ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༦༠༤༽

ཉི་ཟེར་གྱི་རྡུལ་གཅིག་ལ་རྡུལ་ཕྲ་རབ་ཁྲི་ཕྲག་ཉི་ཤུ་རྩ་བརྒྱད་ལ་དྲུག་ཅུ་རྩ་བཞི་ཆད་པ་ཡོད་དོ། །བདུན་འགྱུར་དུ་བརྩིས་པ་ནི་མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ་ཞེས་དང་། རྣམ་འབྱེད་འགྲེལ་ལས་འདུལ་བ་ལས་དྲུག་འགྱུར་དུ་བསྒྲེ་བ་ནི་མར་འབྲི་བའི་དུས་ཀྱི་ཚེ་མི་ཉམ་ཆུང་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ། །ཆོས་མངོན་པ་ལས་བདུན་འགྱུར་དུ་བསྒྲེ་བ་ནི་བསྐལ་བ་དང་པོའི་མི་ཉམ་ཆེ་བའི་སོར་རྣམ་པར་བཞག་པའི་ཕྱིར་རོ་ཞེས་བཤད་དོ།་་་་་འདུལ་བ་ལས་ཆུ་དང་ལྕགས་ལ་ཞེས་གསུངས་ལ་མངོན་པ་ལས་ལྕགས་ཆུ་ཞེས་གསུངས་པ་འགལ་སྙམ་ན། རྡུལ་ཕྲ་རབ་ལ་དྲུག་འགྱུར་ལྟ་བུ་ལན་གཉིས་སུ་བསྒྲེས་པ་ལ། འདུལ་བ་ལས་ཆུ་རྡུལ་ཞེས་མིང་དུ་བཏགས་པ་ལ་མངོན་པ་ལས་ལྕགས་རྡུལ་ཞེས་མིང་བཏགས་ཏེ། མིང་ཐ་དད་པ་ཙམ་དུ་ཟད་ཀྱི་དོན་ལ་འགལ་བ་མེད་དོ་སྙམ་མོ། །དཔེར་ན་གྲོ་ཞུན་དང་བྱི་ཞུན། མེར་མེར་པོ་དང་ནུར་ནུར་པོ་བཞིན། །ས་ཡ་དང་བྱེ་བ་བཞིན་ཏེ་མིང་ཐ་དད་པ་ཙམ་དུ་ཟད་དོ། །འཇིག་རྟེན་བཞག་པ་དང་གདགས་པ་ལས། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ །རྡུལ་ཕྲ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ །ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན་ནོ་ཞེས་བཤད་དོ། །གཞུང་ལུགས་རྣམ་གྲངས་གཞན་ཡིན་ནོ། །རྐྱེན་མེད་པའི་ཚེ་ལུས་ཀྱི་ཁུར་མི་བསྐུར་རོ། །དགེ་སློང་མ་ལ་ནི་བལ་ཁུར་བའི་སྤང་ལྟུང་མ་བཅས་པས། ཁུར་ཕྱེད་ལས་ལྷག་པ་བསྐུར་བ་མི་བྱ་ཞེས་བྱ་བ་ནི་ལུང་རྣམ་འབྱེད་ལས་ཁྱིམ་པ་གཅིག་གི་ཁུར་གང་ཡིན་པ་ནི་དགེ་སློང་གཉིས་ཀྱིས་བཏེག་པར་བྱའོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་ནི་ཁྱིམ་པ་གཅིག་གི་ཁུར་ཞེས་བྱ་བ་ནི་སང་ཉིས་སྟོང་ངོ་ཞེས་སོ།་་་་་ཁུར་བསྐུར་བའི་བསླབ་བྱའི་ཉེས་བྱས་་་་་་དགེ་སློང་མས། ཀྱང་མི་བསྐྱེད་དམ་སྙམ་ན། ཁུར་བསྐུར་བ་བཀག་པའི་སྐབས་འདིར་དགེ་སློང་དང་དགེ་སློང་མ་ཐུན་མོང་མ་ཡིན་པ་ཉིད་དུ་་་་་་སྟེ་དགེ་སློང་མ་དག་གིས་ཁུར་བསྐུར་ན་ཡང་བསླབ་བྱའི་ཉེས་བྱས་སུ་མི་འགྱུར་བ། དོགས་པར་མི་བྱའོ། །ད་ནི་བལ་རྨེལ་དུ་འཇུག་པའི་སྤང་བ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །

༼༦༠༥༽

དགག་བྱ་ནི་སྔར་འཁྲུར་འཇུག་གི་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་འཇུག་གམ་འཁྲུར་འཇུག་གམ་འཚེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རྨེལ་བ་ལ་སོགས་པ་བཅོལ་པའི་ཡུལ་དང་། གང་རྨེལ་བ་ལ་སོགས་པའི་དངོས་པོའོ། །དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ཏེ་འཁྲུར་འཇུག་ལ་སྔར་བཤད་པ་དང་འདྲའོ། །གཉིས་པ་ལ་དྲུག་ལས། གོས་ཀྱི་རྒྱུ་བལ་ཡིན་པ་སྟེ་ལུག་གི་བལ་དག་གོ་ཞེས་སོ།་་་་་གསུངས་པ་མཚོན་པ་སྟེ་རས་བལ་ལ་སོགས་པ་ཡང་རུང་ངོ་བམ་པོ་ལྔ་བཅུ་པར་འདྲ་བ་ལ་ཡང་ངོ་ཞེས་སོ། །རྨེལ་བ་ལ་སོགས་པར་འོས་པ་ཡིན་པ་སྟེ། འཆག་པར་རྨེལ་བའོ་ཞེས་སོ།་་་་་གསུངས་པས་འཁྲུར་འཇུག་པ་འོས་པ་ཞེས་སྔར་སྨོས་པའི་གནས་སུ་རྨེལ་བ་ལ་སོགས་པར་འོས་པ་ཞེས་སྦྱར་བས་སོ། །དགེ་སློང་རང་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་སྔར་བཤད་པ་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རྨེལ་བ་ལ་སོགས་པ་འཆོལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འཆོལ་པར་ཞུགས་པའོ། །མཐར་ཐུག་ནི་ཕྱོགས་ལ་ལས་བྱས་པའོ། །ཡན་ལག་གི་དོན་ནི་ཆོས་གོས་རྙིང་པའི་ཞེས་སོ།་་་་་འདི་ནི་སྔར་གྱི་འཁྲུར་འཇུག་པ་ལས། ཁྱད་པར་རྣམ་པ་གསུམ་སྟེ། སྔར་ནི་ཆོས་གོས་སམ་གདིང་བ་ཡིན་ལ། འདིར་ནི་བལ་ཡིན་པའོ། །སྔར་བྱིན་གྱིས་བརླབས་པ་ཡིན་ལ། འདིར་ནི་བྱིན་རླབས་མེད་པའོ། །འཆག་ཏུ་འཇུག་ཅེས་སྔར་སྨོས་པའི་གནས་སུ་འདིར་ནི་རྨེལ་དུ་འཇུག་གམ་ཞེས་བསྒྱུར་ཏེ། ཁྱད་པར་དེ་གསུམ་མ་གཏོགས་པ་འཁྲུར་འཇུག་དང་འདྲ། །ད་ནི་གསེར་དངུལ་ལ་རེག་པའི་སྤང་བ་འཆད་དེ། རིན་པོ་ཆེ་བདག་གིར་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་གསེར་དངུལ་ལ་རེག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ནོར་གྱི་སྲེད་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་རིན་པོ་ཆེ་རུང་བ་མ་བྱས་པ་ལ་རང་ངམ་བསྐོས་པས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བདུན་ཏེ། དེ་ཡང་རིན་པོ་ཆེ་

༼༦༠༦༽

ཡིན་པ་སྟེ། རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་སོ། །ཐོབ་པར་ལྕོགས་པ་ན་གནས་པ་སྟེ། ལྕོགས་པ་ཉིད་ན་དེ་རྫོགས་ཞེས་སོ། །རང་གི་ཡིན་པ་དང་རུང་བ་མ་བྱས་པ་སྟེ། རང་གི་རུང་བ་མ་བྱས་པ་ཞེས་སོ། །སྙད་གདགས་སུ་རུང་བ་ཡིན་པ་སྟེ། སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ་ཞེས་སོ། །རུང་བར་བྱེད་པའི་དུས་མ་ཡིན་པ་སྟེ། ཊཱི་ཀ་ལས་རུང་བ་བརྗོད་པའི་ཕྱིར་རེག་ན་ལྟུང་བར་ཡང་མི་འགྱུར་རོ་ཞེས་སོ། །ཆུད་འཛའ་བའི་སྐྱེན་དང་མི་ལྡན་པ་སྟེ། འཇིགས་པར་གྱུར་ན་རང་གི་ལ་མི་གནོད་ན་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་རེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་རེག་གམ་གཞན་ལ་ངག་གིས་བསྐོས་པས་རེག་པར་ཞུགས་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །ཡན་ལག་གི་དོན་ནི། རིན་པོ་ཆེ་བདག་གིར་བྱས་ནའོ། །ཐོབ་པར་ལྕོགས་པ་སྟེ་ཐག་ཉེ་བ་མངོན་སུམ་དུ་གྱུར་པ་ཉིད་ན་བདག་གིར་བྱ་བ་དེ་རྫོགས་སོ། །འདི་ནི་འགྲེལ་ཆུང་ལས་མངོན་སམ་དུ་ན་དེ་རྫོགས་སོ། །མིག་སྔར་མཐོང་བ་ཡན་ལག་གོ་ཞེས་པ་དང་། ལུང་ཞུ་བ་ལས་ཀྱང་གསེར་དངུལ་མངོན་སམ་དུ་ལེན་དུ་སྩལ་ན་ཅིར་འགྱུར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་གསེར་དངུལ་ལེན་དུ་བཅུག་ན་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ལྐོག་གི་ཕྱོགས་ནས་ལེན་དུ་འཇུག་ནའོ་ཞེས་གསུངས་ལ། ཞུ་འགྲེལ་ལས་ལེན་དུ་འཇུག་པ་ནི་རང་གི་མིག་སྔར་གཞན་ལ་ལེན་དུ་འཇུག་ནའོ། །ལྐོག་གི་ཕྱོགས་ནི་སྨྲ་བ་པོའི་ལྐོག་ཏུ་གྱུར་པ་སྟེ་རང་གི་མིག་སྔར་བབ་པ་མེད་པས་ཉེས་བྱས་ཁོ་ནར་རྣམ་པར་བཞག་གོ་ཞེས་སོ། །འོ་ན་ལྕོགས་པ་ཉིད་ན་ཞེས་པའི་རང་གི་རྣམ་བཤད་དང་ཊཱི་ཀ་ལས་ལག་ཏུ་འོང་བར་རུང་བ་ཉིད་ན་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་ལེན་པའི་སྤང་བའི་ཊཱི་ཀ་ལས་ལྟ་བའི་ཉེ་འཁོར་དུ་འོངས་པར་གྱུར་པ་ནི་ལག་ཏུ་འོངས་པ་དེའི་དང་པོ་ཞེས་གསུངས་པ་བཞིན་ནོ། །རང་གི་རུང་བར་མ་བྱས་པ་ཡང་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་ཊཱི་ཀ་ལས་སོ། །རང་གི་ཞེས་པའི་ཊཱི་ཀ་ལས་རང་གི་ཞེས་ལུང་ལས་དངོས་སུ་མ་གསུངས་ཀྱང་ཤུགས་ཀྱིས་དེ་ཡིན་པར་མངོན་ཏེ། གཞན་གྱི་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་འབའ་ཞིག་ཏུ་བསྟན་པས། རང་གི་ལ་ནི་སྤང་བའི་ཆོ་ག་མཛད་ལ། གཞན་

༼༦༠༧༽

གྱི་ལ་སྤང་བ་མེད་པའི་ཕྱིར་རོ་ཞེས་་་་་་ཊཱི་ཀ་ལས། བཤད་དོ། །རེག་ཏུ་འཇུག་པ་དེ་ཡང་ངག་མཚན་ཉིད་ལྔ་ལྡན་གྱི་དབང་དུ་བྱས་ནས། ངག་གི་རིག་བྱེད་གང་ཡང་རུང་་་་་་རེག་ཏུ་བཅུག་ན་སྤང་ལྟུང་སྐྱེད། བས་སོ། །ཊཱི་ཀ་ལས་ཚིག་གིས་ཀྱང་བྱེད་ལ་སྤྲིང་ཡིག་ལ་སོགས་པས་ཀྱང་བྱེད་ན། འདིར་རེག་་་་་་ཏུ་འཇུག པ་གང་ཡིན་པར་རིག་པར་བྱ་ཞེ་ན་གང་ཡང་རུང་བས་སོ་ཞེས་སྨྲས་ཏེ་ཞེས་བཤད་དོ། །དེ་ནི་ཚིག་དང་སྤྲིང་ཡིག་ལ་སོགས་པ་གང་ཡང་རུང་བས་སོ་ཞེས་བསྟན་པ་འདྲ་ཡང་། དེ་ལྟར་མ་ཡིན་ཏེ།་་་་་ངག་མཚན་ཉིད་ལྔ་ལྡན་གྱི་དབང་དུ་བྱས་ནས། འདིར་ངག་གི་རིག་བྱེད་གང་ཡང་རུང་བས་སོ་ཞེས་བརྗོད་དོ། །དེས་ན་རེག་ཏུ་འཇུག་པས་སྤང་ལྟུང་བསྐྱེད་པ་ལ་ནི་ངག་ཏུ་སྨྲས་པ་དགོས་ཀྱི། སྤྲིང་ཡིག་ལ་སོགས་པ་ལུས་ཀྱི་རིག་བྱེད་ནི་ཡན་ལག་མ་ཡིན་ཏེ། སྤྱིར་བསྟན་པ་ལས་ངག་གིའོ་ཞེས་ངག་གི་རིག་བྱེད་ཡན་ལག་ཏུ་གསུངས་ཤིང་ལུང་ཞུ་བ་ལས་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གསེར་དངུལ་ལེན་དུ་སྩལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་ལ། དེའི་འགྲེལ་པ་་་་་་ཞུ་འགྲེལ། ལས་ཀྱང་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ།་་་་་ཉེས་བྱས་སུ་གསུངས། འདི་ནི་ངག་ལ་རག་ལས་པའི་ཕྱིར་ན་སྨད་བྱེད་པ་ཡིན་ནོ་ཞེས་བཤད་དོ། །ཞ་ཉེ་དང་ཁྲོ་ཆུ་དང་རོ་ཉེ་དང་ལྕགས་དག་ལ་ཡང་་་་་་ལྟུང་བ་མེད་དོ་ཞེས་ཊཱི་ཀ་ལས་གསུངས་ཀྱི་ཉེས་བྱས་སོ་ཞེས་ནི་ཊཱི་ཀ་ལས་མ་བཤད་ཀྱང་། ངོ་ཞེས་པ་ནི་ཉེས་བྱས་དང་ལྟུང་མེད་གཉིས་ཀར་སྦྱར་ཏེ། དངོས་པོ་དེ་དག་སྙད་གདགས་སུ་རུང་བ་ལ་རེག་ན་ཉེས་བྱས་སོ། །སྙད་གདགས་སུ་རུང་བ་ལས་གཞན་ལ་རེག་པ་ལ་ནི་ལྟུང་བ་མེད་དོ་ཞེས་བསྟན་ཏོ། །དེ་ཡང་སྔ་མའི་ཁུངས་ནི་ཞུ་བ་ཉུང་ཤོས་ལས་འཁར་བའི་མ་ཤ་ལེན་ཏམ་ལེན་དུ་བརྩལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་པ་དང་། ཞུ་བ་མང་ཤོས་ལས་ལྕགས་ཀྱི་མ་ཤ་བླངས་སམ་ལེན་དུ་གཞུག་ན་ཉེས་བྱས་སོ་ཞེས་གསུངས་སོ།་་་་་འཁར་བའི་མ་ཤ་དང་ལྕགས་ཀྱི་མ་ཤ་ཞེས་པས་ནི་དོང་ཙེ་དང་པ་ནའི་དབྱིབས་སུ་བྱས་པ་སྟེ། སྙད་གདགས་སུ་རུང་བ་ཞེས་ཀྱང་བྱའོ། །ཕྱི་མའི་ཁུངས་ནི་ཞ་ཉེ་ལ་སོགས་པ་དེ་དག་ལ་དོང་ཙེ་དང་པ་ནའི་དབྱིབས་སུ་མ་བྱས་པའི་དབང་དུ་བྱས་ནས་རེག་ཀྱང་ལུང་རྣམ་འབྱེད་དང་རྒྱ་ཆེ་འགྲེལ་ལས་་་་་་ཞ་ཉེ་ལ་སོགས་པ་ལ་རེག་པ་ལ། ལྟུང་བ་མེད་དོ་ཞེས་གསུངས་སོ། །དགེ་ཚུལ་གཉིས་ཀྱིས་ཀྱང་་་་་་ཞེས་

༼༦༠༨༽

པ་ལྟུང་བ་མེད་དོ་ཞེས་ཊཱི་ཀ་ལས་གསུངས་ཀྱི། ཉེས་བྱས་སོ་ཞེས་ཊཱི་ཀ་ལས་མ་བཤད་མོད་ཀྱི། ངོ་ཞེས་པ་ནི་ཉེས་བྱས་སོ་ཞེས་པ་དང་། ལྟུང་བ་མེད་དོ་ཞེས་གཉིས་ཀར་སྦྱར་ཏེ། རང་གི་གསེར་དངུལ་ལ་རེག་ན་ཉེས་བྱས་དང་། གཞན་གྱི་གསེར་དངུལ་ལ་རེག་ན་ལྟུང་བ་མེད་པའོ། །རུང་བ་བྱ་བ་ནི་སྦྱིན་བདག་བདག་པོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། རིན་པོ་ཆེ་ལ་རེག་པའི་ལྟུང་བ་ཁེགས་པ་དང་། རུང་བའི་བརྟག་པ་བྱས་པས་བཅས་པའི་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་དངོས་པོ་གང་ལ་རུང་བ་བྱ་བ་ལ་བཞི་སྟེ། རིན་པོ་ཆེའམ་དེ་དང་འདྲ་བ་ཡིན་པ་དང་། རང་གི་ཡིན་པ་དང་། སྔར་རུང་བ་བྱས་པ་དང་མ་འབྲེལ་བ་དང་། མངོན་སུམ་ན་ཡོད་པའོ། །དང་པོ་ནི་གསེར་ལ་སོགས་པ་རིན་པོ་ཆེ་དང་། དེ་དང་འདྲ་བ་གཡུ་རྡོག་་་་་་དང་ཁྲབ་རྙིང་མ། ལྟ་བུ་སྟེ། དགེ་སྦྱོང་གི་ཡོ་བྱད་བྱེད་པས་བརྟག་པའི་ཆོ་ག་གནང་ཞིང་། དངོས་པོ་བཟང་བས་ནོར་གྱི་སྲེད་པ་འཕེལ་བའི་དགག་བྱ་དགག་དགོས་པའི་ཕྱིར་རོ། །རྟ་་་་་་འོ་ན་རྟ་བཟང་པོ་དང་ཞིང་བཟང་པོ་ལ་ཡང་རུང་བའི་ཆོ་ག་བྱ་འམ་སྙམ་ན་མ་ཡིན་ཏེ། ལ་སོགས་པ་ནི་མ་བརྟགས་པའི་དངོས་པོ་ཡིན་པས་གང་ཟག་གིས་འཆང་བ་བཀག་ཅིང་།་་་་་རྟ་ལ་སོགས་པ་ལ་རེག་པ་ལ་རིན་པོ་ཆེ་ལ་རེག་པའི་ཉེས་པ་མེད་ལ། ཞིང་ཁང་ལ་རེག་པ་ནི་་་་་་རིན་པོ་ཆེ་ལ་རེག་པའི་ཉེས་པ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་ནི་ཊཱི་ཀ་ལས་གཞན་གྱི་རྫས་ལ་ནི་རུང་བ་རྣམ་པ་གསུམ་མ་བསྟན་ཏེ་ཞེས་གསུངས་པས་གྲུབ་བོ། །གསུམ་པ་ནི་སྔར་རུང་བ་བྱས་པ་དང་འབྲེལ་ན་རུང་བ་གཞན་མི་དགོས་པའི་ཕྱིར་རོ། །བཞི་པ་ནི་མངོན་སུམ་ན་མེད་ན་ཆོ་གའི་འཇུག་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་རུང་བ་བྱ་བ་ནི་རབ་ཏུ་བྱུང་བ་སྡེ་ལྔའི་སྡོམ་པ་་་་་་གང་ཡང་རུང་བ། གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནོད་པའི་རྐྱེན་ཅན་མ་ཡིན་པ་སྟེ། ཐ་མ་ནི་སྐབས་དོན་གྱིས་གྲུབ་བོ། །གསུམ་པ་ཆེད་དུ་བྱ་བ་ནི། ཆོས་ལྡན་གྱི་ཆེད་དུ་སྟེ། ཆོས་དང་ལྡན་པའི་དོན་ཞེས་གསུངས་པ་དང་། གཞན་པ་ལ་མི་འཆགས་སོ་ཞེས་སོ། །བཞི་པ་རུང་བ་གང་བྱ་བ་ནི། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་ལ་སོགས་པ་གསུམ་སྟེ་གཞུང་དུ་འཆད་དོ། །རུང་བ་གསུམ་གྱི་ནང་ནས།་་་་་ཁྱད་པར་དུ་ཡང་བྱིན་གྱིས་བརླབས་པ་ལ་བཞི་ལས་ཡུལ་དགེ་་་་་་ཆོ་ག་རྣམ་གཞག་གི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་མཚན་

༼༦༠༩༽

ཀྱི་ནང་ན་གནས་པ་དང་བདུན་ལྡན། སློང་ཆོས་བདུན་ལྡན་གྱི་མདུན་དུ་རྟེན་བཤད་མ་ཐག་པའི་ཆོས་བཞི་ལྡན་གྱིས། དངོས་པོ་ཆོས་བཞི་ལྡན་སྔར་བཤད་པ་དེ་ལ། ཆོ་ག་སྦྱོར་དངོས་མཇུག་གསུམ་གྱིས་བྱིན་གྱིས་བརླབ་པའོ།་་་་་སྦྱོར་བ་ནི་རིན་པོ་ཆེ་དེ་མདུན་དུ་བཞག་སྟེ། ཡུལ་དེ་བསླབ་པ་རྒན་ན་དེ་ལ་ཕྱག་བྱ་སྟེ། དངོས་གཞི་ནི་ཡུལ་རྟེན་གཉིས་ཀ་འགྲེང་སྟེ་འདུད་པ་དང་བཅས་པས་རིན་པོ་ཆེ་དེའི་སྟེང་དུ་གཉིས་ཀའི་ལག་པ་བརྐྱང་སྟེ་སྔགས་ལན་གསུམ་བརྗོད་པའོ། །མཇུག་ཏུ་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པའོ། །གནས་ནས་ཕྱུང་བ་ལ་ནི་བྱིན་གྱིས་རློབ་པའི་ཡུལ་མེད་པའི་ཕྱིར་རང་གཅིག་པུས་ཡང་བྱིན་གྱིས་བརླབ་ཏུ་རུང་བར་འོང་སྟེ། རང་གཅིག་པུས། ཆོས་གོས་བྱིན་གྱིས་བརླབ་པ་བཞིན་ནོ། །ལྔ་པ་རུང་བ་འཇིག་པའི་རྒྱུ་ནི་དངོས་པོ་ཞིང་མ་ཡིན་པར་གྱུར་པ་་་་་་མུ་ཏིག་མེས་ཚིག་སྟེ་ཐལ་བར་གྱུར་པ་ལྟ་བུ། དང་། རྟེན་ཞིང་མ་ཡིན་པར་གྱུར་པ་་་་་་དགེ་སློང་བབས་པར་གྱུར་པ་ལྟ་བུ། དང་། ནོར་གྱི་མངོན་ཞེན་རྒྱུན་དུ་བྱུང་ཞིང་གཉེན་པོས་མ་བཟློགས་ན་ཡང་འཇིག་སྟེ། ཊཱི་ཀ་ལས་གང་ལ་བདག་ཉིད་ཀྱི་ཕྱིར་བདག་གིར་བྱེད་པ་ཡོད་པ་དེ་ལ་ནི་རང་གིས་ཀྱང་རེག་པར་མི་བྱ་ལ། གཞན་ཡང་རེག་ཏུ་གཞུག་པར་མི་བྱ་སྟེ། དེ་ལ་རུང་བ་གསུམ་ཆར་མི་འཆགས་པའི་ཕྱིར་རོ་ཞེས་སོ།་་་་་རིན་པོ་ཆེ་བྱིན་གྱིས་བརླབ་པ་འདི་ལ་བྱིན་རླབས་དབྱུང་བ་ནི་གསུངས་པ་མེད་དོ། །ཡན་ལག་གི་དོན་ནི། རུང་བ་གསུམ་ལས་དང་པོ་ནི།་་་་་སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་དགེ་སློང་རང་གིས་བསམ་པས།་་་་་གཞུག་པ་ནི་གསེར་དངུལ་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་འདིས། རུང་བའི་དངོས་པོ་ཆོས་གོས་ལ་སོགས་པ་མ་ཉོས་ཀྱི་བར་དུ་ནི། དངོས་པོ་འདི་ང་མི་དབང་གི སྦྱིན་བདག་དེ་ཉིད་དབང་ངོ་སྙམ་དུ་བསམ་པ་བསྐྱེད་པ་སྟེ། ལུང་ལས་སྦྱིན་བདག་དེ་ཉིད་ལ་ཡིད་བརྟེན་ཏེ་བཅང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི་དགེ་སློང་གིས་གསེར་དངུལ་ལ་སོགས་པ་རིན་པོ་ཆེ་གང་རྙེད་པ་དེ་ཐམས་ཅད་ཞལ་ཏ་བྱེད་པ་ཁྱོད་ཀྱི་བདག་གཉེར་བཅོལ་ཏེ། དགེ་བསྙེན་ནམ་དགེ་ཚུལ་ལ་སོགས་པ་ཞལ་ཏ་བྱེད་གཉེར་ཀ་བྱེད་པ་དེ་མངོན་གྱུར་གྱི་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་ཅིང་། དུས་ཕྱིས་དགེ་སློང་གིས་གསེར་དངུལ་ལྟ་བུ་རྙེད་པ་ན། དངོས་པོ་འདི་ཆོས་གོས་ལ་སོགས་པ་མ་ཉོས་ཀྱི་བར་དུ་ནི། དངོས་པོ་འདི་ང་མི་དབང་གི ཞལ་ཏ་བྱེད་པ་དེ་དབང་ངོ་སྙམ་དུ་བསམ་པ་བསྐྱེད་པའོ། །གསུམ་པ་ནི། སྔགས་ལན་གསུམ་བརྗོད་པས་རིན་པོ་ཆེ་བྱིན་གྱིས་བརླབ་པའོ། དང་ཞེས་སོ། །ར་གན་ལ་སོགས་པའི་ལྷུང་བཟེད་དེ་དག་སྔར་བསྙེན་པར་མ་རྫོགས་པའི་ཆ་ནས་བདག་གིར་བྱས་པའམ་དེ་ལས་གཞན་བསྙེན་པར་རྫོགས་པའི་ཚེ་ན་རྙེད་ཅིང་བདག་གིར་མ་བྱས་པ་ཡང་རུང་སྟེ་གལ་ཏེ་ཡོངས་སུ་

༼༦༡༠༽

སྤྱད་དགོས་པར་གྱུར་ན་སྨན་ཕོར་གྱི་བློས་ཡོངས་སུ་སྤྱད་པས་སོ་ཞེས་པའི་འགྲེལ་ཆུང་ལས་ཁ་བཟས་ནི་སྨན་ཡིན། སྣོད་སྤྱད་དེ་ནི་སྨན་གྱི་སྣོད་དོ་སྙམ་དུ་བསམས་པས་སོ་ཞེས་སོ། །ལྕགས་དང་ས་ལས་བྱས་པ་འདི་ལ། བསྡུས་པ་ལས་ལྷུང་བཟེད།་་་་་རྡོ་ལས་བྱས་པ་ནི་ས་ལས་བྱས་པའི་ནང་དུ་བསྡུའོ། །གཞན་དུ་ན་ཅིའི་ཕྱིར་བཅོམ་ལྡན་འདས་མི་རུང་བ་འཆང་ཞེས་བཤད་ཀྱང་། ལུང་ལྔ་ཚན་པ་ལས་ལྷུང་བཟེད་འདི་ལྔ་འཆང་བར་མ་བྱེད་ཅིག རྡོའི་ལྷུང་བཟེད་ཅེས་གསུངས་ལ། མ་མོ་ལས་ཀྱང་ལྷུང་བཟེད་རྣམ་པ་བརྒྱད་ནི་མི་གནང་བ་སྟེ། རྡོ་ལས་བྱས་པ་དང་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ཡོངས་སུ་སྤྱད་པ་ཙམ་གྱིས་ནི་ཉན་ཐོས་ལ་གནང་བའི་ཁུངས་སུ་མི་ཆེ་སྟེ། འོད་ལྡན་ལས་གུར་ཀུམ་གྱི་མདོག་དང་མཐུན་པ་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བ་ལྟ་བུའི་ན་བཟའ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དབང་གིས་གསོལ་ཡང་། དེ་ཉན་ཐོས་རྣམས་ལ་མི་རུང་བར་གསུངས་པ་བཞིན་ནོ། །རྣམ་འབྱེད་འགྲེལ་ལས་ནོར་བུ་ནི་འོད་ཀྱི་བདག་ཉིད་ཅན་དང་གསལ་བའོ། །བཻཌཱུརྻ་ནི་བཻཌཱུརྻ་ལས་བྱུང་བས་བཻཌཱུརྻ་ཞེས་བྱ་སྟེ་རིན་པོ་ཆེ་སྔོན་པོར་སྣང་བའོ་ཞེས་བཤད་ཅིང་། ལུང་གཞི་ལས་བཻཌཱུརྻ་ཟུར་བརྒྱད་པ་དྭང་པ་གསལ་བ་དྲི་མ་མེད་པ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་མན་ཤེལ་དཀར་པོ་ནི་ཤང་ཁ་ཤི་ལ་ཞེས་བྱ་སྟེ། རིན་པོ་ཆེ་དུང་གི་རྣམ་པ་ལྟར་མཆོག་ཏུ་དཀར་བའོ་ཞེས་བཤད་ཅིང་། ཕྲན་ཚེགས་འགྲེལ་ལས་མན་ཤེལ་ནི་རིན་པོ་ཆེའི་ཁྱད་པར་ཡིན་ཏེ་ཁྱིམ་གང་ལ་དེ་ཡོད་པ་དེར་འབྱོར་པ་ཐམས་ཅད་རྒྱས་པར་འགྱུར་རོ་ཞེས་སོ། །རྣམ་འབྱེད་འགྲེལ་ལས་རྡོའི་སྙིང་པོ་ནི་མ་རྒད་དོ། །སྤུག་ནི་རིན་པོ་ཆེའི་རིགས་ཤིན་ཏུ་གཙོ་བོ་སྔོན་པོ་དང་སེར་པོ་དང་དཀར་པོར་སྣང་བ་སྟེ་ཁྲ་བོ་ཞེས་སོ། །ཕྲན་ཚེགས་འགྲེལ་ལས་དམར་པོ་ནི་པད་མ་རཱ་ག་ཡིན་ནོ། །དུང་གཡས་སུ་འཁྱིལ་བ་ནི་རིན་པོ་ཆེའི་བྱེ་བྲག་ཡིན་ཏེ་གང་ན་དེ་ཡོད་པ་དེར་དཔལ་འབྱོར་བ་ལ་རྟག་ཏུ་གནས་པར་འགྱུར་རོ་ཞེས་སོ། །ད་ནི་མངོན་མཚན་ཅན་གྱིས་སྤྱོད་པའི་སྤང་བ་འཆད་དེ། རྙེད་པ་འདོད་པ་ལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས་གླེང་གཞི་ནི་གཉན་ཡོད་དུ་དྲུག་སྡེས་མངོན་མཚན་ཅན་གྱི་བསྐྱེད་འགྱེད་པར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། མ་བྱིན་ལེན་གྱི་རྒྱུར་འགྲོ་

༼༦༡༡༽

བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བསྐྱེད་ཀྱི་གཞི་གསེར་དངུལ་ལ་སོགས་པའི་དངོས་པོ་ཁྱིམ་པ་ལ་བསྐྱེད་དུ་བཏང་སྟེ། ཡུལ་དུས་དེ་ན་བསྐྱེད་གང་ཡོད་པ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་བསྐྱེད་པའི་ཡུལ་དང་། གང་བསྐྱེད་པའི་དངོས་པོའོ། །དང་པོ་ནི་ཁྱིམ་པ་ཆོས་ལྔ་ལྡན་ཏེ། གོས་སློང་པའི་སྐབས་སུ་བཤད་པའི་ཁྱིམ་པ་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབས་པ་མ་ཡིན་པ་ནི་འདིར་མི་བགྲང་ངོ་། །གཉིས་པ་ནི་བཞི་ལས། གསེར་དངུལ་གྱི་དངོས་པོ་ཡིན་པ་སྟེ། རིན་པོ་ཆེ་སྤྱོད་པ་ལ་སོགས་ཞེས་གསུངས་ཤིང་། དེས་འབྲས་བུ་ལ་སོགས་པ་ཡང་མཚོན་པའོ། །དངོས་པོ་དེ་རིན་པོ་ཆེ་ཡིན་ན་ནི་སྙད་གདགས་སུ་རུང་བ་སྟེ། འོག་མ་ལ་ཡང་ངོ་ཞེས་སོ།་་་་་སྙད་གདགས་སུ་མི་རུང་བ་ལ་ནི་ན་སྨད་པ་ཉིད་དོ། །བདག་པོ་རང་ཉིད་ཀྱི་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་སོ། །ཚད་དང་ལྡན་པ་སྟེ་དེ་ཡང་རས་ཁྲུ་གང་གི་རིན་དུ་ཆོག་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་བསྐྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་བསྐྱེད་ཕྱིན་ཅིང་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་རྙེད་པ་སྟེ་ཁེ་འདོད་པ་ལ་ལྟུང་བ་འབྱུང་ངོ་། །ལུང་ཞུ་བ་ལས་་་་་་ཁེ་འདོད་པ་མ་ཡིན་ན། འདྲ་བས་འདྲ་བ་བརྗེས་ན་ཉེས་པ་མེད་དོ་ཞེས་སོ། །བསྐྱེད་ཕྱིན་ཏེ་ཁེ་ཐོབ་ན་དངོས་གཞིའོ། །ཊཱི་ཀ་ལས་བཤགས་པའི་དུས་ན་ཡང་བསྐྱེད་ཉིད་སྤང་བར་བྱ་ཡི་རྩ་བར་གྱུར་པའི་རྫས་ནི་མ་ཡིན་ནོ་ཞེས་སོ། །བསྐྱེད་དང་རྩ་བ་ངོ་བོ་ཐ་དད་མེད་ན་ཐམས་ཅད་སྤང་ངོ་། །གཞི་གང་ལས་བསྐྱེད་ཕྱིན་ན་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བར་འགྱུར་ཞེ་ན། པ་ན་མ་རིན་པོ་ཆེ་སྤྱོད་པ་ལས་སོ།་་་་་པ་ན་དང་དོང་ཙེ་ནི་རྣམ་པ་འདྲ་བ་ཡིན་གྱི་གཅིག་པ་ནི་མ་ཡིན་ཏེ། ཊཱི་ཀ་ལས་དོང་ཙེ་དང་པ་ན་ལ་སོགས་པ་ལ་ཞེས་ཐ་དད་དུ་བཤད་དོ། །དགེ་སློང་མའི་རྣམ་འབྱེད་ལས་མངོན་མཚན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ། །མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ་ཞེས་གསུངས་སོ། །འདིར་་་་་་རྣམ་འབྱེད་འགྲེལ་ལས་མངོན་མཚན་ཅན་ཞེས་བྱ་བ་ནི་གསེར་དངུལ་ཐ་སྙད་དུ་བྱས་པའི་མཚན་མ་ཅན་ཏེ། ཟླུམ་པོ་ལ་སོགས་པའི་

༼༦༡༢༽

དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ་ཞེས་བཤད་དེ་གསེར་དངུལ་ལ་དོང་ཙེ་དང་པ་ནའི་གཟུགས་ཀྱི་ཁྱད་པར་བྱས་པ་ནི་མངོན་མཚན་ཅན་ཞེས་བྱའོ། །མངོན་མཚན་ཅན་གྱི་སྤྱོད་པ་ཞེས་གསུངས་པ་ནི་ཕྱོགས་གཅིག་ལ་མཚོན་པ་སྟེ། ནས་ལ་སོགས་པ་འབུན་བསྐྱེད་བྱས་པ་ལས་ཀྱང་ལྟུང་བ་འདིར་འགྱུར་ཏེ། སྐབས་འདི་ཉིད་ཀྱི་ལུང་དགེ་སློང་གི་རྣམ་འབྱེད་ལས་ནས་དང་འབྲུའི་འབུན་འགྱེད་པར་བྱེད་ཅིང་། རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཤིང་། འདི་ལ་སྒྲུབ་བྱེད་བཞི་ཡོད་དེ་ལུང་གཉིས་དང་བསྟན་བཅོས་གཉིས་སོ་དེ་ཡང་མངོན་མཚན་གྱི་སྤྱོད་པའི་སྤང་བའི།་་་་་སྐབས་འདི་ཉིད་ཀྱི་ལུང་དགེ་སློང་མའི་རྣམ་འབྱེད་ལས་ཀྱང་ནས་དང་གྲོ་གསར་ཐོག་གི་ཕྱིར་འབུན་བསྐྱེད་པར་གཞལ་བའི་སྣོད་ཀྱི་གྲོ་དང་ནས་བསྐྱེད་དུ་གཏོང་བ་སྟེ་རྙེད་པ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །ལུང་རྣམ་འབྱེད་ཀྱི་སྐབས་འདི་ཉིད་ལས་ནས་དང་འབྲུ་རྙིང་པ་གསར་ཕྱེད་དང་གཉིས་སྡེའི་ཕྱིར་གཏོང་བ་ཞེས་པའི་འགྲེལ་པ་་་་་་ལུང་རྣམ་པར་འབྱེད་པ་ལས་རྙིང་ཁལ་གཅིག་གཏོང་ན་གསར་ཁལ་ཕྱེད་དང་གཉིས་ལེན་པ་ལ་སོགས་པའོ་ཞེས་བཤད་དེ། ལུང་ཞུ་བའི་འགྲེལ་པ་ལས་ཀྱང་མངོན་མཚན་ཅན་ཏེ་ཀར་ཤ་པ་ན་ལ་སོགས་པའོ། །འདི་ཡང་ནས་དང་འབྲས་ལ་སོགས་པའི་དཔེ་སྟེ་རྣམ་པར་འབྱེད་པ་ལས་ནས་དང་འབྲས་བསྐྱེད་འགྱེད་ཅིང་འབྲས་བུ་སྤྱོད་ན་ཡང་སྤང་བའི་ལྟུང་བྱེད་དུ་གསུངས་པའི་ཕྱིར་རོ་ཞེས་བཤད་དོ།་་་་་དེ་ལྟར་ལུང་དང་བསྟན་བཅོས་མང་དུ་དྲངས་པ་ནི་དོན་འདི་ལ་ཡིད་ཆེས་བསྐྱེད་པའི་ཕྱིར། སྦྱོར་བ་ལས་ནི་ལུས་ངག་གི་རྗེས་སྒྲུབ་མང་པོ་ཡོད་ཀྱང་སྦྱོར་བའི་ཉེས་བྱས་སུ་གཅིག་པ་ཉིད་དོ། །སྐབས་གཞན་དུ་ནི་གཙུག་ལག་ཁང་ལ་ཀུན་དགའ་ར་བ་ཞེས་བརྗོད་ཅིང་། སྐབས་འདིར་ནི་ནགས་ཀྱི་ལྡུམ་རའི་མིང་ལ་ཀུན་དགའ་ར་བ་ཞེས་བརྗོད་དོ།་་་་་ནགས་ཀྱི་ཀུན་དགའི་ར་བ་བསྲུང་བ་པ་ནི། ལྡུམ་རའི་ཤིང་ཐོག་ལ་སོགས་པ་བསྲུང་བར་བྱེད་པའི་མིའོ། །མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བའོ་ཞེས་པ་ནི་ཕྱོགས་གཅིག་ལ་མཚོན་པ་སྟེ།་་་་་མངོན་མཚན་ཅན་མ་ཡིན་པ་འབྲས་དང་ནས་ལ་སོགས་པ་ལས་འབུན་བསྐྱེད་གཏོང་ན་ཡང་སྤང་ལྟུང་འདིར་འགྱུར་ཏེ། དཔེར་ན་གསེར་དངུལ་ལ་རེག་པའི་སྤང་བའོ་ཞེས་གསུངས་ཀྱང་ནོར་བུ་དང་མུ་ཏིག་ལ་རེག་པའི་སྤང་བ་ཡང་ཡིན་པ་དང་འདྲའོ། །ད་ནི་ཉོ་ཚོང་བྱེད་པའི་སྤང་བ་འཆད་དེ། གཞན་གྱིས་སོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་གཉན་

༼༦༡༣༽

ཡོད་དུ་དྲུག་སྡེས་ཉོ་ཚོང་རྣམ་པ་སྣ་ཚོགས་བྱས་པས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྔ་མ་དང་འདྲའོ།་་་་་སྟེ་འདོད་པ་ཆེས་པ་དང་མ་བྱིན་ལེན་གྱི་རྒྱུར་འགྲོ་བ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ནས་དང་འབྲས་ལ་སོགས་པའི་དངོས་པོ་ཁྱིམ་པ་དང་ཉོ་ཚོང་བྱས་ཏེ་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་ཉོ་ཚོང་བྱ་བའི་ཡུལ་དང་། གང་ཉོ་ཚོང་བྱ་བའི་དངོས་པོའོ། །དང་པོ་ནི་ཁྱིམ་པ་ཆོས་ལྔ་ལྡན་ཏེ་སྔ་མ་དང་འདྲའོ། །གཉིས་པ་ནི་བཞི་ལས་འབྲས་ལ་སོགས་པའི་དངོས་པོ་ཡིན་པ་སྟེ། རིན་པོ་ཆེ་ལས།་་་་་གཞན་གྱིས་སོ་ཞེས་གསུངས་ཤིང་། དེས་དེ་དང་མཚུངས་པ་གཞན་ཡང་མཚོན་པའོ། །བདག་པོ་རང་གི་ཉིད་ཡིན་པ་དང་། ཕལ་ཆེར་རུང་བ་དང་། ཚད་དང་ལྡན་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ཚོང་ཁེ་སྒྲུབ་པའི་ཕྱིར་ཉོ་ཚོང་བྱེད་པ་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཉོ་ཚོང་བྱེད་པར་ཞུགས་པའོ། །མཐར་ཐུག་པ་ནི་ཚོང་ཁེ་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ལ་པ་ནའམ་རིན་པོ་ཆེ་སྤྱོད་པ་ལས་སོ་ཞེས་སྔར་སྨོས་པ་དང་། གཞན་་་་་་རིན་པོ་ཆེ་ལས། གྱིས་སོ་ཞེས་འདིར་སྨོས་པ་དེ་གཉིས་སོ་སོར་ངེས་དོན་ཡིན་ནམ་ཕན་ཚུན་མཚོན་དོན་ཡིན་ཞེ་ན། སྔར་པ་ནའམ་རིན་པོ་ཆེ་སྨོས་པ་ནི་མཚོན་པ་སྟེ། ཊཱི་ཀ་ལས་པ་ནའམ་རིན་པོ་ཆེ་ལ་སོགས་ཞེས་བྱ་སྟེ། ལ་སོགས་པའི་སྒྲ་སྨོས་པ་དང་། མངོན་མཚན་གྱི་སྤྱོད་པའི་སྐབས་ཀྱི་ལུང་རྣམ་འབྱེད་གཉིས་ཀ་ལས་ནས་དང་འབྲུའི་འབུན་འགྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་གསུངས་པ་དང་། དེ་ཁོ་ན་ལྟར་རྣམ་འབྱེད་འགྲེལ་དང་ཞུ་འགྲེལ་ལས་ཀྱང་བཤད་དོ།་་་་་གཞུང་དེ་དག་སྔར་དྲངས་ཟིན་ཏོ། །རིན་པོ་ཆེ་ལ་སོགས་ལས།་་་་་གཞན་གྱིས་སོ་ཞེས་སྨོས་པ་དེ་ཡང་མཚོན་པ་སྟེ། རིན་པོ་ཆེ་ཉོ་ཚོང་བྱེད་ན་ཡང་ཉོ་ཚོང་གི་སྤང་བར་འགྱུར་ཏེ། ཊཱི་ཀ་ལས་་་་་་དངོས་པོ། གང་ཡང་རུང་བས་རྙེད་པ་འདོད་ཅིང་ཉོ་ཚོང་ལ་སོགས་པ་སྤྱོད་པ་ལས་བསྐྱེད་ཕྱིན་ནའོ་ཞེས་གསུངས་པ་དང་། ཞུ་འགྲེལ་ལས་ཀྱང་རིན་པོ་ཆེ་དང་ས་ལུ་དང་གོས་ལ་སོགས་པའི་ཉོ་ཚོང་བྱེད་ཅིང་བསྐྱེད་ཕྱིན་ན་ཉོ་ཚོང་གི་སྤང་བར་འགྱུར་རོ་ཞེས་བཤད་དོ། །

༼༦༡༤༽

དེས་ན་སྔ་མ་དང་འདིའི་ཁྱད་པར་ནི་འབུན་བསྐྱེད་བྱེད་པ་དང་ཉོ་ཚོང་བྱེད་པ་སྟེ། ལུང་ལས་དེ་ལྟར་གསུངས་ཤིང་་་་་་ལུང་རྣམ་འབྱེད་ལས་སྔ་མའི་སྐབས་སུ། འབུན་འགྱེད་པར་བྱེད་པ་དང་། བསྐྱེད་འགྱེད་པར་བྱེད་པ་ལྷག་པར་སྤྱད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་ཤིང་། ཕྱི་མའི་སྐབས་སུ་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །ཊཱི་ཀ་ལས་ཀྱང་ཡང་ན་གཞན་གྱིས་སོ་ཞེས་བྱ་བ་ནི་བསྐྱེད་པའི་ཁེ་སྤོགས་འདོད་པ་ལས་གཞན་པ་ཉོ་ཚོང་གི་སྤྱོད་པ་ལས་བསྐྱེད་ཕྱིན་ན་ལྟུང་བ་འདིར་འགྱུར་རོ་ཞེས་བཤད་དོ།་་་་་མངོན་མཚན་ཅན་གྱི་སྤྱོད་པའི་སྐབས་ཀྱི་འགྲེལ་ཆུང་ལས་འདི་ནི་གཞི་གཅིག་ན་འདུག་ཅིང་འབུན་དང་བེད་དང་བསྐྱེད་དུ་གཏོང་པ་ལ་བྱའོ་ཞེས་བཤད་ཅིང་། ཉོ་ཚོང་བྱེད་པའི་སྐབས་ཀྱི་འགྲེལ་ཆུང་ལས་གསེར་དངུལ་འབའ་ཞིག་ཏུ་མ་ཟད་ཀྱི་ནོར་རྫས་དང་ཕྱུགས་ཟིན་དང་མི་ལ་སོགས་པ་ཡུལ་གཞན་དུའམ་ལམ་རིང་པོར་ཚོང་སྤོགས་བྱེད་ན་སྤང་བར་འགྱུར་ཞེས་བཤད་དོ། །གཞི་ན་འདུག་པ་དང་ཡུལ་གཞན་ནི་ཕན་ཚུན་མཚོན་པ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་འབྲས་ཀྱི་བདག་པོ་དགེ་འདུན། དེ་ཉིད་ཀྱི་ནི་ཐོབ་་་་་་རིན་ཐང་མཉམ་སྟེ་མི་བྱ་ཡི་འབྲས་ཀྱི་རིན་ལས་རིན་ལྷག་པའི། དང་བཅས་པར་རོ་ཞེས་བརྗོད་པས་དགེ་འདུན་གཞན་གྱི་ཕྱིར་ཉོ་ན་ནི་རིན་ཐང་མཉམ་སྟེ་འོ་ཞེས་ཤུགས་ཀྱིས་བསྟན་ཏོ།་་་་་དགེ་འདུན་གཞན་གྱི་ཕྱིར་ཉོ་ན་ནི་ཅི་རི་བ་ཙམ་གྱིས་རྒྱུ་སྦྱིན་ནོ་ཞེས་འགྲེལ་ཆུང་ལས་བཤད་དོ། །དགེ་འདུན་གྱི་རྫས་དེ་གཏད་དོ་ཞེས་སྦྱར་རོ། །སུ་ལ་གཏད་ན་དགེ་འདུན་གྱི་ཆེད་ཁེ་སྤོག་བྱེད་པ་ལ་གཏད་དོ། །ཇི་ལྟར་གཏད་ན་དགེ་འདུན་གྱི་་་་་་དམ་བཞག་པ་ལ་སོགས་པ་དགེ་འདུན་གྱི་རྫས་ཀྱི་གཉེར་ཀའི། ལས་བྱེད་པ་ལས་བླངས་ཏེ་གཏད་དོ་ཞེས་བསྟན་ཏོ། །ད་ནི་ལྷུང་བཟེད་འཆང་བའི་སྤང་བ་འཆད་དེ། ལྷུང་བཟེད་ཀྱིའོ་ཞེས་སོ། །འདི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་གཉིས་ལས་བྱུང་ལ་མ་བཅས་པ་ནི་ཉེ་དགའ་ལས་སོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །འདི་ལ་བདུན་ལས། ལྷུང་བཟེད་ཡིན་པ་སྟེ། ལྷུང་བཟེད་ཀྱིའོ་ཞེས་སོ། །འབྲེལ་མེད་མ་ཡིན་པ་སྟེ། སྤང་བར་མི་བྱ་བ་ཉིད་དང་། བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་ཞེས་གསུངས་

༼༦༡༥༽

པ་དང་། རང་གི་རྣམ་བཤད་ཀྱི་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་ལས་འདིར་འཆང་བའི་ཉེས་པ་བསྐྱེད་པ་མེད་དོ་ཞེས་སོ། །རུང་བ་དང་ལྷུང་བཟེད་ཀྱི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་དང་། རང་ཉིད་དབང་བ་ཡིན་པ་དང་། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་ཡིན་པ་དང་གསུམ་ནི་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྷུང་བཟེད་བྱིན་རླབས་མི་བྱེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ་བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱི་ཞག་བཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །ཡན་ལག་གི་དོན་ནི། རང་གི་ཉིད་དོ་ཞེས་པ་ལ་སོགས་པ།་་་་་གོས་འཆང་བའི་སྐབས་སུ་སྔར་ཇི་སྐད་བསྟན་པ་དེ་རྣམས་ལྷུང་བཟེད་ཀྱི་ཡུལ་ལ་སྦྱར་བའོ། །འཁོར་གསུམ་ཁེབས་པའི་མཐའི་ཚད་ལའོ་ཞེས་སྨོས་པ་དེར། ལྷུང་བཟེད་ཀྱི་མཐའི་ཚད་ལའོ་ཞེས་བསྒྱུར་རོ། །ལྷུང་བཟེད་མདོག་་་་་སྐྱ་བ་དང་དཀར་བ་ལ་སོགས་པ་ནི་རུང་བ་ཉིད་མ་ཡིན་པའི་ཕྱིར། བྱིན་རླབས་མི་འཆགས་པ་ཉིད། བྱིན་གྱིས་མ་བརླབ་པར།་་་་་ཞག་བཅུ་འདས་པར་བཅངས་ཀྱང་སྤང་ལྟུང་མི་བསྐྱེད་པ་ཉིད་དང་། ཞག་བཅུ་འདས་པ་ན་ལྟུང་བ་ན་སྨད་པ་ཉིད་དང་། ཉི་མ་དང་པོ་ཉིད་ནས་ལྷུང་བཟེད་མི་རུང་བ་འཆང་བའི་ཉེས་བྱས་བསྐྱེད་པ་སྟེ། དོན་རྣམ་པ་བཞི་གོ་བར་བྱའོ། །ད་ནི་ལྷུང་བཟེད་འཚོལ་བའི་སྤང་བ་འཆད་དེ། བསླབ་པར་བྱ་བ་ནི་་་་་་ཉེར་དགས་གཙུག་ལག་ཁང་གཉིས་ཀྱི་རྙེད་པ་ཐོབ་པ་ཡོད་པ་ལ་བརྟེན། ཊཱི་ཀ་ལས་དགེ་སློང་གིས་སྤྱིར་དངོས་པོ་ཐམས་ཅད་ལ་ཧ་ཅང་ཆགས་པར་མི་བྱ། བྱེ་བྲག་ཏུ་་་་་་རབ་ཏུ་བྱུང་བས། ལྷུང་བཟེད་ལ་སོགས་པ་ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱ་ཞེས་སོ། །འགྲེལ་ཆུང་ལས་ནི་གཞན་གྱི་ལ་ཧ་ཅང་ཆགས་པར་མི་བྱ། བདག་གི་ཡོ་བྱད་ལ་ཧ་ཅང་ཆགས་པར་མི་བྱ་ཞེས་བཤད་དོ། །ཡོ་བྱད་ལ་ཞེས་པའི་རང་འགྲེལ་ལས་ཀྱང་རང་གི་ཞེས་བྱ་བ་སྦྱར་བར་གྱུར་པ་ཉིད་ཀྱིས་ཤེས་པར་

༼༦༡༦༽

བྱའོ་ཞེས་གསུངས་སོ། །ལྟུང་བ་རྣམ་གཞག་ནི་དེ་ཡོད་པ་ཉིད་ན་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ལྷུང་བཟེད་བླངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ཡོ་བྱད་ལ་གནོད་པ་དང་། རང་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་ལྷུང་བཟེད་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ལྷུང་བཟེད་བླངས་ཏེ་ཐོབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསླང་བའི་ཡུལ་དང་། གང་བསླང་བའི་དངོས་པོ་དང་། གང་གིས་སློང་བའི་རྟེན་ནོ། །དང་པོ་ནི་ཁྱིམ་པ་ཆོས་དྲུག་ལྡན་ཏེ་གོས་སློང་བའི་ཡུལ་ལ་སྔར་བཤད་པ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ལྷུང་བཟེད་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པའོ། །དེ་ཡང་ལྷུང་བཟེད་འཚོལ་བའི་སྤང་བ་ཞེས་པ་དང་། སྦྱིན་བདག་དེ་ཉིད་དབང་བའི་ལྷུང་བཟེད་དང་གཞན་དབང་བའི་ལྷུང་བཟེད་ནོར་ཏེ་བླངས་ན་ལྟུང་བ་ན་སྨད་དུ་འགྱུར་བའི་ཕྱིར་དང་། ཐ་མ་གཉིས་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་ནི་རང་ལ་ལྷུང་བཟེད་མཚན་ཉིད་དང་ལྡན་པ་ཡོད་པ་སྟེ། དེ་ཡོད་པ་ཉིད་ནའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་སློང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་བར་ཞུགས་པའོ། །མཐར་ཐུག་ནི་ལྷུང་བཟེད་ཐོབ་ཅིང་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི། རང་ལ་ལྷུང་བཟེད་དེ་བཞིན་དུ་བླངས་ཏེ་ཐོབ་པ།་་་་་ཡོད་པ་ཉིད་ནའོ།་་་་་སྤང་ལྟུང་བསྐྱེད་པ། གཞན་དག་ལའོ་ཞེས་པ་ནི་ཐ་ག་པ་དང་སྦྱིན་བདག་ལས་གཞན་ཕོ་ཉ་བ་ཁྱིམ་པ་ཡིན་པ་དང་ཉེ་དུ་མ་ཡིན་པ་དག་ལའོ་ཞེས་བསྟན་ཏེ། དེ་ལྟར་ཐག་འཇུག་འཐག་སྐྱེད་གཉིས་ཀྱི་ཕོ་ཉ་བ་དེ་ཁྱིམ་པ་ཡིན་པ་དང་ཉེ་དུ་མ་ཡིན་པ་འདི་ནི་གླེང་གཞི་་་་་་ཕོ་ཉ་བ་དེ་རྒྱལ་པོའི་བློན་པོ་ཡིན་པར་བཤད་པས་ཁྱིམ་པ་ཡིན་པར་གྲུབ་ཅིང་། ཉེ་དགའི་ཆུང་གྲོགས་ཡིན་ཞེས་གསུངས་ཀྱི། ཉེ་དུ་ཡིན་ཞེས་མ་གསུངས་པས་ཉེ་དུ་མ་ཡིན་པར་གྲུབ་བོ། །ལས་བྱུང་བ་གཞུང་དུ་བཀོད་པ་ཙམ་ཡིན་གྱི་ངེས་གཟུང་གི་ཡན་ལག་ཏུ་དགོས་པ་ནི་མ་ཡིན་ཏེ། འཐག་འཇུག་འཐག་སྐྱེད་གཉིས་ཀྱི་ཕོ་ཉ་བ་དེ་ཁྱིམ་པ་ཡིན་མིན་དང་ཉེ་དུ་ཡིན་མིན་ལ་དགག་བྱ་ཁྱད་པར་མེད་པའི་ཕྱིར་དང་། བཅོལ་ཡང་རྫོགས་པའི་

༼༦༡༧༽

ལྟུང་བ་གཞན་རྣམས་ལ་བཅོལ་ཡུལ་དེ་ཁྱིམ་པ་ཡིན་པ་དང་ཉེ་དུ་མ་ཡིན་པ་ངེས་གཟུང་གི་ཡན་ལག་ཏུ་མི་དགོས་ལ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡུལ་ཉེ་དུ་ལས་ནི་སྐྱེད་གཉིས་དང་ལྷུང་བཟེད་འཚོལ་བ་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་སྦྱར་རོ། །འོ་ན་་་་་་དགེ་སློང་དེའི་ཉེ་དུས་་་་་་རྩིག་ཏུ་བཅུག་པའི་འདུག་གནས་སུ་ཟོས་པ་ལས། ཀྱང་ངོ་ཞེས་འབྱུང་བ་དང་འགལ་ཞེ་ན། དེ་ནི་སྔ་མའི་དམིགས་བསལ་ཡིན་ནོ།་་་་་སྐྱེད་དང་ལྷུང་བཟེད་མ་གཏོགས་པ་ལ་ཡུལ་ཉེ་དུ་ལས་ནི་ཉེས་པ་མེད་ན། བཅས་ལྡན་དགེ་སློང་གི་རང་གི་ཉེ་དུ་ཡིན་པའི་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་པ་ཆོས་ཅན། ཆོས་གོས་འཁྲུར་འཇུག་གི་ལྟུང་བ་ཁེགས་པར་ཐལ། འཁྲུར་འཇུག་གི་ལྟུང་བ་གང་ཡང་མི་སྐྱེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་དམ་བཅའ་བུད་ཅིང་། འདོད་ན་ཆོས་ཅན་སྔར་བཞིན་ཆོས་གོས་འཁྲུར་འཇུག་གི་ལྟུང་བ་ན་སྨད་བསྐྱེད་པ་ཁེགས་པར་ཐལ། སྔར་གྱི་ཆོས་ནི་རྟགས་སོ། །འདོད་ན་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་གི་སྐབས་ཀྱི་ལུང་ཞུ་བ་ལས་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་ཏེ་འཁྲུར་འཇུག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །མདོ་རྩ་བ་ལས་ཀྱང་དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་གསུངས་སོ། །ལྷུང་བཟེད་མེད་པ་ཉིད་ལ་ཡོད་པའི་བློ་ཅན་གྱིས་སློང་བ་ཐོབ་པ་ལ་་་་་་སྦྱོར་བ་སྦྱོར་བའི་ཐད་ཀར་ན་སྨད་དངོས་གཞི་དངོས་གཞིའི་ཐད་ཀར་ན་སྨད་ཅེས་གསུངས། ནི་སྦྱོར་བའི་སྐབས་སུ་སྦྱོར་ལྟུང་ལས་ན་སྨད་པ་དང་མཐར་ཐུག་གི་སྐབས་སུ་དངོས་གཞི་ལས་ན་སྨད་པ་སྟེ། དེ་ལྟར་ཊཱི་ཀ་ལས་བཤད་དོ། །དེ་དག་་་་་་ལྷུང་བཟེད་ཀྱི་རིན་དུ་གྱུར་པའི་རང་གི་ཡོ་བྱད། ཡོད་པ་ཉིད་ན་ཡང་་་་་་ལྷུང་བཟེད་མེད་ཀྱང་མི་ཉོ་བར་བླངས་ན་ན་སྨད་དོ། ངོ་ཞེས་པ་ཊཱི་ཀ་ལས་ཆོས་གོས་ལའང་རིགས་པ་འདི་ཉིད་རིག་པར་བྱའོ་ཞེས་བཤད་དོ། །བཟང་པོ་འདོད་པས་བརྗེ་ན་ལྟུང་བ་ན་སྨད་དོ། །འོ་ན་ལུང་རྣམ་འབྱིད་ལས་བརྗེ་བས་ལེན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་བཟང་པོ་འདོད་པ་མེད་པར་བརྗེ་བའི་དབང་དུ་བྱས་ཏེ་གསུངས་པའོ། །སྤྱིར་བཏང་ལ་དགེ་སློང་གང་ཟག་ལ་སྤང་སྟེ། དམིགས་བསལ་ནི་འདི་ནི་དགེ་འདུན་ལ་སྤང་ངོ་ཞེས་སོ། །སྤྱིར་ན་སྤང་ལྟུང་ཕྱིར་བཅོས་པའི་སྤང་བ་ལ་གཉིས་ཏེ། གཏན་སྤངས་དང་རེ་ཞིག་པའི་སྤང་བའོ། །དང་པོ་ནི་གཉིས་ཏེ། སྐབས་འདིར་གཞན་ནི་ཐམས་

༼༦༡༨༽

ཅད་ཀྱི་ཐམས་ཅད་དུ་སྤང་ཞེས་གསུངས་པ་འདི་དང་། བྱིན་འཕྲོག་བྱས་ན་དེ་ནི་ཕྱིར་སྦྱིན་པར་བྱ་ཞེས་གསུངས་པའོ། །དེ་གཉིས་ལས་གཞན་པའི་སྤང་བ་ཐམས་ཅད་རེ་ཞིག་པའི་སྤང་བ་སྟེ་ཞག་གཅིག་སྤང་བའོ། །བསྐོས་པས་སོ་ཞེས་པ་འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་མ་བསྐོས་པའི་ཉེས་པ་ཁེགས་པ་དང་། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི་དགེ་སློང་ཆོས་བཅུ་བཞི་དང་ལྡན་པ་སྟེ།་་་་་སྤོང་བ་པའི་ཞལ་ཏ་བ་བསྐོ་བའི། སྐབས་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །བཞི་པ་བསྐོས་པ་དེའི་བྱ་བ་ནི། ཚོགས་པ་ལ་བརྗོད་པ་ལ་སོགས་པ་སྟེ་གཞུང་ལས་ཤེས་པར་འགྱུར་རོ། །ལྷུང་བཟེད་འབྲེལ་བ་མེད་པ་ཞེས་པ་ནི།་་་་་ཊཱི་ཀ་ལས་ཨུ་ཧ་ན་ཧཱ་ཞེས་བྱ་བ་ནི་འབྲེལ་བ་མེད་པ་ཞེས་བྱ་བ་སྟེ། ཨུ་ན་ཞེས་བྱ་བ་ནི་ཨུངྒ་ཏ་ཞེས་བྱ་སྟེ་མེད་པའི་དོན་ཡིན་ལན་ཧ་ཞེས་བྱ་བ་ནི་ན་ཧ་བ་ནྡྷ་ཞེས་བྱ་སྟེ་འབྲལ་བ་ཡིན་ནོ། །འབྲེལ་བ་མེད་པ་ནི་གཉིས་ཏེ། བྱིན་གྱིས་བརླབས་པའི་འབྲེལ་བ་མེད་པ་དང་། གཞན་ལ་སྤང་བའི་འབྲེལ་བ་མེད་པའོ།་་་་་དེ་གཉིས་ནི་རང་བཞིན་གྱིས་བྱིན་གྱིས་བརླབས་པར་མི་བྱ་བ་ཉིད་དང་། གཞན་ལ་སྦྱིན་བཙོང་མི་བྱ་བ་ཉིད་གོ་རིམ་བཞིན་ནོ། །ཊཱི་ཀ་ལས་དེ་ནི་་་་་་ལྷུང་བཟེད་འབྲེལ་མེད། བྲན་གནམ་ཁོལ་དུ་བྱུང་བ་དང་ཆོས་གསུམ་གྱི་སྒོ་ནས།་་་་་འདྲ་སྟེ། གནམ་ཁོལ་དུ་བྱུང་བས་བྲན་གྱི་ལས་སུ་མི་བསྐོ་བ་དང་། གཞི་་་་་་ཡོངས་སུ་བཏང་བར་མི་བྱ་བ་དང་། བཟའ་བཏུང་ལ་སོགས་པ་སྦྱིན་དགོས་པ་་་་་་སྟེ་གསུམ་པོ། དེ་བཞིན་དུ་་་་་་འདི་ཡང་གསུམ་སྟེ། ལྷུང་བཟེད་འབྲེལ་བ་མེད་པ་འདི་ཡང་་་་་་རང་གཞན་གྱི། བྱིན་གྱིས་བརླབ་པར་མི་བྱ། གཞན་ལ་སྤང་བར་མི་བྱ་ཞིང་། ཁ་དོག་ལ་སོགས་པ་ཡོ་བྱད་ཆོས་བཟང་པོ་ངེས་པར་སྦྱར་ཞིང་།་་་་་དེ་ལ་ཁ་བསྒྱུར་བ་དང་བསྲེག་པ་དང་བྱི་དོར་ལ་སོགས་པ་ཡང་བྱ་ཞེས་སོ། །བདག་གི་ལྷུང་བཟེད་དང་བརྗེ་བར་་་་་་འདོད་ན་ལྷུང་བཟེད་འབྲིམ་པ་དེ།་་་་་བླང་བར་བྱ་སྟེ། རང་གི་ལྷུང་བཟེད་ནི་དགེ་སློང་ལྷུང་བཟེད་འབྲིམ་པ་པོ་

༼༦༡༩༽

དེ་ལ་གཏད་པར་བྱའོ། །དེས་གཏད་པའི་ལྷུང་བཟེད་དེ་གྲལ་འོག་མ་དེ་ལ་བྲིམ་པར་བྱའོ། །གྲལ་འོག་མ་དེས་ཀྱང་བརྗེ་བར་འདོད་ན་བརྗེ་བར་བྱ་སྟེ་གྲལ་རྫོགས་ཀྱི་བར་དུ་དེ་བཞིན་བྱའོ། །ད་ནི་ཐག་ཏུ་འཇུག་པའི་སྤང་བ་འཆད་དེ། རིན་མེད་པར་ཞེས་སོ། །འདི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཐ་ག་པ་ལ་རྔན་པ་མེད་པར་ཐགས་འཐག་ཏུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཐ་ག་པའི་ལོངས་སྤྱོད་ལ་གནོད་པ་དང་། རང་འདོད་པ་ཆེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་རྔན་པ་མེད་པར་གོས་འཐག་ཏུ་བཅུག་སྟེ། ཁྲུ་གང་ཡན་ཆད་བཏགས་ཟིན་ཞིང་རྔན་པ་ལ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་འཐག་ཏུ་འཇུག་པའི་ཡུལ་དང་། གང་འཐག་ཏུ་འཇུག་པའི་དངོས་པོ་དང་། གང་གིས་འཐག་ཏུ་འཇུག་པའི་རྟེན་ནོ། །དང་པོ་ནི་་་་་་ཐག་གླ་ཅི་བདེར་སྟོབས་པ་མ་ཡིན་པ་བགྲང་བའི། ཐ་ག་པ་ཁྱིམ་པ་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་གོས་ཀྱི་རྒྱུ་ཡིན་པ་དང་། རང་ཉིད་དབང་བ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གིས་འཐག་ཏུ་འཇུག་པའི་རྟེན་ནི། རྔན་པ་མེད་པ་སྟེ་རིན་མེད་པར་ཞེས་སོ། །ལུང་རྣམ་འབྱེད་ལས་གླ་རྔན་གྱིས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཡིད་གཅུགས་ཁྱད་པར་ཅན་མ་ཡིན་པས་རང་དོན་དུ་ཐགས་གླ་མེད་པར་འཐག་ཏུ་འཇུག་པར་འདོད་པ་རྒྱུན་མ་ཆད་པའོ། །ཡིད་གཅུགས་ཁྱད་པར་ཅན་ཡིན་ན་ནི་རྔན་པ་མེད་པར་འཐག་ཏུ་བཅུག་ཀྱང་ལྟུང་བ་མེད་དེ། ཡིད་གཅུགས་པའི་སེམས་དག་གི་ལྟུང་བ་མེད་དོ་ཞེས་མ་བྱིན་ལེན་གྱི་ལྟུང་མེད་དུ་གསུངས་པའི་གནད་ཀྱིས་ཤེས་སོ། །གལ་ཏེ་འཐག་གླར་རྐུ་སེམས་བྱུང་ན་ནི་རྔན་འཐེན་ཡང་མ་བརྐུས་པ་མིན་ན་ནི་ཞེས་འགྲེལ་ཆུང་ལས། ལས་བྱེད་པ་ལ་གླ་མ་བྱིན་ན་ཕམ་མོ་ཞེས་བཤད་དེ། རྐུ་སེམས་བྱུང་ན་མ་བྱིན་ལེན་དང་འཐག་འཇུག་གཉིས་ཀའི་ལྟུང་བ་འབྱུང་སྟེ། གཞི་གཅིག་ལ་སོགས་པའོ།་་་་་སྦྱོར་བ་ནི་རང་

༼༦༢༠༽

ངམ་བསྐོས་པས་འཐག་ཏུ་འཇུག་པའོ། །མཐར་ཐུག་པ་ནི་ཁྲུ་གང་ཡན་ཆད་བཏགས་ཟིན་ཞིང་ཐགས་གླ་ལ་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི་རིན་མེད་པར་ཞེས་སོ། །འོ་ན་སོ་སོ་ཐར་པ་ལས་ཉེ་དུ་མ་ཡིན་པ་ལས་རང་གིས་བླངས་པའི་སྐུད་པ་་་་་་སྟེ་དོག་པ་འཐག་ཏུ་འཇུག་ན། ཞེས་གསུངས་པ་མདོ་རྩ་བ།་་་་་འདིར་མ་སྨོས་པ་འགལ་ལོ་ཞེ་ན། དེ་ནི་གླེང་གཞིའི་དབང་གིས་གསུངས་ཀྱི། ལྟུང་བ་འདིའི་ཡན་ལག་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། དགེ་སློང་གིས་ཉེ་དུ་ལ་སྐུད་པ་བླངས་ནས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ་ཞེས་གསུངས་པའི་གནད་ཀྱིས་ཤེས་སོ། །ཊཱི་ཀ་ལས་ཀྱང་འདིར་སྐུད་པ་སློང་བ་ནི་སྤང་བའི་ལྟུང་བྱེད་ཀྱི་རྒྱུར་འགྱུར་བ་མ་ཡིན་གྱི་ཞེས་སོ། །ལུང་ལས་ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ནི།་་་་་ཐ་ག་པ་ཉེ་དུ་མ་ཡིན་པ་ལས་གཞན་ཉེ་དུ་ཉིད་དང་བཅས་པ་ལ་ནི་ཉེ་དུ་མ་ཡིན་པས་འཐག་པ་དེ་མ་བྱས་པ་ཉིད་མ་ཡིན་ནོ། །ཊཱི་ཀ་ལས་ཉེ་དུ་མ་ཡིན་པའི་དབང་གིས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཐ་ག་པ་གཉིས་ཀྱི་གཅིག་ལ་རྔན་པ་བྱིན་ཏེ་གཅིག་ལ་རྔན་པ་མ་བྱིན་པར་འཐག་ཏུ་འཇུག་ན་ཊཱི་ཀ་ལས།་་་་་རིན་བྱིན་པ་དང་མ་བྱིན་པ་གཉིས་ཀ་ལ་འཐག་ཏུ་བཅུག་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་སོ། །གལ་ཏེ་ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ན། ཉེ་དུ་མ་ཡིན་པས་བཏགས་པ་དེ་ཁྲུ་གང་ཡན་ཆད་རྫོགས་པར་ཡོད་ན་དངོས་གཞིར་འགྱུར་གྱི། ཐ་ག་པ།་་་་་ཉེ་དུ་དང་ཉེ་དུ་མ་ཡིན་པས་ཁྲུ་ཕྱེད་ཕྱེད་བཏགས་པ་ལ་ནི་ན་སྨད་དོ། །རས་ཡུག་ཁྲུ་བཅུ་པ་ཉེ་དུ་དང་ཉེ་དུ་མ་ཡིན་པས། ཁྲུ་རེ་རེ་སྤེལ་མར་བཏགས་ན་ནི་ཉེ་དུས་བཏགས་པ་ཐམས་ཅད་ལྟུང་མེད་ཕྱོགས་གཅིག་ཏུ་དང་། ཉེ་དུ་མ་ཡིན་པས་བཏགས་པ་ཐམས་ཅད་ལྟུང་བ་ཕྱོགས་གཅིག་ཏུ་བསྡོམས་ཏེ་འདྲེས་པ་ནི་ཆར་སྡོམ་མོ་ཞེས་གསུངས་པའི་གནད་ཀྱི་ཤེས་སོ།་་་་་གོས་འཐག་འཇུག་གི་གནད་ཀྱིས་རྔན་པ་མ་བྱིན་པར་ལྷུང་བཟེད་འཆོས་སུ་འཇུག་ན་སྤང་ལྟུང་བསྐྱེད་པར་མདོར་བསྡུས་སྦྱར་ཞེས་གསུངས་སོ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号