ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༣༠༣༽

ལྟུང་བ་ཡོད་ཅིང་བབས་པས་ལྟུང་བ་མི་འདག་པའི་ཕྱིར་དང་ལྟུང་བ་དག་བྱེད་གཞན་ཡང་མ་བྱུང་བའི་ཕྱིར་རོ། །བབས་པས་ལྟུང་བ་མི་འདག་སྟེ། མི་སྤྱོད་པའི་ས་ནས་ཕྱིར་འོངས་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་གསུངས་པས་གྲུབ་བོ། །དེ་ལྟར་ཁྱིམ་པར་བབས་པ་ལ་ཡང་སྔར་བྱུང་ལྷག་མའི་ལྟུང་བའི་རྒྱུན་གནས་པས་སྐད་ཅིག་རེ་རེ་བཞིན་ལྷག་མའི་ལྟུང་བ་དེའི་རྫས་སྐད་ཅིག་སྔ་མས་ཕྱི་མ་བསྐྱེད་པར་རིགས་ཏེ། ཕམ་པ་ལ་སོགས་པའང་དེ་དང་རྒྱུ་མཚན་མཚུངས་སོ། །དེ་ལྟར་དགེ་བསྙེན་ཡིན་ན་ཁྱིམ་པ་ལའང་བཅས་པའི་ཁ་ན་མ་ཐོ་བ་རྣམ་པར་བཞག་ན། ཊཱི་ཀ་ལས་བསླབ་པའི་གཞི་རྣམ་པར་བཞག་པ་མཐའ་དག་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཡིན་པར་གསུངས་ཀྱི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་ཞེས་བཤད་པ་དང་འགལ་ཞེ་ན། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་རྣམས་ཀྱི་མ་ཡིན་པའི་ཕྱིར་ཞེས་དགོངས་པ་སྟེ། གཞན་དུ་ན་ལུང་གཞི་ལས་དགེ་བསྙེན་གྱི་སྡོམ་པ་ལེན་པ་ལ། སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པའི་གཞི་ལེན་པ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རབ་ཏུ་བྱུང་བ་རྣམས་གསུམ་ལ་ཅིར་འགྱུར་ནི་འཆང་བྲལ་ལ་སོགས་པ་གནང་བ་རྣམས་ལས་གཞན་པའི་སྐབས་སུ། ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ།་་་་་ཕམ་པ་དང་འདྲ་བའི་ཉེས་བྱས་དང་། བཤགས་པར་བྱ་བའི་ཉེས་བྱས་དང་བསྡམ་པར་བྱ་བའི་ཉེས་བྱས་དང་གསུམ་སྟེ། འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་འགྱུར་དང་། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཆང་འཐུང་ལ་སོགས་དྲུག་པོ་ཡིས། །བཤགས་བྱའི་ཉེས་བྱས་མཐུན་པ་ཡིན། །ཕྱོགས་དང་མཐུན་ལས་འདས་ན་དེའི། །ཉེས་པ་སྨད་བྱ་ཡིན་པར་བཞེད། །ཅེས་བཤད་དོ། །ལུང་ཞུ་བ་དང་། མདོ་འདིའི་སྤྱིར་བསྟན་ལས་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བའི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པར་གསུངས་ལ།་་་་་རྩ་བ་བཞི་ལ་སོགས་པའི་ཉེས་པ་བསྐྱེད་པ་ཐམས་ཅད་ཀྱི་སྐབས་སུ་ལུང་ཞུ་བ་ལས། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་

༼༣༠༤༽

ལ་ནི་ཉེས་བྱས་ཞེས་རེ་རེ་ནས་གསུངས་པ་དང་སྤྱིར་བསྟན་གྱི་མདོ་གཉིས་པ་དང་གསུམ་པ་ལས་ཀྱང་དགེ་ཚུལ་ལ་སོགས་གསུམ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པར་གསུངས་སོ། །འོད་ལྡན་ལས་དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ཞེས་སོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་པ་བསྐྱེད་ཀྱང་། དགེ་ཚུལ་ལ་ཉེས་བྱས་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཉེར་་་་་་དགྲ་བཅོམ་པ། སྦས་ཀྱི་ཞལ་ནས་བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་གསུངས་ལ། དགྲ་བཅོམ་པ།་་་་་ཟླ་བ་ནོར་བུའི་ཞལ་ནས་ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་དོན་བསྡུ་ན་རབ་ཏུ་བྱུང་བ་རྣམ་གསུམ་ནི་སྤང་བྱ་ཡོད་ཚད་སྤོང་བ་མ་ཡིན་གྱི་ཐེག་ཚད་སྤོང་བ་ཡིན་པས་ཉེས་བྱས་གསུམ་ཅི་རིགས་ལས་མ་བཅས་ཏེ། བསྟན་པ་ལ་ཞུགས་པ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་དང་གསུམ་པ་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང་། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་ཅིར་འགྱུར་ནི། དེ་གཉིས་ཀྱིས་ཉེས་པར་སྤྱོད་པར་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་ཏེ། ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པ་དང་། དེ་གཉིས་ཀྱི་རང་རྒྱུད་ལ་སྦྱོར་བ་གསར་བསྐྱེད་ཀྱི་ལྟུང་བ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ་མ་སྐྱེས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གཏན་མེད་པའི་ཕྱིར་དང་ཉམས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་དགོས་པ་སྒྲུབ་ནུས་མེད་པའི་ཕྱིར་རོ། །དེ་གཉིས་ལ་ཉེས་བྱས་སུ་འགྱུར་བའི་རྒྱུ་མཚན་གང་ཞེ་ན། སྡོམ་པ་མ་སྐྱེས་པ་་་་་་ལ་ཉེས་བྱས་སུ་འགྱུར་བའི་རྒྱུ་མཚན་ནི། ཁོ་ན་ཉིད་དགེ་སློང་དུ་ཁས་འཆེས་ཤིང་བར་མས་བསྡུས་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་ཅིང་དེ་དང་འགལ་བར་བྱས་པའི་ཕྱིར་དང་། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་ལ་་་་་་ཉེས་བྱས་སུ་འགྱུར་བའི་རྒྱུ་མཚན་ནི། དགོས་པ་སྒྲུབ་མི་ནུས་ཀྱི་བསྙེན་རྫོགས་ཀྱི་སྡོམ་པ་ཙམ་པོ་ཞིག་ཡོད་ཅིང་དེ་དང་འགལ་བར་བྱས་པའི་ཕྱིར་རོ། །གཉིས་པ་བསླབ་པའི་ཚིགས་གཅིག་པ་ནི། ཚིགས་ཕྱི་མ་དགེ་སློང་གིས་སྦྱོར་བ་བྱས་ཤིང་དགེ་སློང་གི་ཚིགས་སུ་མཐར་ཐུག་གྲུབ་པ་སྟེ། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་པའི་ཤུགས་ཀྱིས་གྲུབ་པའོ། །སེལ་བ་ནི་ཚིགས་སྔ་མ་དགེ་ཚུལ་གྱིས་

༼༣༠༥༽

སྦྱོར་བ་བྱས་ནས་དེ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན་ལྟུང་བ་ན་སྨད་པ་སྟེ། ལུང་ཞུ་བ་ལས་བསྙེན་པར་མ་རྫོགས་པས་ཁང་པ་བརྩིག་པར་བརྩམས་ནས། བསྙེན་པར་རྫོགས་ཏེ་ཟིན་ལགས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་ལྟུང་བ་ན་སྨད་དུ་གསུངས་ཤིང་། ཚིགས་སྔ་མར་སྦྱོར་བ་ཞེས་པ་དང་། འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ཕྱིར་རོ། །གསུམ་པ་བསླབ་པའི་རྒྱུན་གཅིག་པ་ནི་དགེ་སློང་གི་བསླབ་རྒྱུན་དེ་ཉིད་ཀྱི་གནས་སྐབས་སུ་སྦྱོར་བ་བྱས་ཤིང་དགེ་སློང་གི་བསླབ་རྒྱུན་དེ་ཉིད་ཀྱི་གནས་སྐབས་སུ་མཐར་ཐུག་གྲུབ་པ་སྟེ། ཉེས་པ་དེ་མེད་པ་ཉིད་ལ་འོངས་པ་ནི་ཐ་དད་དོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་དགེ་སློང་གིས་ཁང་པ་བརྩིག་པའི་སྦྱོར་བ་བྱས་ནས་ཁྱིམ་པར་བབས་ཏེ་སླར་ཡང་དགེ་སློང་དུ་གྱུར་པ་ན་ཐོག་ཕུབ་སྟེ། མཐར་ཐུག་གྲུབ་པ་ལྟ་བུའོ། །སེལ་བ་དེ་ལ་ཅིར་འགྱུར་ན། །ཁང་པ་ཁང་ཆེན་ལྟ་བུ་ལ་མཚོན་ན། བསླབ་རྒྱུན་སྔ་ཕྱིར་ལྟུང་བ་ན་སྨད་ཐ་དད་དུ་འོང་སྟེ་འོང་བ་ནི་ཐ་དད་དོ་ཞེས་པ་དང་། འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ། སྦྱོར་བ་དང་མཐར་ཐུག་པའི་བར་དུ་བསླབ་པའི་ཡན་ལག་རྒྱུན་ཆད་པའི་ཕྱིར་རོ། །བཞི་པ་ལས་དང་པོ་པ་མ་ཡིན་པ་ནི་རང་རང་གི་བཅས་པའི་རྟེན་ཡིན་པ་སྟེ། མ་བཅས་པ་ལ་ཡང་ངོ་ཞེས་པ་དང་ལུང་རྣམ་འབྱེད་ལས། ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་ལས་དང་པོ་པས་མི་ཚངས་སྤྱོད་ལ་སོགས་པ་བྱས་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། རང་རང་གི་ལྟུང་བ་གཏན་ནས་མི་བསྐྱེད་དེ་མ་བཅས་པ་ལ་ཡང་ངོ་ཞེས་པ་དང་ལྟུང་བ་ནི་བཅས་པ་ལས་འདས་པའི་ལས་ཀྱི་བྱེ་བྲག་ཡིན་ལ། རང་རང་གི་ལས་དང་པོ་པ་ལ་རང་རང་གི་བཅས་པ་མེད་པའི་ཕྱིར་རོ།་་་་་རང་རང་གི་ཞེས་སྨོས་པ་ནི་ཕམ་པ་གཉིས་པ་མ་བྱིན་ལེན་གྱི་ལས་དང་པོ་པ་དེ་ཕམ་པ་དང་པོའི་བཅས་པའི་རྟེན་ཡིན་ཏེ། དེའི་བཅས་པ་མཛད་ཟིན་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་དོན་རྣམ་པ་བཞིས་བསླབ་པའི་ཡན་ལག་བསྟན་ནས། གཉིས་པ་བསམ་པའི་ཡན་ལག་ནི་ལྟུང་བ་ཐམས་ཅད་ལ་རྟེན་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་ཏེ། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་

༼༣༠༦༽

པ་ཞེས་པའི་ཤུགས་ཀྱིས་གྲུབ་ཅིང་། ལུང་རྣམ་འབྱེད་ལས་སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་ཀྱང་ངོ་། །སེལ་བ་ནི་སྨྱོ་པ་ལ་སོགས་པས་མི་ཚངས་སྤྱོད་པ་བྱས་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། སྨྱོ་བ་སེམས་འཁྲུགས་ཚོར་བས་ཉེན་པ་ལ་ལྟུང་བ་རང་རང་གི་སྐད་ཅིག་དང་པོར་གྱུར་པའི་ལྟུང་བ་སྡེ་ལྔ་མི་བསྐྱེད་དེ། བཅས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དགེ་སློང་གི་རྒྱུད་ལ་ལྷག་མའི་ལྟུང་བ་ཡོད་བཞིན་དུ་སྨྱོན་སྨྱོས་པས་ལྟུང་བ་མི་འདག་་་་་་པས་ལྟུང་བའི་རྒྱུན་གནས་ལ། ལྟུང་བ་འདིའི་རྫས་སྐད་ཅིག་སྔ་མས་ཕྱི་མ་བསྐྱེད། པའི་ཚུལ་སྔར་བཤད་པ་བཞིན་ནོ། །གཉིས་པ་ཕལ་ཆེར་ཐུན་མོང་གི་ཡན་ལག་ལ་གཉིས་ཏེ། ལུས་ཀྱི་ཡན་ལག་དང་། མཚན་གྱི་ཡན་ལག་གོ། །དང་པོ་ནི་སྲོག་གཅོད་པ་བཞི་དང་ཕམ་ལྷག་དང་པོ་གཉིས་དང་། རྐུ་བ་སྟེ། ལྟུང་བ་བདུན་ལ་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་མི་དགོས་ཏེ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་པས་གྲུབ་བོ། །ལྟུང་བ་བདུན་པོ་དེ་དག་མ་གཏོགས་པ་ལྟུང་བ་དངོས་གཞི་གཞན་རྣམས་ལ་ནི་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་དགོས་ཏེ། དགེ་སློང་བདག་ཉིད་སྦྲུལ་སྟག་ཏུ་བསྒྱུར་བ་མ་ཡིན་པ་དང་ལུས་མི་སྣང་བར་བྱས་པ་མ་ཡིན་པའོ། །དེའང་ལུང་ཞུ་བ་ལས་རྫུ་འཕྲུལ་གྱིས་བལ་ཁུར་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་པ་ལ་སོགས་པ་བལ་ཁུར་བ་དང་སྐྱེ་བ་གཅོད། །སྦེད་དང་གདེང་མེད་སྤྱོད་དང་བཞི། །ཞེས་པ་ལྟར་གྱི་ལྟུང་བ་བཞི་ལ་རྫུ་འཕྲུལ་ལམ་སྤྲུལ་པས་བྱས་ན་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་ཅིང་། ལུང་ཞུ་བ་ལས་དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མི་ཆོས་བླ་མར་གྱུར་པའི་རྫུན་སྨྲས་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་ལྟུང་བ་བཞི་བཅུའི་སྐབས་སུ་རང་གི་ལུས་མི་སྣང་བར་བྱས་ན་རང་རང་གི་ལྟུང་བ་ན་སྨད་དུ་གསུངས་པའི་ཤུགས་ཀྱིས་གྲུབ་བོ།་་་་་ལྟུང་བ་སུམ་ཅུ་སོ་དྲུག་ལ་གསུངས་ཞེས་སྔ་མ་རྣམས་འཆད་ཀྱང་། བཞི་བཅུ་ལ་གསུངས་ལུང་དང་བསྟུན་ན་དགོས། སྤྱིར་བསྟན་རྩོམ་པའི་ཚེ་ནའོ། །སེལ་བ་ནི་དགེ་སློང་བདག་ཉིད་སྦྲུལ་སྟག་ཏུ་བསྒྱུར་བའམ་ལུས་མི་སྣང་བར་བྱས་ཏེ་ཉེས་སྤྱོད་ལ་འཇུག་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན་རང་རང་གི་ན་སྨད་པ་སྟེ། ལུང་ལས་བལ་ཁུར་བ་ལ་སོགས་པ་བཞི་ལ་ན་སྨད་དུ་གསུངས་ཞེས་པ་ལ་སོགས་

༼༣༠༧༽

པ་གོང་དུ་བཤད་ཟིན་ཏོ། །འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་པ་ནི། བསྙེན་རྫོགས་ཀྱིས་ཉེས་པ་བྱས་པའི་ཐ་སྙད་དུ་བྱ་བའི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་མཚན་གྱི་ཡན་ལག་ནི། སྲོག་གཅོད་ཕམ་པ་ལ་སོགས་པ་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་ལྔ་པ་ལ་ནི་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པ་མ་ཡིན་པ་འདི་ཡན་ལག་ཏུ་མི་དགོས་ཏེ། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་པས་གྲུབ་བོ། །ལྟུང་བ་ལྔ་བཅུ་རྩ་ལྔ་པོ་དེ་དག་མ་གཏོགས་པ་ལྟུང་བ་དངོས་གཞི་གཞན་རྣམས་ལ་ནི། ལྟུང་བ་བསྐྱེད་པའི་རྟེན་དེ་ལྟུང་བའི་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། སྤྱིར་བསྟན་ལས་ན་སྨད་པའི་དོན་གྱི་སྦྱོར་བ་ཞེས་པ་ལ་སོགས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ནི་ལྟུང་བ་བསྐྱེད་པའི་རྟེན་དེ་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་པའོ། །སེལ་བ་དེ་ལ་ཅིར་འགྱུར་ན། བརྡེག་པ་ལྟ་བུ་ལ་མཚོན་ན། དགེ་སློང་ལ་དགེ་སློང་གིས་བརྡེག་པའི་སྦྱོར་བ་བྱས་ནས་རྡེག་པར་བྱེད་པ་པོ་དེ་མཚན་གྱུར་པ་ན་དེ་ལ་ཕོག་སྟེ་མཐར་ཐུག་ན།་་་་་སྦྱོར་བ་དང་མཐར་ཐུག་གི་བར་དུ་མཚན་གྱུར་ན་ལྟུང་བ་མི་རྫོགས་སོ། །ལྟུང་བ་ན་སྨད་དུ་འགྱུར་བ་ལྟ་བུ་སྟེ། ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློང་ལ་བརྡེག་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པ་ལ་སོགས་པ་ལུང་ལས་མང་དུ་གསུངས་པས་གྲུབ་བོ། །དེ་ལྟར་ན་ལྟུང་བ་དངོས་གཞི་ཀུན་ཀྱི་ཐུན་མོང་གི་ཡན་ལག་གཉིས་དང་། ཕལ་ཆེར་ཐུན་མོང་གི་ཡན་ལག་གཉིས་ཏེ། ཐུན་མོང་གི་ཡན་ལག་བཞི་བསྟན་ཟིན་ཏོ། །ད་ནི་ཐུན་མོང་མ་ཡིན་པའི་ཡན་ལག་བཞི་སྟོན་ཏེ། གཞིའི་ཡན་ལག་དང་། བསམ་པ་དང་། སྦྱོར་བ་དང་། མཐར་ཐུག་གི་ཡན་ལག་གོ །དང་པོ་ལ་གཉིས་ཏེ། བགྲོད་པར་བྱ་བའི་ལམ་དང་། བགྲོད་པར་བྱེད་པའི་ཡན་ལག་གོ །དང་པོ་ལ་བཞི་ལས། དང་པོ་ལམ་གསུམ་ལས་གང་ཡང་རུང་བ་ནི། དེར་རོ་ཁའམ་གཤང་བའི་ལམ་དུའོ། །ཞེས་སོ། །སེལ་བ་ལམ་གསུམ་ལས་གཞན་པའི་ལུས་ཀྱི་བུ་ག་གཞན་དུ་རྩོལ་ན་ནི། ལྟུང་བ་ན་སྨད་དུ་འགྱུར་ཏེ། གཞན་པའི་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་སོ། །གཉིས་པ་ལམ་མ་

༼༣༠༨༽

ཉམས་པ་ཡིན་པ་ནི་་་་་་ལམ་གསུམ་གྱི་ནང་རུལ་བའམ་སྲོག་ཆགས་ཀྱིས་ཟོས་པ་ལྟ་བུ། མ་ཉམས་པར་རོ་ཞེས་སོ། །སེལ་བ་ལམ་གསུམ་སྲོག་ཆགས་ཀྱིས་ཟོས་པ་ལ་སོགས་པས་ཉམས་པར་རྩོལ་ན་ནི། ན་སྨད་དུ་འགྱུར་ཏེ།་་་་་རོའི་ལམ་གསུམ་གྱི་ནང་རུལ་བའམ་གསོན་པོར་གནས་པ་ལའང་མཛེའི་ནད་ཀྱིས་ལམ་གསུམ་གྱི་ནང་རུལ་བའམ་སྲོག་ཆགས་ཀྱིས་ཟོས་པ་ལྟ་བུ། ཉམས་པ་དག་ལ་ནི་སྦོམ་པོར་རོ་ཞེས་སོ། །གསུམ་པ་དང་པོའི་མཐའ་ཕན་ཆད་ཡིན་པ་ནི། ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་པ་ལ་སོགས་པ་གསུངས་སོ། །སེལ་བ་སོ་ཚུན་ཆད་ལ་སོགས་པ་མཚམས་ལས་མ་འདས་པར་རྩོལ་ན་ནི། ན་སྨད་དུ་འགྱུར་ཏེ། ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ་ཞེས་སོ། །བཞི་པ་བསྟེན་དུ་རུང་བ་ལ་གསུམ་ལས། དང་པོ་ཆེ་ཆུང་སྤྲད་པར་བཟོད་པར་ནི། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན་ཞེས་སོ། །སེལ་བ་ཆེ་ཆུང་སྤྲད་པར་མི་བཟོད་པ་་་་་་བུ་མོ་ཧ་ཅང་ཆུང་ངུ་ལྟ་བུ། ལ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ། ལག་པས་ལག་པར་དང་ཞེས་པ་ལ་སོགས་པ་དང་། འཁྲིག་པ་བསྟེན་དུ།་་་་་མི་རུང་བ་ཉིད་ལ་ནི་ན་སྨད་དོ་ཞེས་སོ། །གཉིས་པ་སེམས་ཅན་དུ་བགྲང་བ་ཡིན་པ་ནི། སྔོན་་་་་་གསོན་པོར་གནས་ཀྱང་རུང་རོ་ཡིན་ཀྱང་རུང་སྟེ། རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་པ་སྟེ། སྐྱེས་པ་ཉིད་དང་མ་ནིང་ཉིད་དང་རོ་ཉིད་དང་ཞེས་སོ། །སེལ་བ་ནི་ཤིང་ལ་བུ་མོའི་གཟུགས་བྱས་པ་ལ་སོགས་པ་ལ་རྩོལ་ན་གལ་ཏེ་་་་་་ཊཱི་ཀ་ལས་ནང་ན་གནས་པའི་འདྲེ་ལ་སོགས་པས་མོའི། དབང་པོ་ཙམ་དོད་ན་སྦོམ་པོར་འགྱུར་ཏེ། ཤིང་དང་བ་སོ་དང་ཞེས་སོ། །གསུམ་པ་ལམ་དེ་ལུས་ཕྱེད་ཡན་ཆད་ལ་གནས་པ་ནི་བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ་ཞེས་སོ། །སེལ་བ་ལུས་ཕྱེད་ཡན་ཆད་ལ་གནས་པ་མ་ཡིན་པའི་ལམ་དུ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ། མགོ་བཅད་པའི་ཁར་རོ་ཞེས་སོ། །གཉིས་པ་བགྲོད་པར་བྱེད་པའི་ཡན་ལག་ལ་བཞི་ལས། དང་པོ་ནོར་བུ་དང་ལྡན་པ་ནི། ཡན་ལག་གི་ཐོག་མའི་ཕྱོགས་ཀྱིས་བརྩལ་བ་སྟེ། དེའི་ནོར་བུ་བཅུག་པ་ཉིད་ན་ཞེས་སོ། །སེལ་བ་བལྟབ་སྟེ་རྩོལ་ན་ནི་ན་སྨད་དུ་འགྱུར་ཏེ་བལྟབ་པ་དང་ཞེས་སོ། །གཉིས་པ་ནད་མེད་པ་ནི། བདེ་བ་ཉམས་མྱོང་གི་གེགས་བྱེད་པའི་ནད་པ་མེད་པ་སྟེ། འོད་ལྡན་རྩ་འགྲེལ་ལས། ནད་མེད་ལས་རུང་དྲུད་

༼༣༠༩༽

ནས་ནི་ཞེས་སོ། །སེལ་བ་བདེ་བ་ཉམས་མྱོང་གི་གེགས་བྱེད་པའི་ནད་དང་བཅས་པས་རྩོལ་ན་ན་སྨད་དུ་འགྱུར་ཏེ། ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ན་ཡང་ངོ་ཞེས་སོ། །གསུམ་པ་ལས་སུ་རུང་བ་ནི། འོད་ལྡན་རྩ་འགྲེལ་ལས། ནད་མེད་ལས་རུང་ཞེས་སོ། །སེལ་བ་ལས་སུ་མི་རུང་བས་རྩོལ་ན་ན་སྨད་དུ་འགྱུར་ཏེ། ལས་སུ་མི་རུང་བ་བཅུག་ནའོ་ཞེས་སོ། །བཞི་པ་ཡན་ལག་རྒྱུད་དུ་གཏོགས་པ་ནི། ཡན་ལག་ལུས་ལས་ཐ་དད་དུ་མ་བྱས་པ་སྟེ། བསྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །སེལ་བ་ཡན་ལག་ལུས་ལས་ཐ་དད་དུ་བྱས་ཏེ་རྩོལ་ན་ན་སྨད་དུ་འགྱུར་ཏེ། ཞུ་བ་ལས་བཅད་དེ་འཛུད་ན་ཉེས་པ་སྦོམ་པོར་རོ་ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ནི། འདུ་ཤེས་དང་། ཀུན་སློང་སྟེ། ཕམ་པ་དང་པོ་ནི་གཞི་ལ་འདུ་ཤེས་འཁྲུལ་ཡང་ལྟུང་བ་རྫོགས་པར་བསྐྱེད་དེ། དངོས་པོ་གཙོ་བོའི་ལྟུང་བ་ཡིན་པའི་ཕྱིར་ཏེ། མི་ཚངས་པར་སྤྱོད་པ་ལ་ནི་དེར་མ་ཟད་དོ་ཞེས་པ་དང་། འོད་ལྡན་རྩ་འགྲེལ་ལས། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད་དེ། ཞེས་བཤད་དོ། །འདིར་དངོས་པོ་གཙོ་བོར་འཇོག་པའི་རྒྱུ་མཚན་ནི། འཁྲིག་པ་བསྟེན་པ་དེ་འདོད་པ་དང་གནོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དགག་བྱ་ཆེ་བའི་ཕྱིར་དང་། འདོད་པ་དོན་དུ་གཉེར་བའི་གང་ཟག་ལ་ལྟོས་ཏེ་འབྱུང་ཉེ་ཞིང་སྤང་དཀའ་བའི་ཕྱིར་་་་་་འདུ་ཤེས་འཁྲུལ་ཀྱང་ཕམ་པ། མ་འཁྲུལ་ཀྱང་ཕམ་པ། རང་ལ་སྤྱད་ཀྱང་ཕམ་པ། གཞན་ལ་སྤྱད་ཀྱང་ཕམ་པ། གསོན་པོ་ལ་སྤྱད་ཀྱང་ཕམ་པ། རོ་ལ་སྤྱད་ཀྱང་ཕམ་པ། མི་དང་མི་མ་ཡིན་པ་དང་དུད་འགྲོ་གང་ལ་སྤྱད་ཀྱང་ཕམ་པ་སྐྱེ་བར། དོག་ཏུ་བཀག་པའོ། །ཀུན་སློང་ནི་མི་ཚངས་པར་སྤྱོད་པར་འདོད་པ་རྒྱུན་མ་ཆད་པ་སྟེ། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་་་་་་མཐའ་ཕམ་པ་ཉིད་མ་གཏོགས་པའི་སྐབས་སུ་མགོ་བཅད་པའི་ཁ་ལྟ་བུར་རྩོལ་ན་ནི་ཁུ་བ་འབྱིན་པའི་ཀུན་སློང་གིས་རྩོལ་ན་དགེ་འདུན་ལྷག་མར་འགྱུར་ལ་མི་ཚངས་སྤྱོད་ཀྱི་ཀུན་སློང་གིས་རྩོལ་བ་ན་མི་ཚངས་སྤྱོད་ཀྱི་སྦོམ་པོར་འགྱུར་བར་གསུངས་ཏེ། མི་ཚངས་སྤྱོད་ཀྱི་སྦོམ་པོ་བསྐྱེད་པ་ལ་མི་ཚངས་སྤྱོད་ཀྱི་ཀུན་སློང་དགོས་པར་གསུངས་པས། འདིའི་ཕམ་པ་བསྐྱེད་པ་ལ་འདིའི་ཀུན་སློང་དགོས་པར་གནད་ཀྱིས་སྦྱོར། རྒྱུན་མ་ཆད་པ་ནི། བཏང་བ་ཡང་ངོ་ཞེས་པས་

༼༣༡༠༽

གྲུབ་བོ། །གསུམ་པ་སྦྱོར་བའི་ཡན་ལག་ནི། ལམ་དང་ཡན་ལག་རེག་ཅིང་རྩོལ་བ་སྟེ། རེག་ཅེས་སོ། །རྩོལ་བ་ནི་ལུང་དང་མདོ་རྩ་འགྲེལ་ལས་མ་བཤད་ཀྱང་འོད་ལྡན་གྱི་རྩ་བ་ལས་དྲུད་ནས་ནི་ཞེས་བཤད་དོ། །དེ་ཡང་ལུང་ལས་ལྷག་མ་དང་པོ་ལ་རྩོལ་བ་ཡན་ལག་ཏུ་གསུངས་ལ། ཕམ་པ་དང་པོ་ལ་ཡང་རྩོལ་བ་ཡན་ལག་ཏུ་དགོས་པར་སྦྱར་ཞེས་འོད་ལྡན་ལས་བཤད་དོ། །སེལ་བ་རས་འཐུག་པོས་གཡོགས་ཏེ་མི་རེག་པར་འཛུད་ན་སྦོམ་པོར་འགྱུར་ཏེ། མ་རེག་པར་འཇུག་པ་ཞེས་སོ། །མཐར་ཐུག་གི་ཡན་ལག་ནི། ལམ་དང་ཡན་ལག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་ཞིང་བདག་གིར་བྱེད་པ་སྟེ། ཉམས་སུ་མྱོང་བར་བྱས་ནའོ་ཞེས་པ་དང་། རྣམ་འབྱེད་ལས་ཤེས་ནས་ཀྱང་བདག་གིར་བྱེད་ན་བསྙིལ་བར་བྱའོ་ཞེས་སོ། །སེལ་བ་ནི་མཐར་ཐུག་གི་མདུན་རོལ་ཏུ་ན་སྨད་དེ་སྐྲག་པ་དང་ངོ་ཚ་བས་ཞེས་བཤད་པས་སོ། །གཉིས་པ་ཡན་ལག་གི་དོན་ནི།་་་་་རྣམ་འབྱེད་ཀྱི་སྐབས་ནས་སྟོན་ཏེ། བཅུག་རེག་ཅེས་སྨོས་ཏེ། འདི་ལ་དོན་གཉིས་ཏེ། གནས་སྒྲུབ་པའི་སྒོ་ནས་བསྟེན་པར་བྱེད་པའི་ཕམ་པ་བསྟན་པ་དང་། བྱེད་པ་པོ་སྒྲུབ་པའི་སྒོ་ནས་བསྟེན་པར་བྱ་བའི་ཕམ་པ་བསྟན་པའོ། །དང་པོ་ནི་གང་དུ་བཅུག་པ་ལམ་གསུམ་པོའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཡན་ལག་གི་བདག་པོ་དགེ་སློང་དེ་ཕམ་པར་འགྱུར་བའོ། །གཉིས་པ་ནི་གང་བཅུག་པ་པོའི་དབང་པོའི་རེག་པ་ཉམས་སུ་མྱོང་བར་བྱས་ན། ལམ་གཉིས་ཀྱི་བདག་པོ་དགེ་སློང་ངམ་གསུམ་གྱི་བདག་པོ་དགེ་སློང་མ་དེ་ཕམ་པར་འགྱུར་བ་སྟེ། དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །ཉམས་སུ་མྱོང་བར་བྱས་ནའོ་ཞེས་པ་འདིས་ནི། བདག་གིར་བྱེད་ནའོ་ཞེས་ཤུགས་ཀྱིས་འཕེན་ཏེ། རྣམ་འབྱེད་ལས་ཤེས་ནས་ཀྱང་བདག་གིར་བྱེད་ན་བསྙིལ་བར་བྱའོ་ཞེས་གསུངས་མ་ཉམས་པར་རོ་ཞེས་པ་འདི་རྣམ་འབྱེད་ལས་མིའི་བུད་མེད་གསོན་པོ་མ་ཉམས་པ་ཞེས་སྤྱིར་གསུངས་ཀྱང་། བྱེ་བྲག་ཏུ་རྨ་མ་ཉམས་པར་ཞེས་པ་སྟེ། བུད་མེད་ཀྱི་ལུས་མ་ཉམས་པ་ཡན་ལག་ཏུ་དགོས་ན། ཞུ་བ་ལས་བུད་མེད་རྐེད་པར་བཅད་པར་གྱུར་པ་ལ་རྨའི་སྒོ་གསུམ་ལས་གང་ཡང་རུང་བ་ཞིག་མ་ཉམས་པར་གྱུར་པ་དེ་ལ་མི་ཚངས་པར་སྤྱོད་ན་མཐར་འགྱུར་རོ་ཞེས་གསུངས་པ་དང་། བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ངོ་ཞེས་

༼༣༡༡༽

པ་དང་འགལ་ལོ། །བུད་མེད་གསོན་པོ་མ་ཉམས་པ་ཞེས་རྣམ་འབྱེད་ལས་གསུངས་པ་དེ་ནི། ཆ་ཤས་ཀྱི་སྒོ་ནས་སྤྱི་ལ་བཏགས་པ་ཡིན་གྱི། ཞར་བ་དང་ལག་རྡུམ་བཞིན་ནོ། །ཆ་ཤས་རྨ་མ་ཉམས་པ་ལ། བུད་མེད་མ་ཉམས་པ་ཞེས་སྤྱིར་གསུངས་པ་དེའི་དགོས་པ་ནི། ལུས་ཕྱེད་མན་ཆད་ལ་གནས་པའི་རྨ་མ་ཉམས་པ་དགོས་པར་བསྟན་པ་སྟེ། ལམ་གསུམ་ལུས་ལས་ཐ་དད་དུ་བྱས་པ་ལ་རྩོལ་ན་སྦོམ་པོ་ལས་མི་བསྐྱེད་པའོ། །ཉམས་པ་དག་ལ་ཞེས་པ་ནི། དག་གཉིས་ཀྱི་སྒྲ་དང་དག་མང་པོའི་སྒྲ་སྟེ། ནང་ཉམས་པ་དང་ཕྱི་རོལ་ཉམས་པ་སྟེ་ཉམས་པ་གཉིས་པོ་དག་དང་། རྨའི་སྒོ་གསུམ་ཉམས་པ་སྟེ་ཉམས་པ་གསུམ་པོ་དག་ལ་ཞེས་བསྟན་ཏོ། །མི་རུང་བ་ཉིད་ནི།་་་་་མི་མ་ཡིན་མོ་ཡན་ལག་ཐམས་ཅད་གཟུང་དུ་མི་རུང་བའམ། བུ་མོ་ལོ་ཉུང་ངུ་ལོན་པ་ལྟ་བུ་འཁྲིག་པ་བསྟེན་དུ་མི་རུང་བ་སྟེ་འཁྲིག་པ་བསྟེན་དུ་མི་བཏུབ་པ་ཉིད་ལ་ན་སྨད་དོ། །དེ་ཡང་སྤྱིར་བསྟན་ན་ཕམ་པ་དང་ལྷག་མའི་ན་སྨད་ནི་སྦོམ་པོའོ། །སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་གསུམ་གྱི་ན་སྨད་ནི་ཉེས་བྱས་སོ། །ཉེས་བྱས་ཀྱི་ན་སྨད་ནི་ཉེས་བྱས་ཕྲ་མོའོ། །ཁུ་བ་དབྱུང་བའི་སྔར་ཕྱི་རོལ་ཏུ་དྲུད་པ་ཞེས་པའོ། །ཀུན་ནས་བསྐོར་བ་ནི་སྒོ་བཅད་ཅིང་གནས་ལ་ཞེས་འགྲེལ་ཆུང་ལས་སོ། །བསྐོར་བ་དང་སྒོ་བཅད་པ་གཉིས་གླེང་གཞི་ཐ་དད་ཀྱང་བསྲུང་བའི་བྱ་བ་གཅིག་པའོ།་་་་་འདིར་གཅི་མཐུན་མས་རྩལ་བའི་གླེང་གཞི་ལས། དགེ་སློང་འདོད་པའི་འདོད་ཆགས་བྲལ་བ་དེའི་ཕོའི་དབང་པོ་ལས་སུ་རུང་བར་གྱུར་པ་དེ་ཇི་ལྟར་ཡིན་ཞུས་པའི་ཚེ། འདོད་ཆགས་དང་མ་བྲལ་བའི་ཕོའི་དབང་པོ་ལས་སུ་རུང་བར་གྱུར་པའི་རྒྱུ་ལྔ་སྟེ། བཤང་བའི་ཉེ་བར་ནོན་པ་དང་གཅི་བས་ཉེ་བར་ནོན་པ་དང་། རླུང་གིས་ཉེ་བར་ནོན་པ་དང་། སྲོག་ཆགས་ཨུ་ཙ་ཏིང་ཀས་ཟིན་པ་དང་། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་ལྔའོ། །འདོད་ཆགས་དང་བྲལ་བའི་ཕོའི་དབང་པོ་ལས་སུ་རུང་བར་འགྱུར་བའི་རྒྱུ་བཞི་སྟེ། ཐ་མ་མ་གཏོགས་པ་རྒྱུ་བཞི་པོ་དེ་དག་གིས་ཞེས་ལུང་རྣམ་འབྱེད་ལས་གསུངས་སོ། །ཨུ་ཙ་ཏིང་ཀ་ཞེས་བྱ་བ་ནི་མཆོང་ཞིང་འགྲོ་བའོ། །ཞེས་རྣམ་འབྱེད་འགྲེལ་ལས་བཤད་དོ། །ད་ནི་ཕྲན་ཚེགས་ཀྱི་སྐབས་སྟོན་ཏེ།་་་་་འཛག་སྣོད་བཅང་བར་བྱ་ཞེས་པ་ནི་ཉེས་པར་འགྱུར་རོ་སྙམ་པའི་དོགས་གཅོད་དོ། །འོ་ན་སྣོད་དུའོ་ཞེས་སྦོམ་པོར་གསུངས་པ་དང་འགལ་ལོ་ཞེ་ན། འདོད་ཆགས་ཀྱི་བསམ་པས་

༼༣༡༢༽

འཛག་སྣོད་དུ་འཛུད་ན་ཉེས་པར་འགྱུར་ཡང་། ཉོན་མོངས་པའི་བསམ་པ་མེད་པར་འཛེག་སྣོད་འཆང་བ་ལ་ཉེས་པ་མེད་པའོ། །ད་ནི་ཞུ་བའི་སྐབས་ཀྱིས་བསྟན་པ།་་་་་བསྟེན་པར་བྱ་བའི་དབུས་བྱེ་བ་ནི་མོའི་དབང་པོ་གཤེག་པ་ཡིན་ནམ། ལུས་རིལ་པོ་གཤེག་པ་ཡིན་ཞེ་ན། ཊཱི་ཀ་ལས་མོའི་དབང་པོར་གྱུར་པའི་དབུས་ཕྱེད་ཚུལ་དུ་གས་པ་ལ་སོགས་པས་བྱེ་བ་ཞེས་བཤད་དོ། །ལུང་ཞུ་བ་ལས། བུད་མེད་ཕྱེད་ཚལ་དུ་གཤེག་པར་གྱུར་ལ།་་་་་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་ཀྱང་རོ་ལྟ་བུ་མོ་མཚན་ནས་ལུས་ཕྱེད་གཤེག་ཏུ་གཤེག་སྟེ། སླར་སྦྱར་ནས་སྦྱར་བའི་མཚམས་མི་མངོན་པ་ཞེས་བཤད་དེ་ལུགས་གཉིས་ཀ་ལྟར་གཟུང་ངོ་། །ཕག་ལ་སོགས་པ་སྤུ་མེད་པ་དག་ལའོ། །ཞེས་སྦོམ་པོར་གསུངས་ན། མི་ཚངས་སྤྱོད་ཀྱི་ཕམ་པ་བསྐྱེད་པ་ལ་གཞི་མི་དང་དུད་འགྲོ་ནི་འདྲ་ལ། གསོན་པོ་དང་རོ་ཡང་འདྲ་ན། ཕག་ལ་སོགས་པ་བཅོས་པའི་སྐབས།་་་་་འདིར་ཕམ་པ་མི་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཊཱི་ཀ་ལས། རྨའི་སྒོ་རྣམས་ཉམས་པ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ཡང་ལུས་སྤྱི་བཙོས་པས་བྱེ་བྲག་རྨའི་སྒོ་རྣམས་ཚོས་ཏེ་ཉམས་པ་ཡིན་པའི་ཕྱིར་རོ་ཞེས་པའོ། །མི་ཚངས་པར་སྤྱོད་པའི་བསམ་པ་སྟེ་ལམ་དང་ཡན་ལག་སྤྲད་པའི་རེག་པ་བདག་གིར་བྱེད་འདོད་པའི་བསམ་པས་མགོ་བཅད་པའི་ཁར་འཛུད་པར་བྱེད་ན་མི་ཚངས་པར་སྤྱོད་པའི་སྦོམ་པོར་འགྱུར་རོ། །འོན་ཏེ་ཁུ་བ་འབྱིན་པའི་བསམ་པས་མགོ་བཅད་པའི་ཁར་རྩོལ་བར་བྱེད་ན་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ནི་སྤྱིར་བསྟན་ལས་གསུངས་སོ།་་་་་ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་སོ། །བསྟེན་པར་བྱ་བ་དང་ཞེས་པའི་མདོ་འདི་གཉིས་ཀྱིས་སྦོམ་པོའི་རིགས་བཞི་དངོས་སུ་བསྟན་ཏེ། རང་གི་ལུས་ཀྱི་ཆ་དང་སྦྱར་བའི་སྦོམ་པོ་རིགས་གཉིས་དང་གཞན་ཁོ་ནའི་ལུས་ཀྱི་ཆ་ཕན་ཚུན་སྦྱོར་བའི་སྦོམ་པོ་རིགས་གཉིས་སོ། །དང་པོ་ནི། མདོ་སྔ་མ་འདིས་སྦོམ་པོ་རིགས་གཉིས་དངོས་སུ་བསྟན་ཏེ། བསྟེན་པར་བྱ་བ་ལུས་ལས་ཐ་དད་དུ་བྱས་པ་དེ། བསྟེན་བྱེད་ལུས་ལས་ཐ་དད་དུ་མ་བྱས་པ་ལ་སྦྱོར་ན་སྦོམ་པོ་དང་། བསྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་པ་དེ། བསྟེན་བྱ་ལུས་ལ་ཐ་དད་དུ་མ་བྱས་པ་ལ་སྦྱོར་ན་སྦོམ་པོ་སྟེ། གཅིག་བཀོལ་གཅིག་མ་བཀོལ་གྱི་མུ་དེ་གཉིས་

༼༣༡༣༽

ཀྱི་ལྟུང་བ་སྦོམ་པོའོ་ཞེས་སྦོམ་པོ་གཉིས་བསྟན་ཏེ། དེ་གཉིས་ཀྱི་དང་པོ་བསྟེན་པར་བྱ་བ་ལུས་ལས་ཐ་དད་དུ་བྱས་ཏེ་སྦྱོར་བའི་སྦོམ་པོ་ནི་གཞན་གྱི་བསྟེན་བྱ་ལུས་ལས་བཀོལ་བ་དེ་དགེ་སློང་རང་གི་བསྟེན་བྱེད་ལུས་ལས་མ་བཅད་པ་ལ་སྦྱོར་ན་སྦོམ་པོ་དང་། བསྙེན་རྫོགས་་་་་་ཕ་མ་རང་གི་བསྟེན་བྱ་ལུས་ལས་བཀོལ་བ་དེ། རང་ངམ་གཞན་གྱི་བསྟེན་བྱེད་ལུས་ལས་མ་བཅད་པ་ལ་སྦྱོར་ན་སྦོམ་པོ་སྟེ། དེ་དག་ཐམས་ཅད་བསྟེན་བྱ་ལུས་ལས་བཀོལ་བ་དེ་བསྟེན་བྱེད་ལུས་ལས་མ་བཀོལ་བ་ལ་སྦྱོར་བའི་སྦོམ་པོར་རིགས་གཅིག་པའོ། །གཉིས་པ་བསྟེན་པར་བྱེད་པ་ལུས་ལས་ཐ་དད་དུ་བྱས་ཏེ་སྦྱོར་བའི་སྦོམ་པོ་ནི་སྐྱེས་པ་གཞན་གྱི་བསྟེན་བྱེད་ལུས་ལས་བཅད་པ་དེ་བསྙེན་རྫོགས་རང་གི་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་ན་སྦོམ་པོ་དང་། དགེ་སློང་རང་གི་བསྟེན་བྱེད་ལུས་ལས་བཅད་པ་དེ། རང་ངམ་གཞན་གྱི་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་ན་སྦོམ་པོ་སྟེ་དེ་དག་ཐམས་ཅད་བསྟེན་བྱེད་ལུས་ལ་བཀོལ་བ་དེ་བསྟེན་བྱ་ལུས་ལས་མ་བཀོལ་བ་ལ་སྦྱོར་བའི་སྦོམ་པོ་རིགས་གཅིག་པའོ། །དེ་དག་ཐམས་ཅད་ཀྱང་བསྟེན་བྱ་དང་བསྟེན་བྱེད་གཉིས་ཀའམ་གང་རུང་རེ་རེ་ལྟུང་བ་འབྱིན་པ་པོ་རང་གི་ལུས་ལ་བསྟེན་པའི་དབང་དུ་བྱས་པའོ།་་་་་དགེ་སློང་སྨྱོ་བས་རང་གི་བསྟེན་བྱེད་བཅད་ནས་སྨྱོ་སངས་པ་ན་འཛུད་པར་བྱེད་པའམ། རྒྱལ་པོའི་ཆད་པ་ཕོག་སྟེ་བཅད་པའམ་མཛེ་ནད་ཀྱིས་རུལ་ཆད་དུ་གྱུར་ནས་འཛུད་སྲིད་པ་ལས། མི་སྲིད་པའི་སྐྱོན་མེད་དོ། །གཉིས་པ་གཞན་ཁོ་ནའི་ལུས་ཀྱི་ཆ་ཕན་ཚུན་སྦྱོར་བའི་སྦོམ་པོ་ནི། གཞན་པ་གཉིས་ཀྱང་གཞན་གྱི་གཉིས་ཞེས་པ་སྟེ་འདི་ནི་རང་གི་ལུས་་་་་་གཏན་ནས། མ་གཏོགས་པར་གཞན་གྱི་བསྟེན་བྱ་བསྟེན་བྱེད་སྦྱོར་བའི་དབང་དུ་བྱས་པའོ། །དེ་ཡང་བསྟེན་བྱ་དང་བསྟེན་བྱེད་གཅིག་བཀོལ་གཅིག་མ་བཀོལ་གྱི་མུ་ལས། གཞན་པ་སྟེ་གཉིས་ཀ་བཀོལ་བའི་མུ་དང་གཉིས་ཀ་མ་བཀོལ་བའི་མུ་གཉིས་ཀྱང་། ལྟུང་བ་འབྱིན་པ་པོ་རང་ལས་གཞན་གྱི་བསྟེན་བྱ་བསྟེན་བྱེད་གཉིས་དང་། རྨ་དང་། རྨ་སྦྱོར་བ་ལྟ་བུ་རིགས་མཐུན་ལས་གཞན་རིགས་མི་མཐུན་ཕན་ཚུན་དུ་སྦྱོར་བར་བྱེད་ན་སྦོམ་པོའོ་ཞེས་བསྟན་ཏོ། །མདོ་ཕྱི་མ་

༼༣༡༤༽

འདིས་ཀྱང་སྦོམ་པོ་རིགས་གཉིས་དངོས་སུ་བསྟེན་ཏེ། གཉིས་ཀ་བཀོལ་བའི་མུ་དང་། གཉིས་ཀ་མ་བཀོལ་བའི་མུ་གཉིས་སོ། །བསྟེན་བྱ་བསྟེན་བྱེད་གཉིས་ཀ་བཀོལ་བའི་མུ་ནི། སྐྱེས་པ་གཞན་གྱི་བསྟེན་བྱེད་བཅད་པ་དེ། གཞན་གང་ཡང་རུང་བའི་བསྟེན་བྱ་ལུས་ལས་བཀོལ་བ་ལ་དགེ་སློང་གིས་སྦྱོར་ན་སྦོམ་པོའོ། །གཉིས་ཀ་མ་བཀོལ་བའི་མུ་ནི། དུད་འགྲོ་ཕོ་མ་དགེ་སློང་གིས་སྤྲོད་པ་ལྟ་བུ་སྟེ། གང་ཟག་གཞན་གྱི་བསྟེན་བྱ་བསྟེན་བྱེད་དགེ་སློང་གིས་སྦྱོར་ན་སྦོམ་པོའོ། །མདོར་ན། མདོ་སྔ་ཕྱི་འདི་གཉིས་ཀྱིས་སྦོམ་པོ་རིགས་བཞི་དངོས་སུ་བསྟན་ཏོ། །གཞན་ཡང་སྦོམ་པོ་རིགས་གསུམ་ནི་འདི་དག་གིས་མཚོན་ནས་བསྟན་ཏེ། མདོ་སྔ་མས་་་་་་མཚོན་ཏེ་བསྟན་པ་ནི་རང་ལུས་ཀྱི་ཆ་ལ་བསྟེན་པའི། བསྟེན་བྱ་བསྟེན་བྱེད་གཉིས་ཀ་བཀོལ་ཏེ་སྦྱོར་བའི་སྦོམ་པོ་་་་་་དངོས་སུ་མ་བསྟན་ཀྱང་། མཚོན་ནས་བསྟན་ཏོ། །མདོ་ཕྱི་མས་་་་་་མཚོན་ཏེ་བསྟན་པ་ནི་གཞན་གྱི་བསྟེན་བྱ་དང་གཞན་གྱི་བསྟེན་བྱེད། གཅིག་བཀོལ་གཅིག་མ་བཀོལ་གྱི་མུ་གཉིས་ཀྱི་སྦོམ་པོ་གཉིས་་་་་་དངོས་སུ་མ་བསྟན་ཀྱང་། མཚོན་ནས་བསྟན་པའོ། །དེ་ལྟར་ན་སྦོམ་པོ་རིགས་བདུན་སྲིད་དོ། །བདུན་པོ་དེ་རྣམས་གང་གི་སེལ་བ་ཡིན་ཞེ་ན། བསྟེན་བྱེད་ལུས་ལས་ཐ་དད་དུ་བྱས་པ་ཐམས་ཅད་ནི་ཡན་ལག་རྒྱུད་དུ་གཏོགས་པའི་སེལ་བ་ཡིན་ལ། བསྟེན་བྱ་ལུས་ལས་ཐ་དད་དུ་བྱས་པ་ཐམས་ཅད་ནི་མཚན་བསྟེན་རུང་གི་སེལ་བ་ཡིན་ནོ། །གལ་ཏེ་གཉིས་ཀ་ལུས་ལས་ཐ་དད་དུ་བྱས་ཏེ་སྦྱོར་བ་དེ་ལ་ཆོས་ཅན། ལྟུང་བ་སྦོམ་པོ་བསྐྱེད་པ་མི་འཐད་པར་ཐལ། ཡན་ལག་གསུམ་མ་ཚང་བའི་ཕྱིར་ཏེ། ཡན་ལག་རྒྱུད་དུ་གཏོགས་པ་མ་ཚང་བའི་ཕྱིར་དང་། མཚན་བསྟེན་རུང་གི་ཡན་ལག་མ་ཚང་བའི་ཕྱིར་དང་། མཐར་ཐུག་འཁྲིག་པའི་བདེ་བ་ཉམས་མྱོང་མ་ཚང་བའི་ཕྱིར་རོ། །ཞེ་ན། ཡན་ལག་གསུམ་མ་ཚང་ཡང་སྦོམ་པོ་བསྐྱེད་པ་འདི་ནི་བཅས་པའི་དབང་གིས་ཏེ། ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་།་་་་་ཞུ་བ་ལས། གཉིས་ཀ་བཅད་དེ་འཛུད་པར་བྱེད་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་གསུངས་སོ། །ཡན་ལག་གསུམ་མ་ཚང་ལ་སྦོམ་པོ་བསྐྱེད་པར་མ་ཟད་དེ། གཞིའི་ཡན་ལག་ལྔ་མ་ཚང་ཡང་། སྦོམ་པོ་བསྐྱེད་པ་ཡོད་དེ་ཁང་པའི་སྐབས་ཀྱི་ཊཱི་ཀ་ལས་བཤད་དོ།་་་་་དེ་ཡང་ས་གཞི་བཙལ་བ་ཡིན་ལ་ཚད་ལས་ལྷག་པར་ནི་མི་བྱེད་ན་ཡན་ལག་

༼༣༡༥༽

བཞི་པོ་དག་སྒྲུབ་པར་བྱེད་ཀྱང་རུང་། སྒྲུབ་པར་མི་བྱེད་ཀྱང་རུང་སྟེ་མཐར་ནི་སྦོམ་པོར་འགྱུར་ཞེས་བཤད་དོ། །དེ་ཡང་ས་གཞི་བཙལ་བ་ཡིན་ན་ནི་ཚད་ལས་ལྷག་པ་མ་ཚང་བའི་སྟེང་དུ། ཡན་ལག་གཞན་བཞི་པོ་མི་རུང་བ་དང་རྩོད་པ་དང་བཅས་པ་དང་བརྩམ་དུ་མི་རུང་བ་དང་། དགེ་འདུན་ལ་མ་བསྟན་པ་དང་ཡན་ལག་བཞི་ཡང་མ་ཚང་སྟེ། གཞིའི་ཡན་ལག་ལྔ་མ་ཚང་ཡང་མཐར་ཐུག་གྲུབ་ན་སྦོམ་པོར་གསུངས་སོ། །མཐའ་ཉིད་བརྗོད་པ་ཞེས་པ་དང་། གཞན་གྱིས་གཡོགས་པ་ཞེས་པ་ནི་ཞུ་བ་ལས་སེང་རས་སམ་གོས་སྲབ་མོས་དཀྲིས་ཏེ་བཅུག་ན་ཅིར་འགྱུར་མཐར་འགྱུར་རོ། །གོས་རྔམས་སྟུག་པོའམ་ཕྱིང་པས་དཀྲིས་ཏེ་བཅུག་ན་ཅིར་འགྱུར་སྦོམ་པོར་འགྱུར་རོ་ཞེས་སོ། །བསམ་པའི་སེལ་བ་སྤྱིར་བསྟན་པ་་་་་་ལྟུང་བ་སྡེ་ལྔའི་སེལ་བ་སྤྱིར་བསྟན་པ་ནི།་་་་་དེ་ནི་འདུལ་བྱེད་ཀྱི་སྐབས་སྤྱིར་སྟོན་ཏེ། དགེ་སློང་གི་དངོས་པོར་མི་ཤེས་ན་ཞེས་པ་སྟེ་འདུལ་བྱེད་ལས། དགེ་སློང་གི་དངོས་པོར་མི་ཤེས་ན་སྨྱོན་པ་ལ་ཉེས་པ་མེད་དོ། །གལ་ཏེ་དགེ་སློང་གི་དངོས་པོར་ཤེས་ན་ནི་དངོས་པོ་ཇི་ལྟ་བ་བཞིན་ནོ། །སེམས་འཁྲུགས་པ་དང་ནད་ཀྱིས་གཟིར་བ་ཡང་དེ་བཞིན་ནོ་ཞེས་གསུངས་སོ། །དགེ་སློང་གི་དངོས་པོར་མ་ཤེས་པ་ནི། བདག་ཉིད་ལ་ཤེས་པ་འཁྲུལ་བ་སྟེ། དེས་སྦྱོར་བ་འཇུག་པའི་ཡུལ་དང་བྱ་བ་ལ་ཤེས་པ་འཁྲུལ་བའང་མཚོན་པའོ། །སྨྱོ་བ་ལ་སོགས་པ་གསུམ་གྱི་ཁྱད་པར་གང་ཞེ་ན། སྨྱོ་བ་ནི་ཤེས་པ་རང་བཞིན་དུ་མི་གནས་པ་དང་གནས་པ་འདྲེས་མར་གནས་པ་ཡིན་ལ། སེམས་འཁྲུགས་པ་ནི་རང་བཞིན་དུ་གནས་པའི་སེམས་མེད་པར་འགྱུར་ཏེ། ཤེས་པ་རང་བཞིན་དུ་མི་གནས་པ་རྒྱུན་ཆགས་སུ་གྱུར་པ་སྟེ། དེ་ལྟར་ཕྲན་ཚེགས་འགྲེལ་པ་ལས་་་་་་སྨྱོ་བར་གྱུར་པ་སྟེ་བར་བར་དུ་རང་གི་སེམས་རྙེད་པར་གྱུར་པ་ཡིན་ནོ། །རྒྱུན་མི་ཆད་པར་སེམས་མེད་པར་གྱུར་པ་གང་ཡིན་པ་དེ་ནི་སེམས་འཁྲུགས་པ་ཡིན་ནོ་ཞེས། བཤད་དོ། །ཚོར་བས་ཉེན་པ་ན་རིམས་ཀྱི་ཚད་པས་སེམས་འཕྱོ་བ་ལྟ་བུ་ནད་ཀྱི་སྟོབས་ཀྱིས་ཤེས་པ་རང་བཞིན་དུ་མི་གནས་པར་གྱུར་པ་སྟེ། དེ་ལྟར་རྒྱ་མཚོ་སྤྲིན་ལས་་་་་་ཚོར་བས་ཉེན་པ་ནི་ཚོར་བ་དྲག་པོས་བརྒྱལ་བར་འགྱུར་བའོ་ཞེས་བཤད་དེ་བརྒྱལ་བ་ལ་ཉེ་བར་ཕྱོགས་པར་གྱུར་པའོ། །བཤད་དོ། །རྒྱུའི་་་་་་སྨྱོ་བ་ལ་སོགས་པ་གསུམ་ལ། ཁྱད་པར་ཡང་ཡོད་དེ། འདུལ་བྱེད་ལས་རྣམ་པ་ལས་སྨྱོན་པར་འགྱུར་ཏེ། གཉེན་བཤེས་ཟད་པ་དང་། ནོར་དང་ལོངས་སྤྱོད་ཟད་པ་དང་། ཁམས་མ་མཉམ་པ་དང་། མི་མ་ཡིན་པས་བརླམས་པ་དང་། སྔོན་གྱི་་་་་་བྱང་སའི་འགྲེལ་པ། ལས་ཀྱི་

༼༣༡༦༽

རྣམ་པར་སྨིན་པའོ། །རྣམ་པ་ལྔས་སེམས་འཁྲུགས་པ་ཞེས་བྱ་སྟེ། མི་མ་ཡིན་པས་་་་་་གནད་དུ་བཏེགས་ཏེ། སེམས་བཀྲུགས་པ་དང་། མི་མ་ཡིན་པས་དེ་བརླམས་པ་དང་།་་་་་མི་མ་ཡིན་གནད་དུ་བཏེགས་པ་དང་ཞེས་གཅིག་ལས་འཕྲོས་པ་ལས་བཤད་དོ། །མི་མ་ཡིན་པས་དེའི་མདངས་ཕྲོགས་པ་དང་། ཁམས་མ་མཉམ་པ་དང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །རྣམ་པ་ལྔས་ནད་ཀྱིས་གཟིར་བ་ཞེས་བྱ་སྟེ། རླུང་གིས་བསྐྱོད་པ་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། དུས་གྱུར་པ་རྣམས་སོ་ཞེས་གསུངས་སོ། །དུས་གྱུར་པ་ནི་ལུང་གཅིག་ལས་འཕྲོས་པ་ལས་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའོ། །ཞེས་བཤད་དོ། །འཁྲུགས་པ་ཉིད་དོ་ཞེས་པ་འདི་གཞིར་བྱས་ཏེ། འདི་ལ་ལྔ་ལས། གང་འཁྲུགས་ན། དགེ་སློབ་མའི་བསླབ་པ་་་་་་བཅུ་གཉིས་པོ། འཁྲུགས་པ་སྟེ། དགེ་ཚུལ་མའི་བསླབ་པ་བཅུ་ནི་མི་འཁྲུགས་ཏེ། ཊཱི་ཀ་ལས། སྡིག་ཅན་དགོན་པ་བས་ལྷན་ཅིག་སྦྱོར་བ་དགེ་ཚུལ་མས་ཉམས་སུ་མྱོང་བར་མ་གྱུར་པའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་ཉམས་སུ་མྱོང་བར་གྱུར་ན་ནི་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། སྡོམ་པ་སྐྱེ་བའི་ཆོས་ཉིད་མེད་པར་འགྱུར་རོ་ཞེས་བཤད་ཅིང་། དེ་ལ་་་་་་སྐྱེ་བའི་ཆོས་ཉིད་མེད་ན། དེ་ཡང་སྦྱིན་པར་བྱ་བ་ཉིད་དོ་ཞེས་པ་དང་འགལ་ལོ། །གང་གི་ཚེ་འཁྲུགས་ན་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཡིན་གྱི། ཊཱི་ཀ་ལས་བརྩལ་་་་་་དགེ་སློབ་མ་ལ་དགོན་པ་བས། བའི་དུས་ན་ནི་མ་ཡིན་ཏེ། མངོན་པར་་་་་་དགེ་སློབ་མ་དེ་འགྱོད་ནས། མི་དགའ་བའི་ཕྱིར་རོ་ཞེས་སོ། །གང་ཁས་བླངས་པ་ན་འཁྲུགས་ན། དགེ་སློབ་མས་འཁྲིག་པ་བསྟེན་པའི་ཕྱིར་ཁས་བླངས་ན་སྟེ། རྐུབ་ལ་སོགས་པ་གཞན་གསུམ་བྱེད་པར་ཁས་བླངས་པས་ནི་མི་འཁྲུགས་སོ། །དེ་ཡང་ཆོས་དྲུག་ལ་སོགས་པ་རྣམས་གཙོ་བོར་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་འགོག་པའི་བསླབ་བྱ་ཡིན་པ་ལ། དངོས་སུ་མི་ཚངས་པར་སྤྱོད་པ་ཁས་ལེན་པ་མཚང་ཆེ་བའི་ཕྱིར་དང་། རྩ་བ་གཞན་གསུམ་ལ་དེ་ལྟར་མ་ཡིན་པའི་ཕྱིར་རོ། །གང་ལ་ཁས་བླངས་པས་འཁྲུགས་ན། གཞན་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ལྡན་ལ་སྟེ། གཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཚུལ་ཇི་ལྟར་འཁྲུགས་ན། བསླབ་པ་བཏང་བར་གྱུར་པ་སྟེ། ཊཱི་ཀ་

༼༣༡༧༽

ལས་དགེ་སློབ་མ་དེས་བསླབ་པའི་གཞི་རྣམས་འཁྲུགས་པ་ཉིད་དེ་མེད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །སྐྲག་པ་དང་ངོ་ཚ་བས་འཛུད་པ་འདི་ལ་ཕམ་པ་མི་བསྐྱེད་པ་དེ་གང་གི་སེལ་བ་ཡིན་ཞེ་ན། མཐར་ཐུག་བདེ་བ་ཉམས་སུ་མྱོང་བའི་སེལ་བ་སྟེ། ཀུན་ཏུ་འདོད་ཆགས་མ་སྐྱེས་ནའོ་ཞེས་པས་གྲུབ་བོ། །འོ་ན་འདུལ་བྱེད་ལས་དགེ་སློང་གིས་ཀླུའི་བུ་མོ་མིར་སྤྲུལ་པ་ལ་མི་ཚངས་པར་སྤྱོད་པར་བརྩམས་པ་ན། དེ་ཡང་སྦྲུལ་རིང་མོར་གྱུར་ནས་ཞེས་སྤྲུལ་བ་ཞིག་པར་གསུངས་ཤིང་། ལུང་ལྔ་ཚན་པ་ལས། སྤྲུལ་པ་མ་ཡིན་པའི་ཀླུའི་རང་བཞིན་ལྔ་སྟེ། སྐྱེ་བ་དང་། འཆི་བ་དང་། གཉིད་ལོག་པ་དང་། ཁྲོས་པ་དང་། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱེད་པའོ་ཞེས་གསུངས་ལ། མི་ཚངས་པར་སྤྱོད་པའི་རྒྱུ་མཚན་གྱིས་ཀླུའི་བུ་མོའི་སྤྲུལ་བ་ཞིག་པའི་ཕྱིར་བདེ་བ་ཉམས་སུ་མྱོང་བར་གྲུབ་སྟེ། དེས་ན་འདི་ལ་མཐར་ཐུག་གི་སེལ་བར་བྱེད་པ་དེ་འགལ་ལོ་ཞེ་ན། དེའི་ལན་ནི། ཁ་ཅིག་ན་རེ་སྐྱེས་པ་བས་བུད་མེད་བདེ་བ་ཉམས་མྱོང་སྡུན་ལ་སྐྱེ་བ་ཡིན་པས་འགལ་བ་མེད་དོ་ཞེས་ཟེར་བ་མི་རིགས་ཏེ། དེ་ལྟར་ན་འདོད་ཆགས་དང་བྲལ་བ་མ་ཡིན་པའི་དགེ་སློང་མ་ལ་ལོག་གཡེམ་བྱས་པ་ཆོས་ཅན། དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་པ་མི་སྲིད་པར་ཐལ། འདོད་ན་གཞུང་ལས་དགེ་སློང་མ་སུན་ཕྱུང་བ་དང་ཞེས་པའོ། །སུན་འབྱིན་པ་པོས་བདེ་བ་ཉམས་སུ་མྱོང་བའི་སྔ་རོལ་ཏུ་ཡུལ་དགེ་སློང་མ་ཕམ་པས་ཉམས་ཟིན་པའི་ཕྱིར་རོ། །འོ་ན་གང་ཞེ་ན། ལམ་དང་ཡན་ལག་ཕྲད་པའི་སྦྱོར་བའི་ཆགས་སེམས་ཀྱིས་སྤྲུལ་བ་ཞིག་པར་གདོན་མི་ཟའོ་གསུང་ངོ་། །ཡན་ལག་གི་རྣམ་པ་བརྡོལ་བའི་ཕྱིར་ཞེས་པ་ནི་ནད་མེད་པའི་སེལ་བའོ། །འོ་ན་ལུང་འདུལ་བྱེད་ལས་ནད་་་་་་ཕོ་མཚན་གྱི་ནད་དང་བྲལ་བའི་དོན་དུ། དང་བཅས་པ་བཅུག་ན་བཅུག་མ་ཐག་ཏུ་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ་ནད་དེས་བདེ་བ་ཉམས་མྱོང་སྐྱེ་བ་ལ་གནོད་ན་སེལ་བར་འགྱུར་ལ་མི་གནོད་ན་སེལ་བར་མི་འགྱུར་བས་སོ། །ལེགས་པར་སོ་སོར་བརྟགས་པ་ནི་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་དགག་པ་སྟེ། ཊཱི་ཀ་ལས། བུད་མེད་སྐྱེས་པ་གཞོན་ནུ་འདྲ་བ་རབ་ཏུ་ཕྱུང་སྟེ། དགེ་སློང་དག་གི་ནང་དུ་བཞག་ན་གནོད་པ་ཆེན་པོར་འགྱུར་བའི་ཕྱིར་རོ་ཞེས་སོ། །འོ་ན་

༼༣༡༨༽

སྐྱེས་པ་འདྲ་བའི་བུད་མེད་དང་། ཞེས་གོང་དུ་བསྟན་པ་དང་ཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། གོང་དུ་བསྟན་པ་ནི་མཛེས་པའི་བར་ཆད་ཀྱི་ཆ་ནས་བཀག་པའོ། །འདིར་བཀག་པ་ནི་མི་ཚངས་སྤྱོད་ཀྱི་རྒྱུར་འགྲོ་བ་དགག་པའི་ཕྱིར་རོ། །ཊཱི་ཀ་ལས། སྐྱེས་པ་འདྲ་བའི་བུད་མེད་རབ་ཏུ་འབྱིན་པ་དགག་པ་གོང་དུ་བསྟན་ཟིན་ཡང་འདིར་ཡང་བསྟན་པ་ནི།་་་་་གུས་པ་བསྐྱེད་པའི་ཕྱིར་རོ། །བསླབ་པ་ཐམས་ཅད་ལ་སྦྱོར་བ་མི་ལྷོད་པར་བྱ་བ་ཡིན་པས། ལྷག་པར་ཡང་རབ་ཏུ་དབྱུང་བ་ལ་་་་་་མི་ལྷོད་པར་བྱ་དགོས་སོ་ཞེས་པ་་་་་་ལ་སྔ་མ་རྣམས་ནི། འོ་ན་གཞིའི་སྐབས་འདིར་ཡང་སྟོན་པར་ཐལ། གུས་པ་བསྐྱེད་པའི་ཕྱིར་ཞེས་དགག་པ་མཛད་དོ། །འོན་ཀྱང་ཊཱི་ཀ་ལས་བཤད་པ་དེ། ནི། ཁྱབ་པ་ཚད་མས་གྲུབ་པའི་རྟགས་བཀོད་པ་མ་ཡིན་གྱི། ལུང་ཆོས་ཀྱི་འཐད་པ་སྒྲུབ་ཙམ་དུ་བཀོད་པ་ཡིན་ན། འདིར་་་་་་ལེགས་པར་སོ་སོར་བརྟག་པ་བྱས་ནས་རབ་ཏུ་དབྱུང་ཞེས་པའི་སྐབས། བསླབ་བྱ་གཞན་ཡང་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་ན་ཉེས་བྱས་སུ་འགྱུར་ཞེས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། །ཕམ་པ་དང་པོའི་སྐབས་རྫོགས་སོ།།  །།གཉིས་པ་མ་བྱིན་པར་ལེན་པ་ལ་གཉིས་ལས་དང་པོ་སྤྱིའི་དོན་ཏོ། །དི་ལ་བཞི་ལས་དང་པོ་གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་མ་བྱིན་པར་བླངས་པ་ལ་བརྟེན་ནས་ཕམ་པར་བཅས་སོ། །གཉིས་པ་དགག་བྱ་ནི་གཉིས་ལས་ཐུན་མོང་གི་དགག་བྱ་སྔར་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་དགག་བྱ་ནི། མ་བྱིན་པར་ལེན་པའི་བྱ་བ་དང་འབྲེལ་ན་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ།་་་་་བདག་པོ་མེད་པའི་རྫས་བརྐུས་པ་དང་གཞན་འབའ་ཞིག་གི་དོན་དུ་བརྐུས་པ་ལ་ཕམ་པ་མི་བསྐྱེད་པར་གསུངས་པས་གྲུབ་བོ། །གསུམ་པ་ལྟུང་བའི་ངོ་ཏི་ནི། བཅས་པའི་རྟེན་ཅན་དགེ་སློང་གིས་མི་གཞན་དབང་བའི་རྫས་མཚན་ཉིད་དང་ལྡན་པ་དེ་རྐུ་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ཡན་ལག་གི་བརྩི་བ་ནི། གཉིས་ལས་ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རྐུ་བའི་ཡུལ་དང་། གང་རྐུ་བའི་དངོས་པོའོ། །དང་པོ་ནི། རྫས་དེའི་

༼༣༡༩༽

བདག་པོ་མི་ཡིན་པ་དང་། གཞན་ཡིན་པ་སྟེ། འགྲོ་བ་གཞན་གྱིར་རོ་ཞེས་པ་དང་། རང་གིའོ་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གང་རྐུ་བའི་དངོས་པོ་ནི། མིའི་རྒྱུད་ཀྱིས་བདག་གིར་བྱས་པ་དང་། རིན་ཐང་ཚང་བ་སྟེ། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་པ་དང་། མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་པས་སོ། །སེལ་བ་་་་་་དོན་ལ་དབང་ཡང་། བདག་གིར་མ་བྱས་པ་བརྐུས་ན་སྦོམ་པོར་འགྱུར་ཏེ། ཊཱི་ཀ་ལས། བདག་པོས་དོན་མ་རྟོགས་པའི་གཏེར་བརྐུས་ན་སྦོམ་པོར་གསུངས་པ་ལྟ་བུའོ། །རིན་ཐང་མ་ཚང་བ་བརྐུས་ན་ཡང་སྦོམ་པོར་འགྱུར་ཏེ། མཆོག་པ་བརྐུས་ནའོ་ཞེས་པས་སོ།་་་་་རྫས་མི་དམན་པ་ནི་འོད་ལྡན་ལས་བཤད་ཀྱང་མདོ་རྩ་བའི་རང་འགྲེལ་དང་ཊཱི་ཀ་མི་བཞེད་པས་འདིར་མ་བགྲངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་དང་། ཀུན་སློང་ངོ་། །འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ཡིད་གཉིས་སམ་ངེས་པར་འདུ་ཤེས་མ་འཁྲུལ་བ་སྟེ། ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པ་ནི་ཞེས་པ་དང་། དེར་འདུ་ཤེས་པས་སོ་ཞེས་པས་སོ། །སེལ་བ་ལྷས་སྦྱིན་གྱི་ནོར་ལ་མཆོད་སྦྱིན་གྱི་ནོར་དུ་འདུ་ཤེས་འཁྲུལ་ཏེ་བརྐུས་པའམ། མིའི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་ཏེ་བརྐུས་ན་སྦོམ་པོར་འགྱུར་ཏེ། འགྲོ་བ་གཞན་གྱིར་རོ་ཞེས་པས་སོ། །ཀུན་སློང་ནི་ཆོས་དྲུག་ལྡན་དགོས་ཏེ། གཞན་གྱི་ཡིན་ཏེ། མ་གནང་ཡང་བདག་ཉིད་ཀྱི་དོན་དུ། འཚོ་བའི་ཆེད་དུ། གཏན་དུ་འབྲལ་བར་འདོད་པ་རྒྱུན་མ་ཆད་པའོ། །དེ་ཡང་་་་་་གཞན་གྱི་ཡིན་སྙམ་པ་དགོས་ཏེ། རང་དང་ཞེས་རང་གི་ཡིན་པའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་པ་དང་།་་་་་མ་གནང་སྙམ་པ་དགོས་ཏེ། ཡིད་གཅུགས་པའི་སེམས་དག་གིས་་་་་་བླངས་ན་ལྟུང་བ་མེད་དེ། ཞེས་པ་དང་། བདག་ཉིད་ཀྱི་དོན་ཡིན་པ་དགོས་ཏེ།་་་་་གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ་ཞེས་པ་དང་། མཆོད་པའི་་་་་་འཚོ་བའི་ཆེད་ཡིན་པ་དགོས་ཏེ། དོན་དུ་ན་ཉེས་བྱས་སོ་ཞེས་པ་དང་། བརྙའ་བ་དང་།་་་་་གཏན་དུ་འབྲལ་འདོད་དགོས་ཏེ། ཞེས་རེ་ཞིག་བརྙའ་བའི་སེམས་ཀྱིས་བླངས་ན་ལྟུང་མེད་དུ་གསུངས་ཤིང་། རྐུ་ན་ཀུན་སློང་རྒྱུན་མ་ཆད་པ་དགོས་ཏེ། སེམས་ཀྱིས་སོ་ཞེས་པ་དང་། བཏང་བ་ཡང་ངོ་ཞེས་པས་གྲུབ་སྟེ། གོ་རིམ་བཞིན་ནོ། །གསུམ་པ་སྦྱོར་བའི་ཡན་ལག་ནི།

༼༣༢༠༽

གང་ལ་བསམ་པའི་དོན་ལ་རྐུ་བའི་སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པས་ཏེ། གང་ལ་བསམས་པའི་དོན་ཡིན་པ་དགོས་ཏེ།་་་་་བསམ་པ་ནི་དེ་ཉིད་དོ་ཞེས་པ་དང་་་་་་སྦྱོར་བ་ངང་ངམ་བསྐོས་པ་སྟེ། རྐུའམ་བརྐུར་བཅུག་པ་དག་གིས་སོ་ཞེས་པ་དང་། ཕམ་པ་བསྐྱེད་པ་ལུས་ངག་ཏུ་གྲུབ་པ་དགོས་ཏེ་མ་རྣམ་གྱི།་་་་་ཊཱི་ཀ་ལས་ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ། །ཞེས་པས་སོ། །སེལ་བ་གང་ལ་བསམས་པ་ལས་གཞན་དུ་སྦྱོར་བ་འཁྱོགས་ཏེ། ལྷས་སྦྱིན་གྱི་རྫས་བཀྲུ་བར་བསམས་པ་ལས་མཆོད་སྦྱིན་གྱི་རྫས་རྐུ་ན་སྦོམ་པོར་འགྱུར་རོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། རྐུ་བའི་སྦྱོར་བ་དེའི་རྐྱེན་གྱིས་ཐོབ་བློ་སྐྱེས་པ་སྟེ། ཐུབ་པའི་དགོངས་རྒྱན་ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུང་ནས་གནས་ནའོ། །ཞེས་སོ། །སེལ་བ་ནི་མཐར་ཐུག་གི་མདུན་རོལ་ཏུ་ན་སྨད་དེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའི་ཞེས་སོ། །གཉིས་པ་ཡན་ལག་གི་དོན་ནི། རྐུ་བའམ་བརྐུར་བཅུག་པ་དག་གིས་སོ་ཞེས་པ་ནི་རྣམ་འབྱེད་ལས་རྐུ་བ་མུ་དགུ་གསུངས་ཏེ། བདག་ཉིད་ཀྱིས་བརྐུ་བ་དང་། བདག་ཉིད་ཀྱིས་བརྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། རྐུ་བའི་སྦྱོར་བ་རང་གིས་བྱེད་པ་དང་། གཞན་བསྐོས་ནས་སྦྱོར་བ་མངོན་སུམ་དུ་བྱེད་དུ་འཇུག་པ་དང་། རང་གི་རྫས་སྣང་བའི་གནས་ནས་མི་སྣང་བའི་གནས་སུ་སྦགས་པའོ། །བྱིན་གྱིས་བརླབས་ནས་བརྐུ་བ་དང་། བྱིན་གྱིས་བརླབས་ནས་བརྐུར་འཇུག་པ་དང་། བྱིན་གྱིས་བརླབས་ནས་གནས་ནས་གནས་སུ་སྦེད་པ་དང་གསུམ་ནི། བརྙས་པའམ་བཅོལ་མའི་རྫས་དེ་དང་པོར་བྱིན་གྱིས་བརླབས། བར་དུ་བདག་གིར་གཟུང་། ཐ་མར་བདག་གིར་ཞེན་པར་བྱས་་་་་་དེ་ཡང་དང་པོ་བྱིན་གྱིས་བརླབས་པ་སྟེ། རྫས་འདི་ངའི་ཡིན་པར་བྱའོ་སྙམ་དུ་སྙིང་ལ་བསམས་ནས་བར་དུ་རྫས་འདི་ངའི་འོ་ཞེས་བདག་གིར་གཟུང་སྟེ། ཐ་མར་བདག་གིའོ་ཞེས་ཞེན་པ་དམ་པོར་བྱས། ནས། སྦྱོར་བ་སྙོན་ཅིང་ཁས་མི་ལེན་པ་དེ་བདག་ཉིད་ཀྱིས་བྱེད་པ་དང་། དེ་ལྟ་བུའི་སྦྱོར་བ་དེ་གཞན་ལ་བཅོལ་ནས་བྱེད་དུ་འཇུག་པ་དང་། རེ་ཐག་མ་ཆད་པའི་གནས་ནས་ཆད་པའི་གནས་སུ་སྦག་པའོ། །བང་ཆེན་གྱིས་བརྐུ་བ་དང་། བང་ཆེན་གྱིས་བརྐུར་འཇུག་པ་དང་།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号