ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༨༡༡༽

ཉིད་དོ་ཞེས་སྔ་མར་སྦྱར་ཏེ་ཉེས་བྱས་སོ། །ལུང་་་་་་འོན་ཀྱང་རྣམ་འབྱེད་ལས་བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །ལྟུང་བ་མེད་པ་ནི་་་་་་གྲངས་འདྲེན་པ་ན་གཅིག་གོ་གཉིས་སོ་ཞེས་ས་ལ་རི་མོ་འདྲི་ཞིང་གྲངས་བགྲང་བ་དང་། བཅུ་ཤོད་དང་བརྒྱད་ཤོད་འགོད་པ་ནི་བཅུ་ཁྲམ་དང་བརྒྱ་ཁྲམ་ས་ལ་འདྲི་བ་དང་། ས་གཞི་ལ་རྩིས་ཀྱི་ཡི་གེ་དགོད་པ་སྟེ། འགྲེལ་ཆུང་་་་་་གིས་སྐབས་གཞན་ལས་བཅུ་ཤོད་དང་བརྒྱ་ཤོད་ལ་སོགས་པ་ཞེས་པ་དང་། རྣམ་འབྱེད་འགྲེལ་ལས་ཤོད་འགོད་པའི་བསམ་པ་ཞེས་བྱ་བ་ནི་ཡི་གེ་ལ་སོགས་པ་བྲི་བའི་རྣམ་པ་སྟེ་ཞེས་བཤད་དོ། །ད་ནི་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ན་སྦྱིན་བདག་གིས་བསྟབས་པ་ལ་ཡང་ཚོད་རིག་པར་བྱའི་ཧ་ཅང་བསླང་བར་མི་བྱ་ཞེས་ཏེ། དྲང་སྲོང་གིས་ཀླུའི་རིན་པོ་ཆེ་བསླངས་པའི་བྱུང་བ་ལས་སོ། །ཊཱི་ཀ་ལས་མ་བསྟབས་པར་ཧ་ཅང་སློང་བ་ནི་མི་རིགས་པ་ཁོ་ན་ཡིན་པས་དེའི་ཕྱིར་འདི་ནི་བསྟབས་པའི་ཕྱིར་བྱས་པ་ཡིན་ནོ་ཞེས་སོ།་་་་་ཚིག་འབྲུ་དེ་ཉིད་དང་ཚིག་འབྲུ་དེ་ཉིད་མ་ཡིན་པ་གཉིས་ལས། ཚིག་འབྲུ་དེ་ཉིད་མ་ཡིན་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚིག་སྟེ། སྟན་དག་ཅི་བདེར་གྱིས་ཤིག་ཅེས་བརྗོད་པ་ལྟ་བུའོ། །དེ་ལ་ནི་ཚིག་ལ་གཅིག་ཏུ་འཚིལ་ཞིང་གུས་པར་མི་བྱ་སྟེ། དོན་གོ་བར་ནུས་ན་ཚིག་འབྲུ་གཞན་དུ་བསྒྱུར་ཏེ་སྨྲས་ཀྱང་ཉེས་པ་མེད་དོ། །ཚིག་འབྲུ་དེ་ཉིད་ལ་ནི་གུས་པར་བྱའོ་ཞེས་ཤུགས་ཀྱིས་བསྟན་ཏེ་ཚིག་འབྲུ་དེ་ཉིད་ནི་ལས་དང་གསང་སྔགས་ཀྱི་ཆོ་གའི་ཚིག་རྣམས་སོ། །དེ་ལ་ནི་གུས་པར་བྱའི། ཚིག་གཞན་དུ་བསྒྱུར་དུ་མ་རུང་ངོ་། །ལྟུང་བ་རྣམ་པར་བཞག་པ་ནི་ཚིག་རྣམ་པར་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སེར་སྐྱའི་གནས་སུ་དྲུག་སྡེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་མགྲོན་དུ་འབོད་པ་པོ་ཁྱིམ་པས་ཚིགས་རྣམ་པར་བཞག་པ་ཡོད་ན་ཚིགས་དེ་ལས་ལྷག་པའི་ཟས་ཟོས་པ་དང་། ཚིགས་རྣམ་པར་བཞག་པ་མེད་ན་ཟླ་བ་བཞི་ལས་ལྷག་པར་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་གི་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གིས་

༼༨༡༢༽

ཟ་བའི་རྟེན་ནོ། །དང་པོ་ལ་བདུན་ཏེ། ཁྱིམ་པ་ཆོས་དྲུག་ལྡན་ལས་ཅི་བདེར་སྟོབས་པ་མ་ཡིན་པ་མ་གཏོགས་པ་ལྔའི་སྟེང་དུ། མགྲོན་དུ་གཉེར་བར་བྱེད་པ་པོ་ཡིན་པ་དང་། ཡང་དང་ཡང་དུ་མགྲོན་དུ་གཉེར་བ་ལ་སོགས་པ་མ་ཡིན་པ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཞེས་པ་དང་། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་ཞེས་གསུངས་པས་སོ། །གཉིས་པ་གང་ཟ་བའི་དངོས་པོ་ལ་དྲུག་སྟེ། དུས་སུ་རུང་བ་ཡིན་པ་དང་། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པ་ནི་སྔར་བཤད་པ་བཞིན་ནོ། །སྔར་ནས་འདྲེན་འཕྲོ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་བོ། །ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ། སྐབས་གཞན་དུ་བཤད་པ་བཞིན་ནོ། །གསུམ་པ་གང་གིས་ཟ་བའི་རྟེན་ལ་གསུམ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་ལ་སོགས་པ་མ་ཡིན་པ་དང་། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཞེས་པ་དང་། ཕྱིས་གཞན་ནམ་ཡང་དང་ཡང་དུ་འམ་ཞེས་པ་དང་། ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་ཅིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི། ཚིགས་རྣམ་པར་བཞག་པ་མེད་པར་་་་་་མགྲོན་དུ་གཉེར་བ་དང་ལྡན་པ། དགག་པ་ཕྱེ་བ་དང་ལྡན་པ་ཕྱིར་བཟློག་བསལ་བ་དང་ལྡན་པ་ཞེས་ཏེ་ཊཱི་ཀ་ལས་ཚིག་གསུམ་གསུངས་ཏེ། ཆོས་སྟོན་ལ་འབྱོན་པར་ཞུ་ཞེས་མགྲོན་དུ་གཉེར་བ་དང་སྔར་མགྲོན་དུ་མ་བོས་ནས་ཁྱིམ་དུ་འོང་བར་དོན་གྱིས་བཀག་པ་ལས་མགྲོན་དུ་བོས་པ་ན་དགག་པ་ཕྱེ་བ་དང་། བསྒོ་བསྲུངས་ལ་སོགས་པ་ཕྱིར་བཟློག་པ་བསལ་བ་སྟེ་གོ་རིམ་བཞིན་ནོ། །ཞེས་སོ།་་་་་ཕྱིས་གཞན་ནམ་ཞེས་པ་ནི་སྔར་མགྲོན་དུ་གཉེར་བའི་དུས་རྫོགས་ནས། ཕྱིས་ཡང་སྐྱར་ཏེ་མགྲོན་དུ་གཉེར་བ་གཞན་བྱས་ན་ནི་ཟླ་བ་བཞི་ལས་འདས་ཏེ་ཟོས་ཡང་ཉེས་པ་མེད་དོ། །དེས་ན་སྔར་

༼༨༡༣༽

མགྲོན་གཉེར་བའི་དུས་རྫོགས་ནས་ཕྱིས་ཡང་སྐྱར་ཏེ་མགྲོན་དུ་གཉེར་བ་གཞན་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་སྦྱར་རོ། །ཡང་དང་ཡང་དུའམ་ཞེས་པ་ནི་རྒྱལ་པོ་ལ་སོགས་པ་ཉི་མ་རེ་རེ་ལ་མགྲོན་དུ་གཉེར་བ་རེ་བྱས་ཏེ། ཡང་དང་ཡང་དུ་མགྲོན་དུ་བོས་ན་ནི་ཟླ་བ་བཞི་ལས་འདས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །དེས་ན་ཉིན་རེ་ཉིན་རེ་ཞིང་ཡང་དང་ཡང་དུ་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་སྦྱར་རོ། །དུས་ཀྱི་ཞེས་པ་ནི། དེ་ནས་མ་ཤིའི་བར་དུ་མགྲོན་དུ་བོས་ན་ནི་ཟླ་བ་བཞི་ལས་འདས་ཏེ་ཟོས་ཀྱང་ཉེས་པ་མེད་དོ། །དེས་ན་དུས་ཇི་སྲིད་འཚོའི་བར་གྱི་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་སོ།དེ་ནི་མ་བསྟབས་པའི་ཉེས་པ་བྱེད་པ་དེ་ཉིད་ཡིན་ནོ་ཞེས་པ་ནི་་་་་་ཁྱིམ་པས་དགེ་སློང་ལ་ཟས་ལ་སོགས་པ་གང་དགོས་པ་དེ་ལོང་ཞིག་ཅེས་ཇི་སྲིད་འཚོའི་བར་རམ་ཟླ་བ་བཞི་ལ་སོགས་པར་མགྲོན་དུ་གཉེར་བ་ལས། བར་སྐབས་སུ་དགེ་སློང་དེ་ཁྱིམ་པར་བབས་ཏེ། སླར་ཡང་དགེ་སློང་བྱས་ན། བསླབ་རྒྱུན་སྔ་མ་ལ་མགྲོན་དུ་གཉེར་ཞིང་ཅི་བདེར་བསྟབས་པ་དེས་བསླབ་རྒྱུན་ཕྱི་མ་ལ་ཡང་བསྟབས་པར་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དེ་ནི་མ་བསྟབས་པའི་ཞེས་སྨས་ཏེ། དགེ་སློང་དེ་བབས་ཏེ་སླར་ཡང་དགེ་སློང་བྱས་ན་ཁྱིམ་བདག་དེ་ཉིད་ལ་ཟས་བསོད་པ་སློང་བ་ལ་སོགས་པ་དེ་ནི་་་་་་སྐབས་འདིར་ལྟུང་བར་མི་འགྱུར་གྱི་ཅི་བདེར་མ་བསྟབས་པ་སློང་བའི་ཉེས་པ་གང་དང་གང་ཡིན་པ་དེ་དང་དེ་སྐྱེད་པར་བྱེད་པ་ཉིད་ཡིན་ཏེ། ཟས་བསོད་པ་སློང་ན་ནི་ཟས་བསོད་པ་མ་བསྟབས་པ་སློང་བའི་ཉེས་པ་བསྐྱེད་ལ། ཕྱེ་ལ་སོགས་པ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་སློང་ན་ཡང་དངོས་པོ་དེ་མ་བསྟབས་པ་སློང་བའི་ཉེས་པ་བསྐྱེད་པར་བྱེད་པ་ཉིད་ཡིན་ནོ།་་་་་བསླབ་རྒྱུན་སྔ་མ་ལ་བསྟབས་པ་དེས་ནི་བསླབ་རྒྱུན་ཕྱི་མ་ལ་མ་བསྟབས་པ་སློང་བའི་ཉེས་པ་མི་ཁེགས་སོ། །ད་ནི་བསླབ་པ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་དྲུག་སྡེས་བསླབ་པ་ཉེ་བར་འཇོག་པ་སྤོང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དངོས་སུ་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པ་དང་། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་དགེ་སློང་གིས་བསླབ་པའི་སྒོ་ནས་བསྒོ་བ་ལ་ངག་གི་རིག་བྱེད་ཀྱིས་སྤངས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྤང་བའི་ཡུལ་དང་། གང་སྤང་བའི་དངོས་པོའོ། །དང་པོ་ལ་བརྒྱད་ལས། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། རང་

༼༨༡༤༽

ལ་བསྒོ་བ་པོ་ཡིན་པ་དང་། འདུལ་བའི་དོན་ཤེས་པ་སྟེ། སྨྲ་བ་་་་་་འདུལ་བའི་བསླབ་པ་པོ་ལ་ཞེས་པ་དང་། མངོན་་་་་་འདུལ་པར་ཤེས་པ་ཉིད་ལའོ་ཞེས་གསུངས་པའོ། །གཉིས་པ་ནི་འདུལ་བར་གཏོགས་པ་ཡིན་པ་དང་། བདག་ལ་སྒོ་བ་ཡིན་པ་སྟེ། འདུལ་བའི་་་་་་བསླབ་པ་ལའོ་ཞེས་གསུངས་ཤིང་། དེའི་སེལ་བ་་་་་་མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ། །ཞེས་གསུངས་པ་དང་། ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྤོང་བར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི་ཤེས་གཙོ་བའོ་ཞེས་སོ། །ད་ནི་ཉན་རྣ་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཉན་རྣ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྩོད་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པའི་དགེ་སློང་གཉིས་ཡན་ཆད་གྲོས་བྱེད་པ་ལ་ཤེས་བཞིན་དུ་རྩོད་པ་སྦར་བའི་ཆེད་དུ་མཉན་པས་རང་གིས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་མཉན་པའི་ཡུལ་དང་། གང་མཉན་པའི་དངོས་པོའོ། །དང་པོ་ལ་དྲུག་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་། མཚན་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་བཞི་ནི་སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་དང་འདྲའོ། །རང་ལས་རྩོད་པ་གཞན་ཕྱོགས་སུ་གྱུར་པ་སྟེ། དགེ་སློང་དག་རྩོད་པར་གྱུར་པ་ཞེས་གསུངས་པས་སོ། །གཉིས་ཡན་ཆད་གྲོས་བྱེད་པ་ཡིན་པ་སྟེ། དགེ་སློང་དག་དང་གྲོས་བྱས་པ་ན་ཞེས་གསུངས་པས་སོ། །གཉིས་པ་གང་མཉན་པའི་དངོས་པོ་ནི་རྩོད་པ་གང་ཡང་རུང་བའི་གྲོས་བྱེད་པ་ཡིན་པ་སྟེ། དགེ་སློང་དག་དང་གྲོས་བྱེད་པ་ན་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྩོད་པ་སྦར་བའི་ཆེད་དུ་ཉན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཉན་

༼༨༡༥༽

པར་ཞུགས་པའོ། །མཐར་ཐུག་ནི་རང་གིས་ཚིག་ཐོས་ཤིང་དོན་གོ་བའོ། །ཡན་ལག་གི་དོན་ནི་དགེ་སློང་དག་རྩོད་པར་ཞེས་སོ། །ད་ནི་མི་སྨ་བར་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ལས་ཀྱི་གནས་ནས་མ་སྨྲས་པར་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་ཁ་་་་་་དགེ་འདུན་གྱི་སྐོང་པར་འོས་པས་དགེ་འདུན་གྱི་ཆོས་ལྡན་གྱི་ལས་ལ་འདུས་ནས་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཉེ་འཁོར་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ནས་འགྲོ་བའི་གནས་དང་། གང་དུ་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་གཉིས་ལས། དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་ཀྱི་གནས་ཡིན་པ་སྟེ་ལུང་རྣམ་འབྱེད་ལས། ཉན་ཐོས་ཀྱི་དགེ་འདུན་གྱིའོ་ཞེས་གསུངས་པ་དང་། གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་ཞེས་གསུངས་པས་སོ། །ལས་ཆོས་དང་ལྡན་པའི་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་ལས་ཆོས་དང་ལྡན་པའི་ཞེས་གསུངས་ཤིང་། འདི་ཉིད་ལས་ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་ཞེས་གསུངས་པས་སོ། །གཉིས་པ་ནི་ཐོས་པའི་ཉེ་འཁོར་ཕན་ཆད་ཡིན་པ་དང་། མཚམས་ཀྱི་ནང་ཡིན་པ་སྟེ། གཞན་དུ་ན་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི་གསོལ་བ་བྱས་པ་མན་ཆད་མ་ཡིན་པ་སྟེ། གསོལ་བ་བྱས་པ་ཉིད་ལའོ་ཞེས་གསུངས་པས་སོ། །བཞི་པ་ནི་དགེ་སློང་ལ་མ་སྨྲས་པ་་་་་་དགེ་འདུན་གྱི་ཁ་སྐང་བར་འོས་ཏེ་གཞན་དུ་ན་དགེ་སློང་དགག་བྱ་མེད་པའི་ཕྱིར་རོ། །སྟེ། དགེ་སློང་ལ་མ་སྨྲས་པར་འགྲོ་ནའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་སློང་ལ་མ་སྨྲས་པར་ཐོས་པའི་ཡུལ་ལས་འདས་པར་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འགྲོ་བར་ཞུགས་པ་སྟེ། མཐར་ཐུག་ནི་ཐོས་པའི་ཉེ་འཁོར་ལས་འདས་པའོ། །ཡན་ལག་གི་དོན་ནི། གསོལ་བ་ལ་སོགས་པ་ཞེས་སོ། །གསོལ་བ་བྱས་

༼༨༡༦༽

པ་ཉིད་ལའོ་ཞེས་ཉེས་བྱས་སུ་བསྟན་་་་་་ཏེ་འོན་ཀྱང་གསོལ་བ་འབའ་ཞིག་པའི་ལས་ཁོ་ན་བྱེད་པའི་སྐབས་སུ་ནི་གསོལ་བ་བྱས་པ་ཉིད་ལ་ཉེས་པ་འདི་མི་འབྱུང་སྟེ། ལས་ཀྱི་ཆོ་ག་བྱས་ཟིན་པའི་ཕྱིར་རོ། །དེས་ན་ཉེས་བྱས་སུ་བསྟན་པ་ནི་གསོལ་གཉིས་སམ་གསོལ་བཞིའི་ལས་ཀྱི་དབང་དུ་བྱས་་་་་་མི་མཐུན་བསྐྱེད་པའང་དེ་ཡན་ཆད་ལ་སྟེ། འདི་དང་རྒྱུ་མཚན་མཚུངས་པས་སོ་ཞེས་ཤ་མི་ཡང་སྟོད་པ་གསུང་ངོ་། །པའོ། །ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་ནི་ལྟུང་བྱེད་མེད་ན་མདུན་རོལ་གྱི་ཉེས་བྱས་དང་འགལ་ཞེ་ན། ཉེས་བྱས་དེ་ནི་ཐོས་པའི་ཡུལ་ལས་འདས་པར་འདོད་པས་འགྲོ་ན་ཉེས་བྱས་ཏེ་འགལ་བ་མེད་དོ། །ད་ནི་མ་གུས་པའི་ཚུལ་གྱི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་གླང་ཆེན་ལྷས་ཀྱི་བདག་པོའི་བུ་དགེ་སློང་ནག་པོས་དགེ་འདུན་གྱི་བཀའ་ལ་མ་གུས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་བཞིན་གྱིས་དགག་བྱར་འགྱུར་བ་དང་། རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སངས་རྒྱས་བཅོམ་ལྡན་འདས་ཞལ་དངོས་སུ་བཞུགས་པ་དང་། དགེ་སློང་གི་དགེ་འདུན་དང་དགེ་འདུན་གྱི་ཐ་སྙད་པ་སྟེ་དེ་གསུམ་གང་ཡང་རུང་བའི་གསུང་ཆོས་དང་ལྡན་པ་བདག་ལ་བསྒོ་བའི་དོན་ལ་བཤད་སྦྱང་མེད་པར་དེ་ལས་བཟློག་སྟེ་འགལ་བར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། དེ་ཡང་སངས་རྒྱས་དངོས་དང་། དགེ་སློང་གི་དགེ་འདུན་དང་། དགེ་འདུན་གྱི་ཐ་སྙད་པ་དང་གསུམ་པོ་གང་ཡང་རུང་བས་བསྒོ་བ་ཡིན་པ་སྟེ། གཞུང་དུ་ཤེས་པར་འགྱུར་རོ། །བདག་ལ་བསྒོ་བ་ཡིན་པ་སྟེ། བསྒོ་བའི་དོན་ལ་ཞེས་པའི་སྐབས་ཀྱིས་གྲུབ་བོ། །ཆོས་དང་ལྡན་པ་ཡིན་པ་སྟེ། ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ངོ་ཞེས་གསུངས་པས་སོ། །བསྒྲུབ་པར་ནུས་པ་སྟེ། སྒྲུབ་པར་མི་ནུས་པ་ལ་ནི་བཤད་སྦྱང་མ་བྱས་ཡང་ཉེས་བྱས་ལས་ཆེ་བ་མི་བསྐྱེད་དེ། མཚང་པོ་ཆེ་མེད་པའི་ཕྱིར་རོ། །བཤད་སྦྱང་བྱས་ན་ནི་ཇི་སྐད་བསྒོ་བ་བཞིན་མ་བསྒྲུབས་ཀྱང་ཉེས་པ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་བཤད་སྦྱང་མེད་པར་གསུང་དེ་ལས་འགལ་བའི་ཚིག་སྨྲ་ཞིང་རྒོལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་

༼༨༡༧༽

ལྡན་གྱི་ལོག་པར་སྒྲུབ་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི་འདུག་པ་དང་། ཞེས་སོ། །མ་གུས་པ་དང་བཤད་སྦྱང་མེད་པ་གཉིས་ཀ་སྨོས་ཅི་དགོས་སྙམ་ན། མ་གུས་པ་མེད་ཀྱང་ཤེད་དམན་པའི་ཕྱིར་སྨྲ་མ་ནུས་པར་བཤད་སྦྱང་མེད་པ་སྲིད་པ་དང་། མ་གུས་པ་ཡོད་ཀྱང་ཚིག་གིས་བཤད་སྦྱང་བྱས་ན་ལྟུང་བ་མི་རྫོགས་པས། ལྟུང་བ་རྫོགས་པ་ལ་གཉིས་ཀ་དགོས་པའི་ཕྱིར་གཉིས་ཀ་སྨོས་སོ། །ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་དགེ་འདུན་གྱི་ཐ་སྙད་པ་ཞེས་བྱ་བ་ནི་དགེ་འདུན་གྱིས་གང་ཟག་བཅུ་གཉིས་ལ་སོགས་པར་བསྐོས་པའོ་ཞེས་བཤད་དོ། །སངས་རྒྱས་ནི་་་་་་དགེ་འདུན་དང་འདྲ་ཞེས་པས་སངས་རྒྱས་ཞལ་དངོས་སུ་བཞུགས་པ་ལ་མ་གུས་པས་བཀའ་དང་འགལ་བར་བྱས་ན་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དོ་ཞེས་བསྟན་ཏོ། །སངས་རྒྱས་ཞལ་དངོས་སུ་བཞུགས་པའི་ཚེ་ན་ཕམ་ལྷག་དང་ལྟུང་བྱེད་ལ་སོགས་ཀྱི་བཅས་པ་ལ་མ་གུས་པས་འདྲལ་བར་བྱེད་ན་རང་རང་གི་ལྟུང་བ་གང་ཡིན་པ་དེ་འབྱུང་ཞིང་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་ཡང་འགྱུར་ཏེ། ཊཱི་ཀ་ལས་བསླབ་པ་ལས་འགལ་བར་བྱེད་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ལ་མ་གུས་པ་བསྐྱེད་ན་ནི་ལྟུང་བྱེད་དོ་ཞེས་བཤད་དོ། །སངས་རྒྱས་མྱ་ངན་ལས་འདས་པའི་ཚེ་ན་བཅས་པ་ཁྱད་དུ་གསོད་ཅིང་འགལ་བར་བྱེད་ན་ནི་མ་གུས་པའི་ཚུལ་གྱིས་ཉེས་བྱས་ཏེ། ཊཱི་ཀ་ལས་བསླབ་པ་ཅུང་ཟད་ཙམ་དང་ངན་ངོན་ཙམ་འདིས་ཅི་བྱ་ཞེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་བསྐྱེད་ན་ནི་ཉེས་བྱས་སུ་ཞེས་གསུངས་སོ། །ད་ནི་མྱོས་འགྱུར་འཐུང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ལེགས་འོངས་ཀྱིས་མྱོས་འགྱུར་འཐུངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སེམས་འཁྲུལ་ཏེ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའོ། །དེ་ཡང་འོད་ལྡན་ལས་མྱོས་པར་འགྱུར་བ་ལས་ལྡོག་པ་ནི་སེམས་འཁྲུལ་བའི་རྒྱུ་དག་ཁོ་ན་དགག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཤིང་། ཡང་དེ་ཉིད་ལས་ལྟུང་བ་རིགས་ལྔ་དག་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་དང་། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེས་ན་ལུང་རྣམ་འབྱེད་

༼༨༡༨༽

ལས་དགེ་སློང་དག་ང་ལ་སྟོན་པའོ་ཞེས་ཟེར་བ་དག་གིས་མྱོས་པར་འགྱུར་བ་ཐ་ན་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱ་ཞིང་བླུད་པར་མི་བྱའོ་ཞེས་གསུངས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆང་མཚན་ཉིད་དང་ལྡན་པ་མགུལ་དུ་མིད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། སྦྱར་ཆང་བཅོས་ཆང་གཉིས་ལས་གང་ཡང་རུང་བ་ཡིན་པ་དང་། འཁྲུལ་བ་རྫོགས་པར་བསྐྱེད་པའི་ནུས་པ་ཡོད་པ་དང་། ཐ་སྙད་བྱར་རུང་གི་ཚད་དུ་ཆོག་པ་སྟེ། མྱོས་པར་འགྱུར་བ་འཐུང་ནའོ་ཞེས་པ་དང་། ལུང་རྣམ་འབྱེད་ལས་འཐུངས་ན་མྱོས་པར་མི་འགྱུར་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ཐ་སྙད་བྱར་རུང་གི་ཚད་དུ་མ་ཆོག་ན་ཆང་འཐུང་བའི་ཐ་སྙད་མེད་པའི་ཕྱིར་རོ།་་་་་ཆང་ནི་མི་རུང་བའི་རྫས་ཉིད་ཡིན་པས་ན། རུང་བའི་ཡན་ལག་སྦྱར་བ་ནི་མི་རིགས་ཏེ། ཆང་ནི་རབ་ཏུ་བྱུང་བའི་རྫས་ཉིད་མ་ཡིན་པས་ན། རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་དང་ཞེས་པ་སྦྱར་དུ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་གི་མྱོས་འགྱུར་འཐུང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འཐུང་བར་བྱེད་པ་སྟེ། མཐར་ཐུག་ནི་མགུལ་དུ་མིད་་་་་་ལུང་རྣམ་འབྱེད་ལས་མགུལ་དུ་མིད་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །པའོ། །ཡན་ལག་གི་དོན་ནི་མྱོས་པར་འགྱུར་བ་ཞེས་སོ།་་་་་འོད་ལྡན་ལས་སྦྱར་བའི་ཆང་ནི་ནས་དང་འབྲས་ལ་སོགས་ལ་ཆན་མནན་པར་བྱས་པ་འབྲུའི་ཆང་ངོ་། །བཅོས་པའི་ཆང་ནི། རྒུན་འབྲུའི་ཁུ་བ་ལས་བྱས་པ་རྒུན་ཆང་དང་། བུ་རམ་གྱི་ཁུ་བ་ལས་བྱས་པ་བུར་ཆང་དང་། མེ་ཏོག་ལ་སོགས་པའི་ཆང་སྟེ་ཞེས་བཤད་དོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་དགེ་སློང་མས་ཆང་འཐུང་ངམ་འཐུང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཤད་དོ་འཐུང་དུ་འཇུག་ན་ནི་ཉེས་བྱས་ལ་ལྟུང་བྱེད་དུ་བཏགས་ཏེ་ལྟུང་བར་བྱེད་པ་ཙམ་ལ་དགོངས་སོ་ཞེས་རིགས་སོ། །འོད་ལྡན་རྩ་བ་ལས། གང་ཞིག་མྱོས་འདུ་ཤེས་པས་མྱོས་འཐུང་བ། །འཐུང་ལ་མྱོས་ན་ཉེས་བྱས་ཉིད་ཡིན་ནོ། །ཞེས་གསུངས་ཀྱང་མྱོས་ཞེས་པ་ནི་མཚོན་པ་སྟེ་འཐུང་ན་མ་མྱོས་ཀྱང་ལྟུང་བ་རྫོགས་པར་བྱུང་ངོ་། །ཆང་་་་་་དེ་ཕྱེད་ཙམ་དུ་བ་་་་་་བསྐོལ་ན་ནི་ཞེས་པ་འགྲེལ་ཆུང་ལས་ཆང་ཟངས་གང་ཙམ་བསྐོལ་ནས་ཕྱེད་ཙམ་དུ་དུ་བ་དྲི་རོ་དང་ཁ་དོག་ཀྱང་ཆང་མི་འདྲ་ན་འཐུང་དུ་རུང་ཞེས་སོ།་་་་་སྦང་མ་དང་ཚིགས་མ་ཟ་བ་ནི་ལྟུང་བྱེད་དུ་བསྟན་ཏོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་ནི་གླུམ་ཟ་ན་ཉེས་བྱས་སོ་ཞེས་བཤད་ཀྱང་དེ་ནི་སྦྱོར་བའི་ཉེས་བྱས་ལ་དགོངས་པ་སྟེ་མཐར་ཐུག་ལ་

༼༨༡༩༽

ལྟུང་བྱེད་དུ་འགྱུར་ཏེ། དགེ་སློང་གི་རྣམ་འབྱེད་ལས་དགེ་སློང་གིས་སྦང་མ་དང་ཚིགས་མ་ཟ་ན་ལྟུང་བྱེད་དོ། །མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་ཞེས་པ་ནི་མཛོད་འགྲེལ་ལས་གླ་གོར་ཞོ་ཤ་དང་ཁྲེ་རྒོད་་་་་་ཀོ་ཏྲ་པ་ཞེས་འོད་ལྡན་ལས་སོ། ལ་སོགས་པ་ཡང་མྱོས་པར་བྱེད་པ་ཡིན་པས་ཞེས་གསུངས་པ་ལྟ་བུའོ། །འོད་ལྡན་ལས་་་་་་གླ་གོར་ཞོ་ཤ་ལ་སོགས་པ་དེ་དག་ནི་་་་་་ཟ་ན་ཉེས་བྱས་ཏེ་ཁ་ཟས་མི་འཕྲོད་པ་ཉིད་ཡིན་པས་བཀག་པའི་ཕྱིར་རོ་ཞེས་སོ། །མྱོས་པར་འགྱུར་བ་་་་་་སྦྲང་རྒོད་དང་ཐང་ཕྲོམ་པ་ཡང་དེ་་་་་་ཟན་ཆང་གི་ལྟུང་བར་མི་འགྱུར་ཏེ། ཁ་ཟས་མི་འཕྲོད་པ་ཟ་བའི་ཉེས་བྱས་སུ་འགྱུར་བ། བཞིན་ནོ། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བ་ཞེས་པ་ནི་འོད་ལྡན་རྩ་བ་ལས། གང་ལ་མྱོས་པར་འགྱུར་བའི་དྲི་རོ་ཡོད། །མྱོས་འགྱུར་ཁུ་བ་མིན་ཡང་བཏུང་མི་བྱ། །ཞེས་བཤད་དོ། །ལུས་སྐུད་པ་ནི་སྦྱོར་བ་དང་འདྲའོ་ཞེས་པ་ནི་རང་གི་རྣམ་བཤད་ལས་ཆང་བ་སྤུའི་བུ་ག་རྣམས་ལ་ཞུགས་པ་ནི་འདིར་སྐྱོན་ཞེས་བཤད་དོ། །ད་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་ཕྱི་དྲོ་མ་སྨྲས་པར་གྲོང་དུ་ཕྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བ་དང་། ཐ་དད་དུ་བྱེ་བར་འགྱུར་བ་སྟེ། གྲོང་པའི་ཆོས་དང་ལྡན་པའི་གནས་སུ་འགྲོ་བ་ཡན་ལག་ཏུ་དགོས་པ་དང་། སྲ་བརྐྱང་བཏིང་ན་ལྟུང་མེད་དུ་གསུངས་པས་ཤེས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་ཤར་བའི་བར་དེར་ཁྱིམ་པའི་གནས་སུ་འགྲོ་བ་དགེ་སློང་ལ་མ་སྨྲས་པར་གྲོང་དུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་དུ་འགྲོ་བའི་གནས་དང་། གང་ནས་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་བཞི་ལས། ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་པ་སྟེ། གྲོང་དུ་ཞུགས་ནའོ་ཞེས་གསུངས་པས་སོ།་་་་་ཊཱི་ཀ་ལས་ཁང་པ་གཅིག་ཙམ་ཡོད་པའི་གནས་ཀྱང་གྲོང་ཉིད་ཡིན་ནོ། །གྲོང་པའི་ཆོས་དང་ལྡན་པར་ལྷག་པར་སྤྱོད་པའི་གནས་དག་ལ་ནི། གྲོང་གི་སྒྲ་འཇུག་པར་འགྱུར་བ་ཞེས་བཤད་དོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་དང་། སྤྱོད་ལམ་བཞི་

༼༨༢༠༽

ཡན་ཆད་ཤོང་བ་གཉིས་ནི་སྔར་བཤད་པ་བཞིན་ནོ། །གཙུག་ལག་ཁང་དང་འབྲེལ་བ་མ་ཡིན་པ་སྟེ། སྐབས་འདི་ཉིད་ཀྱི་ལུང་ཞུ་བ་ལས་དགེ་སློང་གིས་གྲོང་གི་ནང་ན་གཙུག་ལག་ཁང་མཆིས་སམ་སྐོར་བར་གྱུར་པ་དེ་ནས་མ་སྨྲས་པར་གྲོང་དུ་ཕྱིན་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པས་སོ། །གནས་ཀྱི་ཆོས་བཞི་པོ་དེ་རྣམས་འོག་མ་གསུམ་ལ་ཡང་སྦྱར་རོ། །གཉིས་པ་གང་ནས་འགྲོ་བའི་གནས་ནི། སྨྲ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པ་སྟེ། དེ་ཡང་སྤྱིར་བཏང་ལ་བརྒྱད་ལས། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། མཚམས་ཀྱི་ནང་ན་གནས་པ་དང་། ས་རང་བཞིན་གནས་པ་ཡིན་པ་དང་། ཐ་དད་པར་གནས་པ་མ་ཡིན་པ་སྟེ། མཚམས་གཞན་ན་གནས་པ་དང་གནས་ནས་ཕྱུང་བ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་ཞེས་གསུངས་པས་སོ། །དམིགས་བསལ་ནི་དགེ་སློང་མེད་ན་མཚན་མི་མཐུན་པ་དགེ་སློང་མ་ལ་སོགས་པ་དང་། བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་ཡང་སྨྲ་བར་བྱ་སྟེ་གཞུང་དུ་ཤེས་པར་འགྱུར་རོ། །གསུམ་པ་གང་གི་ཚེ་འགྲོ་བའི་དུས་ནི། རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་ཏེ། དུས་མ་ཡིན་པ་ཉིད་ལའོ་ཞེས་པ་དང་། སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས་དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ་ཞེས་གསུངས་སོ། །བཞི་པ་གང་གིས་འགྲོ་བའི་རྟེན་ནི་གསུམ་སྟེ། སྨྲ་བའི་ཡུལ་ལ་མ་སྨྲས་པ་དང་། བརྟད་པའི་བྱ་བ་མ་བྱུང་བ་དང་། སྲ་བརྐྱང་མ་བཏིང་བ་སྟེ། དགེ་སློང་འཁོད་པ་ལ་མ་སྨྲས་པ་ལའོ། །གལ་ཏེ་བརྟད་པའི་བྱ་བ་མ་བྱུང་ནའོ་ཞེས་པ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་ལ་ཡང་ཉེས་པ་མེད་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མ་སྨྲས་པར་ཕྱི་དྲོའམ་མཚན་མོ་གྲོང་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྫུ་འཕྲུལ་ལས་གཞན་པས་གྲོང་དུ་འགྲོ་བར་བྱེད་པའོ། །མཐར་ཐུག་ནི་གྲོང་གི་ཉེ་འཁོར་དུ་ཕྱིན་པ་རྫོགས་པའོ། །ཊཱི་ཀ་ལས་བསྐོར་བ་དང་བཅས་པའི་གྲོང་ལ་ནི་སྒོ་གཏན་གྱི་བར་དུ་ཞུགས་ན་ལྟུང་བ་རྫོགས་པར་རིག་པར་བྱའོ། །མ་སྐོར་བ་ལ་ནི་བསྐོར་བའི་མཐའི་འདོམ་གང་ལ་སོགས་པར་རོ་ཞེས་བཤད་དོ། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ། །

༼༨༢༡༽

མཚམས་གཞན་ན་གནས་པ་དག་ཀྱང་མེད་པ་ཉིད་དོ་ཞེས་སྦྱར་ཏེ། དེས་ན་གང་ནས་འགྲོ་བའི་གནས་དེའི་མཚམས་ཀྱི་ནང་ན་གནས་པ་ལ་སྨྲ་བར་བྱའོ།་་་་་སྨྲ་ཡུལ་མེད་ནི་ལྟུང་བ་མེད་དེ། ལུང་ཞུ་བ་ལས་དགེ་སློང་གིས་མ་སྨྲས་པར་ཕྱི་དྲོ་གྲོང་དུ་ཕྱིན་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཡོད་དེ་འདི་ལྟར་དགེ་སློང་དེ་ནི་དགེ་སློང་མེད་པའི་གནས་ན་འདུག་པའོ་ཞེས་གསུངས་ཏེ། དགེ་སློང་མེད་པ་ནི་མཚོན་པ་སྟེ། སྨྲ་ཡུལ་དུ་འོས་པ་དགེ་ཚུལ་ལ་སོགས་པ་གང་ཡང་མེད་ནའོ། །སོ་སོ་ཐར་པའི་འགྲེལ་བ་ཚིག་གི་བརྗེད་བྱང་བམ་དྲུག་མ་ལས་དགེ་བསྙེན་ཡོད་ན། དེ་ལ་ཡང་སྨྲ་བར་བཤད་ཅིང་། ལུང་ཞུ་བ་ལས་དགེ་སློང་གིས་ཁྱིམ་པ་ལ་གོ་བར་བགྱིས་ཏེ་སོང་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པས། དགེ་བསྙེན་ལ་སྨྲས་ཏེ་སོང་ན་ལྟུང་བྱེད་མི་བསྐྱེད་པར་གསལ་ལོ། །ད་ནི་གྲོང་དུ་རྒྱུ་བའི་ལྟུང་བྱེད་འཆད་དེ། འདི་ལ་གཉིས་ཏེ། སྔ་དྲོ་གྲོང་དུ་རྒྱུ་བ་དང་། ཕྱི་དྲོ་གྲོང་རྒྱུ་བའོ། །དང་པོའི་སྤྱི་དོན་ལ་བཞི་ལས་གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་སྔ་དྲོ་གྲོང་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་སྔ་དྲོའི་དུས་སུ་རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་འདྲེན་པའི་ཚེ་ཟས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་བསྒོ་བར་ཁྱིམ་གསུམ་པའམ་བཞི་པ་ལ་སོགས་པར་རྒྱུ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་རྒྱུ་བའི་གནས་དང་། གང་གི་ཚེ་རྒྱུ་བའི་དུས་དང་། གང་གིས་རྒྱུ་བའི་རྟེན་ནོ། །དང་པོ་ལ་སྔར་བཤད་མ་ཐག་པའི་གནས་ཐུན་མོང་བ་བཞི་པོའི་སྟེང་དུ། ཁྱིམ་གསུམ་ཡན་ཆད་ཡིན་པ་སྟེ། གསུམ་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། དུས་སྔ་དྲོ་ཡིན་པ་དང་། རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་དྲངས་པའི་དུས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུན་ལྟུང་བྱེད་དུ་ཞེས་གསུངས་ཏེ། སྔ་དྲོ་དང་ཞེས་གསུངས་པ་དང་། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ན་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས་དེའི་ངོར་མགྲོན་དུ་བོས་པ་མ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །གསུམ་པ་ནི་སྦྱིན་བདག་ལ་མ་བསྒོ་བ་སྟེ། སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་ཞེས་གསུངས་

༼༨༢༢༽

པས་སོ།་་་་་སྦྱིན་བདག་ལ་བསྒོ་ན་ནི་སྔ་དྲོ་གྲོང་རྒྱུ་བ་ཡང་ལྟུང་བ་མེད་དེ། དགག་བྱ་མེད་པའི་ཕྱིར་རོ། །བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། རང་གི་རྣམ་བཤད་ཊཱི་ཀ་ལས། དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །ཀུན་སློང་ནི་རང་གར་ཁྱིམ་གསུམ་ཡན་ཆད་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་གསུམ་པ་ཡན་ཆད་དུ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ཉེ་འཁོར་འདས་པ་ལ་སོགས་པའོ། །གཉིས་པ་དུས་མ་ཡིན་པར་གྲོང་དུ་རྒྱུ་བའི་་་་་་ནི་ཕྱི་དྲོ་གྲོང་རྒྱུ་བས་སམ་མཚན་མོ་གྲོང་རྒྱུ་བ་སྟེ་འདི། སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཕྱི་དྲོ་གྲོང་དུ་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་ཁྱིམ་བཞི་པའམ་ལྔ་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དུ་རྒྱུ་བའི་གནས་དང་། གང་གི་ཚེ་རྒྱུ་བའི་དུས་སོ། །དང་པོ་ལ་ལྔ་སྟེ། སྔར་བཤད་པའི་གནས་ཐུན་མོང་བ་བཞི་པོའི་སྟེང་དུ། ཁྱིམ་བཞི་ཡན་ཆད་ཡིན་པ་སྟེ། ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ་ཞེས་གསུངས་པས་སོ། །གཉིས་པ་ནི། རང་གི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བ་སྟེ། དུས་མ་ཡིན་པར་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་ཁྱིམ་བཞི་ཡན་ཆད་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཁྱིམ་བཞི་པ་ཡན་ཆད་དུ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ཉེ་འཁོར་འདས་པ་ལ་སོགས་པའོ། །ཡན་ལག་གི་དོན་ནི་་་་་་དུས་མ་ཡིན་པར་གྲོང་དུ་རྒྱུ་བ་ནི་ཕྱི་དྲོ་གྲོང་དུ་རྒྱུ་བ་ལས་སམ་མཚན་མོ་གྲོང་རྒྱུ་བ་སྟེ། ལུང་རྣམ་འབྱེད་ལས་སྔ་དྲོ་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ན་ལྟུང་བྱེད་དོ་ཞེས་སོ། ནི་དུས་མ་ཡིན་པའི་ཁྱིམ་བཞི་པ་ཞེས་སོ། །ལུང་ལས་སྔ་དྲོ་གྲོང་དུ་རྒྱུ་བ་སྔོན་ལ་གསུངས་ཀྱང་། འདིར་སྔོན་དུ་མ་བསྟན་པའི་རྒྱུ་མཚན་ནི། དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང་དུས་མ་ཡིན་པར་གྲོང་དུ་རྒྱུ་བ་གཉིས་རིགས་མཐུན་ལྷན་

༼༨༢༣༽

ཅིག་ཏུ་བསྟན་ན་རྟོགས་པར་སླ་བའི་ཕྱིར་རོ། །མདོ་གཉིས་ཀ་ལ་སོགས་ཞེས་སྨོས་པ་ནི་ཊཱི་ཀ་ལས་ཁྱིམ་རེ་རེར་སོང་བ་ལ་ལྟུང་བྱེད་རེ་རེར་འགྱུར་ཞེས་སོ། །སྐབས་འདིར་རྣམ་འབྱེད་འགྲེལ་ལས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཞེས་ལུང་ལས་ཅིག་ཅར་གསུངས་པས། སྔ་དྲོ་དང་ཕྱི་དྲོ་གཉིས་ཀ་ཁྱིམ་རྒྱུར་སོང་ན་དངོས་གཞི་གཅིག་ཏུ་འགྱུར་གྱི། སྔ་དྲོའམ་ཡང་ན་ཕྱི་དྲོ་ཁྱིམ་རྒྱུར་སོང་བ་ལ་ནི་ཉེས་བྱས་སུ་རིག་པར་བྱའོ་ཞེས་བཤད་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་ཟས་སྔ་མ་ལ་ཁྱིམ་གཉིས་སུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ། །ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ། ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་བས། མདོ་རྩ་འགྲེལ་ལས་སྔ་དྲོ་དང་ཕྱི་དྲོ་གང་རུང་རེ་རེ་གྲོང་རྒྱུན་ཡང་ལྟུང་བྱེད་དུ་གསུངས་པ་འདིའི་རྗེས་སུ་འབྲང་བར་བྱའོ། །ད་ནི་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་རྣམ་འབྱེད་ལས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་གསུངས་ཀྱང་། གཙོ་བོར་ནི་ཆགས་པའི་རྒྱུར་འགྱུར་བ་དང་། སྐུར་པའི་ཚིག་འབྱུང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ནུབ་ཕྱོགས་ཀྱི་འོད་དམར་པོ་འདས་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་དུ་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་གི་གནས་སུ་འགྲོ་ན་བསྐོར་བ་མེད་ན་ཕྱི་རོལ་གྱི་ཉེ་འཁོར་འདོམ་གང་གི་ཁོངས་སུ་ཕྱིན་པ་དང་། བསྐོར་བ་ཡོད་ན་ནང་གི་སྒོ་མ་བཙུགས་པ་ལ་ཕྱི་བསྐོར་གྱི་སྒོ་བཙུགས་ཤིང་བཅད་ན་གཏན་པའི་གནས་འདས་པ་དང་། སྒོ་མ་བཅད་ན་གཏན་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པ་དང་། ནང་གི་སྒོ་བཙུགས་ཤིང་བཅད་ན་དེ་ཉིད་ཀྱི་གཏན་པའི་གནས་སུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་འགྲོ་བའི་

༼༨༢༤༽

གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་སྔར་བཤད་པའི་གནས་ཐུན་མོང་བ་བཞི་པོ་ལ། ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཡིན་ཞེས་པའི་ཤུལ་དུ། རྒྱལ་པོ་མི་ཡིན་པས་ཁྱད་པར་དུ་བྱས་པའི་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་ཡིན་པ་སྟེ། བསྡུས་པ་ལས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་ནམ་མཁའ་ལྡིང་རྣམས་ཀྱི་སྒོ་གཏན་ལས་འདས་ན་ཉེས་བྱས་སོ་ཞེས་བཤད་དོ། །རྒྱལ་པོ་མི་ཡིན་པ་མ་ཚང་ན་ལྟུང་བ་ན་སྨད་དུ་བཤད་པ་དང་།་་་་་བཙུན་མོ་་་་་འདུག་པའི་གནས་དང་འབྲེལ་བའི་འཁོར་ཞེས་པ་སྟེ། རྒྱལ་པོའི་ཕོ་བྲང་གི་་་་་་གནས་ལ་ཡང་ཞེས་གསུངས་པས་སོ། །གཉིས་པ་ནི་མཚན་མོར་གྱུར་ནས་ནམ་མ་ལངས་པ་སྟེ། ནམ་མ་ལངས་པ་ཉིད་ལའོ་ཞེས་གསུངས་པས་སོ། །གསུམ་པ་ལ་གཉིས་ཏེ། རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པ་དང་། དོན་ཁྱད་པར་ཅན་སྒྲུབ་པ་མ་ཡིན་པའོ། །དེ་ཡང་གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་ཞེས་པ་དང་། བར་ཆད་དེ་འདུལ་བའི་དབང་གིས་མ་ཡིན་པ་ལའོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དགར་རྒྱལ་པོའི་ཕོ་བྲང་ངམ་བཙུན་མོའི་འཁོར་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེར་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་སྔར་ངོ་ཏིའི་སྐབས་དང་འདྲའོ། །ཡན་ལག་གི་དོན་ནི། ཤེས་གཙོའོ་ཞེས་སོ། །སྐབས་འདིར་ནི་སྐྱ་རེངས་དང་པོ་དང་བར་པ་ཤར་ཡང་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་ནམ་མ་ལངས་པ་དེ་ཡིན་ནོ། །རྣམ་འབྱེད་འགྲེལ་ལས་སྐྱ་རེངས་ཐ་མ་མ་ཤར་ན་འཇིག་རྟེན་ཕལ་ཆེར་མཚན་མོའི་ཐ་སྙད་འཆད་པའི་ཕྱིར་རོ་ཞེས་སོ། །བཙུན་མོའི་འཁོར་རམ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དེའི་ཚེ་ནུབ་མོའི་གནས་སྐབས་མ་ཡིན་པ་སྟེ་ཉིན་མོ་འགྲོ་བ་ལ་ཡང་དེར་མཚན་མོ་གནས་ན་ལྟུང་བྱེད་འབྱུང་ངོ་།་་་་་དེའི་སྒོ་གཏན་དང་ཉེ་འཁོར་གཉིས་ནི་ཞེས་དེང་སང་གི་དཔེ་ཁ་ཅིག་ན་སྣང་སྟེ་མ་གོ་བར་ཕྱིས་གཞུང་བཅོས་པར་ཟད་དོ། །མདོ་རྩ་བ་དཔེ་རྙིང་བ་རྣམས་ལས་ནི་དེའི་སྒོའི་གཏན་པའི་ཉེ་འཁོར་གཉིས་ནི་ཞེས་གསུངས་པ་དེ་གཞུང་དག་པ་ཡིན་ནོ། །བཙུན་མོའི་འཁོར་དེའི་གཏན་པའི་ཉེ་འཁོར་གཉིས་ནི་སྒོ་ལོགས་ཀྱི་ཉེ་འཁོར་དང་ཕུགས་ལོགས་ཀྱི་ཉེ་འཁོར་དེ་གཉིས་ཀྱི་རང་རང་གི་ནང་ངོས་ཀྱི་མཐའ་གཉིས་ནི་བཙུན་མོའི་འཁོར་གྱི་གནས་དེའི་དང་པོ་

༼༨༢༥༽

ཡིན་ནོ་ཞེས་པའོ། །དེ་ཡང་ཊཱི་ཀ་ལས་་་་་་སྒོའི་ཐེམས་པའི་ནང་རོལ་གྱི་ཕྱོགས་གང་དུ་སྒོ་གཏན་གྱི་རྩ་བ་བརྟེན་པ་་་་་འི་སའི་ཁུང་བུ་དེ་ནས་དེའི་རྩེ་མོ་སྒོ་ལོགས་སུ་བརྟེན་པའི་ཐག་ཇི་སྲིད་ཡོད་པའི་བར་དེ་ནི་ཉེ་འཁོར་གཅིག་ཡིན་ནོ། །ནང་རོལ་གྱི་ཕྱོགས་གང་དུ་སྒོ་གཏན་གྱི་རྩ་བ་བརྟེན་པ་་་་་འི་ཡན་ལག་གཞིའི་ཁུང་བུ་དེ་ཉིད་ནས་དེའི་རྩེ་མོ་ཕྱིར་བཟློག་སྟེ་ཕུགས་ལོགས་སུ་བསྙལ་བའི་ཐག་ཇི་སྲིད་ཡོད་པའི་བར་དེ་ནི་ཉེ་འཁོར་གཉིས་པ་ཡིན་ཏེ་ཞེས་སོ། །དེ་ཡང་བཙུན་མོའི་འཁོར་གྱིས་སྒོ་བཙུགས་པ་ལ་ཡང་སྒོ་བཅད་པ་དང་མ་བཅད་པ་གཉིས་ལས། སྒོ་བཅད་ན་ནི་གཏན་པའི་གནས་ཀྱི་མཐའ་དེ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ཏེ། སྒོ་གཏན་འཛུགས་པའི་ས་གཞིའི་ཁུང་བུ་དེ་ནི་གཏན་པའི་གནས་ཞེས་བྱ་སྟེ། གཏན་པའི་གནས་དེ་ནི་སྒོ་ལོགས་ཀྱི་ཉེ་འཁོར་ཡང་ཡིན་ཏེ། གཏན་པའི་གནས་དེ་ནི་ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་ཡིན་ནོ།་་་་་སྐབས་འདིར་གཏན་པའི་ཉེ་འཁོར་གྱི་མཐའ་དང་གཏན་པའི་གནས་ཀྱི་མཐའ་ནི་ངོ་བོ་གཅིག་སྟེ། ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་དེ་ནི་གཏན་པའི་གནས་ཀྱི་མཐའ་ཡང་ཡིན་ནོ། །དེ་ལྟར་སྒོ་བཅད་ན་ནི་སྒོ་ལོགས་ཀྱི་ཉེ་འཁོར་དེའི་་་་་་ཕྱི་ངོས་ཀྱི་མཐའ་ལས་གཞན་ནང་ངོས་ཀྱི་མཐའ་དེ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ལ། སྒོ་མ་བཅད་ན་ནི་ཕུགས་ལོགས་ཀྱི་ཉེ་འཁོར་དེའི་ནང་ངོས་ཀྱི་མཐའ་དེ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །དེས་ན་གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་སྒོ་མ་བཅད་པ་ལ་ནི་སྒོ་འཕར་ནས་ནང་རོལ་ཏུ་སྒོ་གཏན་གྱི་སྲིད་ཀྱི་ཉེ་འཁོར་ལས་འདས་ན་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །ཞེས་བཤད་དོ། །དེ་དག་ནི་སྒོ་བཙུགས་པའི་རྣམ་པར་བཞག་པ་ཡིན་ནོ། །སྒོ་མ་བཙུགས་ན་ནི་ཊཱི་ཀ་ལས་བཙུན་མོའི་འཁོར་འདུག་པའི་གནས་ཀྱི་སྒོ་མ་བཙུགས་པ་དེའི་ཚེ་ནི་འོབས་ལ་སོགས་པའི་ནང་ངོས་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ་ཞེས་བཤད་དོ།་་་་་དེ་ལྟར་རྣམ་པར་བཞག་པའི་རྒྱུ་མཚན་ནི། སྒོ་བཅད་ན་ནི་རིན་པོ་ཆེ་འོད་འབྱིན་པ་རྣམས་ཀྱང་མ་བསྡུས་པར་ཡོད་ཅིང་། བཙུན་མོ་རྣམས་ཀྱང་གོས་ཚགས་མ་བསྡམས་པར་ཡོད་ཅིང་དེས་ན་དགག་བྱ་ཆེ་བའི་ཕྱིར་དང་། སྒོ་མ་བཅད་ན་ནི་དེ་ལས་ལྡོག་པ་ཉིད་དུ་གནས་པས་དགག་བྱ་ཆུང་བའི་ཕྱིར་རོ་ཞེས་ཤ་མི་སྦས་ཏི་ལ་སོགས་པ་གསུང་ངོ་། །རྒྱལ་པོའི་ཕོ་བྲང་གི་གནས་ལའང་ངོ་སྟེ་ལྟུང་བྱེད་དུ་འགྱུར་བའོ། །འདི་ནི་རང་གི་རྣམ་བཤད་དང་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号