ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༦༤༠༽

དགེ་སློང་རང་གི་ཉིད་ཡིན་པ་སྟེ། འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པའི་ཚྭ་ཆུ་དང་འགྱུར་བྱེད་ཀྱི་ཆུ་དང་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ་ཞེས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་དྲུག་གོ །གཉིས་པ་གང་གིས་འཆང་བའི་རྟེན་ནི། ཁྱད་པར་དུ་ཡང་སྨན་བྱིན་གྱིས་བརླབས་པ་འཆང་བ་ལ་ནི་རྟེན་ནད་པའམ་ནད་པ་དང་འདྲ་བ་ཡིན་པ་སྟེ། གཞན་དུ་ན་སྨན་བྱིན་བྱིན་བརླབས་པ་མི་འཆགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བྱིན་ལེན་མ་ཞིག་པར་རང་དོན་དུ་བཟའ་བའི་ཆེད་དུ་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བྱིན་ལེན་མ་བཤིག་པར་འཇོག་པའོ། །མཐར་ཐུག་ནི་སྨན་དེ་ལ་བྱིན་རླབས་མེད་ན་སྤྱི་དུས་ལས་འདས་པར་བྱེད་པ་དང་། བྱིན་རླབས་ཡོད་ན་རང་དུས་ལས་འདས་པར་བྱེད་པའོ།་་་་་སྤྱི་དུས་ལས་འདས་པ་ནི། སྔ་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་ཉི་མ་དགུང་ཚིགས་ཡོལ་ན་གསོག་འཇོག་གི་སྤང་བའོ། །ཕྱི་དྲོ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་དགོང་མོ་ཐུན་ཚོད་ཀྱི་མཐའ་ལས་འདས་ན་གསོག་འཇོག་གི་སྤང་བའོ། །སྲོད་ལ་བྱིན་ལེན་བྱས་ན་སྨན་བཞི་པོ་གང་ཡིན་ཡང་སྤྱི་དུས་མཚན་མོ་མཐའི་སྐད་ཅིག་འདས་ན་གསོག་འཇོག་གི་སྤང་བའོ། །རང་དུས་ལས་འདས་པ་ནི། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་ན། དགོང་མོ་ཐུན་ཚོད་ཀྱི་མཐའ་ལས་འདས་པ་དང་། ཞག་བདུན་པར་བྱིན་གྱིས་བརླབས་ན་ཞག་བདུན་གྱི་མཚན་མོ་མཐའི་སྐད་ཅིག་འདས་པ་དང་། འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་ན་ནད་གསོས་ནས་ཐུན་ཚོད་ཀྱི་ཚིགས་ལས་འདས་ན་གསོག་འཇོག་གི་སྤང་བའོ། །ཡན་ལག་གི་དོན་ནི། ལག་ཉ་ཁེགས་པའི་ཕྱིར་བྱིན་ལེན་བྱས་ཏེ་འཆང་ན་ཡང་ལྟུང་བ་མེད་ལ་འདི་ནི་བཟའ་བའི་ཕྱིར་བྱིན་ལེན་བྱས་ཏེ་བཟའ་བའི་ཕྱིར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའོ།་་་་་ཡིན་གྱི་བཟའ་བའི་ཕྱིར་བྱིན་ལེན་བྱས་ཏེ་རྐང་པ་ལ་བསྐུ་བའི་ཕྱིར་འཆང་ན་ལྟུང་བ་མི་འབྱུང་བ། ཊཱི་ཀ་ལས་འཆང་བ་ལ་ལྟུང་བ་འདི་ནི་རྣམ་པར་བཞག་གི་ལོངས་སྤྱོད་པར་བྱེད་པ་ནི་མ་ཡིན་ཏེ་གསོག་འཇོག་བྱས་པ་ཟ་བ་ལ་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་ཕྱིར་རོ་ཞེས་སོ། །འོ་ན་སོ་སོ་ཐར་བ་ལས་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། འགལ་ལོ་ཞེ་ན། ཊཱི་ཀ་ལས་འཆང་བ་མཚོན་པའི་དོན་དུ་ལོངས་སྤྱོད་

༼༦༤༡༽

པར་བྱེད་ན་ཞེས་གསུངས་པ་ཡིན་ཏེ། འཆང་བ་མེད་པར་ལོངས་སྤྱོད་པར་བྱེད་པ་མི་སྲིད་པའི་ཕྱིར་རོ་ཞེས་བཤད་དོ། །ལུང་རྣམ་འབྱེད་ལྟུང་བ་བསྟན་པ་ལས་ཀྱང་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་འཆང་བ་ལས་ལྟུང་བར་གསུངས་ཀྱི། ལོངས་སྤྱོད་པ་ལས་ལྟུང་བར་མ་གསུངས་སོ། །གང་འཆང་ན་སྤང་བར་འགྱུར་ཞེ་ན། དེའོ་ཞེས་སྨོས་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པ་དེ་འཆང་ནའོ། །དེ་ལ་བརྟེན་ནས་ཁ་ཅིག་ཁ་་་་་་ཁ་ཆེ་དར་མ་གྲགས། ན་རེ། ཞག་བདུན་པ་ཁོ་ན་ལས་གསོག་འཇོག་གི་སྤང་ལྟུང་འབྱུང་ངོ་། །ཞེས་ཟེར་ཏེ། བམ་པོ་ལྔ་བཅུ་པ་ལས།་་་་་སྔོན་གྱི་འདུལ་བ་འཛིན་པ་དབུས་འགྱུར་གྱི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དྷརྨ་མི་ཏྲས་འདུལ་བའི་མདོ་རྒྱ་ཆེར་འགྲེལ་བ་ལས་ནི་དགེ་སློང་གི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་དང་། ཐུན་ཚོད་དུ་རུང་བའི་བཏུང་བ་དག་བཟའ་བའི་ཕྱིར་འཆང་ན་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་གྱུར་པ་འབྱུང་ངོ་། །བར་གྱི་འདུལ་བ་འཛིན་པ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཀ་ལྱ་ན་མི་ཏྲ་་་་་་དགེ་ལེགས་བཤེས་གཉེན་ནི། །ལ་སོགས་པའི་བཤད་པ་ལས་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ལ། དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་བཅང་བ་གསོག་འཇོག་ཏུ་འགྱུར་བ་ནི་གསོག་འཇོག་གི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་མི་འགྱུར་གྱི། སྐབས་འདིའི་ཉེས་བྱས་སུ་འགྱུར་བར་གསུངས་པའི་གཞུང་དང་སྦྱར་ཏེ། འདིར་སློབ་དཔོན་ཀ་ལྱ་ན་མི་ཏྲས་བཤད་པའི་ལུགས་བཞིན་དུ་བྲིས་སོ་ཞེས་བཤད་དོ། །འོན་ཀྱང་་་་་་བམ་པོ་ལྔ་བཅུ་པ། དེའི་རྗེས་སུ་མི་འབྲང་སྟེ། གསོག་འཇོག་གི་སྤང་བའི་སྐབས་ཀྱི་རང་གི་རྣམ་བཤད་ལས། དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་འཆང་བ་རྣམས་ལ། གསོག་འཇོག་གི་་་་་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པ་ལ་ཞག་བདུན་པ་ལས་བྱེ་བྲག་འགའ་ཡང་མེད་དོ། །འདིར་ཞག་བདུན་པ་ཞེས་སྨོས་པ་ནི་དཔེ་ཙམ་དུ་རིག་པར་བྱའོ། །ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་ཞག་བདུན་པ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་རིག་པར་བྱའོ། །དུས་སུ་རུང་བ་དང་ཐུན་ཚོད་

༼༦༤༢༽

དུ་རུང་བ་དང་ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་གསོག་འཇོག་བྱས་པ་དེ་ཐམས་ཅད་ཅི་ལྟར་ཟོས་ན་ལྟུང་བྱེད་དུ་འགྱུར་པ་དེ་བཞིན་དུ་འཆང་ན་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་ཏེ་ཞེས་གསུངས་པ་དེ་གཙོ་བོར་གཟུང་བར་བྱའོ། །གང་གི་ཚེ་ན་སྤང་བར་འགྱུར་ཞེ་ན། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ནི་ལུང་་་་་་སྐྱ་རེངས་ཀྱི་ངོ་བོ་བརྒྱད་པ་ཤར་བ་མ་ཡིན་གྱི་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྟེ། དགེ་སློང་མའི་རྣམ་འབྱེད་ལས་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་ལ། བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་འགྲེལ་ཆུང་གི་མདོ་རྩ་བ་ལས་བཤད་པ་དེ་འགྱུར་ལེགས་སོ། །ཊཱི་ཀ་ལས་བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཀྱང་ཉེས་པ་མེད་དེ་ཞེས་པ་ནི། བྱིན་གྱིས་མ་བརླབས་པ་ཞེས་པ་དེས་རྒྱུ་བྱིན་ལེན་མ་བྱས་པ་མཚོན་པ་སྟེ། རྒྱུ་བྱིན་ལེན་མ་བྱས་ཤིང་འབྲས་བུ་བྱིན་གྱིས་མ་བརླབས་པ་ནི་ཞག་བདུན་ལས་འདས་པར་འཆང་དུ་ཟིན་ཡང་གསོག་འཇོག་གི་ཉེས་པ་མེད་དེ། བྱིན་ལེན་མེད་པའི་ཕྱིར་རོ། །དགེ་སློང་གིས་བུ་རམ་ལྟ་བུ་ཞག་བདུན་པའི་སྨན་རྙེད་ན་བརྟགས་པ་མ་བྱས་པར་འཆང་ན་མ་བརྟགས་པར་འཆང་བའི་ཉེས་པ་མེད་པ་མིན་ཏེ། ཊཱི་ཀ་ལས་རུང་བའི་ཕྱིར་གསེར་ལ་སོགས་པ་དང་འདྲའོ་ཞེས་པས་བུ་རམ་ལྟ་བུ་ཞག་བདུན་པའི་སྨན་རྙེད་ན་ཡང་། རུང་བ་གསུམ་གང་ཡང་རུང་བ་བྱ་སྟེ། དཔེར་ན་གསེར་དངུལ་ལ་རུང་བ་གསུམ་བྱ་བ་བཞིན་ནོ། །འབྲུ་མར་ལ་སོགས་པ་ཞག་བདུན་པ་དེ་རྐང་པ་བསྐུ་བ་ལ་སོགས་པ་དགོས་པའི་དོན་གང་གི་ཕྱིར་བསམ་པས་བརྟགས་པ་དེའི་ཕྱིར་འཆང་བ་ལ་ནི་ལྟུང་བ་མེད་དེ། བྱིན་ལེན་མ་བཤིག་པར་བཞག་ཀྱང་གསོག་འཇོག་གི་ལྟུང་བ་མེད་པའོ། །ཊཱི་ཀ་ལས་བློས་ཡོངས་སུ་མ་བཅད་པར་འཆང་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་སྟེ། སྤྱི་ནི་བྱེ་བྲག་གི་ཁོངས་སུ་གཏོགས་པའི་ཕྱིར་རོ་ཞེས་པ་ནི་མར་ལ་སོགས་པ་བྱིན་ལེན་བྱས་པ་དེ་བདག་ཉིད་ཟ་བ་དང་གཞན་ལ་སྦྱིན་པ་དང་རྐང་པར་བསྐུ་བ་ལ་སོགས་པ་བྱེ་བྲག་འདི་བྱའོ་ཞེས་བློས་ཡོངས་སུ་མ་བཅད་པར་གང་མཁོ་བ་བྱའོ་སྙམ་དུ་སྤྱིའི་བསམ་པས་འཆང་བ་ལ་ཡང་གསོག་འཇོག་གི་སྤང་ལྟུང་བསྐྱེད་དེ། སྤྱིས་བྱེ་བྲག་ལ་ཁྱབ་པའི་ཕྱིར་ཞེས་པ་སྟེ།

༼༦༤༣༽

སྤྱིའི་བསམ་པ་དེས་བྱེ་བྲག་བཟའ་བའི་ཆེད་ཀྱི་བསམ་པ་ལ་ཡང་ཁྱབ་པའི་ཕྱིར་ཞེས་པའོ། །ཊཱི་ཀ་ལས་དེ་ལྟ་བས་ན་་་་་་བྱིན་ལེན་བཤིག་པ་བརྗོད་དེ། བག་མེད་པ་དང་་་་་་བྱིན་ལེན་བཤིག་པ་དང་མ་བཤིག་པ་དྲན་པ་མེད་པར། དྲན་པ་ཉམས་པས་འཆང་བས་ནི་བཟའ་བའི་ཕྱིར་་་་་་དེ་ལ། ཡིད་ཀྱིས་མ་བསྡུས་པའི་ཕྱིར་་་་་་ཤེས་བཞིན་དུ་གསོག་འཇོག་བྱས་པ་དང་། ཁ་ན་མ་ཐོ་བ་འདྲའོ་ཞེས་གསུངས་ཏེ། ཡིད་ཀྱིས་མ་བསྡུས་པ་ནི་མི་བཟའ་སྙམ་པའི་བརྟགས་པ་མ་བྱས་པའོ། །འབྲུ་མར་ལ་སོགས་པ།་་་་་སྣར་བླུགས་པ་དང་་་་་་བཟའ་བའི་ཆེད་དུ་བྱིན་ལེན་བྱས་པའི་མར་གྱི་ལྷག་ལྟ་བུ་དེ་ལུས་ལ། བསྐུ་མཉེ་བྱ་བ་ནི་བྱིན་ལེན་མ་བཤིག་པར་བཞག་སྟེ་གསོག་འཇོག་བྱས་ཀྱང་གསོག་འཇོག་གི་ཉེས་པ་མི་བསྐྱེད་པར་རུང་ངོ་། །ཊཱི་ཀ་ལས་གསོག་འཇོག་བྱར་རུང་བའོ། །ཞེས་སོ། །གསོག་འཇོག་བྱས་པ་དེ་སྣར་བླུགས་སུ་རུང་བ་ནི་མ་ཡིན་ཏེ། བྱིན་ལེན་མ་བྱས་པར་སྣར་བླུགས་སུ་མི་རུང་བའི་གནད་ཀྱིས་སོ། །ལུང་ཕྲན་ཚེགས་ལས་བྱིན་ལེན་བྱས་ནས་སྣར་བླུགས་པར་བྱའོ་ཞེས་གསུངས་པས།་་་་་སྣར་བླུགས་པར་བྱིན་ལེན་དགོས་ཀྱང་བསྐུ་མཉེ་བྱ་བ་ལ་ནི་བྱིན་ལེན་མི་དགོས་ཏེ། མེ་ཏོག་ཕྲེང་རྒྱུད་ལས། མགུལ་དུ་མིད་པ་མ་ཡིན་པ། །འདི་ལ་བྱིན་ལེན་མི་དགོས་སོ་ཞེས་བཤད་དོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་སྤང་བའི་ལྟུང་བྱེད་ཀྱི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་ལྟུང་བྱེད་འབའ་ཞིག་པ་འཆད་དེ། འདི་ལ་བཅུ་ཚན་དགུ་ལས། བཅུ་ཚན་དང་པོའོ། །འདི་ལ་ལྟུང་བྱེད་བཅུ་ལས། དང་པོ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་འཆད་དེ། འདི་ལ་གསུམ་ལས།་་་་་དང་པོ་སྐབས་སུ་རྫུན་གཞན་བསྟན་པ་ནི། དགེ་འདུན་འདུས་པ་ལ་ཤེས་བཞིན་དུ་ཞེས་པ་ནས་སོ། །དེ་ཡང་སྤྱིར་ན་ལུང་རྣམ་འབྱེད་ལས་རྫུན་བཅུ་གཅིག་ནས་གཉིས་ཀྱི་བར་དུ་གསུངས་ཏེ། གཞི་མེད་སྐུར་འདེབས་ཀྱི་ལུང་རྣམ་འབྱེད་ལས་གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ།་་་་་མ་མཐོང་བ་ལ་མཐོང་ངོ་ཞེས་ཟེར་བ་དང་། མ་ཐོས་པ་ལ་ཐོས་སོ་ཞེས་ཟེར་བ་དང་། མི་དོགས་པ་ལ་དོགས་སོ་ཞེས་ཟེར་བ་དང་། མཐོང་སྟེ་བརྗེད་བཞིན་དུ་མཐོང་ངོ་ཞེས་ཟེར་

༼༦༤༤༽

བ་དང་། ཐོས་ཏེ་བརྗེད་བཞིན་ཐོས་སོ་ཟེར་བ་དང་། དོགས་ཏེ་བརྗེད་བཞིན་དུ་དོགས་སོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་ཆེས་ནས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་ཏེ་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་ཏེ་མཐོང་ངོ་ཞེས་ཟེར་བ་དང་། མ་ཐོས་ཀྱང་དོགས་པ་ལ་མཐོང་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར། །གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་བཞི་བཅུས་ལྟུང་བར་འགྱུར་ཞེས་གསུངས་སོ།་་་་་སྟེ་བཅུ་གཅིག་པོ་དེ་ལས་མཐོང་སྟེ་བརྗེད་བཞིན་མ་གཏོགས་པ་བཅུ་དགེ་འདུན་ལྷག་མར་འགྱུར་རོ། །ཤེས་བཞིན་རྫུན་སྨྲ་འདི་ཉིད་ནི་ལུང་རྣམ་འབྱེད་ལས། རྫུན་དུ་སྨྲ་བ་དགུ་སྟེ། ལྟུང་བ་སྡེ་ལྔ་དང་། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་དང་ཆོ་ག་དང་འཚོ་བ་ཉམས་པས་སྐུར་པ་འདེབས་པའོ། །རྫུན་དུ་སྨྲ་བ་བརྒྱད་དེ། ལྟུང་བ་སྡེ་ལྔ་དང་མཐོང་ཐོས་དོགས་པས་སྐུར་པ་འདེབས་པའོ། །བདུན་ཏེ་ཉམས་པ་བཞི་དང་། མཐོང་ཐོས་དོགས་པས་སྐུར་པ་འདེབས་པའོ། །དྲུག་སྟེ། རྫུན་སྨྲ་བར་འདོད་པ་ན་རྫུན་སྨྲ་བར་བྱའོ་སྙམ་པ་དང་། རྫུན་སྨྲ་བ་ན་རྫུན་སྨྲའོ་སྙམ་པ་དང་། རྫུན་སྨྲས་པ་ན་རྫུན་སྨྲས་སོ་སྙམ་པ་དང་། མཐོང་ཐོས་དོགས་པར་རྫུན་དུ་སྨྲ་བའོ། །ལྔ་སྟེ། ལྟུང་བ་སྡེ་ལྔས་སྐུར་པ་འདེབས་པའོ། །བཞི་སྟེ། ཉམས་པ་བཞིས་སྐུར་པ་འདེབས་པའོ། །གསུམ་སྟེ། མཐོང་ཐོས་དོགས་གསུམ་གྱིས་སྐུར་པ་འདེབས་པའོ། །རྫུན་དུ་སྨྲ་བ་གཉིས་ཏེ། རྫུན་སྨྲ་བ་ན་རྫུན་སྨྲའོ་སྙམ་པ་དང་། རྫུན་སྨྲས་པ་ན་རྫུན་སྨྲས་སོ་སྙམ་པའོ། །རྫུན་དུ་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ་ཞེས་གསུངས་སོ།་་་་་རྫུན་དུ་སྨྲ་བ་འབའ་ཞིག་མེད་པའི་རྒྱུ་མཚན་ནི། ཊཱི་ཀ་ལས་ལན་འགའ་ནི་སྦྱོར་བ་དང་བཅས་པའི་དངོས་གཞི་ཡིན་ལ། ལན་འགའ་ནི་དངོས་གཞི་མཇུག་དང་བཅས་པ་ཡིན་ནོ་ཞེས་བཤད་དོ། །འོ་ན་རྫུན་སྨྲའོ་སྙམ་པ་མེད་པར་དོན་དང་མི་མཐུན་པའི་ཚིག་སྨྲས་ཟིན་པའི་མཇུག་ཏུ་དོན་དང་མི་མཐུན་པའི་ཚིག་སྨྲས་སོ་སྙམ་ན་ཚིག་སྨྲས་ཟིན་པའི་མཇུག་ཉི་ཚེ་ལ་རྫུན་དུ་འགྱུར་པ་ཡོད་དམ་ཞེ་ན། ཊཱི་ཀ་ལས། མཇུག་ཉི་ཚེ་ལ་ནི་རྫུན་དུ་སྨྲ་

༼༦༤༥༽

བ་མེད་དེ། ཚིག་ཐལ་ཟིན་པའི་ཕྱིར་ཞེས་གསུངས་ཏེ། རྫུན་གྱི་ཀུན་སློང་མེད་པར་ཚིག་སྨྲས་ཟིན་པའི་ཕྱིར་ཞེས་པའོ། །ཡང་རྣམ་འབྱེད་ལས་རྫུན་དུ་སྨྲ་བ་ནི་ལྔ་སྟེ། ཕམ་པར་འགྱུར་བའི་རྫུན་དང་། དགེ་འདུན་ལྷག་མ་དང་སྦོམ་པོ་དང་ཉེས་བྱས་དང་ལྟུང་བྱེད་དུ་འགྱུར་བའི་རྫུན་དང་ལྔའོ་ཞེས་གསུངས་སོ། །རྫུན་ལྔ་པོ་དེའི་དང་པོ་གཉིས་ནི་ཕམ་པ་དང་ལྷག་མའི་སྐབས་སུ་སྔར་བཤད་ཟིན་ལ། ཕྱི་མ་གསུམ་ནི་སྐབས་འདིར་བསྟན་ཏེ། དེ་ཡང་སྦོམ་པོ་དང་ཉེས་བྱས་སུ་འགྱུར་བའི་རྫུན་འདི་གཉིས་ལྟུང་བྱེད་ཀྱི་སྐབས་འདིར་བསྟན་པའི་རྒྱུ་མཚན་གང་ཞེ་ན། ཊཱི་ཀ་ལས་རྫུན་གྱི་སྐབས་ཡིན་པའི་ཕྱིར་དང་བརྗོད་པར་བྱ་བ་ཉུང་བའི་ཕྱིར་ཞེས་བཤད་དོ། །འོ་ན་བག་ཙམ་གྱིས་སྐུར་པ་འདེབས་པའི་སྐབས་སུ། སྦོམ་པོ་དང་ཉེས་བྱས་སུ་འགྱུར་བའི་རྫུན་འདི་གཉིས་བསྟན་པར་ཐལ།་་་་་འདོད་ན་གཞུང་དང་འགལ། རྫུན་གྱི་སྐབས་ཡིན་པའི་ཕྱིར་དང་། བརྗོད་པར་བྱ་བ་ཉུང་བའི་ཕྱིར་ཞེས་བརྗོད་དོ། །སྐབས་འདིར་རྫུན་འདི་གཉིས་བསྟན་པའི་རྒྱུ་མཚན་ནི། གཞན་སེལ་གྱི་སྒོ་ནས་ཤེས་བཞིན་གྱི་རྫུན་བདེ་བླག་ཏུ་རྟོགས་པར་བྱ་བའི་དོན་དུ་བསྟན་པ་སྟེ། དེ་གཉིས་དང་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བ་གཉིས་ལས་གཞན་པའི་རྫུན་དུ་ཞེས་གསུངས་པས་ཤེས་སོ། །དེ་ལྟར་སྐབས་བསྒྲུབས་ནས། དངོས་ཀྱི་དོན་ལ་སྦོམ་པོར་འགྱུར་བའི་རྫུན་ནི། དགེ་འདུན་འདུས་པ་ལ་ཞེས་ཏེ། སྦོམ་པོ་འདི་ནི་བམ་པོ་ལྔ་བཅུ་པ་ལས་དགེ་འདུན་གྱི་དབྱེན་བྱེད་པའི་ཚེ་དགེ་འདུན་འདུས་པ་ལས་ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང་། ཆོས་ཆོས་མ་ཡིན་པར་སྟོན་པ་སྟེ། རྫུན་དུ་སྨྲ་བའི་ཕམ་པར་འགྱུར་བའི་སྐབས་ཀྱི་སྦོམ་པོའོ་ཞེས་བཤད་སྣང་སྟེ་མི་རིགས་སོ།་་་་་དབྱེན་བྱེད་པའི་ལྷག་མའི་ཆར་གཏོགས་པའི་སྦོམ་པོ་སྟེ། ཊཱི་ཀ་ལས་གཞན་རྫུན་དུ་སྨྲ་བ་ནི། ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ་ཞེས་སོ།་་་་་བསྒོ་བ་མ་བྱས་ཀྱང་དགེ་འདུན་བྱེད་པས་སྦོམ་པོར་འགྱུར་བ་སྟེ། དཔེར་ན་འཁོར་ལོའི་དབྱེན་གྱི་མཚམས་མེད་བྱས་ན་བསྒོ་བ་མ་བྱས་ཀྱང་སྦོམ་པོ་འབྱུང་བ་བཞིན་ནོ། །ཉེས་བྱས་སུ་འགྱུར་བའི་རྫུན་ནི་གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་དྲིས་པ་ལ་ཞེས་སོ། །འདིའི་དོན་གཏན་ལ་དབབ་པ་ལ་གསུམ་སྟེ། ལན་གསུམ་དྲི་བའི་ཚུལ་དང་། ལན་གསུམ་དྲི་བའི་དུས་དང་། དེ་ལས་འཕྲོས་པའི་དོན་ཏོ། །དང་པོ་ནི་་་་་་སྐབས་འདིར་ཤ་ལུགས་སྨྲ་བ་རྣམས་ན་རེ་ཚིག་གི་བརྗེད་བྱང་ལས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་དྲིའོ་ཞེས་བརྗོད་པས་ལན་གསུམ་དྲིས་པའི་གོ་ཆོད་པ་ཡིན་གྱི། ལན་གསུམ་བསྐྱར་ཏེ་དྲི་མི་དགོས་པ་བཤད་ཅེས་གསུང་ངོ་། འོན་ཀྱང་ཚིག་གི་བརྗེད་

༼༦༤༦༽

བྱང་གི་དོན་མ་གོ་བར་ཟད་དེ། བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས་ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་སྨོས་པ་དེ་ཉིད་ཀྱིས་ལན་གསུམ་དུ་བསྒྲག་པར་བྱས་པ་ཡིན་ནོ། །ཞེས་བཤད་པ་དེའི་དོན་གང་ཞེ་ན། དེ་ནི་སོ་སོ་ཐར་པ་ལས་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་རྣམ་པར་བཤད་པ་དེ་གླེང་གཞི་རྣམ་པར་བཞག་པའི་ཐབས་བསྟན་པའི་མཇུག་གི་ཚིག་ལན་གཉིས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གཞུང་བཞིན་དུ་ལན་གཅིག་གཉིས་བཀླགས་པ་ཡིན་གྱི་ཚིག་དེ་ལན་གསུམ་བཟླས་པར་ནི་མི་བྱ་བ་ཉིད་ཡིན་ནོ། །དེའི་འོག་ཏུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་འདྲི་བ་ནི་ལན་གསུམ་བསྐྱར་ཏེ་དྲི་བར་བྱ་སྟེ་བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས་ལན་གསུམ་དུ་དྲིའོ་ཞེས་བྱ་བ་ནི་ལན་གསུམ་ཁོ་ནར་དྲི་བར་བྱ་དགོས་པས་ལན་གསུམ་དུ་ཞེས་སྨོས་ཏེ། ཉུང་ན་ཡང་ལ་ལས་མི་ཐོས། མང་ན་ཡང་དུས་ཡོལ་བར་འགྱུར་བས། དེའི་ཕྱིར་ལན་གསུམ་ནི་རན་པར་དགོངས་ཏེ་ཞེས་བཤད་དོ། །གཉིས་པ་ནི་འདིར་ཁ་ཅིག་ན་རེ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་དུ་འདྲི་བ་འདི་ནི་སོ་སོ་ཐར་པའི་མདོ་ལས་ལན་གཉིས་ལན་གསུམ་དུ་བསྒྲག་པར་བྱ་བ་ཡིན་ནོ་ཞེས་གསུངས་པའི་སྐབས་དེར་གོང་དུ་སྤར་ཏེ་འདྲི་བ་ཡིན་ཏེ། དེའི་འོག་ན་གཞུང་གི་ཚིག་གི་ཚོགས་མང་ཞིག་ཡོད་པ་དེ་རྣམས་འདོན་རིང་ལ།་་་་་ལྟུང་བ་དྲན་ནས་ཕྱིར་བཅོས་ལ་འཇུག་པའི་དགོས་པ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་བམ་པོ་ལྔ་བཅུ་པ་དང་ཚིག་གི་བརྗེད་བྱང་ལས། གོང་དུ་སྤར་ཏེ་བསྒྲག་པར་བྱ་བ་ཡང་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལ། སྒྲུབ་བྱེད་གཞིག་པ་ནི་དགོས་པ་དེ་ཙམ་ཞིག་ཡོད་ཀྱང་གོང་དུ་སྤར་ཏེ་མི་འདྲི་ན་ཅི་འགལ་ཏེ་ཁྱབ་པ་མ་གྲུབ་བོ།་་་་་བྱ་བ་དེ་འབྲེལ་གྱི་དགག་དགོས་ཀྱི་རྗེས་སུ་འབྲང་བའི་ངེས་པ་མེད་དེ། དཔེར་ན་རྣམ་པར་དག་པའི་ཁྱད་པར་བཞིན་ནོ་ཞེས་གསུངས་སོ། །དེ་ཡང་ཕམ་པས་མ་གོས་པ་ཙམ་དང་ཉེས་པས་གཏན་ནས་མ་གོས་པའི་རྣམ་དག་གཉིས་ལ་བརྡེག་གཟས་ལྟ་བུ་བྱས་ན། བྱ་བ་དེ་འབྲེལ་གྱི་དགག་བྱ་ཆེ་ཆུང་ཡོད་ཀྱང་ལྟུང་བ་ཆེ་ཆུང་ཁྱད་པར་མེད་པ་བཞིན་ནོ་ཞེས་གསུངས་སོ། །

༼༦༤༧༽

གསུམ་པ་ནི། མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་པ་འདི་ནི་ཡིད་འབའ་ཞིག་གི་ཉེས་པ་ཉིད་དུ་མཛོད་ཀྱི་འགྲེལ་ཊཱི་ཀ་དག་ལས་བཤད་་་་་་མཛོད་འགྲེལ་ལས། ལུས་ཀྱིས་ཀྱང་མི་བྱེད། ངག་གིས་ཀྱང་མི་བྱེད་ན་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། གསོ་སྦྱོང་དཔེར་བྱའོ་ཞེས་གསུངས་སོ། །མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་ལས། གསོ་སྦྱོང་དཔེར་བྱའོ་ཞེས་བྱ་བ་ནི་དགེ་སློང་གི་གསོ་སྦྱོང་ལ་ཅི་ཡོངས་སུ་དག་གམ་ཞེས་བསྒྲགས་པ་ལས་དགེ་སློང་འགའ་ཞིག་ལྟུང་བ་འབྱུང་བ་ཡིན་བཞིན་དུ་ཅང་མི་ཟེར་བར་འདུག་པར་བྱེད་ན་རྫུན་དུ་འགྱུར་རོ་ཞེས། མོད་ཀྱི། ཊཱི་ཀ་ལྟར་ན་བདག་ཉིད་མ་དག་པ་ལ་དག་པ་ཉིད་དུ་ལུས་ཀྱི་རིག་བྱེད་ཀྱིས་གོ་བར་བྱས་པས་ངག་ཏུ་སྨྲས་པའི་སེལ་བ་སྟེ་ཉེས་བྱས་སོ། །འདི་ནི་ཊཱི་ཀ་ལས་་་་་་ཉེས་པ་དེ་ནི་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི། ཡིད་ཀྱིས་ནི་མ་ཡིན་ཏེ། ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་དེ་ལ་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །ཊཱི་ཀའི་ཚིག་དེ་ལ་བརྟེན་ནས།་་་་་འདིར་ཁ་ཅིག་ན་རེ་ལུས་ངག་ཏུ་མ་ཐོན་པའི་ལྟུང་བ་ཐམས་ཅད་བསྡམ་བྱ་ཡིན་གྱི། བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་བསྐྱེད་པ་ལ་ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་དགོས་ཏེ། འདུལ་བ་བསྡུས་པ་ལས་སེམས་འབའ་ཞིག་གིས་ནི་བཤགས་པར་བྱ་དགོས་པའི་ལྟུང་བ་ཀུན་ནས་སློང་བ་མེད་ཀྱི་བདག་ཉིད་ཀྱིས་བསྡམ་པར་བྱ་བ་ཁོ་ན་ལ་ཡིན་ཏེ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ་ཞེས་བཤད་པ་དང་། འོད་ལྡན་དུ་གཏམ་གྱི་གཞི་ལུང་དུ་དྲངས་པ་ལས། ལྟུང་བ་ནི་རྣམ་པར་རིག་བྱེད་ཉིད་དང་གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་ཞེས་གསུངས་ཏེ། ལྟུང་བ་གཟུགས་ཅན་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡིན་ལ་དེ་ལ་ལུས་ངག་གི་རིག་བྱེད་སྔོན་དུ་འགྲོ་བས་ཁྱབ་པའི་ཕྱིར་དང་།་་་་་ཞེས་ཟེར་ཡང་ངེས་པ་མེད་དེ། མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས་རྣམ་པར་རིག་བྱེད་མ་ཡིན་པ་ཐམས་ཅད་རྣམ་པར་རིག་བྱེད་ལ་རག་ལས་པར་ངེས་པ་ཡང་མ་ཡིན་ཏེ། ལྔ་སྡེ་ལ་སོགས་པ་འབྲས་བུ་ཐོབ་པའི་མོད་ལ་སོ་སོ་ཐར་པའི་སྡོམ་པ་སྐྱེ་བ་སྲིད་པའི་ཕྱིར་རོ་ཞེས་བཤད་དོ། །གཏམ་གྱི་གཞི་དང་འོད་ལྡན་ལས་སེམས་ལས་བྱུང་བ་འབའ་ཞིག་ནི་ལྟུང་བ་མེད་དོ་ཞེས་གསུངས་ལ།

༼༦༤༨༽

གཅིག་ལས་འཕྲོས་པ་ལས་ཀྱང་ལྟུང་བ་ནི་གཉིས་ཏེ། ལུས་ཀྱི་དང་ངག་གིའོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི། ལུས་ངག་ཏུ་མ་ཐོན་ན་བཤགས་དགོས་ཡན་ཆད་ཀྱི་ལྟུང་བ་མི་བསྐྱེད་ན། གཏམ་གྱི་གཞི་ལས་ཚིག་ཏུ་ཡང་མི་སྨྲ་ལུས་ཀྱིས་ཀྱང་མ་རྩལ་ཀྱང་དགེ་སློང་མར་མི་རུང་བ་མཆིས་སམ། ཡོད་དེ་དགེ་སློང་མས་དགེ་སློང་མའི་ཕམ་པའི་ལྟུང་བ་བྱུང་བ་ལ་མཐོང་ལ་བཅབས་ཏེ་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལ། ལུང་དེ་ཉིད་ལས་སེམས་ལས་བྱུང་བའི་ཉེས་པ་གང་ཞེ་ན། དགེ་སློང་གཅིག་པུ་དགོན་པ་ན་གནས་པ་ན། དེ་གསོ་སྦྱོང་ལ་སེམས་མི་བསྐྱེད། ཚིག་ཏུ་ཡང་མི་སྨྲ་བ་དེའི་ཉེས་པ་དེའི་སེམས་ལས་བྱུང་བའི་ཉེས་པ་སྟེ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་བྱ་བ་མི་བྱེད་པའི་ལྟུང་བ་བསྐྱེད་པ་ལ་ཆོས་ཅན། ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་མི་དགོས་པར་ཐལ། ལུས་ངག་ཏུ་ཐོན་པ་དང་མ་ཐོན་པ་ལ་དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྒྲུབ་བྱེད་གཞིག་པ་ནི། སྤྱིར་ན་ལྟུང་བ་ལ་རིགས་གཉིས་ལས་མི་བྱ་བ་བྱེད་པའི་ལྟུང་བ་ནི་སྲོག་གཅོད་པའི་ལྟུང་བ་ལྟ་བུའོ། །བྱ་བ་མི་བྱེད་པའི་ལྟུང་བ་ནི་གསོ་སྦྱོང་མི་བྱེད་པའི་ལྟུང་བ་ལྟ་བུ་སྟེ། ཁྱེད་ཀྱིས་ལུང་དྲངས་པ་དེ་ཐམས་ཅད་ནི་མི་བྱ་བ་བྱེད་པའི་ལྟུང་བ་རྣམས་ལ་དགོངས་པའོ། །དེས་ན་མི་བྱ་བ་བྱེད་པའི་ལྟུང་བ་བཤགས་དགོས་ཡན་ཆད་བསྐྱེད་པ་ལ་ནི་ཆོས་ཅན། ལུས་ངག་ཏུ་ཐོན་པ་ཡན་ལག་ཏུ་དགོས་ཏེ། ལུས་ངག་ཏུ་མ་ཐོན་ན་བྱ་བ་མ་ཡིན་པ་བྱས་པའི་ཐ་སྙད་རང་མེད་པའི་ཕྱིར་རོ་ཞེས་བླ་མ་རྣམས་གསུང་ངོ་། །སྤྱིར་བཏང་ལ་དེ་ལྟར་ཡིན་ཡང་དམིགས་བསལ་ནི་བྱ་བ་མ་ཡིན་པ་བྱེད་པའི་སྐབས་སུ་ཡང་བསམ་པ་འབའ་ཞིག་ལས་སྦོམ་པོར་གསུངས་པ་གཉིས་ཡོད་དེ་གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་པ་དང་། བརྙས་པ་དང་བསྐྱིས་པ་དག་ནི་མི་སྦྱིན་པར་སེམས་པའོ་ཞེས་གསུངས་ཏེ་འདི་གཉིས་ལ་ལུས་ངག་ཏུ་ཐོན་པར་དགོས་པ་ནི་འདུལ་བའི་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །གཞན་ཡང་བསམ་པ་འབའ་ཞིག་གིས་སྡོམ་པ་གཏོང་བ་གཉིས་ཡོད་དེ། ཤེས་ན་ནི་དེ་ཞིག་གོ་ཞེས་པ་དང་། ཊཱི་ཀ་ལས་བསམ་པ་ཙམ་གྱི་དབང་གིས་

༼༦༤༩༽

ཀྱང་སྡོམ་པ་གཏོང་བར་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་པ་ལྟ་བུའོ་ཞེས་གསུངས་སོ། །གཉིས་པ་ལ་ལྟུང་བ་རྣམ་པར་བཞག་པ་ནི། དེ་གཉིས་དང་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི། སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པའི་བྱུང་བ་སྟེ་བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་ཀྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་བསླུས་པའི་སྒོ་ནས་གཞན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྫུན་བཞི་ལས་གཞན་པ་ཤེས་བཞིན་གྱིས་རྫུན་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། གང་ལ་སྨྲ་བའི་ཡུལ་ནི། སྔར་་་་་་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པ་སྟེ། མི་ཆོས་བླ་མའི་སྐབས་སུ་བཤད་པ་དང་འདྲའོ། །གང་སྨྲ་བའི་དངོས་པོ་ནི། རྫུན་བཞི་ལས་གཞན་པའི་རྫུན་དུ་སྨྲ་བ་སྟེ་དེ་གཉིས་དང་ཕམ་ལྷག་ཏུ་གྱུར་པ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པར་མ་དོར་བའི་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ཞེས་སོ། །ཀུན་སློང་ནི་་་་་་འདུ་ཤེས་སྒྱུར་ཏེ་རྫུན་དུ་སྨྲ་སྙམ་པ་ཡན་ལག་ཏུ་དགོས་པས། ཊཱི་ཀ་ལས་རྫུན་དུ་སྨྲ་བ་ནི་འདུ་ཤེས་ཀྱི་དབང་གིས་རྣམ་པར་བཞག་པ་ཡིན་གྱི་དངོས་པོའི་དབང་གིས་ནི་མ་ཡིན་ནོ་ཞེས་གསུངས་ཏེ། རྣམ་འབྱེད་འགྲེལ་ལས་རྫུན་དུ་སྨྲའོ་སྙམ་པའི་སེམས་ཀྱིས་མ་བླངས་པར་རྫུན་སྨྲ་བར་མི་རིགས་པས་ཞེས་བཤད་དོ། །ཤེས་བཞིན་གྱིས་རྫུན་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཤེས་བཞིན་རྫུན་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཉན་པ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི། དེ་གཉིས་དང་ཞེས་པ་ནས་གཞན་པའི་རྫུན་དུ་སྨྲ་བའོ་ཞེས་སོ། །འོ་ན་ཤེས་

༼༦༥༠༽

ངོར་བྱས་སོ་ཞེས་སྐུར་པ་འདེབས་པ་ལ།་་་་་སྟེ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ནོ་ཞེས་སྐུར་པ་འདེབས་པ་དང་དགེ་འདུན་ལྷག་མས་སྐུར་པ་འདེབས་པ། སོགས་པ་དག་དང་འབྲས་ཆན་གྱིས་ཚོད་མ་འགེབས་པ་ལུས་ཀྱི་རྫུན་ཆོས་ཅན། ཤེས་བཞིན་གྱི་རྫུན་ཡིན་པར་ཐལ། རྫུན་བཞི་པོ་དེ་དག་ལས་གཞན་པའི་རྫུན་ཡིན་པའི་ཕྱིར་རོ་ཞེ་ན། སྐུར་འདེབས་དེ་རྣམས་དམིགས་བསལ་ཡིན་ལ།་་་་་ཁྱད་པར་དུ་ཡང་། འབྲས་ཆན་གྱིས་ཚོད་མ་འགེབས་པ་་་་་་བརྫུན། ནི་ཉེས་བྱས་སུ་འགྱུར་བའི་རྫུན་གྱིས་བསྡུས་སོ། །སྨྲ་་་་་་དང་པོ་རྫུན་དུ་སྨྲ་བའི་ཀུན་སློང་མེད་པས་རྫུན་དུ་མི་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། བཞིན་པའི་ཚེ་ཉིད་ནའང་འདུ་ཤེས་བསྒྱུར་ཏེ། སྨྲ་འདོད་བྱུང་ན་རྫུན་དུ་སྨྲ་བ་དེ་ཀུན་ནས་སློང་བ་ཡིན་ཏེ་རྫུན་སྨྲ་བའི་ལྟུང་བ་དངོས་གཞིར་འགྱུར་བ་ཡིན་ནོ། །འདིར་གཞུང་ནི་རྣམ་འབྱེད་ལས་རྫུན་དུ་སྨྲ་བ་གཉིས་གང་ཞེ་ན། རྫུན་གྱི་ཚིག་སྨྲ་བ་ན་རྫུན་གྱི་ཚིག་སྨྲའོ་སྙམ་པ་དང་། སྨྲས་པའི་འོག་ཏུ་འདི་སྙམ་དུ་རྫུན་གྱི་ཚིག་སྨྲས་སོ་སྙམ་པ་དེ་གསུངས་པ་ལས། སྨྲའོ་སྙམ་པ་དང་ཞེས་གསུངས་པ་དེ་འདིར་ཁུངས་ཡིན་ནོ།་་་་་ད་ནི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་གཞན་གྱི་སྐྱོན་ནས་སྨྲས་པས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཡུལ་དུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། ཡུལ་གང་གི་སྐྱོན་ནས་སྨྲ་བ་དང་། གང་སྨྲ་བའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ཏེ། སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ།་་་་་དགེ་སློང་གིས་དགེ་སློང་གཞན་གྱི་སྐྱོན་དགེ་ཚུལ་ལ་སྨྲས་ན་ཅིར་འགྱུར་ཞེ་ན། སྐྱོན་སྨྲའི་ཊཱི་ཀ་ལས་སྐྱོན་དགེ་སློང་གིས་དགེ་སློང་ལ་སྨྲས་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། དགེ་ཚུལ་ལ་སོགས་པ་གཞན་ལ་ནི་མ་ཡིན་ཏེ་དེ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ་ཞེས་བཤད་དོ། །གཉིས་པ་ནི་ཡུལ་དུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་སྟེ། རུང་བ་མ་ཡིན་པར་བསམ་པ་གང་ཡང་རུང་བ་སྨྲས་ནའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྐྱོན་ནས་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་

༼༦༥༡༽

གྱིས་སྐྱོན་ནས་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཉན་པ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་དགེ་སློང་གིའོ་ཞེས་སོ། །རུང་བ་མ་ཡིན་པར་བསམ་པ་ནི་རུང་བ་མ་ཡིན་པར་གྲགས་པ་སྟེ་སྐྱོན་གང་ཡང་རུང་བ་སྨྲས་ནའོ། །འདི་ནི་ལུང་རྣམ་འབྱེད་ལས། རིགས་དང་བཟོ་དང་ལས་དང་ནི། །རྟགས་ནད་ལྟུང་བ་སྡེ་ལྔ་དང་། །ཉེ་བའི་ཉོན་མོངས་རྣམས་དང་ནི། །སྤྱོ་བར་བྱེད་པ་ཐ་མ་ཡིན། །ཞེས་གསུངས་པ་དང་སྦྱར་རོ། །རུང་བ་མ་ཡིན་པར་གྲགས་པ་ལས། གཞན་ཆེ་བ་རྒྱལ་རིགས་ཉིད་དང་རིགས་བཙུན་པ་བྲམ་ཟེ་ཉིད་ཁྱོད་ཡིན་ནོ། །ཞེས་སྨྲས་པ་ལ་སོགས་པ་ནི་ཉེས་བྱས་སོ། །ལ་སོགས་ཞེས་པས་ནི་ཁྱོད་ཀྱིས་རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བཟོ་བསླབ་དགོས་སོ། །ལས་བྱ་དགོས་སོ་ཞེས་ལུང་ལས་གསུངས་པ་དེ་བསྡུས་སོ། །ད་ནི་ཕྲ་མ་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་རྣམས་ལ་ཕྲ་མ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་གཉིས་ཡན་ཆད་དབྱེ་བའི་བསམ་པས་ཕྲ་མའི་ཚིག་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ནི་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད་ཡིན་པ་དང་། ཐམས་ཅད་དུ་བྱེ་ཟིན་པ་མ་ཡིན་པ་སྟེ། གཞན་དུ་ན་ཕྲ་མ་བྱས་ཀྱང་དགག་བྱ་མི་རྫོགས་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཕྲ་མ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཕྲ་མའི་ཚིག་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི། ཆེ་གེ་མོ་ཞིག་ཅེས་པ་ནི་ཊཱི་ཀ་ལས་དགེ་སློང་ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ་ཞེས་སྣང་ཡང་དགེ་སློང་ཞེས་པ་དང་ཆེ་གེ་མོ་ཞེས་པ་འདི་གཉིས་ཀྱི་བར་དུ་ཡི་གེ་ཆད་པ་སྟེ། ལུང་རྣམ་འབྱེད་ལྟར་ན་དགེ་སློང་གཅིག་ན་རེ་ཁྱོད་ཀྱི་རིགས་ཀྱི་སྐྱོན་བརྗོད་པ་ལ་སོགས་པའི་ཚིག་ཆེ་གེ་མོ་ཞིག་ཟེར་རོ་ཞེས་

༼༦༥༢༽

སྨྲས་ནའོ་ཞེས་སོ། །ཊཱི་ཀ་ལས་གང་གིས་མིང་ནས་སྨོས་པ་དེ་ཡང་དགེ་སློང་ཉིད་ཡིན་ནའོ་ཞེས་སོ། །གཞན་དུ་ན་ཉེས་བྱས་སོ་ཞེས་པ་ལ་ལུང་ལས་གསུངས་ཚུལ་གཉིས་ལས། ལུང་རྣམ་འབྱེད་ལས་མིང་ནས་སྨོས་པ་ལས་གཞན་དུ་ན་སྟེ་མིང་ནས་མ་སྨོས་པར་ཕྲ་མ་བྱས་ན་ཉེས་བྱས་སོ་ཞེས་གསུངས་ལ།་་་་་མིང་ནས་སྨོས་ཏེ་ཕྲ་མ་བྱེད་ན་ལྟུང་བྱེད་སྐྱེད་ཀྱང་མིང་ནས་མི་སྨོས་པར་རིགས་ནས་སྨོས་པའམ་རུས་ནས་སྨོས་པ་སྟེ་ཊཱི་ཀ་ལས་རྒྱལ་རིགས་སམ་བྲམ་ཟེའམ་འོད་སྲུངས་གི་རིགས་ཤིག་འདི་སྐད་ཟེར་རོ་ཞེས་སྨྲས་པ་ལྟ་བུའོ་ཞེས་བཤད་དོ། །ལུང་ཞུ་བ་ལས་དགེ་སློང་ཉིད་ཡིན་པ་ལས་གཞན་དུ་ན་སྟེ་དགེ་ཚུལ་ལ་སོགས་པའི་ཕྲ་མ་བྱས་ན་ཉེས་བྱས་སོ་ཞེས་གསུངས་པའོ།་་་་་དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་སྐྱེད་ཀྱང་དགེ་ཚུལ་ལ་ཕྲ་མ་བྱེད་ན་ཉེས་བྱས་སོ་ཞེས་པའོ། །ད་ནི་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཞི་བར་བྱས་པ་ལ་སྐྱོ་སྔོགས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་མཛའ་བའི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ལ་ངག་གིས་སྐྱོ་སྔོགས་བྱས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་གོ །དེ་ལ་བཞི་ལས་དང་པོ་ཡུལ་གང་དག་རྩོད་པར་བྱེད་པ་ནི་དགེ་སློང་ཆོས་དྲུག་ལྡན་ལས།་་་་་ལྟུང་བྱེད་འདིའི་ཡུལ་ནི་ལྟ་བ་མཐུན་རུང་མི་མཐུན་རུང་། དགག་བྱ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མ་གཏོགས་པ་ཆོས་ལྔ་ཚང་བའི་སྟེང་དུ་རྩོད་པར་བྱེད་པ་པོའི་དགེ་སློང་གཉིས་ཡན་ཆད་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ་ཞེས་གསུངས་པས་སོ། །གཉིས་པ་གང་ལ་སྐྱོ་སྔོགས་བྱ་བའི་ཡུལ་ནི་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་ཡིན་པ་དང་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཡིན་པ་སྟེ། དགེ་སློང་གཉིས་ཀྱི་རྩོད་པ་ཉིད་དགེ་འདུན་གྱིས་ལེགས་པར་ཞི་བར་བྱས་པ་ཉིད་ལའོ་ཞེས་སོ། །གསུམ་པ་གང་གིས་སྐྱོ་སྔོགས་བྱེད་པའི་རྟེན་ནི་རང་ཞི་བྱེད་དེ་ལ་གཏོགས་པ་ཡིན་པ་སྟེ། གཉུག་མར་གནས་པ་དང་ལས་བྱེད་

༼༦༥༣༽

པ་དང་དད་པ་འབུལ་བ་ཞེས་སོ། །བཞི་པ་གང་ལ་གོ་བར་བྱ་བའི་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་ཞི་བར་བྱས་ཟིན་པ་དེ་ལ་སྐྱོ་སྔོགས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐྱོ་སྔོགས་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ། །སྐྱོ་སྔོགས་སོ་ཞེས་པ་ནི་ཊཱི་ཀ་ལས་སྐྱོ་སྔོགས་བྱེད་པ་ནི་འཁྲུག་ལོང་བྱེད་པ་སྟེ་ཞེས་སོ། །སྐྱོ་སྔོགས་བྱེད་པ་ནི་འགྲེལ་ཆུང་ལས་རྩོད་པ་ཞི་བའི་མི་རིགས་ཀྱིས། ད་དུང་རྩོད་པའི་རིགས་སོ་ཞེས་ཟེར་ནའོ་ཞེས་བཤད་ལ། ལུང་རྣམ་འབྱེད་ལས། རྩོད་པ་འདི་ནི་ཉེ་བར་ཞི་བར་མ་ཡིན་གྱིས་ཡང་ཞི་བར་བྱའོ་ཞེས་སྐྱོ་སྔོགས་བྱེད་དེ་གསུངས་སོ། །སྐྱོ་སྔོགས་བྱེད་པ་པོ་གཉུག་མར་གནས་པ་དང་ལས་བྱེད་པ་དང་དད་པ་འབུལ་བ་དག་ཁོ་ན་ལ་ལྟུང་བྱེད་དངོས་གཞིའོ། །ཊཱི་ཀ་ལས་ད་ནི་འདི་ལྟར་སེམས་ཞེས་ལྟ་བ་སྨྲ་བ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་སྐྱོ་སྔོགས་བྱེད་པ་པོ་གློ་བུར་འོངས་པ་ཞེས་གསུངས་པས་ལྟུང་བ་འབྱིན་པ་པོ་གློ་བུར་དུ་འོངས་པ་དག་ལ་ནི་ཉེས་བྱས་ཁོ་ནའི་འོ།་་་་་ལྟ་བ་སྨྲ་བ་དང་རྟེན་གློ་བུར་དུ་འོངས་པ་དག་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་ནི། ཊཱི་ཀ་ལས་རྣལ་དུ་མ་འཕེབས་པའི་ཕྱིར་དང་རྒྱུས་མེད་པའི་ཕྱིར་ཞེས་གསུངས་ཏེ་གོ་རིམ་བཞིན་ནོ། །རྩོད་པ་གཞན་ཉིད་ལ་ཞེས་པ་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ་ཞེས་གསུང་ངོ་། །ལས་ཀྱི་འབྲས་བུ་ལ་ཞེས་པ་ནི་གཞི་རྩོད་པ་ཡིན་པ་མ་ཚང་བའོ། །ད་ནི་སྟོན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཁྱིམ་པ་མོ་ལ་ཆོས་བསྟན་ཞིང་དེའི་རྗེས་སུ་དྲུག་སྡེས་ཚིགས་དྲུག་ལས་ལྷག་པར་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་སྐྱེས་པ་མེད་པར་ཁྱིམ་པ་མོ་ལ་ཆོས་ཚིགས་ལྔའམ་དྲུག་ལས་ལྷག་པར་བསྟན་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་བཞི་སྟེ། གང་

༼༦༥༤༽

ལ་བསྟན་པའི་ཡུལ་དང་། གང་བསྟན་པའི་ཆོས་དང་། གང་དུ་བསྟན་པའི་གནས་དང་། གང་གིས་སྟོན་པའི་རྟེན་ནོ། །དང་པོ་ལ་བརྒྱད་དེ། སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་ལྔའི་སྟེང་དུ། ཁྱིམ་པ་མོ་ཡིན་པ་སྟེ། ཁྱིམ་པ་མོ་ལ་སྟོན་པ་ལའོ་ཞེས་སོ། །སེལ་བ་རབ་བྱུང་མོ་ལ་ཁྲིམས་གྲོགས་མེད་པར་ཆོས་སྟོན་ན། ཉེས་བྱས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་མ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་བུད་མེད་མཁས་པའི་རང་བཞིན་ཅན་གྱིས་གོང་ནས་གོང་དུ་དྲིས་པ་གཏན་ལ་དབབ་པ་བྱས་པ་དང་ཞེས་ལྟུང་མེད་དུ་གསུངས་སོ། །ངོ་མ་སྤོས་པ་སྟེ། བལ་ཁུར་བ་ལ་བཤད་པའི་གནད་ཀྱིས་ཤེས་སོ།་་་་་འདིར་བླ་མ་རྣམས་ནི་འདི་ལ་ཉི་མ་གཅིག་གི་དུས་ཡིན་པ་ཡན་ལག་ཏུ་དགོས་ཏེ། ཉི་མ་ཐ་དད་དུ་ཚིགས་རེ་རེ་བསྟན་པ་རྣམས་སྟབས་པས་ཚིགས་དྲུག་ལས་ལྷག་ཀྱང་ལྟུང་བར་མི་འགྱུར་བའི་ཕྱིར་ཞེས་འཆད་དོ། །འོ་ན་ཉི་མ་གཅིག་གི་དུས་ཡིན་པ་དེ་མེད་པའི་ཕྱིར་མཚན་མོ་བུད་མེད་ལ་ཚིགས་དྲུག་ལས་ལྷག་པར་ཆོས་བསྟན་ཡང་ལྟུང་བྱེད་འདི་མི་བསྐྱེད་པར་ཐལ་བར་འགྱུར་བ་ལས་བམ་པོ་ལྔ་བཅུ་པ་ལས། ཉིན་མཚན་གྱི་ཆ་ལ་ན་སྨད་པ་མེད་དོ་ཞེས་བཤད་དོ། །ཞག་གཅིག་གི་དུས་ཡིན་ཞེས་བརྗོད་ན་ཡང་མི་རིགས་ཏེ་ཐོ་རངས་བུད་མེད་ལ་ཆོས་ཚིགས་དྲུག་ལས་ལྷག་པར་སྟོན་པ་ན། བར་སྐབས་སུ་སྐྱ་རེངས་ཤར་ཏེ་ཞག་འཕོས་ན་དེའི་ཚེ་ན་ཆོས་ཀྱི་ཚིག་རྒྱུན་ཆགས་སུ་ཚིགས་དྲུག་ལས་ལྷག་པར་སྟོན་པ་དེ་ལ་ལྟུང་བྱེད་འདི་མི་བསྐྱེད་པར་ཐལ་བར་འགྱུར་ཏེ། ཞག་གཅིག་གི་དུས་ཡིན་པ་དེ་མེད་པའི་ཕྱིར་རོ། །དེས་ན་ཆོས་སྟོན་པའི་སྦྱོར་བ་གཅིག་གི་ཚིགས་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པའོ་ཞེས་སྦྱོར་བའི་ཡན་ལག་གི་སྐབས་སུ་སྦྱར་རོ། །གཉིས་པ་གང་བསྟན་པའི་ཆོས་ལ་བཞི་ལས། སངས་རྒྱས་ཀྱི་བཀའ་འམ་དེའི་བསྟན་བཅོས་ཡིན་པ་སྟེ། ཆོས་སོ་ཞེས་པ་དང་རྣམ་འབྱེད་འགྲེལ་ལས། ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའོ་ཞེས་སོ། །དོན་བཤད་པ་ཡིན་པ་སྟེ། དོན་མི་འཆད་པར་ཚིག་འདོན་པ་ཡིན་ན་ལྟུང་མེད་དུ་གསུངས་པས་ཤེས་ཏེ། དུས་ཁྲིམས་འབོགས་པ་དང་ཡོན་ཆད་པ་དག་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཚིགས་ལྔའམ་དྲུག་ལས་ལྷག་པར་ཚིགས་བཞིར་ལོངས་པ་སྟེ། ཚིགས་དྲུག་ལས་ལྷག་པར་རོ་ཞེས་པ་དང་། མ་རྣམས་ཀྱི།་་་་་ཊཱི་ཀ་ལས་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་ན་ཡང་ངོ་ཞེས་གླུ་ལེན་པ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །སྔར་ཤེས་ལས་གཞན་ཡིན་

༼༦༥༥༽

པ་སྟེ། སྔར་ཤེས་ཟིན་ན་ནི། སློབ་གཉེར་བསོད་པ་དང་ཞེས་ལྟུང་མེད་དུ་གསུངས་པས་སོ། །གསུམ་པ་གང་དུ་བསྟན་པའི་གནས་ནི། གནས་གཅིག་ཡིན་པ་སྟེ། གནས་གཞན་དུ་ནི་སྔ་མ་མ་བྱས་པ་ཉིད་དོ་ཞེས་གསུངས་པས་སོ། །བཞི་པ་གང་གིས་སྟོན་པའི་རྟེན་ནི། ཁྲིམས་གྲོགས་དང་མི་ལྡན་པ་སྟེ་སྐྱེས་པ་མེད་པར་རོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཆོས་ཚིགས་ལྔའམ་དྲུག་ལས་ལྷག་པར་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པའི་སྦྱོར་བ་གཅིག་གིས་ཚིགས་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པར་ཞུགས་པའོ།་་་་་སྦྱོར་བ་གཅིག་གིས་ཞེས་པས་ཉི་མ་ཐ་དད་ལ་ཚིག་ཉུང་ངུ་ཉུང་ངུ་ནས་ཆོས་འཆད་པ་དེ་སེལ་ལོ། །མཐར་ཐུག་ནི་བུད་མེད་དེས་དོན་གོ་བའོ། །ཡན་ལག་གི་དོན་ལ་་་་་་ཚིགས་ལྔ་པ་ལ་ནི་ཞེས་པའི་ཊཱི་ཀ་ལས་མདོར་བསྟན་པ་དེ་རྒྱས་པར་འཆད་པ་ལས་ཐ་མི་དད་དེ། དཔེར་ན་ཕུང་པོ་ནི་ལྔ་སྟེ་ཞེས་བྱ་བ་སྟེ་རྒྱས་པར་འཆད་ན་ཐ་མི་དད་པ་ལྟ་བུའོ་ཞེས་སོ། མཁས་པས་གོང་ནས་གོང་དུ་དྲིས་པ་ནི་རྣམ་འབྱེད་འགྲེལ་ལས་དོན་གྱི་ཐེ་ཚོམ་བཅད་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་རྣམ་འབྱེད་འགྲེལ་ལས། སློབ་གཉེར་བསོད་པ་ཞེས་བྱ་བ་ནི་སྔར་ལུང་ཕོག་པའོ་ཞེས་བཤད་པས། དོན་སྔར་ནས་ཤེས་ཟིན་པ་དེ་ངེས་ཤིང་བྱང་བར་བྱེད་པའོ། །རྣམ་འབྱེད་འགྲེལ་ལས་ཁ་ཏོན་ཞུ་བ་ཞེས་བྱ་བ་ནི་ཁ་ཏོན་འདོན་པའོ་ཞེས་བཤད་པས། ཚིག་སྔར་ནས་བཟུང་ཟིན་པ་དེ་མི་བརྗེད་ཅིང་བྱང་བར་བྱ་བའི་ཕྱིར་ཚིག་ཁ་ཏོན་དུ་འདོན་པའོ། །དམིགས་ཀྱིས་འདྲི་བ་ནི་རྣམ་འབྱེད་འགྲེལ་ལས་ཚིག་ལ་ཐེ་ཚོམ་ཟ་བའི་གནས་རྣམས་ངེས་པར་བྱེད་པའོ་ཞེས་བཤད་དོ། །ཡོན་བཤད་པ་ནི་ཡོན་བསྔོ་བ་སྟེ། སྨན་གྱི་གཞིའི་ཊཱི་ཀ་ལས་ཡོན་བཤད་པ་ཞེས་བྱ་བ་ནི་དགེ་བའི་རྩ་བ་བསྔོས་ཞིང་སྨོན་ལམ་་་་་་དེས་ན་ཡོན་བསྔོ་བའི་ཚིག་ཀློག་པ་ནི་ཚིག་དྲུག་ལྷག་པར་བཀླགས་ཀྱང་ལྟུང་བ་མེད་པ་ཡིན་གྱི་སྦྱིན་པའི་ཕན་ཡོན་གྱི་ཆོས་འཆད་པ་ནི་ཚིག་དྲུག་ལས་ལྷག་པར་ཆོས་བཤད་ཀྱང་ལྟུང་བ་མེད་པ་ནི་མིན་ནོ། །འདེབས་པའོ་ཞེས་བཤད་དོ། །ད་ནི་འདོན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་

༼༦༥༦༽

ནི་མཉན་ཡོད་དུ་དྲུག་སྡེས་བསྙེན་པར་མ་རྫོགས་པ་དང་ཚིག་མཉམ་དུ་ཆོས་འདོན་པར་བྱེད་པ་་་་་་ན་གཙུག་ལག་ཁང་གི་ཕྱོགས་གཅིག་ན་སྒྲ་ཆེན་པོ་བྲམ་ཟེའི་གསང་ཚིག་འདོན་པར་ལྟ་བུ་གྲག་པར་གྱུར་པ། ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་འབོགས་པ་པོ་དང་ཆོས་ལ་མ་གུས་པ་སྟེ། ཊཱི་ཀ་ལས་དང་པོ་ལེན་པ་དང་། འདོན་པའི་དུས་ན་རང་དབང་དུ་བརྗོད་པ་ནི་འདོན་དུ་འཇུག་པ་་་་་་པོ་སྟེ་ལུང་འབོགས་པ་པོ་དེ་དང་ཆོས་ལ་ཡང་མ་གུས་པའི་བསམ་པ་བརྒྱུད་པ་གནས་པར་ཡིན་པས་ལྟུང་བ་འདི་རྣམ་པར་གཞག་སྟེ། ལུང་འབོགས་པ་ལ་མ་ལྟོས་པའི་ཕྱིར་རོ་ཞེས་བཤད་དོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་དང་དུས་མཉམ་དུའམ་མཇུག་ཐོགས་སུ་སྟོན་བྱེད་དུ་གྱུར་པའི་ཚིགས་བཞིར་ལོངས་པའམ་ཡི་གེ་འདོན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་འདོན་པའི་ཡུལ་དང་། གང་འདོན་པའི་དངོས་པོའོ། །དང་པོ་ལ་ལྔ་ལས། བསྙེན་པར་མ་རྫོགས་པའམ་བསླབ་པ་བྱིན་པ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་ཞེས་པ་དང་། སྤྱིར་བསྟན་པ་ལས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་སོ། །སེལ་བ་ནི་དགེ་སློང་གིས་དགེ་སློང་མ་དང་འདོན་པའམ་དགེ་སློང་དང་འདོན་ན་ཉེས་བྱས་སོ། །དགེ་སློང་གིས་་་་་་དགེ་སློང་ཕ་མ་དང་འདོན་ན་ཅིར་འགྱུར་སྙམ་ན། ཞུ་བ་ཆེ་ཤོས་ལས་ཡུལ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ། བཀླགས་ན་ཅིར་འགྱུར་ཉེས་པ་མེད་དོ་ཞེས་བཤད་དེ། དངོས་གཞི་ལྟུང་མེད་ལ་དགོངས་ཏེ་ཞེས་རིགས་ཏེ། ཞུ་བ་ཆུང་ཤོས་ལས་ཡུལ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ། །བསམ་པ་་་་་་གཉིས་པ། ཐག་པ་ནས་སློབ་པར་འདོད་པ་སྟེ། ཊཱི་ཀ་ལས་འདོན་པ་ཞེས་བྱ་བ་ནི་ཀློག་པའི་ཕྱིར་་་་་་ཞེས་ཏེ་བསླབ་པའི་ཕྱིར། བརྗོད་པ་ཡིན་པར་བསམས་ཏེ། ཁ་་་་་་ཚིག་སྔར་ནས་གཟུང་ཟིན་པའི། ཏོན་ཞུ་བ་ལ་སོགས་པ་དག་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་ཞེས་་་་་་མགྲིན་གཅིག་ཏུ་ཆོས་འདོན་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་བཤད་ཅིང་། ཞུ་བ་ཁ་ཅིག་ལས་དགེ་སློང་གིས་དགེ་སློང་དང་ཚིག་རེ་རེ་ནས་ཆོས་འདོན་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གཞུང་འགྲེལ་དུ་ལུང་དྲངས་སོ། །རྒྱ་ཆེ་འགྲེལ་དང་། ལུང་ཞུ་བ་གཉིས་ཀ་ལས་དགེ་སློང་གིས་དགེ་སློང་མ་དང་ཚིག་རེ་རེ་ནས་འདོན་ན་ཅིར་འགྱུར་ཉེས་བྱས་སོ། །དགེ་སློང་མས་དགེ

༼༦༥༧༽

སློང་དང་ཡང་དེ་བཞིན་ནོ་ཞེས་གསུངས་སོ། །འོ་ན་དགེ་སློང་གིས་དགེ་ཚུལ་ལ་ལུང་ཞུ་བར་བྱེད་ན་ཆོས་དང་ཡི་གེ་མཉམ་དུ་འདོན་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས་དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལས་ལུང་ནོད་པར་བྱེད་ན། བསྙེན་པར་མ་རྫོགས་པ་དང་ཅིག་ཅར་རམ་མཇུག་ཐོགས་སུ་སྟོན་བྱེད་ཆོས་དང་ཡི་གེ་འདོན་ན་དེ་ལ་ནི། གཉིས་ཀ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བཤད་དོ། གསུངས་སོ། །བསྡུས་པ་ལས་ཀྱང་ཆོས་བསྟན་པ་སྦྱིན་པའི་ཚུལ་གྱིས་ལེན་དུ་འཇུག་པ་ཡིན་གྱི། ཞེས་བཤད་པས་ཤེས་སོ། །གསུམ་པ།་་་་་ངོ་མ་སྤོས་པ་སྟེ། བལ་འཁུར་བ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །དེ་ཡང་ཆོས་འདོན་པ་ལ་ཡིན་གྱི་ཡི་གེ་འདོན་པ་ལ་་་་་་ངོ་སྤོས་པ་སེལ་བར་བྱེད་པ། མ་ཡིན་ནོ། །བཞི་པ་དང་ལྔ་པ།་་་་་ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་དུ་གནས་པ་ནི་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་གང་འདོན་པའི་དངོས་པོ་ནི་གསུམ་ལས། སྟོན་བྱེད་དུ་གྱུར་པའི་ཆོས་སམ་ཡི་གེ་ཡིན་པ་སྟེ། སྟོན་བྱེད་དུ་གྱུར་པའི་ཞེས་སོ། །ཡི་གེ་འདོན་པ་ལ་ཚིགས་བཞིར་ལོངས་མི་དགོས་ཀྱང་།་་་་་ཆོས་ཡིན་ན་ཚིགས་བཞིར་ལོངས་པ་སྟེ། འགྲེལ་ཆུང་ལས་ཤླཽ་ཀ་གཅིག་ཡན་ཆད་མིད་པ་བསྒྲིལ་ཞིང་སྨྲ་ན་ལྟུང་བར་འགྱུར་ཞེས་སོ། །སྔར་ཤེས་ལས་གཞན་ཡིན་པ་སྟེ། ཚིག་སྔར་ནས་གཟུང་ཟིན་པའི།་་་་་ཁ་ཏོན་ཞུ་བ་ལ་སོགས་པ་ལ་ལྟུང་མེད་དུ་་་་་་གཞུང་ལས། གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་དུས་མཉམ་དུའམ་མཇུག་ཐོགས་སུ་འདོན་པར་འདོད་པ་རྒྱུན་མ་ཆད་པ་སྟེ་མི་འདོད་བཞིན་དུ་གྲུབ་པ་ནི་མ་གཏོགས་སོ་ཞེས་བཤད་དོ། །སྦྱོར་བ་ནི་དུས་མཉམ་དུའམ་མཇུག་ཐོགས་སུ་ཆོས་འདོན་པའི་སྦྱོར་གཅིག་གིས་ཆོས་སམ་ཡི་གེ་་་་་་གཅིག་ལྟ་བུ། འདོན་པར་ཞུགས་པའོ།་་་་་སྦྱོར་བ་གཅིག་གིས་ཞེས་པས་ཉི་མ་ཐ་དད་ལ་ཚིག་རྐང་གཉིས་གཉིས་འདོན་པ་ལྟ་བུ་སེལ། །མཐར་ཐུག་ནི་མཐར་ཐུག་ནི་་་་་་འདི་དོན་གོ་བ་ཡིན་ཞེས་བླ་མ་རྣམས་གསུང་ཡང་ཡི་གེ་རྐྱང་བ་འདོན་པ་ལ་ནི། དོན་གོ་བ་མེད་དེ་ཡི་གེ་སིལ་བུས་དོན་མི་སྟོན་པའི་ཕྱིར་རོ། །ཆོས་ཚིག་བཞི་བཏོན་ཟིན་པའམ་ཡི་གེ་གཅིག་ཙམ་བཏོན་ཟིན་པའོ། །ཡན་ལག་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号