ་གཉིས་ཏེ། རྒྱུའི་ཀུན་སློང་དང་། དུས་ཀྱི་ཀུན་སློང་ངོ་།་་་་་སྡོམ་པ་སྐྱེ་བའི་སྔ་རོལ་གྱི་དུས་ན་སྡོམ་པ་ལེན་འདོད་ཀྱི་བསམ་པ་དང་སྡོམ་པ་སྐྱེ་བ་དང་དུས་མཉམ་པའི་བསམ་པ་སྟེ་གོ་རིམ་བཞིན་ནོ། །དེ་ཡང་མཛོད་ལས། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་དུས་ཀྱི་སློང་ཞེས་བྱ། །གཉིས་ལས་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །ཞེས་སོ། །དང་པོ་རྒྱུའི་ཀུན་སློང་ལ་གསུམ་སྟེ། ལེན་པར་འདོད་པ་དང་། འཐོབ་པར་ཤེས་པ་དང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པའོ། །དང་པོ་ནི། ངེས་པ་ལྔ་དང་བྲལ་བའི་ལེན་འདོད་ཡིན་ཏེ། མཛོད་འགྲེལ་ལས། ངེས་པ་ལྔ་པོ་སེམས་ཅན་དང་ཡན་ལག་དང་ཡུལ་དང་དུས་དང་ཚེ་ངེས་པ་མི་བྱེད་ན་སོ་སོ་ཐར་པའི་སྡོམ་པ་འཐོབ་སྟེ། སེམས་ཅན་ཆེ་གེ་མོ་ཞིག་ལས་སྤང་ཞེས་བྱ་བ་ནི་སེམས་ཅན་ངེས་པའོ། །ཡན་ལག་ཆེ་གེ་མོ་ཞིག་སྤོང་ངོ་ཞེས་བྱ་བ་ནི་ཡན་ལག་ངེས་པའོ། །ཡུལ་ཆེ་གེ་ཞིག་ཏུ་་་་་་སྤོང་ངོ་ཞེས་བྱ་བ་ནི་ཡུལ་ངེས་པའོ། །ཟླ་བའི་བར་དུ་ཞེས་བྱ་བ་ནི་དུས་ངེས་པའོ། །འཐབ་མོ་མ་གཏོགས་སོ་ཞེས་བྱ་བ་ནི་ཚེ་ངེས་པ་སྟེ།་་་་་དེ་ངེས་པ་ལྔ་པོ། ལྟར་མནོས་ན་ལེགས་པར་སྤྱད་པ་་་་་་བར་མའི་དགེ་བ། ཙམ་དུ་ནི་འགྱུར་རོ་ཞེས་སོ། །མདོ་སྡེ་པ་ནི་ངེས་པ་ལྔས་སྡོམ་པ་མནོས་ན། མཛོད་འགྲེལ་ལས། མདོ་སྡེ་པ་རྣམས་ན་རེ། སྡོམ་པ་མ་ཚང་བ་ཡོད་ལ་་་་་་སེམས་ཅན་ངེས་པ་ལ་སོགས་པའི་སྡོམ་པ། ཉི་ཚེ་བ་ཡང་ཡོད་དེ། འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱིས་གེགས་བྱེད་པའི་ཕྱིར་ཞེས་སོ། །དེ་དང་མཐུན་པར་སློབ་དཔོན་ཐོགས་མེད་ཀྱིས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དགེ་བསྙེན་གྱི་སྡོམ་པ་བརྒྱ་ཐམ་པར་ཕྱེ་སྟེ་གསུངས་སོ། །འོན་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་ལྟར་མི་འདོད་དོ། །གཉིས་པ་འཐོབ་པར་ཤེས་པ་ནི་བདག་གིས་སྡོམ་པ་འཐོབ་བོ་སྙམ་དུ་ཤེས་པའོ། །དེ་ཡན་ལག་ཏུ་དགོས་པར་གང་གིས་ཤེས་ན། ཞུ་བ་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། བདག་ཉིད་བསྙེན་པར་རྫོགས་

༼༣༠༽

པ་མི་ཤེས་པའོ་ཞེས་བླུན་ཞིང་གཏི་མུག་པས་འཐོབ་ཤེས་མེད་ན་སྡོམ་པ་མི་སྐྱེ་བར་གསུངས་སོ། །དང་པོ་སྡོམ་པ་འཐོབ་ཤེས་ཡོད་ན་དེ་ནས་འཐོབ་ཤེས་མངོན་གྱུར་དུ་མེད་ཀྱང་བདག་ལ་སྡོམ་པ་མི་སྐྱེའོ་སྙམ་པ་མེད་ན། རྒྱུ་རྐྱེན་གཞན་ཚང་ན་སྐྱེ་སྟེ། ཞུ་བ་ལས། གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི་ལུས་སམ་ཚིག་གིས་དམིགས་ལ། གསོལ་བ་དང་ལས་བྱེད་པའི་ཚེ་གཉིད་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་གཉིད་ལོག་པ་དེ་བཞིན་དུ་ར་རོ་བ་དང་སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ་ཞེས་གསུངས་པས་འགོག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་སྡོམ་པ་སྐྱེ་བར་བསྟན་ཏོ། །གསུམ་པ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་དང་ལྡན་པ་ནི། ངེས་འབྱུང་གི་སྡོམ་པའི་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་ཞེས་ཏེ། ངེས་འབྱུང་གི་སྡོམ་པ་མི་སྐྱེ་བས་ཞེས་དགོངས་པའོ། །འདིར་བསམ་པའི་ཁྱད་པར་གྱིས་འཇིགས་སྐྱོབ་ཀྱི་དང་། ལེགས་སྨོན་གྱི་དང་། ངེས་འབྱུང་གི་ཚུལ་ཁྲིམས་དང་གསུམ་ཡིན་ཏེ། མཛོད་འགྲེལ་ལས། འཇིགས་པའི་ཚུལ་ཁྲིམས་ནི་འཚོ་བ་མེད་པ་དང་། བསྟོད་པ།་་་་་ཚིགས་སུ་བཅད་པ་མེད་པ་་་་་་སྟེ་སྨད་པའི་གྲགས་པ་ཡོད་པ་དང་། ཆད་པ་དང་ངན་འགྲོས་འཇིགས་ནས་བསྲུང་བ་གང་ཡིན་པའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི། སྲིད་པ་་་་་་འཁོར་བའི་འབྱོར་བ་དང་ལོངས་སྤྱོད་དང་བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན་པའོ། །བྱང་ཆུབ་ཀྱི་ཡན་ལག་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི། ཡང་་་་་་ལས་རྒྱུ་འབྲས་ལ་དམིགས་པ། དག་པའི་ལྟ་བ་ཅན་་་་་་འཁོར་བ་ལས་རྣམ་པར་ཐར་པའི་དོན་དུ་བསྲུང་བ་གང་ཡིན་པའོ་ཞེས་སོ། །གཉིས་པ་དུས་ཀྱི་ཀུན་སློང་ནི། སྡོམ་པ་སྐྱེ་བ་དང་དུས་མཉམ་པའི་བསམ་པའི་ཆོས་ཡིན་ལ། དེའི་ཚེ་སྡོམ་པ་ནོད་པ་པོའི་བསམ་པ་ཇི་ལྟ་བུར་གྱུར་ཀྱང་སྡོམ་པ་སྐྱེ་སྟེ། སྡོམ་པ་སྐྱེ་བ་ལ་མངོན་དུ་གྱུར་པའི་དུས་སྐབས་ཡིན་པའི་ཕྱིར་རོ། །ཊཱི་ཀ་ལས། སྐྱེ་བ་ལ་མངོན་དུ་གྱུར་པ།་་་་་དེ་ལ་ནི་སྐྱེ་བའི་ཕྱིར་གང་གིས་ཀྱང་གེགས་བྱ་བར་མི་ནུས་པས་ཞེས་སོ། །འོ་

༼༣༡༽

ན་སྡོམ་པའི་རྒྱུ་རྐྱེན་གཞན་ཚང་ན།་་་་་དུས་ཀྱི་ཀུན་སློང་མེད་པ་་་་་་སྟེ་སེམས་མེད་པ། ལ་སྡོམ་པ་སྐྱེ་འམ་མི་སྐྱེ་བརྟག སྐྱེ་ན་ནི་མཛོད་འགྲེལ་ལས། དུས་ཀྱི་ཀུན་སློང་།་་་་་དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །མི་སྐྱེ་ན་ཡང་མཛོད་འགྲེལ་ལས། སེམས་མེད་པའི་སྡོམ་པ་སྐྱེ་བ་ཞེས་གསུངས་པ་དང་། དེའི་འགྲེལ་བཤད་་་་་་གང་བ་སྤེལ་ལས། སེམས་མེད་པའི་སྡོམ་པ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་བསྙེན་པར་རྫོགས་པར་བྱེད་པའི་དུས་སུ་དགེ་འདུན་ལ་གསོལ་བ་བཏབ་ནས་ལེན་པ་པོ་འགོག་པ་ལ་སྙོམས་པར་ཞུགས་པ་ན་ལས་བརྗོད་པའི་དུས་སུ་་་་་་སེམས་མེད་པ་ལ་སྡོམ་པ་སྐྱེ་ཞེས་བཤད་པ་དང་་་་་་མདོ་སྡེ་དྲིན་ལན་བསབ་པ་ལས་ཀྱང་སྔར་དགེ་བའི་སེམས་ཀྱིས་ཆོ་ག་བྱས་པ་གསོལ་བ་དང་བཞིའི་ལས་བྱེད་པའི་ཚེ་འགོག་པ་ལ་སྙོམས་པར་ཞུགས་ན་དེའི་ཚེ་སེམས་མེད་པས་ཁྲིམས་ཐོབ་པ་ཞེས་བྱའོ། །ཞེས་བཤད་པ་དང་། འགལ་ལོ་ཞེ་ན། སྔ་མ་ནི་མདོ་་་་་་དེ་མེད་ན་ཤིས་བཞིན་དུ་ཡོད་པར་མི་འགྱུར་རོ་ཞེས་སེམས་མེད་པ་ལ་སྡོམ་པ་མི་སྐྱེ་བར་བཤད་པ་དེ། སྡེ་པ་དང་མཐུན་ཏེ། མདོ་སྡེ་པ་རྣམས་ནི་འགོག་པ་ལ་སྙོམས་པར་ཞུགས་པ་ན་ཡང་ཡིད་ཤེས་ཕྲ་བ་རྒྱུད་ལ་ཡོད་པར་འདོད་ཅེས་ལས་གྲུབ་པ་ནས་བཤད་དོ། །དེ་ཡང་ཉན་ཐོས་ཀྱི་བྱེ་བྲག་ཁ་ཅིག་གི་ལུགས་བརྗོད་པ་སྟེ། ལས་གྲུབ་པ་དང་དེའི་འགྲེལ་པ་ལས། བཙུན་པ་དབྱིག་བཤེས་ལ་སོགས་པ་ཉན་ཐོས་ཀྱི་བྱེ་བྲག་ཁ་ཅིག་ན་རེ། འགོག་པ་ལ་སྙོམས་པར་ཞུགས་ན་ཡང་དེའི་རྒྱུད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་འབྱུང་བ་ཡིན་ནོ། །ཞེས་ཟེར་རོ། །ཞེས་བཤད་དོ། །དེ་ཡང་དེའི་ཚེ་ན་ཡིད་ཤེས་ཤིན་ཏུ་ཆ་ཕྲ་བ་ཡོད་པར་འདོད་པའོ། །སེམས་ཙམ་པ་ན་རེ་འགོག་པ་ལ་སྙོམས་པར་ཞུགས་པ་ལ་སེམས་མེད་པ་མ་ཡིན་ཏེ་ཀུན་གཞིའི་རྣམ་ཤེས་ཡོད་པའི་ཕྱིར་ཞེས་ཀྱང་ཟེར་ཏེ་དེ་ལྟར་ཐེག་བསྡུས་ལས་བཤད་དོ། །དེ་དང་མཐུན་པར་མདོ་སྡེ་པ་ཁ་ཅིག་ཀྱང་དེའི་ཚེ་ན་ཀུན་གཞི་རྣམ་ཤེས་ཡོད་པར་འདོད་ཅེས་ལས་གྲུབ་ནས་བཤད་དོ།་་་་་།ཕྱི་མ་ནི་བྱེ་བྲག་སྨྲ་བའི་སྤྱི་གཞུང་ལྟར་ན་སེམས་རྣམ་ཤེས་ཚོགས་དྲུག་ལས་ཁས་མི་ལེན་ཅིང་། འགོག་པ་ལ་སྙོམས་པར་ཞུགས་པ་ན་རྣམ་ཤེས་ཚོགས་དྲུག་བཀག་པའི་ཕྱིར་ན་སེམས་མེད་

༼༣༢༽

པའི་སྙོམས་འཇུག་ཅེས་ཟེར་ཏེ། དེའི་ཚེ་ན་སེམས་མེད་པ་ལ་སྡོམ་པ་སྐྱེ་བར་འདོད་པའོ། །དྲུག་པ་རྐྱེན་གྱི་སྒོ་ནས་གཏན་ལ་དབབ་པ་ནི། རྐྱེན་བཞི་སྟེ། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནོ། །མཛོད་ལས། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་་་་་འི་རྐྱེན། ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །རྒྱུའི་རྐྱེན་ནི་བྱེད་རྒྱུ་མ་གཏོགས་པའི་རྒྱུ་ལྔ་པོ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་བྱུང་སྐྱེས་པ་རྣམས་སེམས་དང་སེམས་བྱུང་ཕྱི་མའི་དེ་མ་ཐག་རྐྱེན་ཡིན་ཏེ། དགྲ་བཅོམ་ལྷག་མེད་དུ་མྱ་ངན་ལས་འདའ་ཁའི་སེམས་རྒྱུན་ཐ་མ་ནི་མ་གཏོགས་སོ། །དམིགས་པའི་རྐྱེན་ནི་གཟུགས་ལ་སོགས་པ་ཡུལ་གྱི་ཆོས་ཐམས་ཅད་་་་་་སེམས་ཀྱང་དམིགས་རྐྱེན་ཡིན་ཏེ་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཀྱིའོ། །བདག་པོའི་རྐྱེན་ནི་བྱེད་རྒྱུ་སྟེ། རྒྱུ་ཡང་ཡིན་ལ་རྐྱེན་ཡང་ཡིན་ནོ།་་་་་མདོ་སྡེ་པ་ཡན་ཆད་ལྟར་ན་རྒྱུ་ནི་འབྲས་བུའི་ངོ་བོ་སྐྱེད་བྱེད་ཡིན་ལ་རྐྱེན་ནི་འབྲས་བུའི་ཁྱད་པར་སྐྱེད་བྱེད་ཡིན་ནོ། །རྒྱུ་ས་བོན་གྲུང་པོ་དང་རྐྱེན་ཆུ་ལུད་འབྱོར་བ་ལྟ་བུ་སྟེ་རྒྱུ་དང་རྐྱེན་ཐ་དད་དོ། །བྱེ་བྲག་སྨྲ་བ་ནི་རྒྱུ་དང་རྐྱེན་ལ་ངོ་བོ་ཐ་དད་མེད་ཅིང་མིང་ཐ་དད་དུ་བརྗོད་པ་ཙམ་དུ་འདོད་དོ། །འོ་ན་སོ་སོ་ཐར་པའི་སྡོམ་པ་འདི་རྐྱེན་བཞི་པོ་གང་ལས་སྐྱེ་ཞེ་ན། རྒྱུའི་རྐྱེན་དང་བདག་པོའི་རྐྱེན་གཉིས་ལས་སྐྱེ་སྟེ། མཛོད་ལས། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་པ་དང་། དེའི་འགྲེལ་པ་ལས། གཟུགས་ཅན་རྣམས་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་དག་ལས་སྐྱེའོ་ཞེས་སོ།་་་་་སོ་སོ་ཐར་པའི་སྡོམ་པ་ནི་རྒྱུའི་རྐྱེན་ལས་སྐྱེས་པ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །བདག་པོའི་རྐྱེན་ལས་སྐྱེས་པ་ཡིན་ཏེ་བྱེད་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད་ཅེས་གསུངས་སོ། །བདུན་པ་འབྲས་བུའི་སྒོ་ནས་གཏན་ལ་དབབ་པ་ནི། མངོན་པ་་་་་་ཀུན་ལས་བཏུས་དང་མཛོད་ལས། འབྲས་བུ་ལྔ་གསུངས་ཏེ། རྣམ་པར་སྨིན་པའི་འབྲས་བུ་ནི་རྒྱུ་དགེ་བ་ཟག་བཅས་དང་མི་དགེ་བ་སྤྱད་པ་ལས་ཚེ་འཕོས་ནས་འབྲས་བུ་བདེ་སྡུག་ལུང་མ་བསྟན་དུ་སྨིན་པའོ། །རྒྱུ་མཐུན་པའི་འབྲས་

༼༣༣༽

བུ་ནི་རྒྱུ་དགེ་མི་དགེ་ལུང་མ་བསྟན་གོམས་པར་བྱས་པས་རང་རང་གི་རིགས་མཐུན་གོང་ནས་གོང་དུ་འཕེལ་བ་ལྟ་བུ་སྟེ། མཛོད་ལས། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་སོ། །བདག་པོའི་འབྲས་བུ་ནི་བྱེད་རྒྱུ་དང་དུས་མཉམ་དུ་འབྱུང་བའི་འབྲས་བུའམ་བྱེད་རྒྱུ་ལས་ཕྱིས་བྱུང་བའི་འབྲས་བུ་ཐམས་ཅད་ཡིན་ཏེ། མཛོད་ལས། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྔ་སྒྲ་ལྟ་བུ་རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེས་པ་སྟེ། མཛོད་ལས། གང་གི་སྟོབས་ཀྱིས་གང་སྐྱེས་པའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །ཞེས་སོ།་་་་་ལུང་སྟོང་དུ་ཤ་མོང་སྐྱེས་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ་རྒྱུ་གང་གི་སྟོབས་གྱིས་གང་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་སྐྱེས་བུའི་བྱེད་པ་དང་འདྲ་བས་སྐྱེས་བུའི་བྱེད་པ་ཞེས་བསྟན་ཏེ། སྨན་བྱ་རོག་རྐང་ཞེས་བསྟན་པ་བཞིན་ནོ། །བྲལ་བའི་འབྲས་བུ་ནི། ལམ་བདེན་གྱི་བྲལ་འབྲས་འདུས་མ་བྱས་འགོག་པའི་བདེན་པ་སྟེ། མཛོད་ལས། བྲལ་བ་་་་་འི་འབྲས་བུ་ནི་ཤེས་རབ་ཁྱད་པར་ཅན་གྱིས་ཉོན་མོངས་པ་རྣམས། བློ་ཡིས་ཟད་པའོ། །ཞེས་སོ། །འོ་ན་སོ་སོ་ཐར་པའི་སྡོམ་པ་འདི་འབྲས་བུ་ལྔ་པོ་གང་ཡིན་ཞེ་ན་འབྲས་བུ་གསུམ་ཡིན་ལ་གཉིས་ནི་མ་ཡིན་ནོ། །དེ་ཡང་སོ་སོ་ཐར་པའི་སྡོམ་པ་ཆོས་ཅན། བདག་པོའི་འབྲས་བུ་ཡིན་ཏེ་བྱེད་རྒྱུ་ལས་སྐྱེས་པའི་ཕྱིར་རོ།་་་་་བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་པས་ཁྱབ་པ་གཞུང་གིས་གྲུབ་བོ། །རྒྱུ་མཐུན་པའི་འབྲས་བུ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར།་་་་་རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི་ཞེས་པས་འདིའི་ཁྱབ་པ་གཞུང་གིས་གྲུབ། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེས་པའི་ཕྱིར་རོ།་་་་་སྐྱེས་བུ་པ་ནི་གཉིས་ཀྱི་ཡིན་ཞེས་པས་ཁྱབ་པ་གཞུང་གིས་གྲུབ་བོ། །རྟགས་དེ་དག་ནི་རྒྱུ་དྲུག་གི་སྐབས་སུ་བསྒྲུབས་ཟིན་ཏོ། །ཁྱབ་པ་ནི་གཞུང་གིས་གྲུབ་སྟེ། མཛོད་ལས། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །བདག་པོའི་འབྲས་བུ་དང་པོའི་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་པའི། །སྐྱེས་བུ་བ་ནི་གཉིས་ཀྱི་ཡིན། །ཞེས་སོ། །རྣམ་པར་སྨིན་པའི་འབྲས་བུ་ནི་མ་ཡིན་ཏེ། དགེ་བར་ལུང་དུ་བསྟན་པའི་ཕྱིར་རོ།་་་་་རྣམ་སྨིན་གྱི་འབྲས་བུ་ལུང་མ་བསྟན་ཡིན་པས་འདིའི་ཁྱབ་པ་གྲུབ་བོ། །བྲལ་བའི་འབྲས་བུ་

༼༣༤༽

མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ།་་་་་བྲལ་བའི་འབྲས་བུ་འདུས་མ་བྱས་ཡིན་པས་འདིའི་ཁྱབ་པ་གྲུབ་བོ། །བརྒྱད་པ་ངོ་བོའི་སྒོ་ནས་གཏན་ལ་དབབ་པ་ནི། འོ་ན་སོ་སོ་ཐར་བའི་སྡོམ་པའི་ངོ་བོ་གང་ཞེ་ན། འདི་ལ་གྲུབ་མཐའི་ལུགས་གསུམ་ཡོད་དོ། །དེ་དག་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་གཞན་ལུགས་དགག་པ་ནི། མདོ་སྡེ་པ་སྡོམ་པའི་ངོ་བོ་སྤོང་བའི་སེམས་པ་དགེ་བ་ཡིན་པར་འདོད་་་་་་སྟེ་མཛོད་འགྲེལ་ལས་མདོ་སྡེ་པའི་ལུགས་བསྟོད་པའི་སྐབས་ནས་བཤད། ཅིང་། སེམས་ཙམ་པ་སྡོམ་པའི་ངོ་བོ་སྤོང་བའི་སེམས་པ་དགེ་བ་ས་བོན་དང་བཅས་པ་ཡིན་པར་འདོད་་་་་་པ་སྟེ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ནས་བཤད། དོ། །འོ་ན་དགྲ་བཅོམ་ཐོབ་པའི་དགེ་སློང་ཁྱད་པར་ཅན་འགོག་པ་ལ་སྙོམས་པར་ཞུགས་པ་ཉིད་ན་ཆོས་ཅན། སྡོམ་པ་མེད་པར་ཐལ། སྤོང་ངོ་སྙམ་པའི་སེམས་པ་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན།་་་་་འགོག་པ་ལ་སྙོམས་འཇུག་ཡིན་པ་དང་འགལ་ལོ། །ཁྱབ་པ་མ་གྲུབ་ན། དམ་བཅའ་བུད། འདོད་ན་ཆོས་ཅན་དང་འགལ་ལོ། །གཞན་ཡང་དགེ་སློང་གཉིད་འཐུག་པོ་ལོག་པ་ཉིད་ན་ཆོས་ཅན། སྡོམ་པ་མེད་པར་ཐལ། སྤོང་བའི་སེམས་པ་མེད་པའི་ཕྱིར། འདོད་ན། ཆོས་ཅན་ནི་སྔར་བཞིན། སྡོམ་པ་ལས། དངོས་སུ་འདས་པའི་ལྟུང་བྱེད་སྐྱེ་མི་སྲིད་དུ་ཐལ། སྡོམ་པ་མེད་པའི་ཕྱིར་རོ། །དེའང་འདོད་ན། ལུང་ལས། དགེ་འདུན་གྱི་གནས་མལ་མ་བསྡུས་སམ་སྡུད་དུ་མ་བཅུག་པར་གཙུག་ལག་ཁང་དུ་ཞུགས་ཏེ་གཉིད་ལོག་གམ་སྙོམས་པར་ཞུགས་ནས་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་འགལ་ལོ།་་་་་ལུང་དེ་རང་འགྲེལ་དང་ཊཱི་ཀར་ཁུངས་སུ་དྲངས་སོ། །གལ་ཏེ་སེམས་ཙམ་པ་ན་རེ། དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པའམ་གཉིད་འཐུག་པོ་ལོག་པ་ན་སྤོང་བའི་སེམས་པ་མེད་ཀྱང་། སྤོང་བའི་སེམས་པའི་ས་བོན་ཡོད་པས་སྡོམ་པ་མེད་པར་མི་འགྱུར་རོ་ཞེ་ན། སྡོམ་པ་སྔར་མེད་གསར་དུ་སྐྱེ་བའི་སྔ་ལོགས་ཉིད་ན་སྡོམ་པ་ལེན་པ་པོ་དེ་ལ་ཆོས་ཅན། སྡོམ་པ་ཡོད་པར་ཐལ། སྤོང་བའི་སེམས་པའི་ས་བོན་ཡོད་པའི་ཕྱིར་རོ།་་་་་རྟགས་ཁས་བླངས། །གཉིས་པ་རང་ལུགས་བཞག་པ་ནི། ཉན་ཐོས་བྱེ་བྲག་སྨྲ་བ་ནི་སྡོམ་པའི་ངོ་བོ་གཟུགས་ཡིན་པར་འདོད་དེ། མཛོད་ལས། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་སོ།

༼༣༥༽

།དེའང་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་སྟེ། སྡོམ་ལྡན་གྱི་ལུས་ཀྱི་རྡུལ་ཕྲ་རབ་རྣམས་ཀྱི་བར་ན་ནགས་ལ་མེ་ལྕེ་ཞུགས་པ་ལྟར་སྡོམ་པ་དེ་ཡོད་པར་འདོད་དེ། མཛོད་འགྲེལ་ལས། ལུས་་་་་་ཀྱི་རྡུལ་རྣམས། ལ་གསེབ་ཡོད་པའི་ཕྱིར། །ཞེས་བཤད་དོ། །གསུམ་པ་རྩོད་པ་སྤང་བ་ནི།་་་་་གསུམ་ལས་རྩོད་སྤང་དང་པོ་ནི། གལ་ཏེ་སྡོམ་པ་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཀྱི་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །དེའང་གཟུགས་ཀྱི་མཚན་ཉིད་ནི་མངོན་པ་ཀུན་ལས་བཏུས་ལས། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན། རེག་པས་གཟུགས་སུ་ཡོད་པ་དང་། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ་ཞེས་བཤད་པའི་མཚན་ཉིད་དེ་མེད་པར་ལུང་གིས་གྲུབ་པའི་ཕྱིར་རོ་ཞེ་ན། སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ལ། རིག་བྱེད་ཀྱི་གཟུགས་ཀྱི་མཚན་ཉིད་དང་མི་ལྡན་ཡང་། རིག་བྱེད་མ་ཡིན་པའི་གཟུགས་ཀྱི་མཚན་ཉིད་དང་ལྡན་པས། སྔར་གྱི་རྟགས་དེ་མ་གྲུབ་བོ། །སྡོམ་པ་་་་་་རྩོད་སྤང་གཉིས་པ་ནི། ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཡིན་པར་ཚད་མས་མ་གྲུབ་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ་གཞན་དུ་ན་གཟུགས་ཁམས་ཀྱི་ལྷའི་གཟུགས་ཆོས་ཅན། གཟུགས་མ་ཡིན་པར་ཐལ། གཟུགས་ཡིན་པར་ཚད་མས་མ་གྲུབ་པའི་ཕྱིར་རོ། །རྟགས་མ་གྲུབ་ན་ཤིན་ཏུ་སྐོག་གྱུར་ཡིན་པ་དང་འགལ་ལོ། །རྩོད་སྤང་གསུམ་པ་ནི།་་་་་དགེ་སློང་གིས་སྤང་བྱ་སྤོང་བ་དེ་ཆོས་ཅན། གཟུགས་ཀྱིས་སྤང་བྱ་སྤོང་བར་ཐལ། སྤོང་བྱེད་ཀྱི་སྡོམ་པ་གཟུགས་ཡིན་པའི་ཕྱིར་རོ། །འདོད་ན་ང་དགེ་སློང་ཡིན་པས་ཉེས་སྤྱོད་འདི་མི་རུང་སྙམ་སྟེ་སེམས་ཀྱིས་སྤོང་བར་མྱོང་བས་གྲུབ་པས་བསལ་ལོ་ཞེ་ན། སུམ་བརྒྱ་པ་ལས། དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །ཞེས་ཕྱིའི་སྤང་བྱ་སྤོང་བ་ལ་ཆུ་རགས་བརྩིགས་པ་དང་འདྲ་བར་གསུངས་པས། གཟུགས་ཀྱིས་སྤང་བྱ་སྤོང་བར་འདོད་ཅིང་། སེམས་ཀྱིས་སྤོང་བ་ནི་དེའི་གྲོགས་ཙམ་ཡིན་ནོ་གསུང་ངོ་། །བཞི་པ་སྡོམ་པའི་གྲངས་དང་གཙོ་འཁོར་གཏན་ལ་དབབ་པ་ནི། འོ་ན་སྡོམ་པའི་

༼༣༦༽

གཟུགས་གྲངས་ཇི་སྙེད་ཡོད་ཅེ་ན། ཁ་ཅིག་ན་རེ་དགེ་སློང་གི་སྡོམ་པའི་གཟུགས་དཔག་ཏུ་མེད་དེ་སྤང་བྱ་དཔག་ཏུ་མེད་པའི་ཕྱིར་རོ་ཞེས་འཆད་དེ། དེ་དང་མཐུན་པར།་་་་་དྲིན་ལན་བསབ་པའི་མདོ་ལས་ཀྱང་་་་་་ལུས་ངག་གི་སྡིག་པ་བདུན་བྱུང་བ་འདི་ཡང་རྐྱེན་གསུམ་མོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པས་སྡིག་པ་བདུན་གསུམ་ཉི་ཤུ་རྩ་གཅིག་གོ །དེ་ལས་བཟློག་ན་སེམས་ཅན་གཅིག་ལ་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་ཉི་ཤུ་རྩ་གཅིག་ཐོབ་བོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་དེ་དང་འདྲའོ། །དེ་བས་ན་དུས་གཅིག་ཏུ་ཚུལ་ཁྲིམས་གྲངས་མེད་དཔག་ཏུ་མེད་པ་ཐོབ་བོ་ཞེས། དགེ་སློང་གི་སྡོམ་པའི་གཟུགས་དཔག་མེད་དུ་གསུངས་སོ། །འོན་ཀྱང་་་་་་མདོ་སྡེ་རྒྱ་ནག་འགྱུར་ཡིན་ལ། དེ་ངེས་དོན་དུ་མི་གཟུང་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་སྡོམ་པའི་གཟུགས་བདུན་དུ་གསུངས་པ་རྣམས་ངེས་པར་གཟུང་ངོ་། །དེ་ཡང་མཛོད་འགྲེལ་ལས། སོ་སོ་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ་ཞེས་པ་དང་། ཊཱི་ཀ་ལས། ཚུལ་ཁྲིམས་ཞེས་བྱ་བ་ནི་སྤོང་བ་བདུན་འཁོར་དང་བཅས་པ་སྟེ་ཞེས་པ་དང་། འོད་ལྡན་ལས། ཡིད་ཀྱི་ལ་ནི་སོ་སོ་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་དང་ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར་ཞེས་པ་དང་། དེ་ཉིད་ལས། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན་ཞེས་སོ། །སྤོང་བ་བཞི་ནི། རྩ་བ་བཞིའི་ཉེས་པ་སྤོང་བའོ། །ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་གསུམ་ནི་དགེ་ཚུལ་ལ་སོགས་པ་གསུམ་གྱིས་སྤོང་བར་དངོས་སུ་ཁས་མ་བླངས་ཏེ། ཕྲ་མ་ལ་སོགས། དེ་གསུམ་སྤོང་བར་ཁས་ལེན་པའི་ཚིག་ནི་ཆོ་ག་ལས་མ་གསུངས་པའི་ཕྱིར་རོ། །དེ་གསུམ་སྤོང་བའི་སྡོམ་པ་དངོས་སུ་ཁས་མ་བླངས་ཀྱང་། བླངས་པའི་ཕྱོགས་དང་མཐུན་པ་ཡིན་པས། དེ་དག་ལས་འདས་ན་ཡིད་ཀྱི་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའོ། །འོ་ན་སྤོང་བ་བདུན་འཁོར་དང་བཅས་ཞེས་གསུངས་ན་གཙོ་བོ་ནི་གང་། འཁོར་ནི་གང་ཞེ་ན།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号