ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༧༨༠༽

མོ་གསུམ་པ་ལ་ཉལ་བར་ཞུགས་པའོ། །མཐར་ཐུག་ནི་མཚན་མོ་གསུམ་པའི་མཐའི་སྐད་ཅིག་གོ །ཡན་ལག་གི་དོན་ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཅེས་སོ།་་་་་མཐར་ཐུག་གི་ཡན་ལག་ནི་མཐར་རོ་ཞེས་སོ། །དེའི་ཊཱི་ཀ་ལས་དུས་གང་ལ་ལྟུང་བྱེད་དུ་འགྱུར་ཞེ་ན་མཐར་རོ་ཞེས་སྨྲས་ཏེ་མཚན་མོའི་མཐར་རོ་ཞེས་གསུངས་སོ། །འོ་ན་ལུང་རྣམ་འབྱེད་ལས་སྐྱ་རེངས་འཆར་བར་བྱེད་ནའོ་ཞེས་གསུངས་པ་ཡིན་ལ། མཐར་རོ་ཞེས་སྨོས་པ་འགལ་ཞེ་ན། ཊཱི་ཀ་ལས་སྐྱ་རེངས་འཆར་བའི་སྐད་ཅིག་གིས་མཚན་མོ་མཐའི་སྐད་ཅིག་བདེ་བླག་ཏུ་གོ་བར་ནུས་པ་དེའི་ཕྱིར་དེ་སྐད་བསྟན་ཏོ་ཞེས་བཤད་དེ། སྐྱ་རེངས་འཆར་བར་བྱེད་ན་ཞེས་དེ་སྐད་བསྟན་ཏོ། །འོ་ན་ལུང་དགེ་སློང་མའི་རྣམ་འབྱེད་ལས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་པ་འགལ་ཞེ་ན་མཚན་མོ་མཐའི་སྐད་ཅིག་ལ་ལྟུང་བྱེད་དུ་འགྱུར་བ་དང་། སྐྱ་རེངས་ཤར་བ་ན་ལྟུང་བྱེད་དུ་གྱུར་པ་མི་འགལ་ཏེ་འགྱུར་བ་དང་གྱུར་པ་སྔ་ཕྱི་ཐ་དད་པའི་ཕྱིར་རོ། །ད་ནི་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་མཉན་ཡོད་དུ་འཆི་ལྟས་ཀྱིས་སྡིག་པའི་ལྟ་བ་འཛིན་ཅིང་བཟློག་ཀྱང་མི་གཏོང་བ་ལས་ལྟུང་བྱེད་དུ་བཅས་སོ།་་་་་དགེ་སློང་འཆི་ལྟས་ལ་སྡིག་ལྟ་སྐྱེ་བའི་རྐྱེན་ཅིས་བྱས་པ་ཡིན་ཞེས་འདྲི་ན་བསྡུས་པ་ལས་བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པས་ཀྱང་ཕྱིར་མི་འོང་བའི་འབྲས་བུའི་བར་དུ་ཐོབ་པར་འགྱུར་རོ་ཞེས་དང་རྟེན་འབྲེལ་གྱི་འགྲེལ་བ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ལས་ཀྱང་གསུངས་པ་ལས་སོ། །དགག་བྱ་ནི་སྡིག་པ་ཅན་གྱི་ལྟ་བ་འཛིན་པས་ངོ་བོ་ཉིད་ཀྱིས་དགག་བྱར་གྱུར་པ་དང་། དགེ་འདུན་གྱིས་བཟློག་ཀྱང་མི་གཏོང་བས་རང་རིགས་ཀྱི་དགེ་འདུན་ལ་གནོད་པའོ། །ངོ་ཏི་ནི་འདི་ལ་ཁ་ཅིག་ན་རེ་སྡིག་ལྟའི་ཚིག་་་་་་ཁ་ཙམ་ཚིག་ཙམ་དུ། སྨྲ་བ་ཡིན་གྱི།་་་་་བསམ་པ་ཐག་པ་ནས་སྡིག་ལྟ་འཛིན་ཅིང་། སྡིག་ལྟ་དོན་ལ་སྐྱེས་པ་ནི་མ་ཡིན་ཏེ། འདི་ཉིད་ལས་ཚིག་མི་གཏོང་བའོ་ཞེས་གསུངས་པ་དང་ལོག་ལྟ་དོན་ལ་སྐྱེས་ན་སྡོམ་པ་གཏོང་བའི་ཕྱིར་་་་་་དང་སྡོམ་པ་བཏང་བ་ལས་ལྟུང་བྱེད་བསྐྱེད་པ་འགལ་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི་སྡིག་ལྟ་དོན་ལ་སྐྱེས་པ་མ་ཡིན་ན་ལུང་རྣམ་འབྱེད་ལས་གཞི་དེ་ཉིད་ལ་ནན་ཏན་གྱིས་མཆོག་ཏུ་གཟུང་ཞིང་མངོན་པར་ཞེན་ནས་ཞེས་གསུངས་པ་དང་། འདི་ཉིད་ལས་ལྟ་བའི་རྣམ་པ་མི་གཏོང་བ་ཞེས་གསུངས་པ་

༼༧༨༡༽

དང་འགལ་ལོ། །སྒྲུབ་བྱེད་གཞིག་པ་ནི་ཚིག་མི་གཏོང་བ་ལའོ་ཞེས་པ་དེས་ལྟ་བ་ནི་ནང་གི་སེམས་བྱུང་ཡིན་པས་ཕྱི་རོལ་ཚིག་གི་སྒོ་ནས་མཚོན་ཏེ། ཕྱི་རོལ་ཏུ་ཚིག་མི་གཏོང་བས་ནང་གི་ལྟ་བ་མི་གཏོང་བ་མཚོན་ནས་རྟོགས་པར་བྱ་བའི་ཕྱིར་རོ། །ལོག་ལྟ་ཆེན་པོ་སྐྱེས་ན་རྩ་བ་ཆད་པས་སྡོམ་པ་གཏོང་ཡང་། འདི་ནི་སྡིག་པ་ཅན་གྱི་ལྟ་བ་ཡིན་པས་ལོག་པའི་ལྟ་བ་མ་ཡིན་ཏེ། རྣམ་འབྱེད་འགྲེལ་ལས་སྡིག་པ་ཅན་གྱི་ལྟ་བ་ཞེས་བྱ་བ་ནི་བར་དུ་གཅོད་པའི་ཆོས་ལ་སྐུར་བ་འདེབས་པས་ལོག་པའི་ཤེས་པ་ཡིན་གྱི་ལོག་པར་ལྟ་བ་ནི་མ་ཡིན་ཏེ་ལྟ་བ་ལོག་ན་སྡོམ་པ་ཡང་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །འོ་ན་གང་ཞེ་ན། ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཕྱོགས་འགའ་ལ་སྡིག་ལྟ་སྐྱེས་པ་དེ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ་སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་གཉིས་ལས། གང་བརྗོད་པའི་དོན་ནི་ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་འགའ་ལ་སྡིག་ལྟ་སྐྱེས་པ་སྟེ། ཇི་ལྟར་ཞེས་པ་ལ་སོགས་བརྗོད་པའི་ཡུལ་ནི་ཆོས་གསུམ་ལྡན་ཏེ་སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པར་བྱ་བའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་ལྟ་བ་ཕྱིན་ཅི་ལོག་ཏུ་འཛིན་ཆ་མ་གཏོགས་པ་གཞིའི་ཡན་ལག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡིག་པ་ཅན་གྱི་ལྟ་བའི་ཚིག་སྨྲ་ཞིང་གོ་བར་འདོད་ལ་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྡིག་ལྟའི་ཚིག་སྨྲ་ཞིང་བར་དུ་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་ལས་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་བའོ། །ཡན་ལག་གི་དོན་ནི། ཚུལ་ཇི་ལྟར་ཞེས་པ་ནས་སོ། །དགེ་སློང་བྲམ་ཟེ་བུ་མོ་ལྟ་བུས་ཞུས་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བར་དུ་གཅོད་པའི་ཆོས་དེ་གང་ལགས། འདོད་པ་ནི་བར་དུ་གཅོད་པའི་

༼༧༨༢༽

ཆོས་ཏེ་ཨུ་པ་ལི་འདོད་པ་ནི་བར་དུ་གཅོད་པའི་ཆོས་སུ་ངས་གསུངས་སོ་ཞེས་སོ།་་་་་སྡིག་ལྟ་མི་གཏོང་བའི་དགེ་སློང་དེ་ལ་གསོལ་བ་དང་བཞིའི་ལས་བྱ་བས་སྤྱོད་ཅིང་སྨད་པ་ཉིད་དང་། གནས་ནས་དབྱུང་བ་གཉིས་ཆོ་ག་གཅིག་གིས་ཅིག་ཅར་དུ་བྱ་སྟེ། སྨད་པ་དང་གནས་ནས་དབྱུང་བ་དེ་དུས་གང་གི་ཚེ་བྱ་ཞེ་ན། དེའི་འོག་ཏུའོ་ཞེས་སྨོས་ཏེ། ཊཱི་ཀ་ལས་ལྟུང་བྱེད་དུ་འགྱུར་བའི་ལྟ་བ་མི་གཏོང་བ་དེའི་འོག་ཏུ་ཞེས་བཤད་དོ། །ལས་དང་པོ་པ་ལ་ལྟུང་བྱེད་དུ་མི་འགྱུར་ཡང་གནས་ནས་འབྱུང་བ་འདི་བྱ་དགོས་པས། དེ་ལ་མ་ཁྱབ་བོ། །འོ་ན་གང་ཞེ་ན།་་་་་བསྒོ་བའི་ལས་བརྗོད་པ་གསུམ་པ་ལ་སྡིག་ལྟ་མི་གཏོང་བ་དེའི་འོག་ཏུ་བྱའོ། །ད་ནི་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་གནས་ནས་ཕྱུང་བ་ལ་ཉེ་དགས་མཐུན་འཇུག་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་འདི་ལ་ཁ་ཅིག་ན་རེ་སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ཁོ་ནའི་རྗེས་སུ་ཕྱོགས་ན་ལྟུང་བྱེད་འདིར་འགྱུར་གྱི། གནས་ནས་ཕྱུང་བ་གཞན་གྱི་རྗེས་སུ་ཕྱོགས་ཀྱང་སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དུ་མི་འགྱུར་ཏེ། འདི་ཉིད་ལས་་་་་་ལྟ་བ་མི་གཏོང་བའི་ཚིག དེ་སྐད་སྨྲ་བས་སྤངས་པ་ཞེས་གསུངས་པས་ཤེས་སོ། །འདུལ་བ་བསྡུས་པ་ལས་ཀྱང་། ལྟུང་བ་མ་མཐོང་བ་དང་། ཕྱིར་མི་འཆོས་པ་གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་ལོངས་སྤྱོད་ན་ཉེས་བྱས་སོ་ཞེས་བཤད་དོ་ཟེར་རོ། །དེ་དགག་པ་ལ་གཉིས་ལས་དང་པོ་གནོད་བྱེད་བརྗོད་པ་ནི། དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་གནས་ནས་ཕྱུང་བ་ལ་དགེ་སློང་གིས་མཐུན་འཇུག་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞི་ཆོས་ཅན། སྤངས་པ་རྗེས་ཕྱོགས་ཀྱི་ལྟུང་བྱེད་དུ་འགྱུར་བ་ཡོད་པ་མ་ཡིན་པར་ཐལ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ལ་རྗེས་སུ་ཕྱོགས་པ་མ་ཡིན་པའི་ཕྱིར་རོ། །མ་ཁྱབ་ན་དམ་བཅའ་ཉམས་ལ། འདོད་ན་ཊཱི་ཀ་ལས་དགེ་སློང་མ་བཟློག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་བཟློག་པ་དེ་ལ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི་དེ་སྐད་སྨྲ་བས་

༼༧༨༣༽

སྤངས་པ་ཞེས་གསུངས་པ་དེ་གླེང་གཞིའི་དབང་གིས་མཚོན་བྱེད་དུ་བསྟན་པ་དེ། གནས་ནས་ཕྱུང་བ་བདུན་པོ་ཐམས་ཅད་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདུལ་བ་བསྡུས་པ་ལས་སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་ལས་གཞན་པའི་སྤངས་པའི་རྗེས་སུ་ཕྱོགས་ན། ཉེས་བྱས་སུ་བཤད་ཀྱང་དེའི་རྗེས་སུ་མི་འབྲང་ངོ་། །འོ་ན་གང་ཞེ་ན། སྐབས་འདིའི་ལྟུང་བའི་ངོ་ཏི་ནི་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་ལ་བཅས་ལྡན་དགེ་སློང་གཞན་དག་གིས་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་རྗེས་སུ་ཕྱོགས་པའི་ཡུལ་དང་། གང་དུ་ཉལ་བའི་གནས་སོ། །དང་པོ་ནི། དགེ་སློང་ཆོས་བརྒྱད་ལྡན་ཏེ། དགེ་སློང་ཆོས་དྲུག་ལྡན་ལས་ལྟ་བ་མཐུན་པ་མ་གཏོགས་པ་ལྔའི་སྟེང་དུ། སྤངས་པ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་སྟེ། སྤངས་པ་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་པ་དང་། ནད་པ་དང་ཞེས་པ་དང་། ལྟ་བ་དང་དབྲལ་དགོས་པའི་དོན་གྱིས་ནི་མ་གཏོགས་ཞེས་གསུངས་པས་སོ། །འདིར་ལྟ་བ་མཐུན་པ་ནི་ཡན་ལག་ཏུ་མི་དགོས་ཏེ། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་ན་ལྟ་བ་མི་མཐུན་པ་ཉིད་ལས་ལྟུང་བྱེད་འདི་རྣམ་པར་བཞག་པའི་ཕྱིར་རོ། །གཉིས་པ་གང་དུ་ཉལ་བའི་གནས་ནི། གནས་ཆོས་གསུམ་ལྡན་ཏེ། སྔར་ནུབ་ལྷག་གི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པར་འདོད་པའམ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པའམ་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་པའོ། །མཐར་ཐུག་ནི་ཆོས་དང་ཟང་ཟིང་ལོངས་སྤྱོད་བྱས་པའམ། ལྷན་ཅིག་ཉལ་བ་ན་མཚན་མོའི་མཐའི་སྐད་ཅིག་པའོ།་་་་་མཚན་མོའི་མཐར་རོ་ཞེས་སོ། །དེ་ཡང་ལུང་རྣམ་འབྱེད་ལས་དེ་དང་ལྷན་ཅིག་ཏུ་ཉལ་བས་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཏེ། མཚན་

༼༧༨༤༽

མོ་མཐའི་སྐད་ཅིག་ལ་སྐྱ་རེངས་འཆར་ཞིང་དེའི་སྐད་ཅིག་གཉིས་པ་ལ་སྐྱ་རེངས་ཤར་བའོ། །སྐྱ་རེངས་འཆར་བ་ན་འདིའི་ལྟུང་བྱེད་དུ་འགྱུར་བ་སྟེ་ཊཱི་ཀ་ལས་སྐྱ་རེངས་ཤར་ནའོ་ཞེས་གསུངས་པས་སོ། །ཡན་ལག་གི་དོན་ལ་་་་་་ལོངས་སྤྱོད་ཆེ་བ་ལས། གཞན་་་་་་ཐ་ན་ལྕི་སྐམ་ཙམ། གྱིས་བསྲུལ་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྙིལ་བ་སྡུད་པའི་ཊཱི་ཀའོ། །ད་ནི་བསྙིལ་བ་སྡུད་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་ཚིག་དེ་ཉིད་ལ་ཞེས་པ་ནས་བསྙིལ་བའི་ལས་བརྗོད་པ་དང་པོ་དང་གཉིས་པ་ཡང་བྱས་ཟིན་གྱིས་སྡིག་ལྟ་ཐོང་ཞིག་ཅེས་རེ་རེའི་མཐར་དགེ་སློང་གིས་དེ་ལ་བསྒྲག་པར་བྱའོ་ཞེས་སོ། །འདིའི་ཊཱི་ཀ་ལས་ལས་བརྗོད་པ་གསུམ་པ་བྱས་པའི་འོག་ཏུ་ནི་བསྒྲགས་ཀྱང་ཅི་ཡང་མི་ཕན་ཏེ། དེའི་ཚེ་དགེ་ཚུལ་བསྙིལ་ཟིན་པའི་ཕྱིར་རོ། །ཞེས་བཤད་པ་དེ་ལེགས་སོ། །འོ་ན་སྐབས་འདིར་ལུང་རྣམ་འབྱེད་དང་ཀརྨ་ཤ་ཏཾ་ལས་ནི་བསྙིལ་བའི་བརྗོད་པ་གསུམ་པ་ཡང་མཛད་ལགས་ཀྱིས། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ལྟ་བུ་འདི་ཐོང་ཞིག་ཅེས་འདི་བསྒོ་བར་བྱའོ། །དེ་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་མཇུག་བསྡུ་བར་བྱ་སྟེ་ཞེས་བཤད་པ་དང་འགལ་སྙམ་ན། དེ་ནི་ལུང་དང་ཀརྨ་ཤ་ཏཾ་ཡི་གེ་ལྷག་པར་སེམས་སོ། །ལྟུང་བ་རྣམ་པར་བཞག་པ་ནི་དགེ་ཚུལ་བསྙིལ་བ་ཉེད་དོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་དགེ་ཚུལ་བསྙིལ་བ་ཉེ་བར་འཇོག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་་་་་་ཆད་པ་མི་གཅོད་ཅིང་རྒྱུད་ལང་དུ་སོང་བས། ཡུལ་དགེ་ཚུལ་དེ་ལ་གནོད་ཅིང་རང་་་་་་དགེ་འདུན་གྱི་ནང་ཁྲིམས་བྲལ་བས། རིགས་དགེ་འདུན་ལ་ཡང་གནོད་པའོ། །ངོ་ཏི་ནི་དགེ་འདུན་གྱིས་དགེ་ཚུལ་བསྙིལ་བ་ལ་བཅས་ལྡན་དགེ་སློང་གིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བསྡུ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་སོ། །དང་པོ་ནི་དགེ་ཚུལ་ཆོས་བདུན་ལྡན་ཏེ། དེའང་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་སྟེ། སྤྱིར་བསྟན་པ་ལས།་་་་་དགེ་སློང་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་ཞེས་སྤངས་པ་རྗེས་ཕྱོགས་ལ་གསུངས་པའི་གནད་ཀྱིས་

༼༧༨༥༽

སྦྱར་རོ། །མཚན་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་གསུམ་ནི་སྔར་་་་་་བྱིན་འཕྲོགས་གི་སྐབས་སུ་དགེ་སློང་ཆོས་དྲུག་ལྡན་ལ། བཤད་པ་བཞིན་ནོ། །བསྙིལ་བ་དང་འབྲེལ་བ་དང་། ནད་པ་མ་ཡིན་པ་དང་། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་སྟེ། བསྙིལ་བ་ཉིད་དོ་ཞེས་པ་དང་། ལུང་རྣམ་འབྱེད་ཀྱི་བསྙིལ་བ་སྡུད་པའི་སྐབས་ལས་ན་བ་དང་སྡིག་པ་ཅན་གྱི་ལྟ་བ་དང་དཔྲལ་བར་འདོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །གང་དུ་ཉལ་བའི་གནས་ནི་གནས་ཆོས་གསུམ་ལྡན་ཏེ་སྔ་མ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་དང་སྦྱོར་བ་དང་མཐར་ཐུག་ནི་སྔར་སྤངས་པ་རྗེས་ཕྱོགས་དང་འདྲའོ། །ཡན་ལག་གི་དོན་ནི་དགེ་ཚུལ་བསྙིལ་བ་ཉིད་དོ་ཞེས་སོ། །ད་ནི་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་གོས་དཀར་པོ་གྱོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཁྱིམ་པ་དང་ཆ་ལུགས་འདྲེས་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་གོས་དཀར་པོ་བགོ་བ་ལ་སོགས་པ་ལོངས་སྤྱད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་དྲུག་སྟེ། གོས་ཡིན་པ་དང་། རང་གི་ཡིན་པ་དང་། ཁ་མ་བསྒྱུར་བའི་དཀར་པོ་ཡིན་པ་སྟེ། ཁ་མ་བསྒྱུར་བའི་རང་གི་གོས་ཞེས་གསུངས་པ་མས་རིམ་བཞིན་ནོ། །གཞི་གཞན་གྱི་སྒོ་ནས་རུང་བ་དང་། རང་རང་གི་ཚད་དང་ལྡན་པ་དང་། ཆུ་ཚགས་ལས་གཞན་ཡིན་པ་སྟེ། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་ཞེས་པ་དང་། འོད་ལྡན་དང་ཊཱི་ཀ་ལས། ཆུ་ཚགས་ནི་ཁ་བསྒྱུར་བར་མི་རིགས་ཞེས་བཤད་པའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་གོས་ཁ་མ་བསྒྱུར་བ་དཀར་པོ་ལོངས་སྤྱད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེ་ལ་ལོངས་སྤྱད་པར་ཞུགས་པའོ། །མཐར་ཐུག་ནི་ལོངས་སྤྱད་པ་རྫོགས་པའོ། །ཡན་ལག་གི་དོན་ལ། སྔོན་པོ་ནི་ལུང་རྣམ་འབྱེད་ལས་སྔོན་པོ་

༼༧༨༦༽

ཞེས་བྱ་བ་ནི་རམས་ཉིད་དོ་ཞེས་གསུངས་ལ། བམ་པོ་ལྔ་བཅུ་པ་དང་བསྡུས་པ་ལས་ཀྱང་སྔོན་པོ་ནི་རམས་ཡིན་པར་བཤད་དོ། །རམས་དང་ཁ་དོག་འདྲ་བའི་སྔོན་པོ་ཐམས་ཅད་བཟུང་སྟེ། འོད་ལྡན་ལས་སྔོན་པོ་ཞེས་བྱ་བ་ནི་སྔོན་པོ་ཐམས་ཅད་བཟུང་ངོ་། །དེ་ཉིད་ཀྱི་ཕྱིར་སྔོན་པོའི་མདོག་ཅེས་སྤྱིར་སྨོས་པ་ཡིན་ཏེ་རམས་འབའ་ཞིག་སྨོས་པར་གྱུར་ན་མི་རུང་བས་སོ་ཞེས་བཤད་དོ། །དམར་པོ་ནི་བམ་པོ་ལྔ་བཅུ་པ་ལས་དམར་པོ་ཞེས་བྱ་བ་ནི་བཙག་སྟེ་སའི་ཁམས་དམར་པོ་གཞན་ཡང་བསྡུའོ། །ངུར་སྨྲིག་ནི་སེར་པོ་ནོག་བག་ཆགས་པ་སྟེ། ལུང་ཕྲན་ཚེགས་ཀྱི་འགྲེལ་བ་ལས་གོས་ངུར་སྨྲིག་སེར་པོ་བགོས་ནས་སོ་ཞེས་པ་དང་། མའི་སོ་ཐར་འགྲེལ་ལས་ངུར་སྨྲིག་ཅེས་བྱ་བ་ནི་སྟར་ཀ་དང་ཤིང་ཤུན་ལ་སོགས་པ་ལ་བཅོས་པ་སྟེ། ཁ་དོག་ནོག་བག་ཆགས་པའོ་ཞེས་སོ། །ཁ་མ་བསྒྱུར་བ་དཀར་པོའོ། །ཁ་མ་བསྒྱུར་བ་ནག་པོ་ནི་ཤ་ཟའི་གོས་ཡིན་པས་བཀག་པ་སྟེ་ཉེས་བྱས་སོ། །ཁ་མ་སྒྱུར་ཡང་རང་བཞིན་གྱི་ཁ་དོག་རུང་བ་གསུམ་ཡིན་ན་ཉེས་པ་མེད་དེ། ལུང་ཞུ་བ་ལས་་་་་་དགེ་སློང་གིས་ཁ་དོག་བསྒྱུར་བ་རྣམ་པ་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་གིས་རང་བཞིན་གྱི་ཁ་དོག་ཅན་གྱི་གོས་བགོས་ནའོ་ཞེས་གསུངས། སོ། །རང་གི་གོས་ཞེས་པའི་ཊཱི་ཀ་ལས་གཞན་གྱི་གོས་སྤྱོད་པ་ལ་ནི་ན་སྨད་པར་འགྱུར་ཞེས་སོ། །བགོ་བ་ལ་སོགས་པ་ནི་ཊཱི་ཀ་ལས་སོགས་པའི་སྒྲས་ནི་གོས་ཉི་ཚེར་མ་ཟད་ཀྱི་སླེའུ་ལ་སོགས་པ་དག་ཀྱང་བཟུང་ཞེས་སོ། །སླེའུ་ཞེས་པ་དེ་ཅི་ཞེ་ན། བསོད་སྙོམས་ཀྱི་སྣོད་ལྷུང་བཟེད་ཁ་གཡོགས་ལ་སོགས་པ་སྟེ། རང་གི་རྣམ་བཤད་ལས། བགོ་པ་ལ་སོགས་པ་ཞེས་བྱ་བ་ནི་བསོད་སྙོམས་སོ་སོར་གཡོགས་པ་ལ་སོགས་པ་ལ་ཡང་སྟེ། ཞེས་སོ།་་་་་ལུང་ཞུ་བ་ལས་དགེ་སློང་གིས་གོས་ཁྲུ་གང་ལས་ཆུང་བའམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག །ཁ་དོག་བསྒྱུར་གསུམ་ལས་གང་ཡང་རུང་བ་གཅིག་གིས་ཁ་དོག་མ་བསྒྱུར་བར་སྤྱད་ན་ཅིར་འགྱུར་ལྟུང་བའོ་ཞེས་བཤད་ཀྱང་དྲི་བ་རྒྱ་ཆེར་འགྲེལ་ལས་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས་ནི་དགེ་སློང་གིས་རས་ཁྲུ་གང་ལས་ཆུང་བའམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་གཅིག །ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང་བའི་ཚོན་གྱིས་ཁ་དོག་མ་བསྒྱུར་བར་འཚལ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་བཤད་པ་དེ་ལེགས་སོ། །དགེ་ཚུལ་ལ་སོགས་པས་ཁ་བསྒྱུར་བའི་གོས་དེ་དགེ་སློང་གིས་གོན་ན། དགེ་སློང་གིས་ཁ་མ་བསྒྱུར་བའི་གོས་དེ་དགེ་སློང་གིས་གོན་པའི་ཕྱིར་འདིའི་ཉེས་པར་འགྱུར་རམ་

༼༧༨༧༽

སྙམ་དུ་དོགས་པ་བསལ་བའི་ཕྱིར། སྡེ་པ་་་་་་དགེ་ཚུལ་ལ་སོགས་པ། གཞན་གྱི་གོས་ནི་་་་་་དགེ་སློང་གིས་བསྐྱར་ཏེ་ཁ་བསྒྱུར་མི་དགོས་པའོ། །ཞེས་སོ། །ཁ་དོག་ཆེན་པོར་ཞེས་ཏེ་ཚོན་ཆེན་པོ་བརྒྱད་ནི། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང་། །གུར་ཀུམ་དག་དང་མཐིང་ཤུན་ལི་ཁྲིད་དང་། །རྨ་ཤིང་ལེ་རྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ་ཞེས་བཤད་དོ། །འོ་ན་གུར་གུམ་གྱི་མདོག་དང་མཐུན་པ་མེ་ཏོག་ཤེ་པ་ལི་ཀས་ཁ་བསྒྱུར་བ་གནང་ངམ་བཀག་སྙམ་ན། ཁ་ཅིག་་་་་་འོད་ལྡན་གྱི་ཕྱོགས་སྔར་བཀོད་པའི་པཎྜི་ཏ། ན་རེ་གནང་སྟེ་བཅོམ་ལྡན་འདས་ཀྱིས་སེར་པོ་ཁ་དོག་བཟང་པོ་ལོངས་སྤྱད་པའི་ཕྱིར་དང་། ངུར་སྨྲིག་རྩིའི་བྱེ་བྲག་ཡིན་པའི་ཕྱིར་དང་། ཚོན་ཆེན་པོ་བརྒྱད་དུ་མ་འདུས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གནོད་བྱེད་བརྗོད་པ་ནི། ངུར་སྨྲིག་རྩིའི་བྱེ་བྲག་ཡིན་ཡང་གནང་བའི་ཁྱབ་པ་མེད་དེ། གུར་གུམ་བཀག་པ་བཞིན་ནོ། །ཚོན་ཆེན་པོ་བརྒྱད་དུ་མ་འདུས་ཀྱང་གནང་བའི་ཁྱབ་པ་མེད་དེ། ཚོན་ཆེན་པོ་བརྒྱད་དང་འདྲ་བ་གཞན་བཀག་པ་བཞིན་ཏེ་འདྲ་བ་ཡང་ངོ་ཞེས་གསུངས་སོ།་་་་་མེ་ཏོག་དེས་ཁ་བསྒྱུར་བ་ནི་ཁ་དོག་གསལ་ཆེས་པའི་སྒོ་ནས་གུར་གུམ་དང་འདྲ་བ་ཉིད་ཡིན་ལ། སྤྱིར་བསྟན་པ་ལས་འདྲ་བ་ལ་ཡང་ངོ་ཞེས་གསུངས་སོ། །འོད་ལྡན་ལས་ཀྱང་སྡོམ་བརྩོན་རྣམས་ནི་ཁ་དོག་གསལ་བ་ཉིད་ཆ་མ་ཡིན་པའི་ཕྱིར་རྒྱ་སྐྱེགས་ལ་སོགས་པ་དང་ཁ་དོག་མཐུན་པ་ཡང་དགག་པར་བསྟན་ཏོ་ཞེས་བཤད་དོ། །སྒྲུབ་བྱེད་གཞིག་པ་ནི། འོད་ལྡན་ལས་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་པ་ནི་གཏན་ཚིགས་སུ་མི་རུང་སྟེ། འདི་ནི་གདུལ་བྱའི་དབང་གིས་གཞུག་པའི་ཕྱིར་རོ་ཞེས་བཤད་ལ། སྒྲུབ་བྱེད་དུ་བཀོད་པ་ཕྱི་མ་གཉིས་ལ་ཁྱབ་པ་མེད་དོ། །ད་ནི་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡངས་པ་ཅན་དུ་དྲུག་སྡེས་རོལ་མོའི་སྒྲ་ཕྱུང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྒྱགས་པ་

༼༧༨༨༽

འཕེལ་བ་སྟེ། ལོངས་པའི་གཞིར་གཏོགས་ཞེས་གསུངས་་་་་་ལ་ཊཱི་ཀ་ལས་ལོངས་པ་ནི་རྒྱགས་པ་ཡིན་ལ་ཞེས་གསུངས། པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རིན་པོ་ཆེ་རང་གི་མ་ཡིན་པ་དང་མཚོན་ཆ་དང་རོལ་མོའི་ཆ་སྤྱད་ལ་རང་ངམ་བསྐོས་པས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ནི་རིན་པོ་ཆེ་ཆོས་བདུན་ལྡན་དང་། རིན་པོ་ཆེར་སྨོས་པ་ཆོས་བཞི་དང་ལྡན་ནོ། །དང་པོ་ཆོས་བདུན་ལྡན་ནི། རིན་པོ་ཆེ་ཡིན་པ་དང་། རང་གི་མ་ཡིན་པ་དང་། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་། ཐོབ་པར་ལྕོགས་པ་ན་གནས་པ་དང་། མི་མ་ཡིན་པའི་གནས་ན་དེ་དག་གི་བསོད་ནམས་ལས་གྲུབ་པ་མ་ཡིན་པ་དང་། སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་མ་ཡིན་པ་སྟེ། རིན་པོ་ཆེ་རང་གི་མ་ཡིན་པ་དང་། ཞེས་པ་དང་དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་ཞེས་པ་དང་། ཆུད་མི་ཟ་བར་བྱེད་པའི་སེམས་ཀྱིས་ནི་མ་གཏོགས་སོ་ཞེས་པ་དང་། ལྕོགས་པ་ཉིད་ན་དེ་རྫོགས་སོ་ཞེས་སྔར་གསུངས་པའི་གནད་ཀྱིས་སྦྱར་བ་དང་། མི་མ་ཡིན་པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་ཞེས་པ་་་་་་ལུང་ཞུ་བ་ལས་ལྷ་རྫས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ་ལ་རེག་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས། དང་། ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་ཞེས་གསུངས་པ་སྒྲུབ་བྱེད་དུ་སྦྱར་ཏེ་གོ་རིམ་བཞིན་ནོ། །གཉིས་པ་རིན་པོ་ཆེར་སྨོས་པ་ཆོས་བཞི་ལྡན་ནི། མཚོན་ཆ་དང་རོལ་མོའི་ཆ་བྱད་ཡིན་པ་དང་། དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་དང་། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ་དང་། ཐོབ་པར་ལྕོགས་པ་ན་གནས་པ་སྟེ། གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ། །དགོས་པའི་ཕྱིར་རུང་བ་ཉིད་དུ་གྱུར་པ་ནི་ཞེས་གསུངས་པ་དང་། ཐ་མ་གཉིས་ནི་སྔ་མ་བཞིན་ནོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པ་སྟེ། ཆོས་ཉན་དུ་གཞུག་པའི་ཕྱིར་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རེག་

༼༧༨༩༽

པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་གིས་རེག་པའམ་གཞན་ལ་ངག་གི་རིག་བྱེད་ཀྱིས་བསྐོས་ཏེ་མངོན་སུམ་དུ་རེག་པར་ཞུགས་པའོ། །མཐར་ཐུག་ནི་རེག་པ་རྫོགས་པོ། །ཡན་ལག་གི་དོན་ནི། གསེར་དངུལ་ལ་སོགས་པ་རིན་པོ་ཆེ་རང་གི་མ་ཡིན་པ་ཞེས་གསུངས་ཏེ་གཞན་གྱི་རིན་པོ་ཆེ་དང་བདག་པོ་གཏན་མེད་ཀྱི་རིན་པོ་ཆེ་ཡང་རིན་པོ་ཆེ་རང་གི་མ་ཡིན་པ་ཉིད་དོ།་་་་་ཊཱི་ཀ་ལས་གཞན་གྱི་རིན་པོ་ཆེའོ་ཞེས་བཤད་དོ། །དེ་ནི་མཚོན་པ་ཙམ་སྟེ་བདག་པོ་གཏན་མེད་ཀྱི་རིན་པོ་ཆེ་ཡང་འདིར་གཏོགས་ཏེ་མདོ་རྩ་བ་ལས་རང་གི་མ་ཡིན་པ་ཞེས་གསུངས་པས། གཞན་གྱི་ཡིན་པ་དང་། བདག་པོ་གཏན་མེད་གཉིས་ཀའང་རང་གི་མ་ཡིན་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་ཊཱི་ཀ་ལས་རང་གི་ལ་ནི་སྤང་བའི་ལྟུང་བྱེད་དུ་བསྟན་པའི་ཕྱིར་ཞེས་གསུངས་ཏེ། རང་གི་ཡིན་པ་དམིགས་ཀྱིས་བསལ་བས་ཀྱང་གྲུབ་པའོ། །འོ་ན་རང་གཞན་ཐུན་མོང་དུ་དབང་བའི་རིན་པོ་ཆེ་ལ་རེག་ན་ཅིར་འགྱུར་ཞེས་འདྲི་ན་སྤང་བའི་ལྟུང་བྱེད་དུ་རིགས་ཀྱི་ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དུ་ནི་མི་འགྱུར་ཏེ་རིན་པོ་ཆེ་རང་གི་མ་ཡིན་པ་དང་ཞེས་རང་གི་མ་ཡིན་པ་ཡན་ལག་ཏུ་གསུངས་ལ། རང་གཞན་ཐུན་མོང་དུ་དབང་བ་དེ་ནི་རང་གི་ཡང་ཡིན་པའི་ཕྱིར་རོ། །དགེ་སློང་གིས་རིན་པོ་ཆེ་སྣ་བདུན་ལ་རེག་ན་ཅིར་འགྱུར། ལུང་ཞུ་བ་ལས་བུད་མེད་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་ལྔ་ལ་རེག་ན་གཞི་ཇི་ལྟ་བ་བཞིན་དུ་ཉེ་པར་འགྱུར་རོ། །ནོར་བུ་རིན་པོ་ཆེ་དང་འཁོར་ལོ་རིན་པོ་ཆེ་ལ་རེག་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་སོ། །དྲི་བ་རྒྱ་ཆེར་འགྲེལ་བ་ལས་གཞི་ཇི་ལྟ་བ་བཞིན་གྱི་དོན་འདི་ཡིན་ཏེ་ཀུན་ཏུ་ཆགས་པའི་སེམས་ཀྱིས་བུད་མེད་རིན་པོ་ཆེ་ལ་རེག་ན་དགེ་འདུན་ལྷག་མའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ། །ཁྱིམ་བདག་དང་བློན་པོ་རིན་པོ་ཆེ་དག་ལ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་རེག་ན་སྦོམ་པོའོ། །གལ་ཏེ་མ་ཡིན་ན་ལྟུང་མེད་དོ། །གླང་པོ་ཆེ་དང་རྟ་རིན་པོ་ཆེ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་རེག་ན་ཉེས་བྱས་སོ། །གལ་ཏེ་མ་ཡིན་ན་ལྟུང་བ་མེད་དོ་ཞེས་བཤད་དོ། །མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆ་ནི་རང་གི་ཡིན་ཡང་རུང་མ་ཡིན་ཡང་རུང་སྟེ་དེ་ལ་རེག་ན་ལྟུང་བྱེད་དོ། །གསེར་དངུལ་ལ་སོགས་པ་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང་ལག་ངར་ལ་བཀོན་པའི་གདུབ་བུ་རྒྱན་ཅན་དང་དཔུང་རྒྱན་དང་ཞེས་སོ། །རྣམ་འབྱེད་འགྲེལ་ལས་དོ་ཤལ་ཞེས་བྱ་བ་ནི་མུ་ཏིག་གི་དོ་ཤལ་རིང་དུ་

༼༧༩༠༽

འཕྱང་བའོ། །སེ་མོ་དོ་ཞེས་བྱ་བ་ནི་མུ་ཏིག་གི་སེ་མོ་དོ་ནུ་མ་སླེབས་ཙམ་དུ་འཕྱང་བའོ་ཞེས་བཤད་དོ། །སངས་རྒྱས་ཀྱི་སྐུ་གཟུགས་ནི་རྒྱུ་རིན་པོ་ཆེ་ལས་བྱས་པ་ནང་ན་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཉིད་ནི་དེ་ལ་རེག་ན་ལྟུང་བྱེད་བསྐྱེད་དོ། །དེ་གཉིས་གང་རུང་རེ་རེ་མ་ཚང་བ་ལ་རེག་ན་ཉེས་བྱས་སོ། །མཆོད་རྟེན་ལའང་དེ་བཞིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་དེ་དག་གི་སྐུ་གདུང་དང་བཅས་པ་ལ་ཡང་རུང་སྟེ་དེ་ལ་རེག་ན་ཉེས་བྱས་སོ། །རྒྱུ་རིན་པོ་ཆེ་མ་ཡིན་ན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་ཀྱང་རེག་པ་ལ་ཉེས་པ་མེད་དོ། །སྲེད་མེད་ཀྱི་བུ་་་་་་མགོན་པོ་ནག་པོ། ལ་སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་ལ་རེག་ན་་་་་་གསེར་སེར་མོ་ལ་རག་པ་དང་འདྲ་སྟེ། རྫས་ཙམ་ལས་ཉེས་བྱས་སུ་འགྱུར་རོ། །ཉན་ཐོས་ལ་སོགས་པའི་གཟུགས་དེ་རིན་པོ་ཆེ་ལས་བྱས་པ་མ་ཡིན་ན་ནང་ན་དེ་དག་གི་རུས་པ་དང་བཅས་པ་ཡང་རུང་། སངས་རྒྱས་ཀྱི་སྐུ་གདུང་དང་བཅས་ཀྱང་རུང་སྟེ་རེག་པ་ལ་ཉེས་པ་མེད་དོ། །དགེ་སློང་གིས་གསེར་གྱི་སྟེགས་བུ་ལ་རེག་ན་ནི་ཉེས་བྱས་སུ་འགྱུར་གྱི། རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་དུ་ནི་མི་འགྱུར་ཏེ། མི་རུང་བ་ཉིད་དོ་ཞེས་པ་དགོས་པའི་རུང་བ་ཉིད་དུ་གྱུར་པ་མ་ཚང་བ་ཉིད་དོ་ཞེས་པ་སྟེ།་་་་་གསེར་གྱི་སྟེགས་བུ་ནི་ཞེས་པའི། །རང་གི་རྣམ་བཤད་ལས་རྣམ་པ་དེ་ལྟ་བུ་ཉིད་ནི་མཁོ་བའི་ཡོ་བྱད་དུ་གྱུར་པ་ཉིད་མ་ཡིན་ཏེ་ཞེས་གསུངས་སོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་ཞེས་པའི་མདོ་འདི་དང་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་ན་ཉེས་པ་མེད་དོ་ཞེས་སྔར་སྨོས་པའི་ཁྱད་པར་གང་ཞེ་ན་མདོར་བསྟན་པ་དང་རྒྱས་པར་བཤད་པ་སྟེ། མདོ་སྔ་མས་ནི་ཁྱིམ་པ་དང་དགེ་ཚུལ་ཡོད་མེད་གང་ཡང་མ་གསུངས་ལ། བྱ་བ་ཆོས་ལྡན་ཡིན་མིན་གསལ་བར་མ་གསུངས་པ་ལས། མདོ་ཕྱི་མ་འདིར་ཁྱིམ་པ་དང་དགེ་ཚུལ་མེད་ན་ཞེས་པ་དང་ཆོས་དང་ལྡན་པའི་དོན་གྱིས་དབང་ཉིད་ཀྱིས། ཞེས་རྒྱས་པར་བཤད་པའོ། །ཁྱད་པར་གཞན་ཡང་མདོ་སྔ་མ་ནི་ལོངས་པ་གཞིར་གཏོགས་ཀྱི་ལུང་རྣམ་འབྱེད་ལས་བསྡུས་པ་དང་། མདོ་ཕྱི་མ་ནི་གནས་མལ་མ་བསྡུས་པའི་ལུང་རྣམ་འབྱེད་ལས་བསྡུས་པའོ། །གར་ལ་སོགས་པ།་་་་་བཟླས་

༼༧༩༡༽

པར་མི་བྱའོ་ཞེས་པ་ནི་་་་་་ལད་མོ་བཟླས་པར་མི་བྱ་ཞེས་གསུངས་འོན་ཀྱང་འདི་ནི། གར་ལ་སོགས་པ་བརྗེད་པ་དྲན་པར་བྱ་བའི་ཕྱིར་སྦྱང་བར་མི་བྱ་བ་སྟེ། སྐབས་འདི་ཉིད་ཀྱི་ལུང་ཕྲན་ཚེགས་དང་དེའི་འགྲེལ་པ་ལས་བཤད་དོ། །ལུང་ལས་དགེ་སློང་དེ་རྣམས་ཀྱི་བརྗེད་ནས་སྨྲས་པ་ཡང་བསླབ་ཏུ་གསོལ། དྲུག་སྡེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཀག་པས་མི་སློབ་བོ། །གལ་ཏེ་མི་སློབ་ན་སྦྱང་བ་ཙམ་མཛད་པར་གསོལ། བཀའ་སྩལ་པ། གར་དང་གླུ་དང་རོལ་མོའི་སྒྲ་སྦྱང་བར་མི་བྱའོ་ཞེས་གསུངས་སོ། །དེའི་འགྲེལ་བ་ལས་བརྗེད་པ་དྲན་པར་བྱེད་པ་ནི་སྦྱང་བའོ་ཞེས་སོ།་་་་་རྫབ་ལ་ཕྱིལ་མོ་ཉུག་པར་མི་བྱའོ་ཞེས་པ་ནི་འདམ་རྫབ་འགྲེད་པ་ཐུར་དུ་གཞོལ་བ་ལ་ལུས་འགྲེད་ཐབས་སུ་ཐུར་དུ་གཞོལ་བར་མི་བྱ་སྟེ།་་་་་རྩེ་བའི་ཕྱིར་བྱིས་པ་དག་ཁྱག་རྟ་ཉུག་པ་ལྟར་མི་བྱ་ལ། འགྲེལ་ཆུང་ལས་ཆབ་རོམ་དང་ས་་་་་་འཇམ་པོ་ཐུར་དུ་གཞོལ་བ། འགྲེད་མོ་ལ་སོགས་པ་ལ་ཕྱིལ་མོ་ཉུག་པར་མི་བྱ་ཞེས་བཤད་དོ། །ད་ནི་ཁྲུས་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་མཐོ་འཚམས་པའི་སེམས་ཀྱིས་ཁྲུས་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་བསྐྱེད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པར་འཇིག་རྟེན་ལ་གྲགས་པའི་ཆུས་ཁྲུས་བྱས་ཏེ་ལུས་ཕྱེད་ཁྱབ་པར་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གིས་ཁྲུས་བྱ་བའི་དངོས་པོ་དང་། གང་གི་ཚེ་ཁྲུས་བྱ་བའི་དུས་དང་། གང་གིས་ཁྲུས་བྱེད་པའི་རྟེན་དང་། གང་དུ་ཁྲུས་བྱ་བའི་གནས་སོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ་དང་། ལུས་ཕྱེད་ཁྱབ་པའི་ཚད་དུ་ཆོག་པ་སྟེ། ཆུ་མ་ཡིན་པས་ཀྱང་ངོ་། །ཞེས་པ་དང་། ལྟེ་བར་སོན་ནའོ་ཞེས་གསུངས་པས་སོ། །གཉིས་པ་གང་གི་ཚེ་ཁྲུས་བྱ་བའི་དུས་ནི། ཚ་བའི་དུས་མ་ཡིན་པ་དང་། ཟླ་བ་ཕྱེད་ཕྱེད་ཀྱི་དུས་མ་ཡིན་པ་སྟེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་པ་དང་། ཊཱི་ཀ་ལས་ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ཚ་བའི་གཉེན་པོའི་ཕྱིར་ཁྲུས་བྱེད་པ་རྗེས་སུ་གནང་སྟེ། དེ་ལས་གཞན་

༼༧༩༢༽

པའི་དུས་སུ་ཡང་ཉི་མ་དེ་ལ་ཚ་བ་སྐྱེས་ན་ཁྲུས་བྱའོ་ཞེས་གསུངས་པ་དང་། ཞག་བཅོ་ལྔའི་མདུན་རོལ་ཏུ་ཁྲུས་བྱེད་ནའོ་ཞེས་གསུངས་པས་སོ། །གསུམ་པ་ལ་ལྔ་སྟེ། ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། རླུང་གིས་མ་བསྐྱོད་པ་དང་། ཆར་གྱིས་མ་ཕོག་པ་སྟེ། གཞུང་དུ་ཤེས་པར་འགྱུར་རོ། །བཞི་པ་གང་དུ་ཁྲུས་བྱ་བའི་གནས་ནི། ཡུལ་ཨསྨ་པ་རན་ཏ་ལས་གཞན་ཡིན་པ་སྟེ། ཨསྨ་པ་རན་ཏའི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཁྲུས་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྲུས་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་ཁྲུས་བྱེད་པའི་ཆུས་ལུས་ཕྱེད་ཁྱབ་པ་སྟེ། རྣམ་འབྱེད་འགྲེལ་ལས་ལྟེ་བར་སོན་ནའོ་ཞེས་བྱ་བ་ནི་ལུས་ཀྱི་ཕྱེད་གཤེར་ན་ཁྲུས་རྫོགས་པ་ཡིན་པས་ལྟུང་བྱེད་དུ་བསྟན་ཞེས་སོ། །ལུས་ཕྱེད་མ་ཁྱབ་ན་བྲང་ནས་ཆུ་བླུགས་པས་ལྟེ་བར་སོན་པ་ཙམ་གྱིས་ནི་ལྟུང་བྱེད་བསྐྱེད་པ་མ་ཡིན་ནོ།་་་་་ཡན་ལག་གི་དོན་ནི། སོ་ག་རྣམས་ཀྱི་ཞེས་སོ། །ཁྲུས་ཀྱི་ཉིན་མོ་མ་ཡིན་པ་དང་ཞག་བཅོ་ལྔའི་མདུན་རོལ་ནི་གཞི་མཐུན་ཡིན་ནོ། །གནང་བའི་རྐྱེན་ཅན་གྱི་བཅས་པ་་་་་་ཞེས་པས་ཆང་འཐུང་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་སེལ་ལོ། ཐམས་ཅད་ལ་ལྟུང་བ་རྣམ་གཞག་གནང་བ་འབྱུང་བའི་དུས་དག་ཡོད་ཀྱང་དུས་བྱིན་གྱིས་བརླབ་དགོས་པའི་ཚེ་ན་་་་་་ཞེས་པས་ཞག་བཅོ་ལྔ་ཁྲུས་ཀྱི་ཉིན་མོ་ཁྲུས་བྱེད་པ་ལ་དུས་བྱིན་གྱིས་བརླབ་མི་དགོས་པ་དེ་སེལ་ལོ། །དུས་བྱིན་གྱིས་མ་བརླབ་ན་ནི་བསླབ་བྱའི་ཉེས་བྱས་བསྐྱེད་པའོ།་་་་་ཞེས་པ་དུས་བྱིན་གྱིས་མི་རློབ་པ་ཉིད་ཀྱི་བསླབ་བྱའི་ཉེས་བྱས་འབྱུང་སྟེ་མ་གནང་བ་དེ་སེལ་ལོ། །འདི་ནི་ཞུ་བ་ལས་དགེ་སློང་གིས་དུས་བྱིན་གྱིས་མ་བརླབས་ན་དེ་ལ་ཡང་ལྟུང་བར་འགྱུར་བ་མཆིས་སམ། ཉེ་བར་འཁོར་ཡོད་དེ། སྦྱོར་བ་བཏང་ནས་བྱིན་གྱིས་མི་རློབ་ནའོ་ཞེས་གསུངས་སོ། །དམིགས་བསལ་ནི་ཊཱི་ཀ་ལས་ཞག་བཅོ་ལྔ་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་དེར་ཁྲུས་བྱ་བ་ལ་ནི་དུས་བྱིན་གྱིས་བརླབ་པར་བྱ་མི་དགོས་སོ་ཞེས་སོ། །ཆོ་ག་བཙན་པོ་ནི་བཀས་བཅད་པ་དམ་པོ་སྟེ་དགག་སྒྲུབ་སྤྱིར་བཏང་ལ་བརྟེན་པར་ནུས་པ་ཡོད་ན་ཐམས་ཅད་དུ་ཡང་བག་ཡངས་སུ་བྱ་བ་གནང་

༼༧༩༣༽

བ་དམིགས་བསལ་ལ་བརྟེན་པར་མི་བྱའོ། །ད་ནི་དུད་འགྲོ་གསོད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བྱ་རོག་བསད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་་་་་་སྲོག་ཆགས་དང་བཅས་པའི་ཆུ་ལྟ་བུ་གཞི་མའི་ཞར་ལ་སྲོག་ཆགས་འཆི་བར་འགྱུར་བའི་བྱ་བ་བྱེད་ཅིང་ཤི་ན་དུད་འགྲོ་འདེབས་སྤྱོད་ཀྱི་ལྟུང་བ་གཞན་དུ་འགྱུར་པས་འདིར་ནི། དུད་འགྲོ་དེ་གཞི་མའི་ཞོར་མ་ཡིན་པར་གསོད་སེམས་ཀྱིས་རང་ངམ་བསྐོས་པས་བསད་དེ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། དུད་འགྲོ་ཡིན་པ་དང་། གཞི་མའི་ཞོར་ལ་སྲོག་ལ་མ་ལྟོས་པར་འཇུག་པའི་ཡུལ་ལས་གཞན་ཡིན་པ་སྟེ། གཞན་དུ་ན་དུད་འགྲོ་འདེབས་སྤྱོད་ཀྱི་ལྟུང་བ་གཞན་དུ་འགྱུར་བའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་དུད་འགྲོ་གསོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་དུད་འགྲོ་གསོད་པར་ཞུགས་པའོ། །མཐར་ཐུག་ནི་དུད་འགྲོའི་སྲོག་གི་དབང་པོ་འགགས་པ་སྟེ། ཤི་ནའོ་ཞེས་སོ། །ཡན་ལག་གི་དོན་ནི། གསོད་པའི་སེམས་ཀྱིས་ཞེས་སོ། །སེམས་ཅན་གྱི་གཟུགས་ཞེས་པས་འདིར་དུད་འགྲོའི་གཟུགས་སེམས་ཅན་མ་ཡིན་པ་ལ་བསྣུན་ན་འདིར་གཏོགས་པའི་བསླབ་བྱའི་ཉེས་བྱས་སུ་འགྱུར་ལ། མི་དང་མི་མ་ཡིན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་བསྣུན་ན་མི་གསོད་པའི་སྐབས་སུ་གཏོགས་པའི་བསླབ་བྱའི་ཉེས་བྱས་སུ་འགྱུར་ཏེ། དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ།་་་་་མི་མ་ཡིན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་བསྣུན་ན་ཉེས་པ་དེ་ལྟར་འོང་བའི་རྒྱུ་མཚན་ནི་མི་མ་ཡིན་བསད་པའི་སྦོམ་པོ་ནི་མི་བསད་ཕམ་པའི་ན་སྨད་དུ་གཏོགས་པའོ་གནས་ཀྱིས་སོ། །དེ་དག་ལ་ལྕི་ཡང་གཉིས་སུ་དབྱེ་སྟེ། བསམ་པའི་ཁྱད་པར་ཞེ་སྡང་གིས་བསྣུན་ན་ཉེས་པ་ལྕི་བ་དང་། དངོས་པོའི་ཁྱད་པར་འཕགས་པའི་སྐུ་གཟུགས་ལ་བསྣུན་ཏེ་འཇིག་ན་ཉེས་པ་ལྕི་བའོ། །བསམ་དངོས་དེ་དག་ལས།་་་་་གཞན་དུ་ན་ཉེས་པ་ཡང་བའོ། །ད་ནི་འགྱོད་པ་བསྐྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ། གླེང་གཞི་ནི་མཉན་ཡོད་དུ་

༼༧༩༤༽

འཆར་ཀས་འགྱོད་པ་བསྐྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་འགྱོད་པ་བསྐྱེད་པའི་ཡུལ་དང་། གང་གིས་འགྱོད་པ་བསྐྱེད་པའི་དངོས་པོའོ། །དང་པོ་ནི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་རྣམ་དག་གི་དགེ་སློང་མ་ཡིན་པའི་དོན་གྱིས་ཏེ། དགེ་སློང་གིས་སྡོམ་པ་མ་སྐྱེས་པས།་་་་་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཞེས་པ་དང་། དགེ་སློང་མ་ཡིན་པའི་དོན་གྱིས་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བཞད་གད་ཡན་ཆད་ཀྱིས་འགྱོད་པ་བསྐྱེད་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་འགྱོད་པ་བསྐྱེད་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི་ཁྱོད་བསྙེན་པར་ཞེས་སོ། །མྱང་མཚམས་པ་ན་རེ་རྒྱ་ཆེ་འགྲེལ་མཁན་པོ་ནི་ཕམ་པས་སྡོམ་པ་མི་གཏོང་བ་ཉིད་དུ་བཞད་དེ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་ཡང་། སློབ་དཔོན་ཡོན་ཏན་འོད་ནི་དབུས་པ་བྱེ་བྲག་ཏུ་སྨྲ་བའི་རྗེས་སུ་འབྲང་སྟེ། ཕམ་པ་བྱུང་ན་སྡོམ་པ་གཏོང་བར་བཞེད་པ་སྟེ། འདི་ཉིད་ལས་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པའི་དོན་གྱིས་ཞེས། ཕམ་པ་བྱུང་བ་དེ་དགེ་སློང་མིན་པར་གསུངས་པས་ཤེས་སོ། །ཞེས་ཟེར་ཡང་མ་ཡིན་ཏེ།་་་་་ཕམ་པར་འགྱུར་བ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་རྣམ་དག་གི་དགེ་སློང་མ་ཡིན་པ་ཞེས་དགོངས་པ་སྟེ། སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པ།་་་་་ཕམ་པ་བྱུང་བའང་དགེ་སློང་ཙམ་པོ་ནི་ཡིན་ཏེ། རང་གི་རྣམ་བཤད་ལས་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་གྱུར་ཏེ་ཞེས་གསུངས་སོ། །ད་ནི་ག་ག་ཚིལ་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེའི་གཅིག་ལ་གཞན་བཅུ་དྲུག་གིས་ག་ག་ཚིལ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ལུས་དངོས་མ་ཉམས་པས་དགེ་སློང་གཞན་གྱི་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号