ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༣༩༽

ཉིད་མེད་པས་མཛད་པའི་འགྲེལ་པ་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་གལ་ཏེ་དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་ན་བག་ཡངས་ཡིན་ནོ་ཞེས་གྲག་གོ །འདི་ཡང་གྲགས་པ་ཙམ་དུ་ཟད་ཀྱི་བསླབ་པའི་གཞི་འགའ་ཡང་དགེ་འདུན་གྱིས་བག་ཡངས་སུ་བྱས་པའམ་བྱེད་པ་ནི་མེད་དོ་ཞེས་བཤད་དོ། །དེས་ན་བག་ཡངས་ཆེན་པོ་འདི་ནི་ཉན་ཐོས་སྡེ་པ་ཁ་ཅིག་མི་འདོད་ཀྱང་རང་གི་སྡེ་པའི་ལུགས་ཡིན་ནོ། །གཉིས་པ་བག་ཡངས་ཁ་འཐོར་བ་བྱས་པས་ཉེས་པ་མེད་པ་ནི་སྲ་བརྐྱང་བཏིང་ན་འཆང་འབྲལ་འཇོག་པ་ལ་སོགས་པའི་ལྟུང་བ་མི་འབྱུང་བ་དང་། ཁང་པ་ཁང་ཆེན་གྱི་གནང་བ་བྱིན་ན་དེ་དག་བརྩིགས་ཀྱང་ལྟུང་བ་མི་འབྱུང་བ་ལྟ་བུའོ། །དེ་ཡང་བག་ཡངས་དེ་དག་བྱས་ན་རང་རང་གི་ལྟུང་བ་མི་འབྱུང་བའི་རྒྱུ་མཚན་ནི། བག་ཡངས་ཀྱི་ཆོ་ག་དེ་དག་དང་ལྡན་པ་ལ་སངས་རྒྱས་ཉིད་ཀྱིས་གནང་བའི་ཕྱིར་རོ། །གསུམ་པ་བར་ཆད་ཀྱི་རྐྱེན་དང་ལྡན་པས་ལྟུང་བ་མེད་པ་ལ་གཉིས་ཏེ། གཙོ་བོའི་བར་ཆད་དང་། གཙོ་བོ་མ་ཡིན་པའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ལ་གཉིས་ཏེ། རང་གི་གཙོ་བོའི་བར་ཆད་དང་། གཞན་གྱི་གཙོ་བོའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ལ་གསུམ་སྟེ། རང་གི་སྲོག་གི་བར་ཆད་དང་། རང་གི་ཚུལ་ཁྲིམས་ཀྱི་བར་ཆད་དང་། རང་གི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་ནི་རང་གི་སྲོག་གི་བར་ཆད་དུ་འགྱུར་ལ། དེ་མ་བསྲུངས་པར་ཀློད་ན་ནི་རང་གི་སྲོག་གི་བར་ཆད་དུ་མི་འགྱུར་ན། རང་་་་་་དེ་གཉིས་ལས་གང་གལ་ཆེ་སྙམ་ན། གི་སྲོག་གི་བར་ཆད་སྤང་བའི་ངོར་ཆང་འཐུང་བ་ལ་སོགས་པ་འགའ་རེ་ཙམ་མ་གཏོགས་པ་བཅས་པའི་ཁ་ན་མ་ཐོ་བའི་ཐ་སྙད་ཀྱིས་བརྗོད་པ་ཐམས་ཅད་གནང་སྟེ། ཕྲན་ཚེགས་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་

༼༣༤༠༽

དང་བཅས་པ་་་་་་སྟེ་དེ་དང་ལྡན་པ། མཐའ་དག་མ་གཏོགས་པ་གཞན་དག་གིས་ནད་པ་བསྐྱང་བར་བྱའོ་ཞེས་གསུངས་ལ། དེའི་འགྲེལ་པ་ལས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ་སྲོག་གཅོད་པ་ལ་སོགས་པ་དང་། ཆང་འཐུང་བ་མ་གཏོགས་པ་དེ་ལས་གཞན་པས་ནད་པ་བསྐྱང་བར་བྱའོ་ཞེས་བཤད་དོ། །རིགས་པས་ཀྱང་བཅས་པ་དེ་བསྲུངས་པ་བས་རང་གི་སྲོག་གི་བར་ཆད་བསྲུངས་པ་དགོས་པ་ཆེ་བའི་ཕྱིར་རོ། །གཉིས་པ་རང་གི་ཚུལ་ཁྲིམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ལ་དངོས་དང་། ཞར་ལ་བྱུང་བའོ། །དང་པོ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་པ་དང་། རང་བཞིན་གྱི་ཁ་ན་མ་ཐོབ་པ་སྲུང་བ་གཉིས་ཐབས་གཞན་མེད་པར་འདོམ་ན། ཆང་འཐུང་བ་ལ་སོགས་པ་འགའ་རེ་ཙམ་མ་གཏོགས་པ་བཅས་པ་མཐའ་དག་གནང་སྟེ།་་་་་གནང་བ་ཅིས་ཤེས་ན། སྲོག་གི་བར་ཆད་སྤང་བའི་དོན་དུ་ནི་བཅས་པ་རྣམས་གནང་ལ། སྲོག་གི་བར་ཆད་སྤང་པ་བས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤངས་པ་དགོས་པ་ཆེ་བའི་ཕྱིར་རོ། །དེ་གང་གིས་གྲུབ་ན་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བའི་དོན་དུ་སྲོག་གཏོང་བར་གསུངས་པས་གྲུབ་སྟེ། ལུང་ཕྲན་ཚེགས་ལས་སྲོག་ཉིད་སྤང་གི་སྲོག་ཆགས་བསད་པར་བྱ་བ་མིན་ནོ་ཞེས་གསུངས་སོ། །གཉིས་པ་ཞར་ལ་བྱུང་བ་ལ་བཞི་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་འགལ་གྱི་ཁ་ན་མ་ཐོ་བ་གཉིས་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། བཅས་འགལ་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་དང་། བཅས་པ་ཆེ་ཆུང་དང་དགག་དགོས་ཆེ་ཆུང་འབྲེལ་ལམ་མ་འབྲེལ་བསམ་པའོ། །དང་པོ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤང་བའི་ངོར་བཅས་པའི་ཁ་ན་མ་ཐོ་བ་རྣམས་གནང་བའམ་སྒྲུབ་པར་འགྱུར་ཏེ།་་་་་དཔེར་ན་དགེ་སློང་གིས་བུ་ལོན་མ་གཞལ་ན་མ་བྱིན་ལེན་གྱི་ཕམ་པར་འགྱུར་བ་དེ་སྤང་བའི་ཕྱིར་ཉོ་ཚོང་བྱས་པ་ལ་ཉེས་པ་མེད་པ་ལྟ་བུ་སྟེ། འོད་ལྡན་རྩ་བ་ལས། རྙེད་འདོད་ཉོ་དང་འཚོང་ལ་སོགས་མི་བྱ། དགོས་པའི་འབྲེལ་བ་ཡོད་ན་ཉེས་པ་མེད་ཅེས་གསུངས་སོ། །ཉེས་པ་མེད་པ་ཙམ་དུ་མ་ཟད་ཀྱི་སྒྲུབ་

༼༣༤༡༽

དགོས་སུ་ཡང་གསུངས་ཏེ། དགེ་སློང་མའི་རྣམ་འབྱེད་ལས་ཡུལ་གཞན་གྱི་སྦྱོར་བས་སྔ་མའི་རྒྱུད་སྦྱང་བར་བྱའོ་ཞེས་སྒྲུབ་ཚིག་ཏུ་གསུངས་སོ། །ཁ་ན་མ་ཐོ་བ་གཉིས་འདོམ་ཞིང་་་་་་བྱ་བ་དེ་འབྲེལ་གྱི། དགག་དགོས་ཆེ་ཆུང་ཡོད་པ་གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གལ་ཏེ་ཁ་ན་མ་ཐོ་བ་གཉིས་འདོམ་ཞིང་དགག་བྱ་ཆེ་ཆུང་ཡོད་ན་དགག་བྱའི་ཆ་ནས་གཉིས་ཀ་སྤོང་ལ། དགོས་པའི་ཆ་ནས་གཉིས་ཀ་སྒྲུབ་བོ་སྙམ་ན། དགག་བྱའི་ཆ་ནས་ནི་དགག་བྱ་ཆུང་ངུ་ལ་འཛེམ་འཛེམ་ནས་དགག་བྱ་ཆེན་པོས་རྒྱུད་ལ་གོས་པར་འགྱུར་ལ། དགོས་པའི་ཆ་ནས་ནི་དགོས་པ་ཆུང་ངུ་བསྒྲུབ་བསྒྲུབ་ནས་དགོས་པ་ཆེན་པོ་དེ་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །ཐབས་གཞན་མེད་པར་འདོམ་ཡང་གཉིས་ཀ་ལ་ལྡོག་འཇུག་བྱེད་དགོས་ན། སངས་རྒྱས་ཀྱི་བསྟན་པ་འདི་སྒྲུབ་པར་མི་ནུས་པ་ལ་བཅས་པ་བཞག་པར་ཐལ་བ་ལས། འོད་ལྡན་དུ་མདོ་དྲངས་པ་ལས་ཚེ་ལ་མངའ་བ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་སྒྲུབ་པར་ནུས་པ་དང་བཅས་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་འཇུག་ལྡོག་ཇི་ལྟར་བྱ་བ་ནི་་་་་་སྡིག་སྤྱོད་ཀྱི་རྒྱལ་པོས་དགེ་སློང་བཟུང་ནས། དགེ་སློང་ཁྱོད་ཀྱིས་མི་འདིའམ་ལུག་འདི་གསོད་ཅིག་དེ་གཉིས་གང་ཡང་མི་གསོད་ན་ཁྱོད་ཉིད་ངེས་པར་གསོད་ཟེར་ཏེ། མི་གསོད་པ་དང་དུད་འགྲོ་གསོད་པ་དང་བདག་ཉིད་གསོད་པ་དང་གསུམ་འདོམ་པ་ལྟ་བུ་ལ། གཞན་ལུགས་དགག་པ་ནི།་་་་་ཁ་ཅིག་ན་རེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་བའི་ངོར་ཆུང་བ་གནང་སྟེ། ཆུང་བ་དེ་བཤགས་པས་ཆོག་པའི་ཕྱིར་ཟེར་བ་ནི་འགལ་བ་སྟེ། བཤགས་པ་བྱེད་དགོས་བྱུང་ན་གནང་བ་ཡིན་པ་ཉམས་སོ། །རང་ལུགས་བཞག་པ་ནི།་་་་་རང་བཞིན་གྱི་ཁ་ན་མ་ཐོ་བ་ཆོས་ཅན། ཆེ་བའི་ངོར་ཆུང་བ་གནང་བ་མེད་དེ། སྲོག་ལ་བབ་ཀྱང་གནང་བ་གཞི་མ་གྲུབ་པའི་ཕྱིར་རོ། །རྟགས་གཞུང་གིས་གྲུབ་སྟེ། ལྔ་ཕྲུགས་ཀྱི་ཊཱི་ཀ་ལས་་་་་་བཀག་པ་ཞེས་བྱ་བ་ནི་སྲོག་ལ་བབ་ཀྱང་གཞི་འདི་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་བྱ་བ་སྟེ་སྲོག་གཅོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་བྱའོ། །ཞེས་རྒྱས་པར་ཁུངས་དྲངས་ནས་གོང་དུ། བཤད་དོ། །དེའི་་་་་་རྩོད་པ་སྤང་བ་ནི། ཚེ་བདག་

༼༣༤༢༽

ཉིད་གསོད་དུ་འཇུག་ན་ཡང་དགེ་སློང་བདག་ཉིད་གསོད་པའི་ཉེས་པ་སྦོམ་པོ་ལྕི་བར་འགྱུར་རོ་ཞེ་ན། བདག་ཉིད་ཀྱི་སྲོག་འབད་པས་དོར་ན་ཉེས་པ་ལྕི་བ་དེ་ལྟར་འགྱུར་ཡང་། ཡལ་བར་འདོར་ན་་་་་་བདག་ཉིད་གསོད་པའི་ཉེས་པ་ལྕི་བ། དེ་ལྟར་མི་འགྱུར་ཏེ། ཚུལ་ཁྲིམས་བསྲུང་བར་འདོད་པ་ལ་སེམས་པ་ཞུགས་པ་ཡིན་གྱི་བདག་ཉིད་གསོད་པར་འདོད་པ་ལ་སེམས་པ་ཞུགས་པ་མ་ཡིན་པའི་ཕྱིར་རོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གནང་བ་གཏན་ནས་མེད་ན་འོ་ན་སྲོག་གཅོད་པ་ལ་སོགས་པའི་སྐབས་སུ་ལུང་རྣམ་འབྱེད་ལས་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བ་དག་གིས་ཉེས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་ཅི་ཞེ་ན། ལྟུང་བ་མེད་དོ་ཞེས་གསུངས་ཀྱང་གནང་བ་ནི་མ་ཡིན་ཏེ། སྨྱོ་བ་ལ་སོགས་པ་ནི་བཅས་པའི་རྟེན་མ་ཡིན་པའི་ཕྱིར་གནང་བའི་བཅས་པ་མེད་དོ། །གསུམ་པ་བཅས་འགལ་གྱི་ཁ་ན་མ་ཐོ་བ་ནང་འདོམ་ན་ལྡོག་འཇུག་ཇི་ལྟར་བྱ་བ་ནི། དྲི་བ་གསུམ་ལས། དྲི་བ་དང་པོ་ནི་བཅས་པ་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན། བཅས་པ་ཆེ་བའི་ངོར་ཆུང་བ་གནང་བའི་ངེས་པ་མེད་བཅས་པ་ཆུང་བའི་ངོར་ཆེ་བ་གནང་བའང་ཡོད་པའི་ཕྱིར་ཏེ། དབྱར་ཕྱི་མ་ཟླ་བ་གཉིས་ལ་བབ་པའི་ཚེ་ན་དགེ་སློང་སྡིག་ཅན་ཉེ་བར་འོངས་པའི་སྐབས་སུ།་་་་་དབྱར་འདྲལ་བའི་ཉེས་བྱས་སྤང་བའི་ཕྱིར་ནུབ་ལྷག་ལྟུང་བྱེད་ཀྱི་བཅས་པ་གནང་བའི་ཕྱིར་རོ། །དེ་ནི་་་་་་ཀླུགས་དཀར་ན་རེ་བཅས་པ་ཆུང་བའི་ངོར་ཆེ་བ་གནང་བ་མིན་ཏེ། དབྱར་ཟླ་བ་གཉིས་ལ་བབ་པའི་ཚེ་ན་དགེ་སློང་སྡིག་ཅན་ཉེ་བར་འོངས་ཏེ་རང་གི་དགེ་ཚུལ་དང་ནུབ་ལྷག་པར་ཉལ་བ་གནང་བ་དེ་དབྱར་རལ་བའི་ཉེས་བྱས་སྤང་བའི་ཕྱིར་གནང་བ་མིན་གྱི། དགེ་ཚུལ་ལ་སྡིག་ལྟ་འབྱུང་བ་སྤང་བའི་ངོར་གནང་བ་ཡིན་ནོ་ཞེ་ན། འདི་ནི་དབྱར་དྲལ་བའི་ཉེས་བྱས་སྤང་དགོས་པ་གཙོ་བོར་བྱས་ཏེ་ནུབ་ག་ཉལ་གནང་བ་ཡིན་གྱི། སྡིག་ལྟ་སྤང་བ་དེ་ཁོ་ནའི་ཕྱིར།་་་་་མ་ཡིན་ཏེ་སྡིག་ལྟ་སྤང་བ་ནི་དབྱར་གྱི་ཚུལ་དྲལ་ཏེ་་་་་་དཔོན་སློབ་གཉིས། གནས་གཞན་དུ་ཕྱིན་པས་འགྲུབ་ཀྱང་དེར་འགྲོ་བ་མ་གནང་བའི་ཕྱིར་རོ། །དྲི་བ་གཉིས་པ་ནི། བཅས་པ་མཉམ་པོ་ལ་བྱ་བ་དེ་འབྲེལ་གྱི་དགག་དགོས་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན། གནང་བར་ངེས་ཏེ། བཅས་པ་མཐའ་དག་དགག་དགོས་ལ་ལྟོས་པའི་ཕྱིར་རོ། །དྲི་བ་གསུམ་པ་ནི། བྱ་བ་དེ་འབྲེལ་གྱི་དགག་

༼༣༤༣༽

དགོས་མཉམ་པོ་ལ་བཅས་པ་ཆེ་བའི་ངོར་ཆུང་བ་གནང་ངམ་མ་གནང་ཞེས་འདྲི་ན་གནང་བར་ངེས་ཏེ། བྱ་བ་དེ་འབྲེལ་གྱི་དགག་དགོས་མཉམ་ཡང་། བཅས་པ་ཆེ་ཤོས་དེ་བཅས་པ་རྣམ་འཇོག་གི་དགག་དགོས་ཆེ་བའི་ཕྱིར་རོ། །བཞི་པ་བཅས་པ་ཆེ་ཆུང་དང་དགག་དགོས་ཆེ་ཆུང་འབྲེལ་ལམ་མ་འབྲེལ་བསམ་པ་ནི་ཁ་ཅིག་ན་རེ་དེ་གཉིས་འབྲེལ་བའི་ངེས་པ་མེད་དེ། དགག་བྱ་ཆེ་ལ་བཅས་པ་ཆུང་བ་ཡོད་པའི་ཕྱིར་དང་། དགག་བྱ་ཆུང་ལ་བཅས་པ་ཆེ་བའང་ཡོད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་འཁོར་ལོའི་དབྱེན་བྱས་ན། དགག་བྱ་ཆེ་སྟེ་སྡིག་པ་མཚམས་མེད་བྱུང་ཡང་། བཅས་པ་ཆུང་སྟེ་ལྟུང་བ་ན་སྨད་དུ་བཅས་པའི་ཕྱིར་དང་དགེ་སློང་མའི་འཆབ་པའི་ཕམ་པ་ལ་དགག་བྱ་དེ་སྙེད་ཆེ་རྒྱུ་མེད་ཀྱང་བཅས་པ་ཆེ་སྟེ་ཕམ་པར་བཅས་པའི་ཕྱིར་ཞེས་ཟེར་རོ། །དེ་ཡང་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དགེ་འདུན་གྱི་དབྱེན་བྱས་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེའང་། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བར་མ་གྲུབ་སྟེ། དེ་བཞིན་གཤེགས་པ་དང་མཇལ་ན་དད་གུས་བྱེད་པ་འབྱུང་ཉེ་སངས་རྒྱས་ལ་བཀྲོངས་པར་འདོད་པས་མཚོན་བརྡེག་པ་འབྱུང་བ་རིང་བས། ངན་སེམས་ཀྱིས་ཁྲག་འབྱིན་པ་དང་འཁོར་ལོའི་དབྱེན་བྱེད་པ་ནི་སྲིད་པ་ཙམ་ཡིན་པས།་་་་་དེ་དག་བྱེད་པ་འབྱུང་རིང་འབྲེལ་ཆུང་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །འཆབ་པའི་ཕམ་པ་ལ་བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་བར་མ་ངེས་ཀྱང་། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་བ་ཡིན་ཏེ། བུད་མེད་འཆབ་པའི་སྲེད་པ་ཤས་ཆེ་ཞིང་དགེ་སློང་མ་རྣམས་ཕན་ཚུན་ཕམ་པ་འཆབ་རེས་བྱེད་ཅིང་། མཚང་གྲོགས་སུ་གྱུར་ནས་དགེ་འདུན་མ་རྣམས་ཚུལ་ཁྲིམས་མི་དག་པའི་དགག་བྱ་ཆེས་ཆེ་བ་ཡོད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། བྱ་བ་དེ་འབྲེལ་གྱི་དགག་དགོས་ཆེ་ཆུང་དང་བཅས་པ་ཆེ་ཆུང་འབྲེལ་བའི་ངེས་པ་མེད་ལ། བཅས་པ་རྣམ་པར་འཇོག་བྱེད་ཀྱི་དགག་དགོས་ཆེ་ཆུང་དང་བཅས་པ་ཆེ་

༼༣༤༤༽

ཆུང་འབྲེལ་བར་ངེས་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་ཆེ་ན་བཅས་པ་ཆེ་ལ། དགག་བྱ་དེ་ཆུང་ན་བཅས་པ་ཡང་ཆུང་སྟེ། མི་དང་མི་མིན་དང་དུད་འགྲོ་བསད་པ་ལ་བཅས་པ་ཆེ་ཆུང་གསུམ་དུ་རྣམ་པར་བཞག་པ་བཞིན་ནོ། །གསུམ་པ་རང་གི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བྱིན་ལེན་ལ་སོགས་པའི་བཅས་པ་འགའ་ཞིག་བསྲུང་བ་དང་། དབེན་པར་གནས་ཏེ་བདག་མེད་བསྒོམས་ན་རང་གི་རྒྱུད་ལ་ལམ་གོང་མ་སྐྱེ་ངེས་པ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་ན། དེ་གཉིས་གང་གལ་ཆེ་སྙམ་ན།་་་་་ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། རང་གི་ཚུལ་ཁྲིམས་ཀྱི་བར་ཆད་སྤང་བའི་དོན་དུ་བཅས་པ་རྣམས་གནང་བ་ནི་སྔར་བསྟན་ཟིན་ལ། ཚུལ་ཁྲིམས་བསྲུང་བ་དེའང་ལམ་གོང་མ་རྒྱུད་ལ་སྐྱེ་བ་དེའི་དོན་དུ་བསྲུང་བ་ཡིན་པའི་ཕྱིར་ན། བཅས་པ་དེ་སྲུང་བ་བས་རང་གི་ལམ་གོང་མ་སྐྱེ་བའི་བར་ཆད་སྤངས་པ་དེ་དགོས་པ་ཆེ་བའི་ཕྱིར་རོ་ཞེས་གསུངས་སོ། །དེའང་དགོན་པ་བས་ཆོས་གོས་དང་ཞག་དྲུག་འབྲལ་དུ་གནང་བ་ལྟ་བུའོ། །གཉིས་པ་གཞན་གྱི་གཙོ་བོའི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ལ་གསུམ་སྟེ། ཉན་ཐོས་ཀྱི་ལུགས་ཀྱི་སྙིང་རྗེ་དང་ལྡན་པའི་གསོད་སེམས་ཀྱིས་བསད་ནའང་རང་བཞིན་གྱི་སྡིག་པ་སྟེ། གཏམ་གྱི་གཞི་དང་རྣམ་བཤད་རིགས་པ་ལས་བཤད་དོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་བརྐུ་ནའང་རང་བཞིན་གྱི་སྡིག་པའོ། །་་་་་གཞན་གྱི་སྲོག་གི་བར་ཆད་དང་། གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་དང་། གཞན་གྱི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་གཞན་གྱི་སྲོག་གི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུངས་ན་ནི་གཞན་གྱི་སྲོག་ཆད་པ་མི་སྐྱོབ་ལ། བཅས་པ་དེ་མ་བསྲུངས་པར་དྲལ་ན་གཞན་གྱི་སྲོག་ཆད་པ་སྐྱོབ་པར་འགྱུར་ན། ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། བུད་མེད་ཆུས་ཁྱེར་བ་བཟུང་བའི་ཕྱིར་རེག་ཏུ་གནང་སྟེ། སྙིང་བརྩེ་བས་སྡུག་བསྔལ་ལས་ཐར་བར་བྱ་བ་ལ་ནི་ལྟུང་བ་མེད་དེ་ཞེས་གསུངས་པ་ལྟ་བུའོ། །རིགས་པས་ཀྱང་བཅས་པ་དེ་

༼༣༤༥༽

བསྲུངས་པ་བས་གཞན་གྱི་སྲོག་གི་བར་ཆད་བསྲུངས་པ་དེ་དགོས་པ་ཆེ་བའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ་གཞན་གྱི་སྲོག་གི་བར་ཆད་སྤང་བའི་ངོར་བཅས་་་་་་པ་གནང་། པའི་ངེས་པ་མེད་དེ། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་པ་དང་། མའི་རྣམ་འབྱེད་ལས། བུད་མེད་གསོད་པའི་ཕྱིར་ཡུལ་མིའི་དམག་ཚོགས་པ་ཡིད་མཐུན་པ་བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བ་སྟེ།་་་་་བུད་མེད་སྐྱོན་གསུམ་ལྡན་རབ་ཏུ་བྱུང་བ་ལ་དགེ་འདུན་ལྷག་མའི་ལྟུང་བར་བཅས་པའི་ཕྱིར་ཞེས་ཟེར་རོ། །སྔ་མ་ནི་སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་ན་ཉེས་བྱས་ཞེས་བསྟན་པ་ཡིན་ལ། རྐུ་སེམས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ། ཉན་ཐོས་ཀྱི་ལུགས་ཀྱི་སྙིང་རྗེ་དང་ལྡན་པའི་གསོད་ན་ཡང་རང་བཞིན་གྱི་སྡིག་པ་སྟེ་རྣམ་བཤད་རིགས་པ་ལས་བཤད་དོ།་་་་་གཞན་གྱི་སྲོག་གི་བར་ཆད་སྤང་བའི་ངོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གནང་ཡང་འདིར་བཅས་པ་རྣམས་གནང་བ་ལ་འགལ་བ་མེད་དོ། །ཕྱི་མ་ནི་བུད་མེད་སྐྱོན་གསུམ་ལྡན་དེ་རབ་ཏུ་ཕྱུང་ཡང་བུད་མེད་དེའི་སྲོག་གི་བར་ཆད་མི་སྤོང་ཞིང་བསྟན་པ་ལ་རྨ་འབྱིན་པའི་དགག་བྱ་ཡོད་པ་སྟེ། བུད་མེད་དེ་རབ་ཏུ་བྱུང་ཡང་དེའི་སྲོག་གཅོད་པ་དགེ་སློང་མ་རྣམས་ཀྱིས་སྐྱབས་པར་མ་ནུས་ནས་ཕྱིས་བཙུན་མོ་ཕྲེང་ལྡན་མ་ལ་སྐྱབས་སུ་སོང་བར་གསུངས་སོ། །གཉིས་པ་གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། དགེ་སློང་གིས་བཅས་པ་འགའ་ཞིག་བསྲུང་བ་དང་། གཞན་རྒྱུད་སྡིག་པས་གོས་པར་འགྱུར་པ་གཉིས་ཐབས་གཞན་མེད་པར་འདོམ་ན། ཆང་འཐུང་བ་ལ་སོགས་པ་འགའ་རེ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། དབྱར་ཕྱི་མ་ཟླ་བ་གཉིས་ལ་བབ་པ་ན། དཔོན་སློབ་གཉིས་གནས་གཞན་དུ་ཕྱིན་ན། དབྱར་གྱི་ཚུལ་དྲལ་བར་འགྱུར་ལ། རང་གི་དགེ་ཚུལ་དང་གནས་གཅིག་ཏུ་ཉལ་བར་མ་བྱས་ན།་་་་་དགེ་སློང་སྡིག་ཅན་གྱིས་རང་གི་དགེ་ཚུལ་སུན་འབྱིན་པའམ་སྡིག་ལྟ་ལ་འགོད་པར་གྱུར་ན་དེ་དགག་པའི་ཕྱིར་ནུབ་ལྷག་པར་ཉལ་བ་གནང་བ་ལྟ་བུའོ། །རིགས་པས་ཀྱང་བཅས་པ་དེ་བསྲུངས་པ་བས་གཞན་གྱི་ཚུལ་ཁྲིམས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་བའི་ཕྱིར་ཞེས་གསུངས་སོ། །གསུམ་པ་གཞན་གྱི་དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་

༼༣༤༦༽

རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི་བཙུན་མོའི་འཁོར་དུ་ནུབ་མོ་མི་གནས་པ་ལྟ་བུའི་བཅས་པ་འགའ་ཞིག་བསྲུང་བ་དང་། དེར་ནུབ་མོ་གནས་ཏེ་ཆོས་བསྟན་ན་བཙུན་མོ་ལ་མཐོང་ལམ་སྐྱེ་བ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་པ་ན། དེ་གཉིས་གང་གལ་ཆེ་སྙམ་ན།་་་་་ཆང་འཐུང་བ་ལ་སོགས་པ་འགའ་རེ་ཙམ་མ་གཏོགས་པ་བཅས་པ་རྣམས་གནང་སྟེ། ཤཱ་རིའི་བུས་བཙུན་མོ་དཔལ་ལྡན་མ་ལ་མཚན་ཐོག་ཐག་ཆོས་བསྟན་པས་བཙུན་མོས་མཐོང་ལམ་ཐོབ་པ་ལྟ་བུའོ། །རིགས་པས་ཀྱང་བཅས་པ་དེ་བསྲུངས་པ་བས་གཞན་གྱི་ལམ་གོང་མ་སྐྱེ་བའི་བར་ཆད་སྤངས་པ་དེ་དགོས་པ་ཆེ་བའི་ཕྱིར་རོ་ཞེས་གསུང་ངོ་། །གཉིས་པ་གཙོ་བོ་མ་ཡིན་པའི་བར་ཆད་ཀྱིས་གསུམ་སྟེ།་་་་་རང་ངམ་གཞན་གྱི། ལུས་ཀྱི་བར་ཆད་དང་། ལོངས་སྤྱོད་ཀྱི་བར་ཆད་དང་། བསོད་ནམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་ལུས་ཆུད་ཟོས་སུ་འགྱུར་བ་་་་་་སྟེ་མི་འཆི་ཡང་ཞ་ལོང་ལ་སོགས་པར་འགྱུར་བ། དེ་མི་སྤོང་ལ། མ་བསྲུངས་ན་དེ་སྤོང་བ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་པ་ན།་་་་་དེ་གཉིས་གང་གལ་ཆེ་སྙམ་ན་བཅས་པ་རྣམས་གནང་ངོ་ཞེས་བྱའོ་ཞེས་ཕྱོགས་གཅིག་ཏུ་མེད་ལ། མ་གནང་ངོ་ཞེས་ཕྱོགས་གཅིག་ཏུ་ཡང་མེད་དེ། ཤེས་རབ་ཀྱི་སྲུང་ལ་དགག་དགོས་ཀྱི་ལྗིད་སྡུད་ལ། དེ་གཉིས་དགག་དགོས་གང་ཆེ་བརྟགས་ཏེ་བཅས་པ་བསྲུངས་པ་དགོས་པ་ཆེ་ན་མི་གནང་ལ། ལུས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་་་་་་བཅས་པ་དེ། གནང་སྟེ། ནད་པའམ་ནད་གཡོག་མར་མེ་ལ་སོགས་པའི་སྣང་ལ་ཉལ་དུ་གནང་བ།་་་་་བ་ལྟ་བུའོ། །གཉིས་པ་ལོངས་སྤྱོད་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་བ་མེད་པ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་ལོངས་སྤྱོད་ཆུད་ཟོས་སུ་འགྱུར་བ་དེ་མི་སྤོང་ལ། མ་བསྲུངས་ན་སྤོང་བ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་ན་་་་་་དེ་གཉིས་གང་གལ་ཆེ་སྙམ་ན། དེ་དག་དགག་དགོས་གང་ཆེ་བ་རྟགས་ཏེ། བཅས་པ་བསྲུང་བ་དགོས་པ་ཆེ་ན་མི་གནང་ལ། ལོངས་སྤྱོད་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་བཅས་པ་དེ་གནང་བ་སྟེ། འཇིགས་

༼༣༤༧༽

པར་གྱུར་ན་རང་གི་ལ་མི་གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་ནས་སམ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་གནང་བ་ལྟ་བུའོ། །གསུམ་པ་བསོད་ནམས་ཀྱི་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལྟུང་བ་མེད་པ་ནི། བཅས་པ་འགའ་ཞིག་བསྲུངས་ན་རང་ངམ་གཞན་གྱི་བསོད་ནམས་དེ་མི་འགྲུབ་ལ། མ་བསྲུངས་ན་བསོད་ནམས་དེ་གྲུབ་པ་ལྟ་བུ་སྟེ། དེ་གཉིས་ཐབས་གཞན་མེད་པར་འདོམ་པ་ན་་་་་་དེ་གཉིས་གང་གལ་ཆེ་སྙམ་ན། དེ་གཉིས་གང་གལ་ཆེ་བརྟག་སྟེ། བཅས་པ་བསྲུང་བ་དགོས་པ་ཆེ་ན་མི་གནང་ལ། བསོད་ནམས་ཀྱི་བར་ཆད་སྤངས་པ་དེ་དགོས་པ་ཆེ་ན་་་་་་བཅས་པ་དེ། གནང་སྟེ། དཀོན་མཆོག་མཆོད་པའི་དོན་དུ་གླུ་བླང་དུ་གནང་བ་དང་སྦྱིན་བདག་བསོད་ནམས་འདོད་པར་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་བསྐུད་པ་བརྟེན་པར་བྱའོ། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་སྒྲུབ་པར་མི་ནུས་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ལྟུང་བ་མེད་པ་ལ་གསུམ་སྟེ། ཤེས་པ་ལ་རང་དབང་མེད་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། བྱ་དཀའ་བས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པ་དང་། ལྟུང་བ་ནང་འདོམ་པས་སྒྲུབ་པར་མི་ནུས་པ་ལ་ལྟུང་བ་མེད་པའོ། །དང་པོ་ནི་སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་པ་སྟེ། སྔར་བཤད་ཟིན་ཏོ། །གཉིས་པ་ནི་མཐའ་འཁོབ་ཏུ་དགེ་སློང་བཅུ་བཙལ་དུ་མེད་ན་ལྔའི་ཚོགས་ཀྱིས་བསྙེན་རྫོགས་བྱེད་པ་གནང་བ་ལྟ་བུའོ། །གསུམ་པ་ནི་བཅས་པ་མཉམ་ཞིང་དགག་དགོས་ཀྱང་མཉམ་པོ་གཉིས་འདོམ་ན་བཅས་པ་གཅིག་མ་བསྲུངས་པ་ལ་ལྟུང་བ་མེད་པ་སྟེ། དགེ་སློང་མས་་་་་་ཁྲིམས་གྲོགས་ཁྲིད་དེ་སོང་བ་ན་ཐང་ཆེན་པོའི་དབུས་སུ་ཁྲིམས་གྲོགས་ཤི་ནས་དེར་འདུག་ན། ཉིན་མོ་འབྲལ་བ་དང་དགེ་སློང་མས་གཅིག་པུ་ལམ་དུ་འགྲོ་བ་གཉིས་ཐབས་གཞན་མེད་པར་འདོམ་ན། གཅིག་པུ་ལམ་དུ་འགྲོ་བ་ལ་ཉེས་པ་མེད་པ་ལྟ་བུའོ། །གཉིས་པ་ཡན་ལག་གི་དོན་ནི་རྐུ་བར་གཏན་ནས་མ་བསམ་པའི་རྫས་ཁྱེར་བ་ལ་མ་བྱིན་ལེན་གྱི་ལྟུང་བ་རྣམ་གཞག་སྔར་མེད་གསར་དུ་བསྐྱེད་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ། །འདི་ནི་ཞུ་བ་ལས་དགེ་སློང་གིས་རྐུ་སེམས་ཀྱིས་གདང་བུ་བརྐུས་པ་དེར་ཆོས་གོས་ཀྱང་མཆིས་ན་ཅིར་འགྱུར་ན་ཆོས་གོས་ཀྱི་གདང་བུའི་རིན་ཐང་

༼༣༤༨༽

བརྩི་བར་བྱའོ་ཞེས་གསུངས་སོ།་་་་་ཆོས་གོས་ཀྱི་རིན་ཐང་བརྩི་བར་ནི་མ་གསུངས་ཏེ་མ་བསམ་པའི་ཕྱིར་རོ་ཞེས་ཊཱིཀ་ལས་བཤད་པ་དང་། །རང་གི་བསམ་པ་དང་བརྐུ་བའི་བསམ་པ་དང་ཡིད་གཅུགས་པའི་སེམས་དག་གིས་ཞེས་པའི་ཊཱི་ཀ་ལས་རང་གི་སེམས་ལ་སོགས་པ་དེ་དག་གིས་རྐུ་སེམས་མེད་པར་ཞེས་པ་དང་། སྐབས་འདིར་རྣམ་འབྱེད་ལས་ཀྱང་རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་སྟེ་ཞེས་བཤད་དོ། །རྐུ་སེམས་མེད་པར་ཞེས་སྨོས་མི་དགོས་ཏེ། རང་གི་རྫས་ལ་རྐུ་སེམས་མི་སྲིད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཊཱི་ཀ་ལས་རང་གི་རྫས་གཞན་གྱི་ལག་ཏུ་བཅོལ་བ་ལ་བསྐྱིན་པ་འཇལ་དུ་གཞུག་སྙམ་ནས་ཕྱིས་རྐུ་སེམས་ཀྱིས་བརྐུ་བར་བྱེད་པ་ཡོད་པས་ཞེས་པ་དང་། རྣམ་འབྱེད་ལས་དགེ་སློང་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་ཞེས་གསུངས་སོ།་་་་་སྐབས་འདིར་མདོ་རྩ་བ་ལས་རྐུ་སེམས་མེད་པ་ཞེས་མ་སྨོས་པ་ན་རྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་ཞེས་པའི་ཤུགས་ཀྱིས་གོ་བར་ནུས་པའི་ཕྱིར་རོ། །གཞན་ལ་གོ་བར་བྱས་ཏེ་ཞེས་པ་ནི་རྫས་འདི་བདག་གིས་བསྐུར་ཞེས་གོ་བར་བྱས་ཏེའོ་འདི་བདག་གིས་བསྐུར་རོ་ཞེས་གཞན་ལ་གོ་བར་བྱ་བ་འདི་ནི་སྐབས་འདིའི་ལུང་རྣམ་འབྱེད་ཀྱི་དཔེ་ཁ་ཅིག་ནས་མ་གསུངས་ཀྱང་རང་དགར་སྨྲས་པ་མ་ཡིན་ཏེ་ལུང་གཞན་ལས་གཞན་ལ་གོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་ཊཱི་ཀ་ལས་བཤད་དོ། །ལུང་གཞན་ལས་འབྱུང་ཞེས་གསུངས་ན། ལུང་གང་ལས་འབྱུང་ཞེ་ན། ལུང་གཅིག་ལས་འཕྲོས་པ་ལས་གསུངས་ཤིང་། ལུང་རྣམ་འབྱེད་ལས་ཀྱང་རྒྱུ་ལྔས་ནི་ལྟུང་བ་མེད་དོ། །ལྔ་གང་ཞེ་ན། རང་གི་འདུ་ཤེས་ཀྱིས་ལེན་པ་དང་། རེ་ཞིག་གི་འདུ་ཤེས་ཀྱིས་ལེན་པ་དང་། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པ་དང་། ལེན་པ་ན་གཞན་ལ་གོ་བར་བྱེད་པ་དང་། རྐུ་སེམས་ཉེ་བར་གནས་པར་མ་གྱུར་པ་སྟེ། རྒྱུ་དེ་ལྔས་ལྟུང་བ་མེད་དོ་ཞེས་གསུངས་སོ། །རྐུ་སེམས་མེད་པ་སྔར་བཤད་མ་ཐག་པ་དེ་དག་ལས་གཞན་ཞུ་བ་ལས་དགེ་སློང་གིས་དགེ་སློང་ལ་ཆེ་གེ་མོའི་ཡོ་བྱད་དེ་དག་རྐུས་ཤིག་ཅེས་བསྒོ་བ་ན། འོན་ཏེ་་་་་་གང་ལ་བསྒོ་བའི་དགེ་སློང་། འདི་སྙམ་དུ་་་་་་དེང་དགེ་སློང་ཡིན་པས་རྐུ་བར་མི་འོས། དེ་རྐུས་ཤིག་ཟེར་ཡང་ལོང་ཞིག་ཟེར་བར་འདུག་པས་ཡོ་བྱད། འདི་ནི་དེའི་

༼༣༤༩༽

འོ་སྙམ་ན་ལེན་པ་པོ་ལ་ལྟུང་བར་མི་འགྱུར་གྱི་ཞེས་གསུངས་པ་ལྟ་བུའོ། །བསམ་པ་རྣམ་དག་སྙིང་རྗེས་སྦྱོར་བ་རྣམ་དག་རྫུ་འཕྲུལ་གྱིས་འཕྲོགས་ན་མ་བྱིན་ལེན་གྱི་ལྟུང་བ་མེད་པ་སྟེ། རྐུ་སེམས་མེད་པའི་ཕྱིར་རོ། །དེའང་སྒོམ་བྱུང་གི་རྫུ་འཕྲུལ་ཡིན་པས་གྲུབ་བོ།་་་་་རྫུ་འཕྲུལ་ཅན་དེ་གང་ཟག་བཟང་པོ་ཡིན་པས་རྐུ་སེམས་མ་བྱུང་བའི་དབང་དུ་བྱས་པའོ། །ཞེས་གསུངས་སོ། །ཞུ་འགྲེལ་ལས་སྒོམ་བྱུང་གི་རྫུ་འཕྲུལ་ཅན་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་པས་རྐུ་སེམས་མེད་དོ་ཞེས་སོ། །གཙོ་བོ་མ་ཡིན་པའི་སེལ་བ་ལ་ན་སྨད་པ་ནི། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདི་ལ་གཉིས་ལས། དང་པོ་སྤྱིའི་དོན་ཏོ། །དེ་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། བཅས་པ་ཅིག་གིས་བསྡུས་པའི་ལྟུང་བ་ཆེ་ཆུང་བདེ་བླག་ཏུ་རྟོགས་པ་སྟེ། དེ་ལ་བརྟེན་ནས་ལྟུང་བ་ཆེ་ཆུང་གི་ཕྱིར་བཅོས་གང་ཡིན་བྱས་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་བཅས་པ་གཅིག་གིས་བསྡུས་པའི་གནས་སྐབས་ཀྱི་དབྱེ་བ་ནི་བཞི་སྟེ། བསླབ་པར་བྱ་བ་དང་། སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་དངོས་གཞི་རྫོགས་པའོ། །དང་པོ་ལ་གཉིས་ཏེ། སྐབས་ནས་བྱུང་བའི་བསླབ་བྱ་དང་། སྐབས་སུ་གཏོགས་པའི་བསླབ་བྱའོ། །དང་པོ་ནི་འཁྲུར་འཇུག་གི་གླེང་གཞིའི་སྐབས་ནས་བྱུང་བའི་སྦྲུམ་མ་དབེན་པར་གཞག་གོ །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་གསུམ་ལས། བརྒྱུད་པ་རྒྱུད་འགྲོར་མཐུན་པའི་བསླབ་བྱ་ནི། ཕམ་པ་དང་པོའི་སྐབས་ནས། མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །སྦྱོར་བ་རྗེས་སྒྲུབ་མཐུན་པའི་བསླབ་བྱ་ནི། བརྡེག་པའི་ལྟུང་བྱེད་ཀྱི་སྐབས་ནས། ཀ་བ་ལ་བརྡེག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དགག་བྱ་ཉེས་དམིགས་མཐུན་པའི་བསླབ་བྱ་ནི། མི་རེག་གི་སྐབས་ནས། སེང་གེ་ལ་རེག་པར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་བསླབ་བྱ་ལས་འདས་ན་ཉེས་བྱས་བསྐྱེད་དོ། །དེ་ཡང་བསླབ་བྱའི་སྒྲ་བཤད་ནི། ལྟུང་བ་རྣམ་གཞག་གིས་མི་གོས་པར་བྱ་བའི་དོན་དུ་བསླབ་པར་བྱ་བ་ཡིན་པས་ན་དེ་ཞེས་བྱ་སྟེ། དེ་ལྟར་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །གཉིས་པ་

༼༣༥༠༽

སྦྱོར་བའི་སྦྱོར་བ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་། བཏགས་པ་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བའི་སྦྱོར་བ་སེམས་བསྐྱེད་པ་དང་། སྦྱོར་བའི་སྦྱོར་བ་ལུས་ངག་ཏུ་གྲུབ་པའོ། །དང་པོ་ནི་ལུས་ངག་ཏུ་མ་གྲུབ་ཀྱང་རྐུ་བར་འདོད་པའི་བསམ་པ་སྐྱེས་པ་ལྟ་བུའོ། །དེ་ལ་ཉེས་པ་ནི་བསྡམ་བྱ་འབྱུང་སྟེ། འོད་ལྡན་རྩ་བ་ལས། སེམས་བསྐྱེད་པ་ལ་བསྡམ་བྱ་ཞེས་སོ། །གཉིས་པ་ནི་དགེ་སློང་གིས་རྐུ་བར་འདོད་པས་ཁྲི་ལས་ལྡང་བ་ནས་གོམ་པར་འདོར་བར་བྱེད་ཅིང་། བརྐུ་བྱའི་རྫས་ལ་ནོམ་ཉུག་མི་བྱེད་པའི་གནས་སྐབས་ཏེ། ནོམ་པའི་སྔ་རོལ་ཏུ་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་སོ། །དེ་ལ་ལྟུང་བ་ནི་ཉེས་བྱས་འབྱུང་སྟེ། ལུང་རྣམ་འབྱེད་ལས་དགེ་སློང་གིས་རྐུ་སེམས་ཀྱིས་ཁྲི་ལས་ལྡང་བར་བྱེད། འགྲོ་བར་བྱེད་ཅིང་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་ལུས་ངག་ཏུ་གྲུབ་པ་ལ། ལྟུང་བ་རང་རང་གི་ཆེས་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྦྱོར་བའི་སྒྲ་བཤད་ནི་རང་རང་གི་སྦྱོར་བ་མཚན་ཉིད་པ་ལ་སྦྱོར་བར་བྱེད་པས་ན་དེ་ཞེས་བྱའོ། །གཉིས་པ་སྦྱོར་བའི་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བ་དང་། དངོས་གཞིའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི་སྦྱོར་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ལས་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པའི་སྒོ་ནས་སྦྱོར་བ་དང་རྣམ་པ་འདྲ་བས་ན་སྦྱོར་བའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི་ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་ལྟ་བུ་སྟེ། སྤྱིར་བཏང་ལ།་་་་་ཡན་ལག་གཉིས་མ་ཚང་ལ་མཐར་ཐུག་གྲུབ་པའོ། །དེ་ཡང་མཐར་ཐུག་པས་ན་དངོས་གཞིའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་

༼༣༥༡༽

པས་ན་སྦྱོར་བའི་སྦྱོར་བ་ཞེས་བྱ། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གསུམ་པ་སྦྱོར་བ་ལ་གཉིས་ཏེ། སྦྱོར་བ་མཚན་ཉིད་པ་དང་། སྦྱོར་བ་བཏགས་པ་བའོ། །དང་པོ་ནི་དགེ་སློང་གིས་རྐུ་བར་འདོད་པས་མཐར་ཐུག་གི་སྔ་རོལ་ན། བརྐུ་བྱའི་རྫས་ལ་ནོམ་པར་བྱེད་ཉུག་པར་བྱེད་པ་ལྟ་བུའོ། །དེ་ལ་ལྟུང་བ་ནི་སྦྱོར་བའི་སྦོམ་པོ་འབྱུང་སྟེ། ལུང་རྣམ་འབྱེད་ལས་ནོམ་པར་བྱེད། ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་ལྟུང་བ་གཞན་རྣམས་ཀྱི་ཡང་སྦྱོར་བ་མཚན་ཉིད་པ་ལ། ལྟུང་བ་རང་རང་གི་ན་སྨད་བསྐྱེད་དོ། །དེ་ཡང་སྦྱོར་བའི་སྒྲ་བཤད་ནི། རང་རང་གི་ལྟུང་བ་དངོས་གཞི་རྫོགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་ཞེས་བྱའོ། །གཉིས་པ་སྦྱོར་བ་བཏགས་པ་བ་ལ་གཉིས་ཏེ། སྦྱོར་བའི་རྣམ་པའི་སྦྱོར་བ་བཏགས་པ་བ་དང་། དངོས་གཞི་རྣམ་པའི་སྦྱོར་བ་བཏགས་པ་བའོ། །དང་པོ་ནི་རྐུ་བའི་སྦྱོར་བ་བྱེད་བཞིན་པའི་གནས་སྐབས་ལས་བརྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། མཐར་མ་ཐུག་པས་ན་སྦྱོར་བའི་རྣམ་པ་ཞེས་བྱ་རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ཞེས་བྱ། སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །གཉིས་པ་ནི་མིའི་རྫས་རིན་ཐང་མ་ཚང་བ་བརྐུས་པས་ཐོབ་བློ་སྐྱེས་པ་ལྟ་བུ་སྟེ། སྤྱིར་བཏང་ལ།་་་་་ཡན་ལ་གཅིག་མ་ཚང་བ་ལ་མཐར་ཐུག་གྲུབ་པའོ། །དེ་ཡང་མཐར་ཐུག་པས་ན་དངོས་གཞིའི་རྣམ་པ་ཞེས་བྱ། རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཉམ་དུ་བསྐྱེད་པས་ན་སྦྱོར་བ་ཞེས་བྱ། སྦྱོར་བ་ཞེས་མིང་བཏགས་ཀྱང་སྦྱོར་བ་མཚན་ཉིད་པ་མ་ཡིན་པས་ན་བཏགས་པ་བ་ཞེས་བྱའོ། །བཞི་པ་དངོས་གཞི་རྫོགས་པ་ནི་་་་་་སྡེ་ལྔ་ལྟུང་ཐུན་ཅིག སྔར་བསྟན་ཟིན་ཅིང་རང་རང་གི་སྐབས་སུ་ཡང་ཤེས་པར་འགྱུར་རོ། །གཉིས་པ་དབྱེ་བ་དེ་དག་སོ་སོའི་མཚན་ཉིད་ནི་གནས་སྐབས་བཞི་པོ་རང་རང་གི་མཚན་ཉིད་རིམ་པ་བཞིན་སྟོན་ཏེ། དེ་ཡང་དང་པོ་བསླབ་པར་བྱ་བའི་མཚན་ཉིད་ནི་ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་མ་བསླང་བའི་གནས་སྐབས་ལ་འདུལ་བའི་བསླབ་པའི་གཞི་

༼༣༥༢༽

རྣམ་པར་བཞག་པའོ། །བསླབ་བྱ་ལས་འདས་པའི་ཉེས་བྱས་ཀྱི་མཚན་ཉིད་ནི། ཉེས་ལྟུང་གང་ཞིག་་་་་་ཅེས་པས་ཁྱིམ་པས་སྡིག་པའི་ཉེས་རྩོམ་བྱེད་པ་སེལ། ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་མ་བསླང་བའོ། །་་་་་ཞེས་པས་རང་རང་གི་སྦྱོར་བ་དང་སྦྱོར་བའི་སྦྱོར་བའི་ཉེས་བྱས་སེལ། གཉིས་པ་་་་་་མཐར་ཐུག་གྲུབ་པ་ན་བརྐུས་པའི་ཕམ་པར་འགྱུར་ངེས་ཀྱི་དབང་དུ་བྱས་ཏེ་དགེ་སློང་གིས་བརྐུ་བའི་ཆེད་དུ་འགྲོ་བ་ལྟ་བུ་སྟེ། ལྟུང་པ་རྣམ་གཞག་གི་གནས་སྐབས་ཀྱི་སྦྱོར་བའི་སྦྱོར་བ་རང་མཚན་པའི་ཐ་སྙད་བྱ་རུང་གི་མཚན་ཉིད་ནི་ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བའི་ཉེས་རྩོམ་གང་ཞིག་དགག་བྱ་ཆེས་མ་རྫོགས་པས་དོན་ཁྱད་པར་དུ་བྱས་པ་ཡིན་ཞིང་་་་་་ཞེས་པས་སྦྱོར་བ་མཚན་ཉིད་པ་སེལ། འདི་ནི་དོན་ཁྱད་པར་དུ་བྱས་པ་ཡིན་གྱི་རྟོག་པས་ཁྱད་པར་དུ་བྱས་པ་ནི་མིན་ནོ། །ཞེས་པས་སྡིག་པའི་ཉེས་རྩོམ་བྱེད་པ་སེལ། ལྟུང་བ་རྣམ་གཞག་གི་ཀུན་སློང་གིས་ཀུན་ནས་བསླང་བའོ། །སྦྱོར་བ་་་་་་དགེ་སློང་གིས་བརྐུ་བའི་ཆེད་དུ་འགྲོ་བཞིན་པ་ན་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་མ་གྲུབ་པ་ཉིད་ཡིན་པ་གང་ཞིག་སྦྱོར་བའི་སྦྱོར་བ་ཞེས་བརྡ་སྦྱོར་བ་བྱས་ཤིང་རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །ཡན་ལག་གཉིས་མ་ཚང་བ་མཐར་ཐུག་གྲུབ་པ་དགེ་སློང་གིས་ལྷ་རྫས་རིན་ཐང་མ་ཚང་བ་བརྐུས་པའི་མཐར་ཐུག་གྲུབ་པ་ལྟ་བུ་སྟེ། དངོས་གཞིའི་རྣམ་པའི་སྦྱོར་བའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་གྲུབ་པ་ཉིད་ཡིན་པ་གང་ཞིག་སྦྱོར་བའི་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་རང་རང་གི་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །གསུམ་པ་རྐུ་བའི་ཕམ་པར་འགྱུར་ངེས་ཀྱི་མཐར་ཐུག་གི་སྔ་རོལ་ཏུ་རྫས་ལ་ནོམ་ཉུག་བྱེད་པ་ལྟ་བུ་སྟེ།་་་་་ལྟུང་བ་རྣམ་གཞག་གི་སྐབས་ཀྱི་སྦྱོར་བ་་་་་་ཞེས་པས་ཁྱིམ་པས་སྡིག་པའི་ཉེས་རྩོམ་བྱེད་པ་སེལ། རང་མཚན་པའི་ཐ་སྙད་བྱར་རུང་གི་མཚན་ཉིད་ནི། ལྟུང་བ་དངོས་གཞི་རྫོགས་པར་འགྱུར་བའི་ཉེས་རྩོམ་གང་ཞིག་་་་་་སྦྱོར་བ་བཏགས་པ་བར་སེལ། དགག་བྱ་ཆེས་མ་རྫོགས་པ་ལ་ལྟོས་ནས་དགག་བྱ་ཆེར་གྱུར་པས་དོན་ཁྱད་དུ་བྱས་ཡིན་ཞིང་་་་་་ཞེས་པས་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་སེལ། ལྟུང་པ་དངོས་གཞི་རྫོགས་པར་བསྐྱེད་པའི་དངོས་རྒྱུའི་ནུས་པ་མ་ཐོབ་པའོ།་་་་་མཐར་ཐུག་གྲུབ་པ་སེལ།

༼༣༥༣༽

།སྦྱོར་་་་་་དགེ་སློང་གིས་བརྐུ་བའི་ཆེད་དུ་རྫས་ལ་ནོམ་ཉུག་བྱེད་བཞིན་པ་ན་རྐུ་བའི་འདུན་པ་ལོག་པ་ལྟ་བུ་སྟེ། བའི་རྣམ་པའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་མ་གྲུབ་པ་ཉིད་ཡིན་པ་གང་ཞིག་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བའི་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །ཡན་ལག་གཅིག་མ་ཚང་ལ་མཐར་ཐུག་གྲུབ་པ་སྟེ་དགེ་སློང་གིས་མི་རྫས་རིན་ཐང་མ་ཚང་བ་བརྐུས་པའི་མཐར་ཐུག་གྲུབ་པ་ལྟ་བུ་སྟེ།་་་་་དངོས་གཞི་རྣམ་པའི་སྦྱོར་བ་བཏགས་པ་བའི་མཚན་ཉིད་ནི། མཐར་ཐུག་གྲུབ་པ་ཉིད་ཡིན་པ་གང་ཞིག་སྦྱོར་བ་ཞེས་བརྡ་སྦྱར་བ་བྱས་ཤིང་རང་རང་གི་སྦྱོར་བ་མཚན་ཉིད་པ་དང་ལྟུང་བ་ངོ་མཚུངས་བསྐྱེད་པའི་ནུས་པ་དང་ལྡན་པའོ། །བཞི་པ་ལྟུང་བ་དངོས་གཞི་རྫོགས་པའི་མཚན་ཉིད་ནི། ཕམ་པའི་མཚན་ཉིད་ལ་སོགས་པ་སྔར་བསྟན་ཟིན་ཏོ། །གསུམ་པ་མཚན་ཉིད་པ་གསུམ་གྱི་གནས་ལུགས་ལ་གསུམ་ལས། དང་པོ། གཞན་ལུགས་དགག་པ་ནི། ཁ་ཅིག་་་་་་བ་རང་། ན་རེ། སྦྱོར་བ་དང་སྦྱོར་བའི་སྦྱོར་བ་མཚན་ཉིད་པ་ལ་ལྟུང་བ་མེད་ཅིང་། ལྟུང་བ་དངོས་གཞི་གོ་རིམ་གཅིག་ཏུ་སྐྱེ་བ་ཡིན་པ་སྟེ། འདས་པ་དང་བཅས་པའི་ལས་ཆགས་པའི་ཕྱིར་རོ། །ལག་རྡུམ་ལྟ་བུ་མཛེས་པའི་བར་ཆད་དང་ལྡན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པར་བྱེད་ན་འདས་པ་དང་བཅས་པར་འགྱུར་ཡང་ལས་ཆགས་པའི་ཕྱིར་ན། མཛེས་པའི་བར་ཆད་ཅན། དེ་བསྙེན་རྫོགས་བྱེད་པ་ན་སྦྱོར་བ་ལ་ལྟུང་བ་མེད་པར་གྲུབ་བོ། །དེ་དང་རྒྱུ་མཚན་མཚུངས་པས་ན་སྦྱོར་བ་མཚན་ཉིད་པ་ཐམས་ཅད་ལ་ཡང་ལྟུང་བ་མེད་དོ་ཞེས་གྲག་གོ །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། རྣམ་འབྱེད་ལས་ནོམ་པར་བྱེད་ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྤགས་པ་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ་ཞེས་པ་ལ་སོགས་པ་་་་་་ལུང་རྣམ་འབྱེད་ལས་སྦྱོར་བ་ལ་སྦོམ་པོ་བསྐྱེད་པའི། གཞུང་བརྒྱ་ཕྲག་དུ་མ་དང་འགལ་ལོ། །དེ་ཐམས་ཅད་འདུན་པ་ལོག་པ་ལ་དགོངས་སོ། །འོ་ན་རྣམ་འབྱེད་ལས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་

༼༣༥༤༽

དང་་་་་་མེ་ཏོག་ཕྲེང་རྒྱུད་ལས་བཞམས་ཏེ་བསྒོས་ཀྱང་མི་གཏོང་ན་ཞེས་སོགས་བཤད་པ་དང་། འགལ་ལོ། །རིགས་པས་ཀྱང་སྦྱོར་བ་མཚན་ཉིད་པའི་བྱེ་བྲག སྲོག་གཅོད་ཕམ་པའི་བཅས་ལྡན་དགེ་སློང་གིས་གསོད་སེམས་ཀྱིས་མིའི་སྙིང་ལ་མཚོན་བསྣུན་པ་ཆོས་ཅན། ལྟུང་བ་མེད་པ་མི་འཐད་དེ། སྲོག་གཅོད་ཕམ་པའི་བཅས་ལྡན་དགེ་སློང་གིས་བསད་སེམས་ཀྱིས་མིའི་སྲོག་གཅོད་པའི་བྱ་བ་བྱས་པའི་ཕྱིར་རོ། །སྒྲུབ་བྱེད་གཞག་པ་ནི་གཞི་དེ་ལས་བྱུང་བའི་ཉེས་པས་ལས་ལ་མི་སྒྲིབ་པར་བཅས་པ་སྟེ། གནས་སྐབས་འགའ་ཞིག་ན་ལྟུང་བས་ལས་ཆགས་པ་ལ་མི་སྒྲིབ་པ་ཡང་ཡོད་དེ།་་་་་དགེ་འདུན་རྣམས་ཀྱི་ཐུན་མོང་གི་ལྟུང་བས་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པའི་གསོལ་བ་འབའ་ཞིག་པའི་ལས་ལ་མི་སྒྲིབ་པ་བཞིན་ནོ། །ཡང་ཁ་ཅིག་་་་་་ཤ་མིག ན་རེ། མཚན་ཉིད་པ་གསུམ་གྱི་ལྟུང་བ་གསུམ་པོ་རྫས་གཅིག་གནས་སྐབས་ཐ་དད་པ་ཡིན་ཏེ།་་་་་ཤིང་སྡོང་པོ་ལས། གདུང་བཞིན་ནོ་ཞེས་གྲག་གོ་་་་་དཔེར་ན་ལྗོན་ཤིང་གཅིག་ཉིད་ལ་དང་པོ་ལྕུག་ཕྲན། བར་དུ་སྡོང་དུམ། ཐ་མར་སྡོང་པོ་ཆེན་པོ་སྟེ། གནས་སྐབས་གསུམ་ཡོད་ཀྱང་། ཤིང་སྡོང་པོ་ངོ་བོ་གསུམ་མེད་ཀྱི་སྡོང་པོ་ངོ་བོ་གཅིག་ཡིན་པ་བཞིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ། དུས་སྔ་ཕྱི་ཐ་དད་ཀྱིས་བསྐལ་བའི་ངོ་བོ་གཅིག་ཡིན་པ་མི་སྲིད་པའི་ཕྱིར་རོ། །འོ་ན་མཚན་ཉིད་པ་གསུམ་གྱི་ལྟུང་བ་གསུམ་པོ་ཆོས་ཅན། ལྟུང་བའི་ངོ་བོ་ཆེ་ཆུང་གསུམ་ཡིན་པ་ཁེགས་པར་ཐལ། ལྟུང་བ་རྫས་གཅིག་ཡིན་པའི་ཕྱིར་རོ། །འདོད་ན་ཊཱི་ཀ་ལས། ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཉེས་བྱས་སོ། །ནོམ་པ་ན་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་པ་ན་ཕམ་པར་བསྟན་ཞེས་སོ། །གནོད་བྱེད་གཞན་ཡང་། ཆོས་ཅན་སྔར་བཞིན་བརྗོད་ཅིང་། རྫས་གཅིག་པའི་ཕྱིར། དུས་སྔ་ཕྱི་ཐ་དད་དུ་སྐྱེས་པ་མ་ཡིན་པར་ཐལ་བ་ལས། འདོད་ན་ཊཱི་ཀ་ལས། ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཞེས་སྔར་བཞིན་ནོ། །གནོད་བྱེད་གཞན་ཡང་ཆོས་ཅན་སྔར་བཞིན་བརྗོད་ཅིང་། རྫས་གཅིག་ཡིན་པའི་ཕྱིར། རང་རྒྱུ་ཐ་དད་ལས་སྐྱེས་པ་མ་ཡིན་པར་ཐལ་བ་ལས། འདོད་ན་ལྟུང་བ་གསུམ་པོ་དེ་རིམ་པ་བཞིན་དུ་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་མཐར་ཐུག་ལས་སྐྱེས་པར་བཤད་དེ། སུམ་བརྒྱ་པ་ལས། སེམས་བསྐྱེད་པ་ལ་བསྡམ་བྱ་དང་པོ་ཡི། །སྦྱོར་བ་ལ་ནི་ཉེས་བྱས་རིག་པས་བྱ། །ཕྱི་མའི་སྦྱོར་བ་ལ་ཡང་ཉེས་བྱས་ཡིན། །དངོས་གཞི་ཀུན་ལ་འདིར་ནི་

༼༣༥༥༽

དངོས་གཞི་ཡིན། །ཞེས་སོ། །གནོད་བྱེད་གཞན་ཡང་། ཆོས་ཅན་སྔར་བཞིན་བརྗོད་ཅིང་། ལྟུང་བ་རྫས་གཅིག་ཡིན་པའི་ཕྱིར། ལྟུང་བ་ངོ་བོ་གཞན་དང་གཞན་དུ་འབྲེལ་བ་མ་ཡིན་པར་ཐལ་བ་ལས། འདོད་ན་ཊཱི་ཀ་ལས། ལྟུང་བ་གཞན་དང་འབྲེལ་བའི་ཉེས་པ་གང་ཡིན་པ་དེ་ནི་ལྟུང་བ་དེ་བཤགས་པ་ཉིད་ཀྱིས་དེ་ཡང་བཤགས་པ་བྱས་པར་འགྱུར་རོ་ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ནི། མཚན་ཉིད་པ་གསུམ་གྱི་ལྟུང་བ་གསུམ་པོ་ཆོས་ཅན། རྫས་གཅིག་མ་ཡིན་ཏེ། རང་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར་དང་། དུས་སྔ་ཕྱི་ཐ་དད་དུ་སྐྱེས་པའི་ཕྱིར་རོ། །བམ་པོ་ལྔ་བཅུ་པ་ལས་་་་་་སྨྱན་བྱེད་ཅིང་མཐུན་པར་འགྱུར་བ་ལྷག་མ་དང་། སྦོམ་པོ་དང་། ཉེས་བྱས་ཏེ། རེ་རེ་ལ་ཡང་གསུམ་ཕྲུགས་སུ་འགྱུར་བས་ཞེས་བཤད་པས་རྫས་ཐ་དད་དུ་གྲུབ་བོ། །ལྟུང་བ་གསུམ་པོ་སྐྱེ་དུས་ན་སྔ་ཕྱི་ཐ་དད་དུ་སྐྱེས་ཀྱང་གནས་དུས་ན་གང་ཟག་གཅིག་གི་རྒྱུད་སྟེང་ན་གསུམ་ག་དུས་གཅིག་ཏུ་གནས་ཏེ་གང་ཟག་གཅིག་གིས་དགེ་བསྙེན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་རིམ་གྱིས་ཐོབ་ཀྱང་དུས་གཅིག་ཏུ་གནས་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། དགེ་སློང་གིས་ལྟུང་བ་ཕྱིར་བཅོས་པ་ཆོས་ཅན། ལྟུང་བ་དངོས་གཞི་ཕྱིར་བཅོས་བྱས་པས་རང་གི་སྦྱོར་ལྟུང་མི་འདག་པར་ཐལ། ལྟུང་བ་དངོས་གཞི་དང་རང་གི་སྦྱོར་ལྟུང་རྫས་ཐ་དད་པའི་ཕྱིར་རོ། །འདོད་ན་སྡེ་ཚན་ལས་སོ་ཞེས་པའི་ཊཱི་ཀ་ལས། ལྟུང་བ་གཞན་དང་འབྲེལ་བའི་ཉེས་པ་གང་ཡིན་པ་དེ་ནི་ལྟུང་བ་ཉིད་ཀྱིས་དེ་ཡང་བཤགས་པ་བྱས་པར་འགྱུར་རོ་ཞེས་བཤད་དོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། གྱང་དང་གྱང་རིས་རྫས་ཐ་དད་ཀྱང་། གྱང་བཤིག་པས་གྱང་རིས་མི་འཇིག་པའི་ཁྱབ་པ་མེད་པ་བཞིན་ནོ། །བྱེ་བྲག་སྨྲ་བ་ལྟར་ན་མི་གཅིག་ཉིད་ཆོས་ཅན། མི་དེའི་སྲོག་གི་དབང་པོ་འགགས་པས་མིག་གི་དབང་པོ་མི་འགགས་པར་ཐལ། མི་དེའི་སྲོག་གི་དང་པོ་དང་མིག་གི་དབང་པོ་རྫས་ཐ་དད་པའི་ཕྱིར་ཞེས་ཀྱང་བརྗོད་དོ། །ལྟུང་བ་རང་རང་གི་དངོས་གཞི་རྫོགས་པའི་ཚེ་ན། ལྟུང་བ་དངོས་གཞི་དང་། སྦྱོར་ལྟུང་རྫས་གཅིག་གམ་ཐ་དད་ཅེས་འདྲི་ན། ཞག་བཅུ་འཆང་བ་དང་ཟླ་འཇོག་ལ་སོགས་པ་སྦྱོར་ལྟུང་གཏན་མེད་པ་ལ་ནི་དངོས་གཞི་དང་རང་གི་སྦྱོར་ལྟུང་རྫས་གཅིག་པ་མ་ཚང་ལ་རྫས་ཐ་དད་པ་ཡང་མ་ཡིན་ནོ། །སྦྱོར་བ་ལ་དེ་མེད་ན་ཞེས་པའི་འགྲེལ་ཆུང་ལས་རྐུ་སེམས་མེད་པར་ནོར་ཞིག་བླངས་ནས་འཕྲལ་ལ་རྐུ་སེམས་བྱུང་སྟེ་བརྐུས་ན་ཉེས་བྱས་

༼༣༥༦༽

དང་སྦོམ་པོ་ནི་མེད་དོ། །ཕམ་པར་ནི་གྱུར་རོ་ཞེས་འདིར་ཡང་སྦྱོར་ལྟུང་མེད་པའི་ཕམ་པར་བཤད་སྣང་སྟེ། དཔྱད་དགོས་པ་ཞིག་གོ །གཉིས་པ་ཡན་ལག་གི་དོན་ནི། ཐམས་ཅད་དུ་སྦྱོར་བ་ལ་ནི་ཞེས་པ་ཕམ་ལྷག་གི་སྐབས་ཀྱི་སྦོམ་པོ་རིགས་གཉིས་དང་། ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་རྣམས་ཏེ། ལྔ་པོ་དེ་དག་ཐམས་ཅད་དུ་སྦྱོར་བ་གནང་ལ་ཚད་གཟུང་ལས་གཞན་པའི་སྐབས་སུ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཕམ་པའི་སྡེ་ཚན་དེ་ལ་གལ་ཏེ་ཕམ་པ་དངོས་གཞི་བསྐྱེད་ནུས་པའི་སྦྱོར་བ་ཡིན་ན་སྦྱོར་བ་མཚན་ཉིད་པའི་སྦོམ་པོའོ། །ཕམ་པའི་སྡེ་ཚན་གྱི་འོག་མ་ལྷག་མའི་སྡེ་ཚན་ལ་ཡང་སྔ་མ་དེ་བཞིན་ནོ། །སྐབས་འདིར་སྦོམ་པོའི་སྤྱི་དོན་བསྟན་པར་བྱ་སྟེ། ཁྱད་པར་དང་སྒྲ་བཤད་པའོ། །དང་པོ་ནི་སྦོམ་པོ་མཚན་ཉིད་པ་དང་སྦོམ་པོ་བཏགས་པ་བའོ། །ཕྱི་མ་ནི་ཉེས་བྱས་ལ་མིང་སྦོམ་པོ་ཞེས་བཏགས་པའོ། །དེ་གཉིས་ལ་ཁྱད་པར་ལྔ་ལས། རྟེན་གྱི་ཁྱད་པར་ནི། རྟེན་དགེ་སློང་ཕ་མ་ལ་སྦོམ་པོར་འགྱུར་ཞེས་གསུངས་པ་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ།་་་་་ཀ་རི་ཀ་ལྔ་བཅུ་པ་ལས། བྱོལ་སོང་དང་ནི་སེམས་དམྱལ་དང་། །ཡི་དྭགས་འོན་ཏེ་ལྷ་ཡང་རུང་། །བསད་ན་ངན་འགྲོར་འགྲོ་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུ། རྟེན་རབ་ཏུ་བྱུང་བ་རྣམ་པ་གསུམ་ལ་སྦོམ་པོར་འགྱུར་ཞེས་གཞུང་དུ་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །སྡེ་ཚན་གྱི་ཁྱད་པར་ནི། ཕམ་ལྷག་གི་སྡེའི་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། ལྟུང་བྱེད་མན་ཆོད་སྡེ་ཚན་གསུམ་གྱི་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གནས་སྐབས་ཀྱི་ཁྱད་པར་ནི་སྦྱོར་བ་དང་མཐར་ཐུག་གི་གནས་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། སྦྱོར་བའི་སྦྱོར་བའི་གནས་སྐབས་དང་བསླབ་བྱའི་གནས་སྐབས་སུ་སྦོམ་པོ་ཞེས་བྱུང་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །ཕྱིར་བཅོས་ཀྱི་ཁྱད་པར་ནི་ལྟུང་བ་ངོ་བོའི་ཆ་ནས་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱ་དགོས་པ་ནི་སྦོམ་པོ་མཚན་ཉིད་པ་སྟེ། དམིགས་བསལ་ཕམ་ལྷག་གི་སྦྱོར་བ་མཚན་ཉིད་པའི་སྦོམ་པོ་ནི་སྦོམ་པོའི་མིང་གིས་ཕྱིར་བཅོས་བྱ་རུང་མ་ཡིན་ཡང་སྦོམ་པོ་མཚན་ཉིད་པའོ། །ལྟུང་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号