ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༧༡༩༽

དུ་འགྱུར་ཞེས་གསུངས་པ་ནི་ཡན་ལག་གཞན་ཚང་གི་དབང་དུ་མཛད་པའོ། །གནས་ན་ཞེས་པ་ནི། དགེ་སློང་གིས་མུ་སྟེགས་ཀྱི་འདུག་གནས་དེར་ཞག་གཅིག་གནས་པ་ལ་ལྟུང་བ་མེད་ཀྱང་། ཉི་མ་གཉིས་སུ་གནས་ན་ཟན་མ་ཟོས་ཀྱང་སྔར་ཞག་གཅིག་ལོན་པར་གནས་ཟིན་པའི་དགེ་སློང་ལ་ཞག་གཉིས་པར་གནས་པ་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །འགྲེལ་ཆུང་ལས་ཞག་རེ་རེ་ཉེས་བྱས་རེ་རེ་ཞེས་བཤད་དོ། །ད་ནི་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསོད་སྙོམས་བསླང་ཚད་ལས་ལྷག་པར་བླངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང་། ཚོད་མི་ཤེས་པའོ།་་་་་རྣམ་འབྱེད་འགྲེལ་ལས་བསླབ་པའི་གཞི་འདི་ནི་ཚོད་མི་ཤེས་པ་ཉིད་དགག་པའི་ཕྱིར་བཅས་པ་མཛད་དེ་ཞེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པས་བསོད་སྙོམས་བསྟབས་ཤིང་ཅི་བདེར་མ་བྱས་པར་ཚད་ཡོངས་སུ་མ་དཔགས་པ་ལས་དུས་སུ་རུང་བ་ལྷུང་བཟེད་དོའམ་གསུམ་ལས་ལྷག་པ་བླངས་ཏེ་གནས་གཞན་དུ་ཁྱེར་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གསུམ་ལས། གང་ལ་བླང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། ཚད་ཡོངས་སུ་དཔོག་པ་པོ་མ་ཡིན་པ་སྟེ། ཡོངས་སུ་མ་དཔགས་པར་རོ་ཞེས་གསུངས་སོ། །སྦྱིན་བདག་གིས་ཚད་ཡོངས་སུ་དཔག་ན་ནི་ལྷུང་བཟེད་དོ་གསུམ་ལས་ལྷག་ཀྱང་ལྟུང་བ་མེད་དེ། སྦྱིན་བདག་གི་བསམ་པ་ལ་གནོད་པའི་དགག་བྱ་མེད་པའི་ཕྱིར་རོ། །གང་བླངས་ཏེ་ཟ་བའི་དངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ་གསུམ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་ལྔའོ། །གང་དུ་ཟ་བའི་གནས་ནི། གང་དུ་བླངས་པ་དེ་ནས་གཞན་དུ་ཁྱེར་བའི་གནས་ཡིན་པ་སྟེ། མནོས་པའོ་ཞེས་སོ། །གང་དུ་བླངས་པའི་གནས་དེ་ཉིད་དུ་ཟ་བ་ལ་ནི་ལྟུང་བ་མེད་དེ། གཞན་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་

༼༧༢༠༽

ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་བླང་ཚད་ལས་ལྷག་པར་བླངས་ནས་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི། ཚད་ལས་ལྷག་པར་་་་་་ལུང་ཞུ་བ་ལས་ངག་མཚན་ཉིད་ལྔ་ལྡན་དགོས་པར་གསུངས། ལེན་ཞིང་གནས་གཞན་དུ་ཁྱེར་ཏེ་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ། བྲེའུ་ཆུང་དག་གི་ཚད་ནི་ཞེས་པ་བླང་དུ་གནང་བའི་བྲེའུ་ཆུང་དག་གི་གྲངས་ཀྱི་ཚད་དང་། ཚད་དེ་ལས་ལྷག་ན་ལྟུང་བ་བསྐྱེད་པའི་བྲེའུ་ཆུང་དག་གི་གྲངས་ཀྱི་ཚད་ནི་ཞེས་པའོ།་་་་་ལྷུང་བཟེད་དོ་གསུམ་ཙམ་ཞེས་པ་ལ་གང་བ་དོ་ནི་ལྷུང་བཟེད་རབ་ཚད་གང་དང་ཐ་ཚད་གང་སྟེ་གང་བ་དོ་ནི་འབྲིང་ཚད་གང་བ་དོའོ། །གང་བ་གསུམ་ནི་ཐ་ཚད་གང་བ་གསུམ་ལ་སྟེ། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ད་ནི་སྤངས་པ་ཟ་བའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི། ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱའོ་ཞེས་ཏེ། དགག་བྱ་མཐུན་པའམ་རྒྱུར་འགྲོ་མཐུན་པའི་བསླབ་བྱའོ། །ཟས་བརྩམས་པས་ལྡང་བར་མི་བྱ་ཞེས་པ་ནི་སྤངས་ཟའི་རྒྱུར་འགྱུར་དགག་པའི་བསླབ་བྱའོ། །བརྩམས་ལྡང་གི་ཉེས་པའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་སྨན་བཞི་ལས་གང་ཡང་རུང་བ་གནས་དེ་ཉིད་དུ་བཟའ་བའི་ཆེད་ཀྱི་བྱིན་ལེན་བྱས་ནས་ཟོས་མ་ཟིན་པའི་བར་སྐབས་སུ་ལངས་པ་ལས་གྱུར་པའི་ཉེས་བྱས་སོ། །འདིའི་ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ཟ་བར་བརྩམས་པའི་དངོས་པོ་དང་། གང་གི་ཚེ་ལྡང་བའི་དུས་དང་། གང་གིས་ལྡང་བའི་རྟེན་ནོ། །དང་པོ་ནི་སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། གནས་དེ་ཉིད་དུ་བཟའ་བའི་བྱིན་ལེན་བྱས་པ་དང་།་་་་་ཡན་ལག་ཏུ་དགོས་ཏེ་ཊཱི་ཀ་ལས་གཞན་དུ་བཟའ་བར་བྱ་བ་གང་ཡིན་པ་དེ་ནི་བྱིན་ལེན་བྱེད་པ་ཡིན་གྱི་ཟས་བརྩམས་པ་ཉིད་ནི་མ་ཡིན་ཏེ་ཞེས་གསུངས་སོ། །རུང་བ་དང་། ཚད་དང་ལྡན་པ་སྟེ་བཞིའོ། །གཉིས་པ་གང་གི་ཚེ་ལྡང་བའི་དུས་ནི་གནས་དེ་ཉིད་དུ་ཟ་བའི་བྱིན་ལེན་བྱས་ཟིན་པ་ནས། ཆོག་པར་ཟོས་མ་ཟིན་པའི་བར་སྐབས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པའོ། །གསུམ་པ་གང་གིས་ལྡང་བའི་རྟེན་ནི་གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། ཆོག་པར་མ་ཟོས་པ་སྟེ། ནད་པ་ནི་ལུས་སྲོག་གི་རྐྱེན་དང་ལྡན་ཞིང་་་་་་ཊཱི་ཀ་ལས་ཆོག་པར་མ་ཟོས་པ་དེ་སྲིད་དུ་ལྡང་བར་མི་བྱས་ཏེ་ཞེས་གསུངས་ཤིང་། ཆོག་པར་ཟོས་ན་བར་སྐབས་སུ་

༼༧༢༡༽

ལྡང་བའི་ཐ་སྙད་མེད་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ལྡང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ིན་ལྡང་བར་བྱེད་པ་སྟེ། མཐར་ཐུག་ནི་ལངས་པ་རྫོགས་པའོ། །སྐབས་འདིར་ཁ་ཅིག་ན་རེ་བྱིན་ལེན་བཤིག་པས་བརྩམས་ལྡང་གི་ཉེས་བྱས་འབྱུང་བ་ཁེགས་ཏེ། བརྩམས་ལྡང་གི་རྒྱུ་བཤིག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བརྟག་སྟེ། ཟས་བརྩམས་པར་འགྱུར་བའི་རྒྱུ་བཤིག་པའི་ཕྱིར་རོ་ཞེས་ཟེར་རམ། བརྩམས་ལྡང་གི་ཉེས་པ་བསྐྱེད་བྱེད་ཀྱི་རྒྱུ་བཤིག་པའི་ཕྱིར་ཞེས་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་རྟགས་མ་གྲུབ་སྟེ། དེ་ཉིད་དུ་ཟ་བའི་དམ་བཅས་པ་རལ་བའི་སྒོ་ནས་བརྩམས་ལྡང་གི་ཉེས་པར་འགྱུར་བའོ། །སྤངས་པ་དང་ལྷག་པོར་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ལས། དང་པོ་སྤངས་པ་བྱེ་བྲག་ཏུ་བསྟན་པ་ནི། སྤངས་པ་ནི་གནས་བཏང་བའོ་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། ཟས་སྤངས་པ་རྫོགས་པར་བྱེད་པའི་གཞིའི་ཡན་ལག་ལ་ལྔ་སྟེ། གང་སྤངས་པའི་དངོས་པོ་དང་། གང་ལ་སྤངས་པའི་ཡུལ་དང་། གང་དུ་སྤངས་པའི་གནས་དང་། གང་གི་ཚེ་སྤངས་པའི་དུས་དང་། གང་གིས་སྤངས་པའི་རྟེན་ནོ། །དང་པོ་ལ་གསུམ་ལས། དུས་སུ་རུང་བའི་བཟའ་བའམ། བཅའ་བ་ཡིན་པ་སྟེ། དུས་སུ་རུང་བའི་སྐྱོ་མ་དང་ཐུག་པ་དག་ནི་སྤངས་པའི་ཐ་སྙད་མི་རྫོགས་པའི་ཕྱིར་རོ། །རུང་བ་ཚད་དང་ལྡན་པ་སྟེ། ལུང་རྣམ་འབྱེད་ལས་མི་རུང་བ་ཉིད་ནི་སྤངས་པར་མི་འགྱུར་རོ་ཞེས་གསུངས་པ་དང་། ཚད་དང་མི་ལྡན་པ་སྟེ་ཟས་ཁམ་དུ་མ་ལོངས་པའི་བྲལ་དྲུལ་དག་ལ་ནི་སྤངས་པའི་ཐ་སྙད་མི་རྫོགས་པའི་ཕྱིར་རོ། །གཉིས་པ་གང་ལ་སྤངས་པའི་ཡུལ་ལ་དྲུག་ལས། བསླབ་པ་ལྟ་བ་མཚན་གྱི་སྒོ་ནས་བྱིན་ལེན་སྟོབས་པར་འོས་པ་སྟེ། བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་འགྲེང་བ་ཞེས་གསུངས་པས་སོ། །བསམ་པ་ཐག་པ་ནས་འདྲེན་པར་འདོད་པ་སྟེ། མཐོ་འཚམས་པ་ནི་བྱིན་ལེན་སྟོབས་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་སོ། །ཟས་དེ་གྱེན་དུ་གདེག་པར་ནུས་པ་སྟེ། མི་ནུས་ན་བྱིན་

༼༧༢༢༽

ལེན་སྟོབས་པ་པོ་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །ཟས་དང་བཅས་པ་སྟེ། ལུང་རྣམ་འབྱེད་ལས་ཟས་ཡོད་པ་དང་ཞེས་གསུངས་ལ། ལུང་དེའི་འགྲེལ་བ་ལས་ཟས་མེད་ན་དོན་མེད་པས་སྤངས་ཀྱང་སྤངས་པ་ཉིད་མ་ཡིན་ནོ་ཞེས་སོ། །ལུས་ཐ་མལ་པར་གནས་པ་དང་། ཐ་སྙད་ལྔ་ལྡན་ནི་གནད་ཀྱིས་སྦྱར་ཞེས་སྔ་མ་རྣམས་འཆད་དོ། །འོན་ཀྱང་མ་ནིང་དང་མཚན་གཉིས་ཅན་མ་ཡིན་པ་ནི་འདིར་ཁས་མི་བླང་སྟེ། ལུང་རྣམ་འབྱེད་ལས་ཟས་སྟོབས་པ་ཡོད་པ་ནི་སྐྱེས་པའམ་བུད་མེད་དམ་མ་ནིང་ཡོད་པའོ་ཞེས་གསུངས་སོ། །དེས་ན་འདིར་ཐ་སྙད་བཞི་ལྡན་ཞེས་རིགས་སོ། །གསུམ་པ་གང་དུ་སྤང་བའི་གནས་ནི་མངོན་སུམ་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་དང་། འཐོབ་པའི་ཕྱོགས་ན་གནས་པ་སྟེ། བྱིན་ལེན་ལ་བཤད་པས་གྲུབ་ཅིང་། གཞན་དུ་ན་སྤངས་པར་མི་འགྱུར་བའི་ཕྱིར་རོ། །བཞི་པ་གང་གི་ཚེ་སྤངས་བའི་དུས་ནི། སྔ་རོ་ཡིན་པ་དང་། ཆོག་པར་ཟོས་པའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཕྱི་དྲོ་ལ་སོགས་པ་ཡིན་ན་དུས་སུ་རུང་བའི་ཟས་སྟོབས་པ་འབྱུང་རིང་བའི་ཕྱིར་དང་། ཆོག་པར་མ་ཟོས་ན་ཟས་སྤོང་བར་མི་འགྱུར་བའི་ཕྱིར་དང་། མུ་གེའི་ཚེ་ན་སྨན་གྱི་གཞི་ལས་སྤངས་པ་ཟ་བའི་ཉེས་པ་མི་འབྱུང་བར་གསུངས་པས་ཤེས་སོ། །ལྔ་པ་གང་གིས་སྤངས་པའི་རྟེན་ནི། ཆོག་པར་ཟོས་པ་དང་། མི་ཟ་བར་བརྟག་པ་བྱས་པའོ། །བསམ་པའི་ཡན་ལག་ལ། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་བསམ་པ་ཐག་པ་ནས་གནས་སྐབས་དེར་ཟས་སྤོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཚིག་ལྷག་མ་མེད་པར་སྤོང་བར་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་ཞིང་རང་གིས་ཟ་བའི་གནས་བཏང་བ་སྟེ། སྤངས་པ་ནི་གནས་བཏང་བའོ་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས་གནས་བཏང་བ་མེད་ན་སྤངས་པར་མི་འགྱུར་བས་མ་སྤངས་པ་ཡིན་ནོ་ཞེས་བཤད་དོ། །ཚིག་གིས་སྤོང་བ་མ་བྱས་པ་དང་། གནས་བཏང་བ་མེད་པར་མི་ཟ་བར་བརྟག་པ་བྱས་པས་ཟ་ན་ནི་སྤངས་པ་མ་རྫོགས་པའི་ཕྱིར་ན་སྤངས་ཟའི་ལྟུང་བྱེད་དུ་མི་འགྱུར་ཡང་། ཉེས་བྱས་སུ་འགྱུར་ཏེ། རྣམ་་་་་་བྱ་བ་བཏང་བས་མི་བཟའ་བར་མི་བྱའོ་ཞེས་པའི་སྐབས་ཀྱི། འབྱེད་འགྲེལ་

༼༧༢༣༽

ལས་བཟའ་བར་མི་བྱ་བ་ནི་ཡིད་ཀྱིས་སྤངས་པའི་ཕྱིར་ཉེས་བྱས་སུ་གྱུར་ན་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཡན་ལག་གི་དོན་ལ། མི་ཟ་བར་བརྟག་པ་བྱས་པ་ཙམ་གྱིས་སྤངས་པར་འགྱུར་རམ་སྙམ་ན། མ་ཡིན་ཏེ་སྤངས་པ་ནི་དགེ་སློང་ཟས་ཟ་ཞིང་འདུག་པའི་གནས་བཏང་བའོ། །ཊཱི་ཀ་ལས་ཟས་ཟོས་ཟིན་ནས་ད་མི་ཟའོ་ཞེས་སྤངས་ཏེ་སྟན་ལས་ལངས་པ་སྟེ་ཞེས་སོ། །ལུང་རྣམ་འབྱེད་ལས་སྟན་གང་ལ་འདུག་པ་དེ་ལས་ལངས་པའོ་ཞེས་གསུངས་སོ། །འདུག་པའི་འོ་ཞེས་པ་ནི་འདུག་པའི་གནས་བཏང་བ་སྟེ། དགེ་སློང་ཟས་ཟ་ཞིང་འདུག་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པའོ་ཞེས་གསུང་ངོ་། །བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་འགྲེང་བ་ཞེས་པ་འདི་ལ་བརྟེན་ནས་ཁ་ཅིག་་་་་་བ་རང་། ན་རེ་བྱིན་ལེན་འཐོབ་པ་ལ་བྱིན་ལེན་སྟོབས་པ་པོ་འགྲེང་བ་ཡན་ལག་ཏུ་དགོས་ཏེ། ཊཱི་ཀ་ལས་བྱིན་ལེན་སྟོབས་པ་འབྲིམ་མཁན་གྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་འཐོབ་པའི་ཕྱོགས་ན་འགྲེང་བ་ཞེས་བཤད་ཅིང་། རིགས་པས་ཀྱང་འགྲེང་བ་ནི་གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི་འདྲེན་པ་པོ་འདུག་སྟེ། འདྲེན་པ་ལས་མི་འཐོབ་ན། མེ་ཏོག་ཕྲེང་རྒྱུད་ལས། འདྲེན་པ་ཉེ་བར་གནས་པ་དང་། །མདུན་ན་འདུག་དང་ཆོ་ག་ཤེས། །ཞེས་བཤད་པ་དང་འགལ་ལོ། །འགྲེལ་ཆུང་གི་མདོ་རྩ་བ་ལས་བྱིན་ལེན་སྟོབས་པ་འཐོབ་པའི་ཕྱོགས་ན་གནས་པ་ལ་སྤང་བ་བྱས་ནས་སོ་ཞེས་འདུག་པ་ལ་སྤང་བར་བྱས་ན་སྤངས་པར་འགྱུར་བར་གསུངས་པས། འདུག་པ་ལས་བྱིན་ལེན་འཐོབ་པར་ཤེས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། འགྲེང་བ་སྤང་བ་བྱས་ནས་སོ་ཞེས་པ་འདི་ནི་ཟས་་་་་་བྱིན་ལེན་སྟོབས་པ་པོའི་ངེས་གཟུང་གི་ཡན་ལག་བསྟན་པ་མ་ཡིན་གྱི། སྤངས་པའི་ཡུལ་བསྟན་པ་སྟེ། དེ་ཡང་འགྲེང་བ་མཚོན་པ་ཙམ་སྟེ་འདུག་པ་ལ་སྤངས་ན་ཡང་སྤངས་པར་འགྱུར་ཏེ། འགྲེལ་ཆུང་ལས་འདུག་པ་ལ་སྤངས་པ་བྱས་ནས་སོ་ཞེས་བཤད་དོ། །འགྲེང་བ་ནི་

༼༧༢༤༽

གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་དེ་ལྟར་ན་ཕྱག་འཚལ་ཞིང་འདྲེན་པ་དེ་ཡང་གུས་པའི་སྤྱོད་ལམ་ཡིན་པའི་ཕྱིར་བྱིན་ལེན་ཐོབ་པའི་ཡན་ལག་ཏུ་དགོས་པར་ཐལ་བར་འགྱུར་རོ། །དེས་ན་འདྲེན་པ་པོའི་སྤྱོད་ལམ་བཞི་པོ་གང་གིས་དྲངས་ཀྱང་བྱིན་ལེན་འཐོབ་བོ།་་་་་།གསོལ་ཅིག་ཅེས་བྱ་བ་ཡང་། ཞེས་པའི་ཊཱི་ཀ་ལས་གསོལ་ཅིག་ཅེས་པའི་སྒྲ་འདི་ནི་ཁ་ཅིག་ཏུ་གཞན་གྱི་ཡུལ་ལ་བྱ་བའི་ཚུལ་གྱིས་འཇུག་པ་ཡང་ཡིན་པས་འདིས་ནི་གཞན་དག་ལ་བྱིན་ཅིག་ཅེས་བྱ་བར་སྟོན་ཏོ་ཞེས་པ་ནི་གསོལ་ཅིག་ཅེས་བྱ་བ་ནི་སྐབས་ཁ་ཅིག་ཏུ་དགེ་སློང་གཞན་ལ་ཟས་འདྲེན་དུ་འཇུག་པ་ལ་གོ་བས་གཞན་ལ་བྱིན་ཅིག་པར་ན་སྟོན་ཏོ་ཞེས་པའོ། །ཊཱི་ཀ་ལས་གལ་ཏེ་རང་ཉིད་མི་ལེན་ནའོ། །རང་གི་ཡུལ་ལ་བཀག་པའི་འབྲས་བུར་མི་འགྱུར་རམ། ཞེས་པ་ནི་རང་དང་ཆོ་ག་གཅིག་པའི་ཕྱིར་དགེ་སློང་གཞན་ལ་སྤངས་ན། སྤངས་པ་ལ་སྟོབས་པའི་ཉེས་པར་མི་འགྱུར་རམ་ཞེས་པའོ། །དེའི་ལན་ིན་ཊཱི་ཀ་ལས་འགྲིམ་པ་གང་ཡིན་པ་དེ་ཉིད་ཀྱི་ཚེ་རང་གི་ཡུལ་ལས་ཕྱིར་བཀག་པར་ཟད་ཀྱི་ཟན་ཐམས་ཅད་བཀག་པ་ནི་མ་ཡིན་ནོ། །ཞེས་རང་འབའ་ཞིག་གིས་སྤངས་པར་ཟད་ཀྱི། དགེ་སློང་ཐམས་ཅད་ཀྱིས་སྤངས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་ལྷག་པོར་བྱེ་བྲག་ཏུ་བསྟན་པ་ནི། མཚམས་ཀྱི་ཕྱི་རོལ་དང་། ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་ལྷག་པོར་བྱས་པའི་དགོས་པ་ལ། དངོས་ཀྱི་དགོས་པ་ནི་སྤངས་ཟའི་ཉེས་པ་མི་འབྱུང་བ་སྟེ། བརྒྱུད་པའི་དགོས་པ་ནི་བཅས་པའི་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བརྒྱད་ལས། དང་པོ་ལྷག་པོར་བྱེད་པར་ཞུ་བ་པོ་གང་གིས་ཞུ་བ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་གནས་ནས་མ་ཕྱུང་བ་སྟེ། ཆོ་ག་རྣམ་གཞག་གི་ཐུན་མོང་བ་བཞིའི་སྟེང་དུ། སྤངས་པ་ཡིན་པ་དང་། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། ཐ་མ་གཉིས་ལས་གཞན་དུ་ན་སྤངས་ཟའི་ལྟུང་བ་འགེགས་པའི་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་ལྷག་པོར་བྱེད་པ་པོ་གང་གིས་བྱ་བ་ནི། ཐུན་མོང་བ་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། མཚམས་ཀྱི་

༼༧༢༥༽

ནང་ན་གནས་པ་དང་། ཟ་བའི་གནས་མ་བཏང་བས་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དང་ཞེས་པ་དང་། གནས་མ་བཏང་བས་བྱ་བ་ཉིད་དོ་ཞེས་གསུངས་པས་སོ། །གང་ལ་གསོལ་བ་བཏབ་པའི་དགེ་སློང་ཡིན་པ་སྟེ། གསོལ་བས་བྱ་བ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །གསུམ་པ་དངོས་པོ་གང་ལ་ལྷག་པོར་བྱ་བ་ནི། དངོས་པོ་ཆོས་དྲུག་ལྡན་ཏེ། སྔར་སྤངས་པའི་སྐབས་སུ་ཇི་སྐད་བཤད་པའི་དངོས་པོ་ཆོས་གསུམ་ལྡན་གྱི་སྟེང་དུ། ཟས་སྤངས་པའི་དགེ་སློང་རང་ངམ་རང་དང་ཆོ་ག་གཅིག་པ་དབང་བ་ཡིན་པ་དང་། ཟས་སྤངས་པའི་དགེ་སློང་དེ་ཟས་དེ་མི་དབང་ཡང་རང་དང་འདྲ་བའི་དགེ་སློང་གཞན་གྱི་ཟས་ལ་ཡང་ལྷག་པོར་བྱར་རུང་སྟེ། སྤངས་པ་ལ་སྟོབས་པའི་གླེང་གཞིས་ཤེས་སོ།་་་་་བྱིན་ལེན་བྱས་པ་དང་འབྲེལ་བ་དང་། སྔར་ལྷག་པོར་བྱས་པ་དང་མ་འབྲེལ་བ་སྟེ། གཞན་དུ་ལྷག་པོར་གྱི་ཆོ་ག་མི་ཆགས་པའི་ཕྱིར་དང་། ལྷག་པོར་ཆགས་པའི་རྟེན་མེད་པའི་ཕྱིར་དང་། ལྷག་པོར་གྱི་ཆོ་ག་དོན་མེད་པའི་ཕྱིར་ཏེ། གོ་རིམ་བཞིན་ནོ། །བཞི་པ་གནས་གང་དུ་ལྷག་པོར་བྱ་བ་ནི་མངོན་སུམ་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་དང་། འཐོབ་པའི་ཕྱོགས་ན་གནས་པ་སྟེ།་་་་་གནས་ཆོས་གསུམ་ལྡན་ཏེ། སྔར་སྤངས་པའི་སྐབས་སུ་བཤད་པ་བཞིན་ནོ། །ལྔ་པ་དུས་གང་གི་ཚེ་ལྷག་པོར་བྱ་བ་ནི། སྔ་དྲོ་ཡིན་པ་དང་། སྤངས་པའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཕྱི་དྲོ་ལ་སོགས་པ་དུས་སུ་རུང་བ་ལ་ལོངས་སྤྱོད་པ་བཀག་པའི་ཕྱིར་དང་། མ་སྤངས་པའི་དུས་དང་མུ་གེའི་དུས་ཡིན་ན་སྤངས་ཟ་གནང་བས་ལྷག་པོར་བྱ་མི་དགོས་པའི་ཕྱིར་རོ། །དྲུག་པ་ཚུལ་ཇི་ལྟར་ལྷག་པོར་བྱ་བ་ནི། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི་ལག་པ་བཀྲུས་ཏེ་བྱིན་ལེན་བྱས་ནས་ལྷག་པོར་བྱེད་པར་ཞུ་བའི་སྔགས་ལན་ཅིག་བརྗོད་པ་དང་། ལྷག་པོར་བྱེད་པ་པོ་དེས་ཁམ་གཉིས་སམ་གསུམ་ཟ་བ་སྟེ། ལུང་རྣམ་འབྱེད་ལས་ཁམ་གཉིས་སམ་གསུམ་ཟོས་ནས་དེའི་་་་་་རྗེས་སུ་ལྷག་པོར་བྱའོ། །ཞེས་གསུངས་པས་སོ། །ལྷག་པོར་བྱ་བའི་དངོས་གཞི་ནི། ཊཱི་ཀ་ལས་ལྷག་པོར་བྱེད་པས་ལྷག་པོར་ཇི་ལྟར་བྱ་ཞེ་ན། ཁྱོད་ཀྱིར་གྱུར་གྱིས་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ་ཞེས་སོ། །རྗེས་ཀྱི་བྱ་བ་ནི། ཟས་དེ་ལྷག་པོར་བྱེད་པ་པོས་ཞུ་བ་པོ་ལ་

༼༧༢༦༽

གཏད་ཅིང་ཞུ་བ་པོས་བླངས་པའོ། །བདུན་པ་ལྷག་པོར་གྱི་སྒྲ་བཤད་པ་ནི། ཟོས་པའི་ལྷག་མར་བྱས་ཤིང་བོར་བས་ན་ལྷག་པོར་ཞེས་བྱ་སྟེ། ཊཱི་ཀ་ལས་ལྷག་པོར་ཞེས་བྱ་བ་ནི་ལྷག་མར་བྱས་ཤིང་བོར་བ་སྟེ་ཞེས་བཤད་དོ། །བརྒྱད་པ་ལྷག་པོར་བྱས་པ་འཇིག་པའི་རྒྱུ་ནི། བྱིན་ལེན་འཇིག་པའི་རྒྱུ་ཀུན་གྱིས་ལྷག་པོར་འཇིག་སྟེ་ལྷག་པོར་ཆགས་པའི་རྟེན་ཞིག་པའི་ཕྱིར་རོ།་་་་་གྱང་ཞིག་པ་ན་གྱང་རིས་གཞིག་པ་བཞིན་ནོ། །གནས་སྐབས་བསྐ་བ་ལས་སླ་བར་གྱུར་ཀྱང་འཇིག་སྟེ། སྤངས་ཟ་དགག་དགོས་པའི་གནས་སྐབས་མ་ཡིན་པར་གྱུར་པའི་ཕྱིར་རོ།་་་་་ལྷག་པོར་བྱེད་པ་ཞུ་བའི་ཆོ་ག་ལ། དངོས་གཞིའི་ཆོ་ག་ཡིན་ཞེས་འཁྲུལ་བ་མང་། ལྷག་པོར་བྱེད་པའི་དངོས་གཞིའི་ཆོ་ག་ལ། མཇུག་གི་ཆོ་གར་འཁྲུལ་བ་ཤིན་ཏུ་མང་། །ཞུ་བ་པོ་ལ་བྱེད་པ་པོར་འཁྲུལ་ཞིང་། །བྱེད་པ་པོ་ལ་ཡུལ་དུ་འཁྲུལ་བ་མང་། །འཁྲུལ་བ་བཞི་པོ་དེ་དག་བསལ་བྱའི་ཕྱིར། །ལུང་དང་བསྟན་བཅོས་རྣམས་ལ་ལེགས་པར་དཔྱོད། ཡན་ལག་གི་དོན་ལ། རུང་བ་མ་ཡིན་པ་དང་དེ་དང་འདྲེས་པ་ལ་ནི་མི་བྱ་བ་ཉིད་དོ་ཞེས་པ་ལ་ཁ་ཅིག་ན་རེ་བྱས་ན་ཆགས་པ་ཉིད་ཡིན་ཏེ། མདོ་སྔ་མ་གཉིས་ལ་མི་འབྱུང་ངོ་ཞེས་སྨོས་ནས། འདིར་ནི་མིང་འབྱུང་ངོ་ཞེས་མ་སྨོས་པར་མི་བྱ་བ་ཉིད་དོ་ཞེས་བཤད་པས་ཤེས་སོ་ཞེས་ཟེར། འོ་ན་མི་རུང་བ་ལོངས་སྤྱོད་པ་མ་བཀག་པར་ཐལ། ལྷག་པོར་ནི་ལོངས་སྤྱོད་པའི་དོན་དུ་ཡིན་ལ་མི་རུང་བ་ལ་ཡང་ལྷག་པོར་ཆགས་པའི་ཕྱིར་རོ། །རྟགས་ཟུར་ཕྱི་མ་ཁས་བླངས་པའོ། །འོན་ཀྱང་ལག་ཉར་བླངས་པ་ལ་སོགས་པ་མི་རུང་བ་ལ་བྱིན་ལེན་ནི་ཆགས་ཏེ། བཟའ་བར་བྱ་བ་རུང་བ་མ་ཡིན་པ་ཉིན་མཚན་འདས་པ་ནི་་་་་་གསོག་འཇོག་ཏུ་འཇོག་པའི་ཉེས་བྱས་སུ་འགྱུར་ཏེ། ཟོས་པ་དང་འདྲ་ཞེས་གསུངས་པས་ཤེས་ལ། གོས་མི་རུང་བ་ལ་ཡང་རྐྱེན་དབང་གིས་བྱིན་རླབས་ཆགས་པ་ཡོད་དོ། །ལྷག་པོར་བྱེད་པ་པོ་དགེ་སློང་གང་གིས་ལྷག་པོར་བྱ་བ་ནི། གང་ལ་་་་་་གསོལ་བས་་་་་་བཏབ་པ། བྱ་བ་ཉིད་ཡིན་ནོ་ཞེས་པ་སྟེ།་་་་་ལྷག་པོར་བགྱིས་ཏེ་སྩལ་དུ་གསོལ་ཞེས། ལྷག་པོར་བྱེད་པར་ཞུ་བའི་ཆོ་གས་་་་་་གསོལ་བ་བཏབ་ནས། དགེ་སློང་གང་ལ་གསོལ་བ་བཏབ་པའི་དགེ་སློང་དེས་ལྷག་པོར་བྱ་བ་ཉིད་ཡིན་ནོ་ཞེས་བསྟན་པའོ། །ལྟུང་བ་རྣམ་པར་བཞག་པ་ནི། ཤེས་གཙོའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཟས་སྤངས་ནས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་འདོད་པ་ཆེ་བའི་ཚུལ་གྱིས་གཞན་དག་མ་དད་པ་

༼༧༢༧༽

སྐྱེ་བའོ།་་་་་འགྲེལ་ཆུང་ལས་སྤངས་ནས་ལངས་ཤིང་། ཡང་འདུག་ནས་བཟའ་བ་གཞན་གྱི་མིག་ཏུ་མི་མཛེས་པའི་ཕྱིར་ལྟུང་བྱེད་དུ་བཅས་ཞེས་བཤད་དོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པ་རྫོགས་པས་དུས་སུ་རུང་བའི་བཟའ་བའམ་བཅའ་བ་ལྷག་པོར་མ་བྱས་པ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི་སྔར་སྤངས་པའི་སྐབས་སུ་ཇི་སྐད་བཤད་པའི་དངོས་པོ་ཆོས་གསུམ་ལྡན་་་་་་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ཡིན། རུང་བ་དང་ཚད་དང་ལྡན་པ་སྟེ་དེ་གསུམ། གྱི་སྟེང་དུ། རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དང་། མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་སྟེ། ལྷག་པོར་མ་བྱས་པ་ཉིད་ལའོ་ཞེས་པ་དང་། མིད་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་ཞེས་པ་ནས། དེའི་ཕྱིར་གཞན་གྱི་དུས་མ་ཡིན་པ་དང་སྤངས་པའི་ཚེ་ཞེས་གསུངས་པས་ཤེས་སོ། །གཉིས་པ་ནི་སྤངས་པའི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། སྤངས་པ་ཉིད་དང་ཞེས་པ་དང་། པདྨའོ་ཞེས་བྱ་བ་ཡན་ཆད་ནི་མུ་གེའི་འོ་ཞེས་གསུངས་པས་སོ། །གསུམ་པ་ནི་ཟས་སྤངས་པ་རྫོགས་པ་སྟེ། སྤངས་པ་ཉིད་དང་ཞེས་སོ། །གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་གསུངས་སོ། །སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པ་དང་གསུམ་མོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྤངས་པ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྤངས་ནས་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ། བཟའ་བ་ཁོ་ན་ཟོས་པ་ལས་འདིའི་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། བཟའ་བ་དང་བཅའ་བ་གཉིས་ཀྱི་སྤྱི་བཟུང་བའི་ཕྱིར་་་་་་བཟའ་བ་དང་བཅའ་བ་གང་ཡང་རུང་བའི། ཟས་ཙམ་མོ་ཞེས་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཟས་ཙམ་མོ་ཞེས་བྱ་བ་

༼༧༢༨༽

སྨོས་ཏེ་བཅའ་བར་བྱ་བ་ཙམ་ཡང་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དོ། །བཟའ་བ་སྤངས་ན་ནི་བཟའ་བ་ཟོས་ན་ཡང་ལྟུང་བྱེད་དུ་འགྱུར་ལ། བཅའ་བ་ཟོས་ན་ཡང་ལྟུང་བྱེད་དུ་འགྱུར་བས་ཟས་ཙམ་ཟོས་ནའོ། །བཟའ་བ་སྤངས་པ་ནི་བཅའ་བ་སྤངས་པར་འགྱུར་ཡང་། བཅའ་བ་སྤངས་པས་བཟའ་བ་སྤངས་པར་མི་འགྱུར་བས་བཅའ་བ་སྤངས་པས་བཟའ་བ་ཟ་བས་ནི་སྤངས་ཟའི་ཉེས་པར་མི་འགྱུར་རོ།་་་་་ཟས་ཙམ་མོ་ཞེས་པ་འགྲེལ་ཆུང་ལས་ཁམ་གཅིག་ཡན་ཆད་ཙམ་ཞེས་ཀྱང་བཤད་དོ། །ལུང་ལས་དགེ་སློང་དག་སྟན་གཅིག་པའི་ཟས་ཟོ་ཞིག་དང་ཞེས་དང་པོར་གསུངས་པའི་རྗེས་སུ་ལྟུང་བྱེད་འདི་བཅས་པ་ཡིན་པས། སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ་ཞེས་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་འདིར་སྟན་གཅིག་པའི་ཟས་དང་པོར་བཅས་པས་ཞེས་བཤད་དོ། །ད་ནི་སྤངས་པ་ལ་སྟོབས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་རྒན་ཞུགས་སློབ་མས་སྤངས་པ་ལ་ཟས་བསྟབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ཉེས་པ་ལ་འཇུག་པའི་རྒྱུར་འགྱུར་བའོ། །རང་གི་རྣམ་བཤད་ལས་ཐམས་ཅད་དུ་རུང་བ་མ་ཡིན་པའི་ཕྱིར་སྟོབས་པ་ལ་ཉེས་པ་བྱས་པ་ནི། འདིའི་རྗེས་སུ་འབྲངས་ནས་རིག་པར་བྱའོ་ཞེས་གསུངས་པས་དགེ་སློང་ལ་ཕྱི་དྲོ་ཁ་ཟས་སྟོབས་པ་ལྟ་བུ་ལ་ཡང་ཉེས་བྱས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཟས་སྤངས་པའི་དགེ་སློང་གཞན་ལ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་དག་གི་རིག་བྱེད་ཀྱིས་བསྟབས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བསྟབས་པའི་ཡུལ་དང་། གང་སྟོབས་པའི་དངོས་པོ་དང་། གང་གི་ཚེ་བསྟབས་པའི་དུས་སོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཟས་སྤངས་པ་ཡིན་པ་སྟེ། སྤངས་པ་ལ་སྟོབས་པ་ཞེས་གསུངས་པས་སོ། །གཉིས་པ་ནི། སྔར་སྤངས་ཟའི་སྐབས་ཀྱི་དངོས་པོ་ཆོས་ལྔ་ལྡན་ལས། སྒྲེགས་པའི་ཟས་མ་ཡིན་ཞེས་པ་མ་གཏོགས་པ་བཞིའོ།་་་་་སྟེ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་དང་། རང་ངམ་རང་དང་ཆོ་ག་གཅིག་པས་ལྷག་པོར་བྱས་པ་དང་མ་འབྲེལ་བ་དང་བཞིའོ། །གསུམ་པ་ནི་སྔར་

༼༧༢༩༽

སྤངས་ཟའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་སྤངས་པ་ལ་སྟོབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྟོབས་པར་ཞུགས་པའོ།་་་་་ལུང་ཞུ་བ་ལས་དགེ་སློང་གིས་ལུས་ཀྱི་རིག་བྱེད་དང་འཕྲིན་པ་དང་། སྤྲིང་ཡིག་དང་ལག་བརྡ་དང་། གཞན་ཟེར་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བཟའ་བ་བསྟབས་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་ངག་གི་རྣམ་པར་རིག་བྱེད་ཀྱིས་སྟོབས་ན་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱའོ་ཞེས་སོ། །འདིའི་གླེང་གཞི་ལྟར་ན་ལྷག་པོར་མ་བྱས་བཞིན་དུ་བགྱིས་ཟེར་བའི་རྫུན་གྱིས་སྟོབས་དགོས་པ་འདྲ་ཡང་། རྫུན་བཅུ་གསུམ་ཞེས་གྲངས་ངེས་གསུངས་ཚུལ་དང་བསྟུན་ན་བདེན་རྫུན་ཁྱད་མེད་འདྲ་སྟེ། བསླབ་བྱ་མི་ཤེས་པ་ལ་ལྷག་པོར་བྱས་མ་བྱས་གང་ཡང་མི་བརྗོད་པར་ཟོ་ཞིག་ཅེས་ཚིག་ཙམ་གྱིས་སྟོབས་པ་སྲིད་པའི་ཕྱིར་རོ། །མཐར་ཐུག་ནི་དོན་གོ་བའོ།་་་་་འདི་ཉིད་ཀྱི་ལུང་ཞུ་བ་ལས། དགེ་སློང་ལ་ལྷག་པོར་མ་བགྱི་བའི་བཟའ་བ་སྟོབས་པ་དང་དགེ་སློང་དེས་ཀྱང་སྐད་མ་འཚལ་ན་ཅི་འགྱུར། ཞེ་ན་ཉེས་བྱས་སོ་ཞེས་དོན་མ་གོ་ན་ཉེས་བྱས་སུ་གསུངས། །ཡན་ལག་གི་དོན་ནི་སྟོབས་ནའོ། །ད་ནི་འདུས་ཤིང་ཟ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་ལས་ལོགས་ཤིག་ཏུ་འདུས་ཤིང་ཟ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ཐ་དད་ཀྱི་སྒོ་ནས་དགེ་འདུན་གཉིས་སུ་བྱེ་བར་འགྱུར་བའོ།་་་་་དགེ་འདུན་གཉིས་སུ་བྱེ་བའོ་ཞེས་རང་གི་རྣམ་བཤད་ལས་གསུངས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་བཞིན་གྱི་མཚམས་གཅིག་གི་ནང་དུ་དགེ་འདུན་རྣམས་ཟས་ཟ་བའི་གནས་ཚང་མང་ལྟ་བུ་ལས་ལོགས་གཅིག་ཏུ་དགེ་སློང་བཞིར་ལོངས་འདུས་ཤིང་ཟ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་དུ་ཟ་བའི་གནས་དང་། གང་བཟའ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་དང་། གང་དག་དང་ལྷན་ཅིག་ཟ་བའི་གྲོགས་སོ། །དང་པོ་ལ་བཞི་སྟེ། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་ཡིན་པ་དང་། ཚང་མང་ལྟ་བུ་དེ་ན་དགེ་

༼༧༣༠༽

སློང་བཞི་ཡན་ཆད་ཡོད་པའི་གནས་ཡིན་པ་དང་། རང་བཞིན་གྱི་མཚམས་གཅིག་གི་ནང་ཡིན་པ་དང་། དགེ་སློང་བཞི་ཡན་ཆད་ཡོད་པ་དེ་དང་གནས་ལྷན་ཅིག་མ་ཡིན་པའོ། །དེ་ཡང་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་ཞེས་པའི་མདོ་འདིས་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་གང་བཟའ་བའི་དངོས་པོ་ལ་བདུན་ལས། དུས་སུ་རུང་བ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ་གསུམ་ནི་སྐབས་གཞན་དུ་བཤད་པ་བཞིན་ནོ། །འདུས་པ་ཆེན་པོའི་ཟས་མ་ཡིན་པ་དང་། ཕྱི་རོལ་པའི་དགེ་སློང་གི་ཟས་མ་ཡིན་པ་དང་། སྤྲུལ་པ་ལ་སོགས་ཀྱི་ཟས་གཅིག་པ་མ་ཡིན་པ་སྟེ། དུས་སྟོན་ཆེན་པོ་ལས་གཞན་པ་ལའོ་ཞེས་པ་དང་། རྟགས་འདི་མེད་པས་རབ་ཏུ་བྱུང་བའི་ཞེས་པ་དང་། གང་ཡང་རུང་བ་ཅུང་ཟད་ཙམ་བྲིམས་ན་ཡང་ཟས་གཅིག་ཅེས་གསུངས་པས་སོ། །ལྡམ་ལྡུམ་ལ་སོགས་པ་མོད་པ་མ་ཡིན་པ་སྟེ། ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་བཞི་སྟེ། སྔར་ཡང་ཡང་ཟ་བའི་སྐབས་སུ་བཤད་པ་་་་་་ན་བ་མིན་པ་སོགས། ཇི་ལྟ་བ་བཞིན་ནོ། །བཞི་པ་གང་དག་དང་ལྷན་ཅིག་ཟ་བའི་གྲོགས་ལ་བརྒྱད་ལས། ཐུན་མོང་བ་དགེ་སློང་ཆོས་དྲུག་ལྡན་ལ་བདག་ལས་ཐ་དད་པ་མ་བགྲངས་པ་ལྔའི་སྟེང་དུ་བདག་མ་གཏོགས་པ་གསུམ་ཡན་ཆད་ཡོད་པ་སྟེ། གསུམ་ལ་སོགས་པ་དང་ཞེས་པས་སོ། །གནས་ལྷན་ཅིག་ཏུ་ཟ་བ་ཡིན་པ་དང་། དུས་ཅིག་ཅར་ཟ་བ་ཡིན་པ་སྟེ། ལྷན་ཅིག་པའི་འོ། །ཅིག་ཅར་ཟ་བ་དང་ངོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འདུས་ཤིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འདུས་ཤིང་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ་སོ་སོར་ངེས་པ་ནི་ལུང་རྣམ་འབྱེད་ལས་གནས་སོ་སོར་ངེས་པ་ཞེས་གསུངས་སོ། །ཊཱི་ཀ་ལས་ཟས་སོ་སོར་ངེས་པ་ཞེས་བཤད་པ་དེའང་འགྲེལ་ཆུང་

༼༧༣༡༽

ལས་ཡོན་བདག་གིས་དགེ་འདུན་སོ་སོར་ཟ་བར་་་་་་རྒྱུ་སྦྱར་བ་ཞེས་བཤད་དོ། །དེར་འོངས་་་་་་དུས་སྟོན་ཆེན་པོ་ནི་ཊཱི་ཀ་ལས་དོང་གའི་མེ་ཏོག་རྔ་བ་ལ་སོགས་པ་ཞེས་སོགས། དོང་གའི་མེ་ཏོག་ནི་ཁ་དོག་སེར་པོ་ཁྱད་པར་ཅན་ནོ། །པར་བྱ་བ་ཞེས་པའི་སྐབས་སུ། གཞིའི་འདུག་གནས་དང་ཁང་ཁྱིམ་གྱི་འདུག་གནས་ཞེས་པ་དེ་གཉིས་ནི། དགེ་འདུན་སྤྱི་འདུ་བའི་གནས་ཚང་མང་ལྟ་བུ་དང་། དེ་ལས་ལོགས་ཤིག་ཏུ་འདུས་ཤིང་ཟ་བའི་གནས་གང་ཟག་གི་བྲང་ཁང་ལྟ་བུ་དེ་གོ་རིམ་བཞིན་ནོ།་་་་་གཞིའི་འདུག་གནས་ཞེས་བྱ་བ་ནི་གང་དུ་ངེས་པས་གནས་སོ། །ཁང་ཁྱིམ་གྱི་གནས་ནི་གང་དུ་ཟས་ངེས་པ་མེད་པའི་གཞིའི་གནས་ཞེས་རྣམ་འབྱེད་འགྲེལ་ལས་བཤད་དོ། །གང་ཡང་རུང་བ་ཅུང་ཟད་ཅིག་འབྲིམས་ན་ཡང་ཞེས་པ་ནི་ལུང་རྣམ་འབྱེད་ལས་ཟས་འབྲིམས་པ་ཐ་ན་ལན་ཚྭ་ཚུམས་གང་ཙམ་འོངས་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །གཡོས་མལ་ནི་ཟས་ཀྱི་ཁང་པ་སྟེ་ཚང་མང་ལ་སོགས་པའོ། །སྤྱི་ཕུངས་ནི་དགེ་འདུན་སྤྱིའི་ཟས་ཀྱི་ཕུང་པོའོ། །ད་ནི་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་འཆད་དེ། སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེས་ནུབ་མོ་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ།་་་་་ལུང་ལས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེས་ཞེས་སོ། །རྣམ་འབྱེད་འགྲེལ་ལས་སྐྱེས་ཕྲན་ཞེས་བྱ་བས་ནི་སྐྱེས་མ་ཐག་པ་ཉིད་དགག་པ་བསྟན་ཏེ་དབང་པོ་ལས་སུ་རུང་ཞིང་གསལ་བའོ་ཞེས་སོ། །དགག་བྱ་ནི་ལུས་རྒྱགས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་དུས་སུ་རུང་བའི་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་བཟའ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་བཞི་སྟེ། དུས་སུ་རུང་བ་ཡིན་པ་དང་། མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པའོ། །གཉིས་པ་གང་གི་ཚེ་ཟ་བའི་དུས་ནི། རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་འཆར་བའི་

༼༧༣༢༽

བར་ཡིན་པའོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་གསུམ་ལས། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་་་་་་ཚུལ་དང་མི་མཐུན་པ་ཡང་མིན་ཏེ། ཞེས་སོ། །གང་ཟག་དེ།་་་་་ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པ་སྟེ། དུས་མ་ཡིན་པར་ཡང་ཟ་བར་བྱ་བ་ཉིད་དོ། །དགེ་སློང་ལུང་སྟོང་དུ་ཞག་གྲངས་མང་པོར་ཟས་མེད་པར་འཁྱམས་པ་ལྟ་བུ།་་་་་ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་གསུངས་སོ། །ཕོངས་པ་ལ་ནི་དུས་མིན་མེད་པ་ཡིན་ཞེས་སུམ་བརྒྱ་པ་ལས་སོ།་་་་་།སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པ་སྟེ། མིད་པ་གཉིས་པས་དུས་མ་ཡིན་པའི་་་་་་སྒྲེགས་པ་དག་ཞེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། ཀུན་སློང་ནི་རང་དགར་དུས་མ་ཡིན་པར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དུས་མ་ཡིན་པར་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ། རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་ཞེས་སོ། །འོ་ན་དགེ་སློང་རྫུ་འཕྲུལ་ཐོབ་པས་གླིང་གཞན་དུ་གནས་ན་སྐྱེས་པའི་གླིང་དང་གནས་པའི་གང་གིས་རྣམ་པར་བཞག་ཅེ་ན། ཁ་ཅིག་ན་རེ། སྐྱེས་པའི་གླིང་གིས་བཞག་སྟེ། ཞུ་བ་ལས་དགེ་སློང་གི་དུས་མ་ལགས་པར་བཅའ་བ་དང་བཟའ་བ་འཚལ་ལམ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། གླིང་གསུམ་དང་། ལྷའི་གནས་སུ་ཡང་འཛམ་བུ་གླིང་གི་དུས་སུ་ཟོས་པའོ་ཞེས་གསུངས་པ་དང་རིགས་པས་ཀྱང་གང་དུ་སྐྱེས་པའི་གླིང་གིས་མི་འཇོག་ན་་་་་་སྔོན་སངས་རྒྱས་དགེ་འདུན་དང་བཅས་པས་དབྱར་ཟླ་བ་གསུམ་ལྷ་ཡུལ་དུ་ཚུལ་བཞུགས་མཛད་པ་ལྟ་བུར། དགེ་སློང་ལྷ་ཡུལ་ན་གནས་པ་ན། ཕྱི་དྲོ་ཁ་ཟས་ཀྱི་ཉེས་པར་འགྱུར་མི་འགྱུར་གནས་གང་གི་ཆ་ནས་འཇོག་མི་ཤེས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་དུ་ལུང་དྲངས་ཏེ། གཏམ་གྱི་གཞི་ལས་དགེ་སློང་གིས་ཤར་གྱི་ལུས་འཕགས་གླིང་དུ་ཟས་འཚོལ་ན། དེས་དུས་གང་གིས་འཚལ་བར་བགྱི། དེ་རྣམས་ཀྱི་དུས་གང་ཡིན་པས་སོ། །ཞེས་གནས་པའི་གླིང་གིས་བཞག་

༼༧༣༣༽

པར་གསུངས་པ་དང་། རང་གི་རྣམ་བཤད་དང་། ཊཱི་ཀ་ལས་འཛམ་བུ་གླིང་ལ་སོགས་པ་གང་ན་དགེ་སློང་གནས་པ་དེ་ལ་དགོངས་ནས་འདིར་རང་གི་ཞེས་བྱ་བ་སྨོས་ཏེ་ཞེས་གསུངས་པ་དང་། འཛམ་བུ་གླིང་ལ་སོགས་པ་གནས་ག་ན་འདུག་པ་དེ་རང་གི་གླིང་ཞེས་བྱ་ཞེས་འོད་ལྡན་ལས་བཤད་ཅིང་། འགྲེལ་ཆུང་ལས་བདག་ཤར་ལྷོ་ནུབ་བྱང་གི་གླིང་ག་ན་གནས་པའི་ཡུལ་དེའི་ཉི་མ་ཕྱེད་ཕན་ཆོད་ཅེས་བཤད་དོ། །དེ་ལྟར་ན་གནས་པའི་གླིང་གིས་རྣམ་པར་བཞག་པའི་གཞུང་ལྔ་ཡོད་དོ།་་་་་འོད་ལྡན་དང་འགྲེལ་ཆུང་ལས་ཀྱང་དེ་དང་མཐུན་པར་གསུངས་སོ། །ཁྱེད་ཀྱིས་ལུང་ཞུ་བ་ཁུངས་སུ་དྲངས་པ་དེ་ནི། འོད་ལྡན་ལས་འཛམ་བུ་གླིང་ན་གནས་པ་ལ་མཚོན་པ་ཡིན་ནོ་ཞེས་བཤད་དོ། །དེས་ན་ལུང་ལས་གླིང་གསུམ་དང་ལྷའི་གནས་སུ་ཡང་ཞེས་གསུངས་པ་དེ་གླིང་གསུམ་དང་ལྷའི་མཚན་མོའི་གནས་སྐབས་སུ་ཡང་འཛམ་བུའི་གླིང་གི་སྔ་དྲོའི་དུས་སུ་ཟོས་པའོ་ཞེས་དགོངས་པའོ། །གལ་ཏེ་དགེ་སློང་ལྷའི་ཡུལ་དང་གླིང་བར་གྱི་མུན་པ་ལྟ་བུར་གནས་ཏེ་ཟ་ན་ནི། སྐྱེས་པའི་གླིང་གིས་བཞག་སྟེ་དམིགས་བསལ་དུ་བྱས་སོ། །བཟའ་བར་བྱ་བ་ཟོས་ནའོ་ཞེས་གསུངས་ཀྱང་་་་་་བཟའ་བར་བྱ་བ་ནི་མཚོན་པ་ཙམ་སྟེ་ལུང་ཞུ་བ་ལས་ཞོ་ནི་དུས་སུ་རུང་བའོ་ཞེས་གསུངས་པས། ཞོའམ་འོ་མ་ལྟ་བུ་དུས་སུ་རུང་བའི་བཏུང་བ་འཐུངས་ན་ཡང་ལྟུང་བྱེད་དོ། །ད་ནི་གསོག་འཇོག་ཏུ་བཞག་པ་ཟ་བའི་ལྟུང་བྱེད་འཆད་དེ། གསོག་འཇོག་དངོས་མདོར་བསྟན་པ་ནི། སྔ་དྲོ་བའི་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས་གླིང་གཞི་ནི་མཉན་ཡོད་དུ་དགེ་སློང་ནག་པོས་གསོག་འཇོག་བྱས་པ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཟས་ལ་སྲེད་པ་ཆེ་བའི་སྒོ་ནས་གཞན་དག་མ་དད་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྨན་བཞི་ལས། གང་ཡང་རུང་བ་རང་གིས་གསོག་འཇོག་ཏུ་བཞག་པའམ་རང་དང་ཆོ་ག་གཅིག་པས་གསོག་འཇོག་ཏུ་བཞག་པ་ཁམ་གང་ཡན་ཆད་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་གོ །དེ་ལ་གསུམ་ལས་དང་པོ་གང་བཟའ་བའི་དངོས་པོ་

༼༧༣༤༽

ནི་དྲུག་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་སྟེ། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་ཞེས་པ་ལ་སོགས་པ་གསུངས་པས་སོ། །རང་ངམ་རང་དང་ཆོ་ག་གཅིག་པས་གསོག་འཇོག་བྱས་པ་དང་འབྲེལ་བ་སྟེ། སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གི་གསོག་འཇོག་བྱས་པ་དག་ནི་གཅིག་པ་ཉིད་དོ་ཞེས་པ་དང་། ཐུན་ཚོད་ལས་འདས་པ་ལྟ་བུ་གསོག་འཇོག་བྱས་པ་ཡིན་ནོ་ཞེས་གསུངས་པས་སོ། །སྨན་གྱི་ངོ་བོ་ཡོངས་སུ་རྫོགས་པ་སྟེ། ལན་ཚྭ་ལ་སོགས་པ་ཚྭ་ཆུ་ནི་ཕྱེད་ཉིད་དོ་ཞེས་གསུངས་པས་སོ། །མིད་པ་གཉིས་པ་ལ་སྒྲེགས་པའི་ཟས་མ་ཡིན་པ་སྟེ། གོང་དུ་བཤད་པ་བཞིན་ནོ། །གཞི་གཞན་གྱི་སྒོ་ནས་རུང་བ་དང་། ཚད་དང་ལྡན་པ་སྟེ་དྲུག་གོ །གཉིས་པ་གང་གི་ཚེ་ཟ་བའི་དུས་ནི་མུ་གེའི་དུས་མ་ཡིན་པ་སྟེ། ལག་ཉར་བླངས་པ་ལ་སོགས་པའི་མུ་གེའི་ཚེ་བཟའ་བར་གནང་བའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། གསོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ་ཞེས་གསུངས་སོ། །སྒྲེགས་པའི་ཟས་ལ་མིད་པ་གཉིས་པ་མ་ཡིན་པ་སྟེ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གསོག་འཇོག་ཏུ་སོང་བ་རང་དགར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ། དེ་ཐུན་ཚོད་ལས་འདས་པ་ནི། འགྲེལ་ཆུང་ལས་ཉི་མ་ནུབ་སྟེ་དམར་ཐག་ཆད་པ་ལས་འདས་པ་ཞེས་སོ། །དེའང་ལུང་ཞུ་བ་ལས་ཕྱི་དྲོའི་དུས་སུ་བྱིན་ལེན་བྱས་ན་ནི་ཕྱི་དྲོའི་དུས་སུ་སྤྱད་པར་བྱའོ། །དེ་སྟེ་དུས་དེ་ལས་ཡོལ་ན་ཅིར་འགྱུར། སྤང་པར་འགྱུར་རོ་ཞེས་གསུངས་པའོ། །ཆ་ལ་བརྟེན་པ་མདོར་བསྟན་པ་ནི་ལག་ཉར་བླངས་ཞེས་པ་ལ་སོགས་པས་བསྟན་ཏོ། །ཊཱི་ཀ་ལས་དེ་དག་ནི་གསོག་འཇོག་བྱེད་པའི་ཆ་ལ་བརྟེན་པ་ཡིན་པས་ཞེས་སོ། །ཆ་ལ་བརྟེན་པ་དེ་རང་གང་ཞེ་ན། རྒྱུའི་ཆ་འདྲ་བ་ལ་བརྟེན་པ་སྟེ། གསོག་འཇོག་བྱས་པ་ཟ་བའི་ཉེས་པ་ནི་རྒྱུ་རང་ངམ་རང་དང་འདྲ་བས་གསོག་འཇོག་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号