ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༧༩༥༽

ལུས་དངོས་མ་ཉམས་པ་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་རེག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ་གང་ལ་རེག་པའི་ཡུལ་དང་། གང་གིས་རེག་པའི་རྟེན་ནོ། །དང་པོ་ལ་དགུ་སྟེ། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ལུས་དངོས་ཡིན་པ་སྟེ། ལུང་ཞུ་བ་ལས་དགེ་སློང་གཞན་གྱི་སེན་མོ་དང་སོ་དང་སྤུ་ལ་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པས་སོ། །མ་ཉམས་པ་ཡིན་པ་སྟེ། ག་ག་ཚིལ་བྱེད་པ་ལ་་་་་་རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །ཡང་ངོ་། །ཞེས་་་་་་དགེ་སློང་གཞན་གྱི་ལུས་དེ་རྨ་དང་ཤུ་བ་དང་ཁྱི་རྔོ་ལ་སོགས་པས་མ་ཉམས་པ་ཡན་ལག་ཏུ་དགོས་པར་སྤྱིར་བསྟན་པ་ལས། གསུངས་པས་སོ། །ཕམ་པ་དངོས་སུ་བསྐྱེད་ནུས། རེག་པའི་ཆ་ནས་ལམ་གཉིས་ལས་གཞན་ཡིན་པ་སྟེ། ཕྱུང་བ་ཐམས་ཅད་ལ་མཐའ་་་་་་ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ཐམས་ཅད་ལ་ལམ་གསུམ་དུ་ཡན་ལག་མཚམས་ལས་འདས་ཏེ་གྱུར་ན་མཐའ་ཕམ་པ་ཉིད། ཉིད་ཅེས་གསུངས་པའི་གནད་ཀྱིས་་་་་་ག་ག་ཚིལ་བྱེད་པའི་འདུན་པས་རེག་པ་ཐམས་ཅད་ལ་དགེ་སློང་དག་གཞན་གྱི་ལམ་གཉིས་སུ་རང་གི་ཡན་ལག་གིས་མཚམས་ལས་འདས་ཏེ་རེག་ན་མཐའ་ཕམ་པ་ཉིད་ཅེས་སྦྱར་བས་སོ། །གཉིས་པ་གང་གིས་རེག་པའི་རྟེན་ནི། ལུས་དངོས་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། ཕམ་པ་དངོས་སུ་བསྐྱེད་ནུས་རེག་པའི་ཆ་ནས་རང་གི་ཡན་ལག་གཞན་ཡིན་པ་སྟེ། ལུང་ཞུ་བ་ལས་དགེ་སློང་གིས་སེན་མོ་དང་སོ་དང་སྤུས་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་། ལུང་ཞུ་བ་ལས་དགེ་སློང་གིས་རྨས་ག་ག་ཚིལ་བགྱིས་ན་ཅིར་འགྱུར་ཉེས་བྱས་སུ་གསུངས་ཤིང་། སྤྱིར་བསྟན་པའི་ཊཱི་ཀ་ལས་རྨ་དང་ཁྱིའི་རྔོ་ལ་སོགས་པ་རང་གི་་་་་་ལུས་ཉམས་པས་ག་ག་ཚིལ་བྱས་པ་ལ་ཉེས་བྱས་སུ་གསུངས་པ་དང་། ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་ཅེས་གསུངས་པའི་གནད་ཀྱིས་སྦྱར་ཏེ་སྔར་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་ག་ག་ཚིལ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རེག་པར་བྱེད་པའོ། །མཐར་ཐུག་ནི་རེག་པ་རྫོགས་པའོ། །ཊཱི་ཀ་ལས་

༼༧༩༦༽

རེག་པ་དེ་གཉིས་ཀས་ཉམས་སུ་མྱོང་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་ཀྱང་བཤད་དོ། །ཡན་ལག་གི་དོན་ནི་དགེ་སློང་ལ་སོར་མོ་འམ་ཞེས་པས་སོ། །འདི་ནི་ལུང་རྣམ་འབྱེད་ལས་མགོ་དང་གློ་དང་རྒྱབ་དང་རྐེད་པ་དང་བརླ་དང་བྱིན་པ་དང་ཐ་ན་རྐང་པའི་མཐེ་བོས་ག་ག་ཚིལ་བྱེད་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །འོ་ན་ལུང་ཞུ་བ་ལས་དགེ་སློང་གིས་མཛུབ་མོས་ག་ག་ཚིལ་བགྱིས་པ་མ་གཏོགས་པར་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་མགོ་བོའམ་ཕྲག་པའམ། གྲུ་མོའམ་པུས་མོ་ལ་སོགས་པ་རྣམས་ཀྱིས་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། དྲི་བ་རྒྱ་ཆེ་འགྲེལ་པ་ལས་ཀྱང་དགེ་སློང་གིས་སོར་མོས་ག་ག་ཚིལ་བགྱིས་པ་མ་ལགས་པ། དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་མགོ་བོའམ་དཔུང་མགོའམ་གྲུ་མོའམ་པུས་མོ་ལ་སོགས་པ་རྣམས་ཀྱིས་ག་ག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་ཁུངས་དྲངས་སོ་ཞེ་ན། སྐབས་འདིར་ལུང་ཞུ་བ་དང་དྲི་བ་རྒྱ་ཆེ་འགྲེལ་པས་ཉེས་བྱས་སུ་བཤད་པ་དེ་དག་ནི་སྦྱོར་བའི་ཉེས་བྱས་ལ་དགོངས་ཞེས་བརྗོད་ཅིང་། ལུང་རྣམ་འབྱེད་དང་མདོ་རྩ་བས་ལྟུང་བྱེད་དུ་གསུངས་པ་དེ་གཙོ་བོར་གཟུང་ངོ་། །རེག་བྱེད་གཅིག་གམ་དུ་མ་ཉིད་ལས་ལྟུང་བྱེད་གཅིག་ཏུ་འགྱུར་ཞེས་མདོ་རྩ་བའི་དགོངས་པ་སྟེ། ཊཱི་ཀ་ལས་སོར་མོ་ལ་སོགས་པས་རེག་བྱེད་གཅིག་ཉིད་ཀྱང་རུང་དུ་མ་ཉིད་ཡིན་ཡང་རུང་སྟེ། ལྟུང་བྱེད་གཅིག་ཁོ་ནར་འགྱུར་ཞེས་སོ། །འོ་ན་ལུང་དགེ་སློང་མའི་རྣམ་འབྱེད་ལས་སོར་མོ་ལྔས་ག་ག་ཚིལ་བྱེད་ན་ལྟུང་བྱེད་ལྔའོ་ཞེས་གསུངས་པ་དང་། རང་གི་རྣམ་བཤད་ལས་ཀྱང་། སོར་མོ་ལྔ་དག་གིས་ག་ག་ཚིལ་བྱེད་ན་ལྟུང་བ་ལྔར་འགྱུར་རོ་ཞེས་བྱ་བའི་གཞུང་མཐོང་བ་ཡིན་ནོ། །བརྡེག་པའི་བསླབ་པའི་གཞིའི་རྗེས་སུ་འབྲངས་ནས་སོ་སྙམ་དུ་བདག་ཅག་སེམས་སོ་ཞེས་བཤད་པ་ཇི་ལྟར་ཞེ་ན། མའི་རྣམ་འབྱེད་ལ་སོགས་པ་ལས། སོར་མོ་ལྔས་རེག་ན་ལྟུང་བྱེད་ལྔར་གསུངས་པ་དེ་ནི། ཀུན་སློང་ཐ་དད་ཅིང་སྦྱོར་བ་ཐ་དད་ཀྱིས་རེག་པ་ལ་དགོངས་པ་ཡིན་ལ། ཀུན་སློང་གཅིག་ཅིང་སྦྱོར་བ་གཅིག་གིས་རེག་པའི་དབང་དུ་བྱས་ནས། རང་འགྲེལ་དང་ཊཱི་ཀ་ལས་རེག་བྱེད་དུ་མས་རེག་ཀྱང་ལྟུང་བ་གཅིག་ཁོ་ནར་འགྱུར་

༼༧༩༧༽

ཞེས་གསུངས་སོ། །དེའང་ལྟུང་བྱེད་གཅིག་ཁོ་ནར་འགྱུར་ཞེས་དགོངས་པ་ཡིན་གྱི། ལྟུང་བ་གཅིག་ཁོ་ནར་འགྱུར་བ་ནི་མ་ཡིན་ཏེ། སྦྱོར་བའི་ཉེས་བྱས་དང་མཐར་ཐུག་གི་ལྟུང་བྱེད་འབྱུང་བས་ལྟུང་བ་ཐ་དད་དུ་འགྱུར་བ་མིན་ནམ་ཅི་ཞེས་བརྗོད་དོ།་་་་་བམ་པོ་ལྔ་བཅུ་པ་ལས་རེག་བྱེད་གཅིག་གམ་དུ་མ་ཉིད་ལ་སྤྱིར་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞི་གཅིག་ཏུ་འགྱུར་རོ། །ཇི་སྲིད་དུ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ་ཞེས་བཤད་དོ། །ད་ནི་ཆུ་ལ་རྩེ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་བཅུ་བདུན་སྡེས་ཆུ་ལ་རྩེ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྒོད་བག་ལ་ཆགས་པ་འཕེལ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ཆུ་ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་ལ་རྩེའམ་རྩེར་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ་དང་། ལྟེ་བ་ནུབ་པའི་ཚད་དུ་ཆོག་པ་སྟེ། ཆུའི་ཡུལ་ལ་ཞེས་པ་དང་། ཊཱི་ཀ་ལས་ཆུའི་ནང་དུ་ལྟེ་བ་མན་ཆད་ཙམ་ནུབ་པར་ཞུགས་ཤིང་ཞེས་གསུངས་པས་ཤེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རྒོད་པས་དགའ་བ་ཉམས་སུ་མྱོང་བར་བྱ་བའི་འདུན་པས་རྩེ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རྩེ་བར་ཞུགས་པའོ། །མཐར་ཐུག་ནི་རྩེ་བ་རྫོགས་པའོ། །ཡན་ལག་གི་དོན་ནི་ཆུའི་ཡུལ་ལ་ཞེས་སོ། །དགེ་སློང་ཆུའི་ནང་དུ་ཞུགས་ཤིང་ཆུ་ལ་ལག་པ་གཉིས་ཀྱིས་བརྡབས་ཏེ། རྔ་བོ་ཆེ་འདྲ་བའི་སྒྲ་འབྱིན་པ་དང་ཆུ་ལ་ལག་པ་གཅིག་གིས་བརྡབས་ཏེ་རྫ་རྔ་ཁ་གཅིག་པ་འདྲ་བའི་སྒྲ་འབྱིན་པ་དང་ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་གསལ་ལོ། །ཆུར་ཞུགས་ཏེ་ཆུ་ནང་གི་གསེག་མ་ལག་པས་འཁྲབ་པ་དང་། འདི་ནས་བཟུང་སྟེ་ཆུ་བསྲུབས་འདྲེན་ཞེས་པ་ཡན་ཆད་ཀྱི་བཤད་པ་འདི་དག་ནི་འགྲེལ་ཆུང་ལས་འཕེན་པ་སྟེ་ཆུ་ལ་ལག་ཆངས་ཀྱིས་གཏོར་བ་དང་། ཁོར་ཡུག་སྟེ་ཆུ་ལ་ལག་པས་བསྐོར་བ་དང་། རྡོ་རྗེ་དང་ཞེས་པ་རྡོ་རྗེ་ཐབས་སུ་འཕངས་ཀྱང་

༼༧༩༨༽

རུང་རྡོ་རྗེ་འདྲ་བ་བྲིས་ཀྱང་རུང་ངོ་། །ཁྲོན་པ་དང་ཞེས་པ་ཆུ་ལ་དྲག་ཏུ་བསྐོར་ན་དབུས་སུ་བུ་གུ་འདྲ་བ་བྱུང་བ་དང་། དཔའ་ཀློང་སྟེ་ཆུ་འཁྱིལ་བར་བྱེད་པ་དང་། ཆུ་བསྲུབས་འདྲེན་པ་སྟེ་ཆུ་ལ་རི་མོ་ཤུར་ཤུར་བོར་དྲངས་པ་ཞེས་བཤད་དོ། །འུ་ཤ་དང་ཞེས་པ་ནི་ཤ་ཁུ་དང་ཞེས་ལུང་དགེ་སློང་མའི་རྣམ་འབྱེད་ལས་སོ། །ད་ནི་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སངས་རྒྱས་མཉན་ཡོད་ན་བཞུགས་ཚེ་མ་འགགས་པ་ལྗོངས་གྱུར་སོང་སྟེ། རི་བྲག་གི་གྲོང་དུ་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་མེད་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་དང་ཉལ་བའི་ཡུལ་དང་། གང་དུ་ཉལ་བའི་གནས་དང་། གང་གི་ཚེ་ཉལ་བའི་དུས་དང་། གང་གིས་ཉལ་བའི་རྟེན་ནོ། །དང་པོ་ནི་སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པའི་བུད་མེད་ཆོས་ལྔ་ལྡན་གྱི་སྟེང་དུ་བསྲུང་མ་དང་མི་ལྡན་པ་སྟེ། བུད་མེད་བདག་པོས་བསྲུངས་པ་ནི་ཞེས་གསུངས་པས་སོ། །གཉིས་པ་ནི་གནས་ཆོས་གསུམ་ལྡན་ཏེ། གཞན་ནི་སྔར་ནུབ་ལྷག་གི་སྐབས་དང་འདྲ་བ་ལས། བྱ་གག་ཕུར་ནས་བབས་པའི་ལམ་ནི་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ་ཞེས་གསུངས་པ་ནི་འདིར་ཁྱད་པར་རོ། །གསུམ་པ་ནི་དུས་མཚན་མོ་ཡིན་པ་སྟེ་མཚན་མོའོ་ཞེས་སོ། །བཞི་པ་ནི་རྟེན་ཁྲིམས་གྲོགས་དང་མི་ལྡན་པ་སྟེ། ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཉལ་ཞིང་གཉིད་ལོག་པའོ། །མཐར་ཐུག་ནི་མཚན་མོའི་མཐའི་སྐད་ཅིག་སྟེ། མཐར་རོ་ཞེས་གསུངས་སོ། །ཊཱི་ཀ་ལས་མཚན་མོ་མཐའི་སྐད་ཅིག་ལའོ་ཞེས་སོ། །སྐབས་འདིའི་ལུང་རྣམ་འབྱེད་ལས་སྐྱ་རེངས་ཤར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུང་པ་དང་འགལ་ཞེ་ན། ལྟུང་

༼༧༩༩༽

བྱེད་དུ་གྱུར་པ་ལ་ལྟུང་བྱེད་དུ་འགྱུར་ཞེས་གསུངས་པའོ།་་་་་ཡན་ལག་གི་དོན་ནི་བུད་མེད་དང་ལྷན་ཅིག་ཅེས་སོ། །ཁ་ཅིག་ན་རེ་དགེ་སློང་གིས་རང་གི་ཉེ་དུ་མོ་དང་ལྷན་ཅིག་ཉལ་པ་ལ་ཉེས་པ་མེད་དེ་འཁྲུར་འཇུག་ལ་སོགས་པའི་མདོར་བསྡུས་སྦྱར་རོ་ཞེས་འཆད་ཀྱང་། འདི་ནི་འཁུར་འཇུག་ལ་སོགས་པ་དང་རྒྱུ་མཚན་མི་མཚུངས་སོ། །དགེ་སློང་གིས་ཁྲིམས་གྲོགས་མེད་པར་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་གནང་ངོ་ཞེས་གཞུང་གང་ལས་ཀྱང་མ་གསུངས་ཏེ། ལུང་ཕྲན་ཚེགས་ལས་དགེ་སློང་མས་རང་གི་བུ་དེ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས་གསུངས་པ་དང་རྒྱུ་མཚན་མཚུངས་སོ།་་་་་བྱ་གག་གི་ཚད་ནི་ཉེས་བྱས་བྱེད་པ་ཞེས་པ་ལ། བསྡུས་པ་ལས། ཐ་ན་བྱ་གག་མོ་དེ་དང་ལྷན་ཅིག་ཉལ་ན་ཉེས་བྱས་སོ། །དེ་ལས་ཆུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་སོ། །ལུང་ཞུ་བ་ལས་བྱོལ་སོང་མོ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ན་དེ་ཇི་ལྟ་བུ་ལགས། བྱའི་ནང་ན་ཁྱིམ་བྱ་མོའམ་ཁྱིམ་བྱ་མོ་དང་འདྲ་བའོ། །རྐང་བཞིའི་ནང་ན་སྤྲེའུ་མོའམ་སྤྲེའུ་མོ་དང་འདྲ་བའོ། །མི་མ་ཡིན་མོ་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ན། དེ་ཇི་ལྟ་བུ་ལགས། ཡན་ལག་ཐམས་ཅད་ནས་གཟུང་དུ་རུང་ཞིང་ལྟར་ཡོད་པའོ། །ཞེས་གསུངས་སོ། །ད་ནི་དངངས་པར་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དངངས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་ཉེ་བར་བསྒྲུབ་པ་རང་ངམ་བསྐོས་པའི་ངག་གི་རིག་བྱེད་ཀྱིས་དངངས་པར་བྱེད་པའི་ཚིག་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དངངས་པར་བྱ་བའི་ཡུལ་དང་། གང་གིས་དངངས་པར་བྱེད་པའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་ནོ། །གཉིས་པ་ནི་འཇིགས་པའི་རྒྱུ་ཡིད་དུ་མི་འོང་བ་སྟེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་

༼༨༠༠༽

ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བཞད་གད་ཡན་ཆད་ཀྱིས་དངངས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པའི་ངག་གི་རིག་བྱེད་ཀྱིས་དངངས་པར་བྱེད་པར་ཞུགས་་་་་་སེལ་བ་ནི་ལུང་ཞུ་བ་ལས་བཙུན་པ་དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་ལ་བསྡིགས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་སོ། །པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི་བཞད་གད་བྱ་བར་ཞེས་སོ། །དངངས་པར་འདོད་པས་ཞེས་པ་ནི་འདིར་སྨོས་མི་དགོས་ཏེ། འཇིགས་པའི་རྒྱུ་ཉེ་བར་བསྒྲུབ་པ་ཉིད་ཀྱིས་དངངས་འདོད་ཡོད་པར་གོ་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཇིགས་རྒྱུ་ཉེ་བར་བསྒྲུབ་པ་དེ་ལན་མང་དུ་གོམས་ཤིང་འདྲིས་པར་གྱུར་པ་ལ་བཞད་གད་བྱའོ་སྙམ་སྟེ་དངངས་འདོད་མེད་པར་ཡང་འཇིགས་རྒྱུ་ཉེ་བར་བསྒྲུབ་པར་ཡོད་པའི་ཕྱིར་རོ།་་་་་དེ་ལྟར་ཊཱི་ཀ་ལས་བཤད་དོ། །དངངས་འདོད་མེད་ན་ནི་འཇིགས་རྒྱུ་ཉེ་བར་བསྒྲུབ་པ་ཡོད་ཀྱང་ལྟུང་བ་འདིར་མི་འགྱུར་རོ། །ཡི་དྭགས་དང་ཤ་ཟ་དང་ཞེས་ཏེ། ཡི་དྭགས་ལ་སོགས་པ་དེ་དག་གིས་ཁྱོད་ཁྲིད་པར་འགྱུར། དེ་དག་གིས་ཁྱོད་གསོད་པར་འགྱུར་ཞེས་སྒྲོགས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ།་་་་་ས་ཕྱོགས་འདི་ན་ཡི་དྭགས་ཡོད་དོ་ཞེས་སྒྲོགས་ན་ལྟུང་བྱེད་དངོས་གཞིར་འགྱུར་ཡང་དམིགས་བསལ་ནི་ན་སྨད་ཀྱི་སྐབས་སུ་ལྷ་དང་ཀླུ་དང་ཞེས་པའི་རང་གི་རྣམ་བཤད་ལས། འདིར་ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་ཡིན་ཏེ། ཤིན་ཏུ་མཛེས་པའི་ཡི་དྭགས་ལ་སོགས་པ་རྣམས་ཀྱང་འདིར་བསྡུས་པའོ་ཞེས་བཤད་དོ། །ཊཱི་ཀ་ལས་་་་་་འདིར་ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ། ཡི་དྭགས་དབང་ཆེ་བར་གྲགས་པ་དག་ཀྱང་བསྡུའོ། །ཞེས་སོ།་་་་་ཡི་དྭགས་འགའ་ཞིག་གཟུགས་མཛེས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལུས་ལྷ་འདྲ་བར་ཡོད་པར་མདོ་སྡེ་ལས་གསུངས་པ་ལྟ་བུའོ། །དེ་ལྟར་ན་ས་ཕྱོགས་འདི་ན་འདི་ལྟ་བུའི་ཡི་དྭགས་ཡོད་དོ་ཞེས་སྒྲོགས་ན་ཉེས་བྱས་སུ་འགྱུར་བའོ། །ད་ནི་སྦེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བཅུ་བདུན་སྡེའི་ཆོས་གོས་སྦས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་ལ་གནོད་པ་དང་རང་མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རབ་ཏུ་བྱུང་བ་འདི་པ་དབང་བའི་ཆོས་གོས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་

༼༨༠༡༽

བཅུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་སྦ་བའི་བདག་པོ་དང་། གང་སྦ་བའི་དངོས་པོའོ། །དང་པོ་ལ་ལྔ་ལས། རབ་ཏུ་བྱུང་བ་སྡེ་ལྔ་ལས་གང་ཡང་རུང་བ་ཡིན་པ་སྟེ་ལུང་རྣམ་འབྱེད་ལས་གསུངས་སོ། །རང་རང་གི་སྡོམ་པ་དག་པ་སྟེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཞེས་གསུངས་ཤིང་། དེའི་གནད་ཀྱིས་དགེ་ཚུལ་་་་་་གྱི་སྡོམ་པ་དག་པ་ལ་སོགས་པ་ལ་ཡང་སྦྱར་རོ། །ལྟ་བ་མཐུན་པ་དང་། ཐ་སྙད་གསུམ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་བྱིན་འཕྲོག་གི་སྐབས་སུ་བཤད་པ་བཞིན་ནོ། །ཕ་རོལ་པོ་དེ་དགེ་སློང་ཡིན་ན་ནི། བདག་ལས་ཐ་དད་པ་ཡང་ཡན་ལག་ཏུ་སྦྱར་རོ། །གཉིས་པ་ལ་བཞི་ལས་ཆོས་གོས་དང་ལྷུང་བཟེད་ལྟ་བུ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཡིན་པ་སྟེ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་ཞེས་གསུངས་པས་སོ། །ཆུད་འཛའ་བའི་རྐྱེན་ཅན་མ་ཡིན་པ་སྟེ། ཕན་པར་འདོད་པ་ནི་མ་གཏོགས་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་སྤྱིར་བསྟན་པ་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་སྦེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་མངོན་སུམ་དུ་སྦེད་པར་ཞུགས་པའོ། །མཐར་ཐུག་ནི་སྦ་བ་རྫོགས་པའོ། །ཡན་ལག་གི་དོན་ནི་རབ་ཏུ་བྱུང་བ་འདི་པ་དབང་བའི་ཞེས་སོ། །འདི་ལ་ཁ་ཅིག་ན་རེ་བདག་པོ་དགེ་སློང་དབང་བ་ཡན་ལག་ཏུ་དགོས་ཏེ། ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློང་མའམ་དགེ་སློབ་མའམ་དགེ་ཚུལ་མའམ་དགེ་ཚུལ་ཕའི་ལྷུང་བཟེད་དམ་གོས་སམ་དགེ་སྦྱོང་གི་ཡོ་བྱད་སྦས་སམ་སྦེད་དུ་སྩལ་ན་ཅིར་གྱུར། ཉེས་བྱས་སོ་ཞེས་གསུངས་པས། དགེ་སློང་གིས་དགེ་ཚུལ་ལ་སོགས་པའི་ཡོ་བྱད་སྦས་ཀྱང་ལྟུང་བྱེད་དུ་མི་འགྱུར་རོ་ཞེས་ཟེར་རོ། །འོན་ཀྱང་སྐབས་འདིར་ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་ནི་སྦྱོར་བའི་དུས་ཀྱི་ཉེས་བྱས་ལ་དགོངས་སོ་ཞེས་བརྗོད་ཅིང་། ལུང་རྣམ་འབྱེད་སོ་སོ་ཐར་པ་དང་བཅས་པ་དང་། མདོ་རྩ་བ་འགྲེལ་པ་

༼༨༠༢༽

དང་བཅས་པས་རབ་ཏུ་བྱུང་བ་སྡེ་ལྔ་སྤྱི་བསྐྱེད་དུ་གསུངས་པའི་རྗེས་སུ་འབྲང་བར་རིགས་ཏེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས་དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ངམ། དགེ་སློང་མའམ་དགེ་སློབ་མའམ་དགེ་ཚུལ་ལམ་དགེ་ཚུལ་མའི་ལྷུང་བཟེད་དམ་གོས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ་སྦེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། ལུང་དགེ་སློང་མའི་རྣམ་འབྱེད་དང་། དགེ་སློང་ཕའི་སོ་སོ་ཐར་པའི་མདོ་གཉིས་ལས་དེ་ཁོ་ན་ལྟར་གསུངས་སོ། །མདོ་རྩ་ཉིད་ལས་ཀྱང་དགེ་སློང་ཁོ་ན་དབང་བའི་ཞེས་མ་གསུངས་པར་རབ་ཏུ་བྱུང་བ་འདི་པ་དབང་བའི་ཞེས་སྤྱིར་གསུངས་ཤིང་། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཀྱང་རབ་ཏུ་བྱུང་བ་འདི་པ་ཞེས་སྨོས་པ་ནི་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ཞེས་བྱ་བ་ཐམས་ཅད་གསུངས་སོ།་་་་་དེ་ལྟར་བམ་པོ་ལྔ་བཅུ་པ་དང་བསྡུས་པ་ལས་ཀྱང་བཤད་དོ། །ད་ནི་གདེང་མེད་པར་སྤྱོད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་གོས་སོགས་གདེང་མེད་པར་སྤྱད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་དགེ་སློང་གཞན་ལ་བྱིན་པའི་གོས་སམ་ལྷུང་བཟེད་པ་རྐུ་སེམས་སམ་ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པས་ལོངས་སྤྱོད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་ལོངས་སྤྱོད་པའི་བདག་པོ་དང་། གང་ལོངས་སྤྱོད་པའི་དངོས་པོའོ། །དང་པོ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ལོངས་སྤྱོད་པས་དགའ་བར་འགྱུར་བ་མ་ཡིན་པ་སྟེ། གཞི་དེས་དགའ་བར་མི་འགྱུར་ནའོ་ཞེས་གསུངས་པས་སོ། །གཉིས་པ་ནི་གོས་སམ་ལྷུང་བཟེད་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་དང་། རང་གིས་བྱིན་པས་ད་ལྟར་དགེ་སློང་གཞན་དེ་དབང་བ་སྟེ། བསླང་བ་མེད་པར་བྱིན་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྐུ་སེམས་དང་ཡིད་གཅུགས་ཁྱད་པར་ཅན་ལས་གཞན་པས་

༼༨༠༣༽

ལོངས་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ།་་་་་གལ་ཏེ་རྐུ་སེམས་ཀྱིས་ལོངས་སྤྱོད་ན་ནི། མ་བྱིན་ལེན་གྱི་ཉེས་པར་འགྱུར་ལ། ཡིད་གཅུགས་ཁྱད་པར་ཅན་གྱིས་ལོངས་སྤྱོད་ན་ནི་ལྟུང་བ་མེད་དོ། །དེ་ལྟར་གདེང་མེད་པར་སྤྱོད་པ་སྟེ། ཡིད་གཅུགས་པའི་སེམས་དག་གིས་བླངས་ན་ལྟུང་བ་མེད་དོ་ཞེས། རྐུ་བའི་ལྟུང་མེད་དུ་གསུངས་པའི་གནད་ཀྱིས་ཀྱང་ངོ་། །སྦྱོར་བ་ནི་གདེང་མེད་པར་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྤྱོད་པ་རྫོགས་པའོ། །ཡན་ལག་གི་དོན་ནི་དགེ་སློང་ལ་གོས་བླང་བ་མེད་པར་བྱིན་པ་ཞེས་སོ། །འོ་ན་ལྷུང་བཟེད་གདེང་མེད་པར་སྤྱོད་ན་ཅིར་འགྱུར་ཞེ་ན། ཊཱི་ཀ་ལས་ནི། གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ལས་དགེ་སློང་གི་གོས་མ་གཏོགས་པ་དེ་ལས་གཞན་པའི་ཡོ་བྱད་སྩལ་ནས་སླར་མ་བླངས་པར་སྤྱོད་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་སོ། །རང་གི་རྣམ་བཤད་ལས་ནི་ལྷུང་བཟེད་ལ་ནི་ཡོངས་སུ་རྫོགས་པ་སྟེ། ལྷུང་བཟེད་ཆུང་བ་ལ་ནི་ན་སྨད་པར་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས། དགེ་སློང་ལ་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱས་ཏེ་དེའི་འོག་ཏུ་ལོངས་སྤྱོད་པར་བྱེད་ན་ཅིར་འགྱུར་ལྟུང་བྱེད་དོ་ཞེས་སློབ་དཔོན་ཡོན་ཏན་འོད་ཀྱིས་ལུང་དྲངས་སོ། །ཊཱི་ཀ་དང་ཊཱི་ཀ་ལས་ཁུངས་སུ་དྲངས་པའི་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་དེ་ནི་གོས་ཞེས་སྨོས་པས་ལྷུང་བཟེད་ཀྱང་མཚོན་པ་སྟེ། གོས་དང་ལྷུང་བཟེད་ལས་གཞན་པའི་ཡོ་བྱད་གདེང་མེད་པར་སྤྱོད་ན་ཉེས་བྱས་སུ་དགོངས་སོ་ཞེས་བརྗོད་དོ། །ད་ནི་ལྷག་མས་སྐུར་བ་འདེབས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་ཀྱིས་དགེ་འདུན་ལྷག་མས་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྡོམ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ་ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་ཉམས་པ་དང་ལྡན་པ་ལ་དགེ་འདུན་ལྷག་མས་སྐུར་པ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་སྐུར་པ་གདབ་

༼༨༠༤༽

པའི་ཡུལ་དང་། གང་གིས་སྐུར་པ་གདབ་པའི་དངོས་པོ་དང་། གང་ལ་གོ་བར་བྱ་བའི་ཡུལ་ལོ། །དང་པོ་ནི་ཆོས་བཞི་ལྡན་་་་་་རང་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་ཉམས་པ་ཐ་སྙད་གསུམ་ལྡན། ལུས་ཐ་མལ་པ་རང་ལས་ཐ་དད་པའོ། ཏེ་སྔར་ཕམ་པས་སྐུར་པ་འདེབས་པའི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ནི་དགེ་འདུན་ལྷག་མས་སྐུར་པ་འདེབས་པ་ཡིན་པ་དང་། གཞི་མེད་པ་ཡིན་པ་སྟེ། དགེ་འདུན་ལྷག་མས་སྐུར་པ་བརྗོད་ནའོ། །ཞེས་པ་དང་། གཞི་མེད་དང་ཞེས་བསྡོམས་ཚིགས་ལས་སོ།་་་་་དགེ་འདུན་ལྷག་མ་བྱུང་བ་ནི་འདིའི་ཡན་ལག་ཏུ་མི་དགོས་ཏེ། ལྷག་མའི་ལྟུང་བ་གཏན་མེད་ལ་དེ་ཡོད་དོ་ཞེས་སྐུར་པ་བཏབ་ནའང་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི་གོ་བྱའི་ཡུལ་ཆོས་གསུམ་ལྡན་་་་་་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས་པ་དག་ལས་ཐ་དད་ཅེས། སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་དག་པའི་ཕྱོགས་གཅིག་མ་གཏོགས་པ་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་འདུན་ལྷག་མས་སྐུར་པ་འདེབས་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པར་ཞུགས་པའོ། །མཐར་ཐུག་ནི་དོན་གོ་བའོ། །ཡན་ལག་གི་དོན་ནི། སྐུར་པ་འདེབས་པར་ཞེས་སོ། །ད་ནི་བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་རྒྱལ་པོའི་ཁབ་ནས་དགེ་སློང་ཞིག་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ལ་བརྒྱད་ལས། བུད་མེད་ཆོས་ལྔ་ལྡན་འཁྲིག་ཚིག་གི་སྐབས་སུ་སྔར་བཤད་པའི་སྟེང་དུ་ཆོས་འདི་པའི་རབ་བྱུང་མོ་མ་ཡིན་་་་་་ཁྱིམ་པ་མོ་ཡིན་པ་ལྟ་བུ། པ་

༼༨༠༥༽

སྟེ་་་་་་དེ་ཡང་དགེ་སློང་མ་དང་ལྷན་ཅིག་འགྲོ་ན་ལམ་དུ་འཇུག་པའི་ལྟུང་བྱེད་དང་། དགེ་སློབ་མའམ། དགེ་ཚུལ་མ་དང་། གཞན་དུ་ན་བཅས་པ་གཞན་གྱི་ལྟུང་བར་འགྱུར་བའི་ཕྱིར་རོ།་་་་་ལྷན་ཅིག་ལམ་དུ་འགྲོ་ན་ལྟུང་བ་ན་སྨད་དུ་འགྱུར་བའོ། །ཕན་གདགས་བྱ་དང་འདོགས་བྱེད་མ་ཡིན་པ་སྟེ། སེལ་བྱེད་པ་ནི་མ་གཏོགས་སོ། །ཞེས་གསུངས་པས་སོ། །ངོ་མ་སྤོས་པ་སྟེ། བལ་འཁུར་བ་ལ་བཤད་པའི་་་་་་སྔར་དྲངས་པ་དེ། གནད་ཀྱིས་སོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི་ས་ལ་བརྟེན་པའི་ལམ་ཡིན་པ་་་་་་གྲུ་ཡང་ས་ལ་བརྟེན་པའི་ལམ་ཡིན་པར་བསྡུའོ། །རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་་་་་་ལུང་ཞུ་བ་ལས་སྟེ། ཞུ་བ་ལས་དགེ་སློང་གིས་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་། རྒྱང་གྲགས་རེ་རེར་རོ་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི་ཁྲིམས་གྲོགས་དང་མི་ལྡན་པ་སྟེ་རིག་པའི་སྐྱེས་པ་མེད་པའི་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བུད་མེད་དང་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་་་་་་ཚེས་གཅིག་ལ་རྒྱང་གྲགས་ཀྱི་ཕྱེད་དུ་འགྲོ་ཞིང་། ཚེས་གཉིས་ལ་རྒྱང་གྲགས་ཕྱེད་དུ་འགྲོ་བ་ལྟ་བུ་མ་ཡིན་གྱི་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །ཡན་ལག་གི་དོན་ནི་འདོད་པས་ལམ་དུ་ཞེས་སོ།་་་་་ཁྱིམ་པ་མོའམ་ཁྱིམ་སྤངས་པའི་དགེ་བསྙེན་མ་ཁྱིམ་པ་མོའི་ཆ་ལུགས་ཅན་ཡང་རུང་། མུ་སྟེགས་མོ་དང་ལྷན་ཅིག་ལམ་དུ་འགྲོ་ན་ཡང་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དོ། །ལུང་རྣམ་འབྱེད་ལས། བུད་མེད་སེལ་བྱེད་དུ་འཇུག་པ་དང་། ལམ་ནོར་བ་བུད་མེད་ཀྱིས་ལམ་དུ་འཇུག་པ་དང་། འགྲོ་མི་ནུས་པར་བུད་མེད་ཀྱིས་ཁྲིད་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་སོ། །ད་ནི་རྐུན་མ་དང་ལམ་དུ་འགྲོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། རྒྱལ་པོའི་ཁབ་ནས་དགེ་སློང་ཞིག་ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་བྱིན་ལེན་པའི་རྒྱུར་

༼༨༠༦༽

འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་པ་དང་ལྷན་ཅིག་ལམ་དུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དང་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་མོ། །དང་པོ་ལ་བརྒྱད་ལས། ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་པ་ཡིན་པ་སྟེ། གྲོང་འཇོམས་པར་བྱེད་པའི་ཆོམ་རྐུན་པ་དག་གམ་ཞེས་གསུངས་པས་སོ། །རྐུ་བའི་བྱ་བ་བྱེད་བཞིན་པ་ཡིན་པ་སྟེ། རྐུན་མ་དང་ལྷན་ཅིག་འགྲོ་བ་ཞེས་པ་དང་། དགག་བྱའི་གནད་ཀྱིས་སོ། །ཁྱི་མ་པ་ཡིན་པ་དང་། སྐྱེས་པ་ཡིན་པ་སྟེ་སྐབས་ཀྱིས་གྲུབ་ཅིང་། དེ་དག་གི་སེལ་བ་་་་་་རབ་ཏུ་བྱུང་བས་རྐུན་མ་བྱེད་པ་དང་བུད་མེད་ཀྱིས་རྐུན་མ་བྱེད་པ་འབྱུང་རིང་བས། དེ་དག་རྐུན་མ་བྱེད་པ་དག་བྱུང་ན་དེ་དང་དགེ་སློང་ལྷན་ཅིག་ལམ་དུ་འགྲོ་ན་ལྟུང་བ་ན་སྨད་དུ་རིགས་སོ། །ཕན་གདགས་བྱ་དང་འདོགས་བྱེད་མ་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་རྐུན་མ་སེལ་བྱེད་དུ་འཛུད་པ་དང་། དགེ་སློང་་་་་་ལམ་ནོར་པ་རྐུན་མས་ལམ་དུ་འཛུད་པ་དང་། དགེ་སློང་ལམ་དུ་་་་་་འགྲོ་མ་ནུས་པ་རྐུན་མས་ཁྲིད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །ངོ་མ་སྤོས་པ་སྟེ། བལ་འཁུར་བ་ལ་བཤད་པའི་གནད་ཀྱིས་སོ། །ཐ་སྙད་བཞི་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་དང་བརྒྱད་དེ། དེ་གཉིས་སྔར་བཤད་པ་བཞིན་ནོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་པ་ཡིན་པ་སྟེ། ཞུ་བ་ལས་དགེ་སློང་གིས་འགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ཀྱི་སྐབས་འདི་ཉིད་ལས་རྒྱང་གྲགས་རེ་རེར་ནི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྐུན་མ་དང་ལམ་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་བ་གཅིག་གིས་ཀྱང་རྒྱང་གྲགས་ལས་འདའ་ཞིང་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །ཡན་ལག་གི་དོན་ནི་གྲོང་འཇོམས་པར་ཞེས་སོ། །ད་ནི་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་

༼༨༠༧༽

པར་བྱེད་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་མོའུ་འགལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་རྒྱུད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་་་་་་དེ་ལས་བྱེད་པ་པོས་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་ལས་གྱུར་པའི་་་་་་དེའི་མཁན་པོ་ལ་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་བསྙེན་པར་རྫོགས་པར་བྱ་བའི་ཡུལ་དང་། གང་དག་གིས་བསྙེན་པར་རྫོགས་པར་བྱ་བའི་གྲོགས་དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་དང་། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་རྟེན་ནོ། །དང་པོ་ལ་བདུན་ལས་བསྙེན་པར་མ་རྫོགས་པ་ཡིན་པ་དང་། བསམ་པ་ཐག་པ་ནས་བསྙེན་པར་རྫོགས་པར་འདོད་པ་ཡིན་པ་སྟེ། བསྙེན་པར་རྫོགས་པར་བྱ་བ་ཞེས་གསུངས་པས་སོ། །མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ཀྱང་ལོ་ཉི་ཤུ་མ་ལོན་པ་སྟེ། ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་གསུངས་པས་སོ། །མཚན་མཐུན་པ་སྟེ་མཚན་དང་ཁས་བླངས་པ་ངག་གིས་ནི་ཞེས་་་་་་ལྟུང་བ་བསྐྱེད་པའི་ཡུལ་མཚན་མཐུན་ཡན་ལག་ཏུ་དགོས་པར་གསུངས་པ་རྣམས་ཀྱི་གནད་ཀྱིས་སྦྱར་རོ། །མཚམས་མེད་པ་ལྔ་པོ་སོགས་་་་་་བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་སྟེ། དེ་དང་ལྡན་ན་གཞན་རྒྱུད་ཆུད་ཟོས་ཟིན་པས། བསྙེན་རྫོགས་བྱས་པ་དེ་ཉིད་ཀྱིས་གཞན་རྒྱུད་ཆུད་ཟོས་པར་འགྱུར་བའི་དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་་་་་་སྐབས་གཞན་དུ་བཤད་པ་བཞིན་ནོ། །གཉིས་པ་གྲོགས་ནི་ལས་ཀྱི་སློབ་དཔོན་དགེ་འདུན་དང་བཅས་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་ཆོ་ག་ནི་ལུང་རྣམ་འབྱེད་ལས་ནི་རྫོགས་པར་བསྙེན་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་གསུངས་པས། ཆོ་ག་གསོལ་བཞིའི་ལས་ཀྱིས་ཏེ། ཆོ་ག་་་་་་ཚུར་ཤོག་ལ་སོགས་གཞན་གྱིས་ནི་མ་ཡིན་ནོ། །བཞི་པ་རྟེན་ནི་མཁན་པོ་

༼༨༠༨༽

ཉིད་ཀྱིས་ཏེ་མཁན་པོ་ཉིད་ཀྱིས་ཞེས་སོ། །དེའང་ལུང་གཞི་ལས་མཁན་པོ་ལ་ལྟུང་བྱེད་བསྐྱེད་ལ། སློབ་དཔོན་དང་དགེ་འདུན་རྣམས་ལ་ནི་ཉེས་བྱས་སུ་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཁན་པོ་བྱས་ཏེ་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ཞུགས་པའོ། །མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་སྟེ། ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་གསུངས་པས་སོ། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ། །ཊཱི་་་་་་མི་ཤེས་པ་དང་མི་དྲན་པའི་ཁྱད་པར་ཀ་ལས་མི་ཤེས་པ་ནི་ལོ་གྲངས་མི་ཤེས་པའོ། །མི་དྲན་པ་ནི་ལོ་ཚིགས་མི་དྲན་པའོ་ཞེས་སོ། །རྣམ་འབྱེད་འགྲེལ་ལས་མི་ཤེས་པ་ནི་བདག་གི་ལོ་དུ་ལོན་བསམས་ཀྱང་མི་ཤེས་པའོ། །མི་དྲན་པ་ནི་སྔོན་ཤེས་པ་ཡང་དེའི་ཚེ་ན་བརྗེད་པའོ་ཞེས་སོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་པ་་་་་་འདིར་ལུང་དང་རྒྱ་ཆེ་འགྲེལ་ལ་བཤད་ལུགས་ཐ་དད་པ་གཉིས་ཡོད་དེ། ལུང་ལས་སྡོམ་པ་ལེན་པ་པོས་མི་ཤེས་མི་དྲན་ཡིད་གཉིས་ཟ་བ་ལ་གསུངས་ལ་ཊཱི་ཀ་ལས་མཁན་པོ་ལ་སོགས་པས་མི་ཤེས་མི་དྲན་ཡིད་གཉིས་ཟ་བ་ལ་བཤད་དེ་ཡང་།་་་་་ལུང་རྣམ་འབྱེད་ལས་ལོ་ཉི་ཤུ་མ་ལོན་ལ་དེས་མི་ཤེས་མི་དྲན་ཡིད་གཉིས་ཟ་ཞིང་། དེ་ལ་དགེ་སློང་རྣམ་ཀྱིས་མ་དྲིས་སམ། དྲིས་ཀྱང་ལན་མི་འདེབས་པ་ན་གང་ཟག་དེ་བསྙེན་པར་རྫོགས་པར་བྱེད་ན་གང་ཟག་དེ་ལ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཆགས་སོ་ཞེས་གསུངས་སོ། །ཊཱི་ཀ་ལས་ནི་མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་། ཅིག་ཤོས་ལ་བསྙེན་པར་རྫོགས་པར་འཆགས་སོ་ཞེས་བྱ་བར་སྦྱོར་རོ། །གང་ཟག་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ན། མཁན་པོ་ལ་སོགས་པ་བསྙེན་པར་རྫོགས་པ་བྱེད་པ་དག་ལ། མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ཡོད་དུ་ཟིན་ཀྱང་། བསྙེན་པར་རྫོགས་པར་བྱ་བ་ལ་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བཤད་དོ། །བཤད་ལུགས་དེ་གཉིས་ནི་

༼༨༠༩༽

གཉིས་ཀ་ལྟར་བཟུང་སྟེ་འགལ་བ་མེད་དོ།་་་་་ཤེས་ན་ནི་དེ་ཞིག་གོ་ཞེས་པའི་སྐབས་སུ་ལོ་ཉི་ཤུ་མ་ལོན་པ་ཉིད་ན་མ་ལོན་པར་ཤེས་པ་ནི། དགེ་སློང་གི་སྡོམ་པ་གཏོང་བའི་རྒྱུ་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་བཏང་ཟིན་པའི་ཕྱིར་རོ། །དེ་ཞིག་གོ་ཞེས་གསུངས་ཀྱི། དེ་འཇིག་པར་འགྱུར་རོ་ཞེས་ནི་མ་གསུངས་སོ། །ད་ནི་ས་རྐོ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ས་བརྐོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་དང་། གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་འདི་ལ་ཁ་ཅིག་ན་རེ་ས་ཁྱོར་གང་ཙམ་བརྐོས་ན་ལྟུང་བྱེད་སྐྱེད་ཅེས་ཟེར་ཞིང་། ཁ་ཅིག་ན་རེ་ས་སོར་གཉིས་ཡན་ཆད་བརྐོས་ན་ལྟུང་བྱེད་བསྐྱེད་དེ། ལུང་རྣམ་འབྱེད་ལས་སྐྱང་ནུལ་སྲ་བ་འགོག་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །ས་ཁྱོར་གང་ཙམ་དང་ས་སོར་གཉིས་ཙམ་བརྐོས་པ་ཆོས་ཅན། ས་རྐོ་བའི་ལྟུང་བྱེད་མི་རྫོགས་པར་ཐལ། འཇིག་རྟེན་ན་ས་བརྐོས་པའི་ཐ་སྙད་མི་རྫོགས་པའི་ཕྱིར་རོ་ཞེས་གསུང་ངོ་། །སྐྱང་ནུལ་སྲ་བ་ཡང་སོར་གཉིས་སུ་མ་ངེས་སོ། །རང་ལུགས་ནི་ས་རྐོའི་ཉེས་པ་ཙམ་ཞིག་སྐྱེད་པའི་ཚད་ནི་ས་སེན་གང་ཡན་ཆད་བརྐོས་ན་སྟེ། ལུང་རྣམ་འབྱེད་ལས་དགེ་སློང་ལ་རི་མོ་འདྲི་ན་ཉེས་བྱས་སུ་འགྱུར་རོ། །ས་དང་འབྱར་བའི་ལྕི་བ་དགོག་ན་ཉེས་བྱས་སོ་ཞེས་གསུངས་པས་ཤེས་སོ། །ས་རྐོའི་ལྟུང་བྱེད་བསྐྱེད་པའི་ཚད་ནི་ས་སོར་བཞི་ཡན་ཆད་བརྐོས་ན་སྟེ། རུང་པར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་ཟུགས་པ་ནི་མ་གཏོགས་སོ་ཞེས་གསུངས་པའི་ཤུགས་ཀྱིས་་་་་་དེ་ལས་གཞན་དུ་སོར་བཞི་ཙམ་བརྐོས་ན་ལྟུང་བྱེད་ཡིན་པར་གྲུབ་ལ། ཊཱི་ཀ་ལས་དེ་ཙམ་ཞིག་ས་ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ་ཞེས་གསུངས་ལ། དེ་ཙམ་ཞེས་པ་སྐབས་དོན་ལ་བསྙེག་པ་སྟེ། སོར་བཞི་ཙམ་ཞེས་སྐབས་ཀྱི་དོན་དུ་གསུངས་པས་སོ་ཞེས་གསུང་ངོ་། །དགེ་སློང་མའི་སོ་སོར་ཐར་པའི་འགྲེལ་པ་ལས་ཀྱང་། འཐས་པའི་ས་ནི་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བྱེད་དོ་ཞེས་བཤད་དོ། དེས་ན་ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིག་རྟེན་ལ་གྲགས་པའི་ས་འཐས་པར་གནས་པ་སོར་བཞི་ཡན་ཆད་རང་ངམ་བསྐོས་པས་བརྐོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་

༼༨༡༠༽

བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། འཇིག་རྟེན་ན་གྲགས་པའི་ས་ཡིན་པ། འཐས་པར་གནས་པ་ཡིན་པ་དང་། མ་ཉམས་པ་ཡིན་པ་དང་། འོག་གཞི་དང་འབྲེལ་བ་སྟེ། སའི་སའོ་ཞེས་པ་དང་། གལ་ཏེ་་་་་་ས་འཐས་པ་གནས་པའི་རང་བཞིན་ཅན་ཡིན་ན་དངོས་གཞིའོ་ཞེས་པ་དང་། འཚིག་པ་ལ་སོགས་པ་་་་་་ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་པ་དང་། ཊཱི་ཀ་ལས་དེ་ཙམ་ཞིག་ས་ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ་ཞེས་ས་ཕྱི་མོ་དང་བྲལ་བར་བྱས་པ་ཡན་ལག་ཏུ་དགོས་པར་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་ས་བརྐོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་རྐོ་བར་ཞུགས་པའོ། །མཐར་ཐུག་ནི་སོར་བཞི་ཡན་ཆད་བརྐོས་པ་སྟེ། དེའང་ཚུར་ལྷགས་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་རྣམ་འབྱེད་ལས་ས་ལ་ཕུར་བ་འདེབས་ན་ལྟུང་བྱེད་དུ་འགྱུར་ཞེས་གསུངས་སོ། །ཡན་ལག་གི་དོན་ནི་རྐོའམ་ཞེས་སོ། །ཊཱི་ཀ་ལས་ས་ཕྱི་མོ་དང་བྲལ་ཞིང་ཐ་དད་པར་བྱས་པ་ཞེས་པས་ནི་མ་ས་དང་འབྲེལ་བ་བསྟན་ཏོ།་་་་་མ་ས་དང་མ་འབྲེལ་བ་ཕ་གུ་ལས་སོར་བཞི་ཙམ་བརྐོས་པའོ།ས་གོང་དང་མ་འབྲེལ་བ་་་་་་དེའི་ཚད་ནི་སའི་གོང་བུ་ཆེན་པོ་་་་་་ས་བསྒོང་བསྐྱེད་པར་མི་ནུས་པ་ཡན་ཆད་་་་་་ཀྱིས་ལྟུང་བྱེད་བསྐྱེད་པ་ཉིད་དམ། དངོས་པོ་་་་་་ཕ་བོང་གི་སྟེང་ནས་ཆགས་པ་ལྟ་བུ་བསྐྱོད་པར་མི་ནུས་པའི་སྟེང་ན་འདུག་པ་ཡན་ཆད་དོ། །འཇིག་རྟེན་ལ་གྲགས་པའི་སའི་རང་བཞིན་ཅན་གྱི་ས་བརྐོས་ནའོ། །བསྟན་བཅོས་ལས་གྲགས་པའི་ས་ནི་སྲ་བ་ཐམས་ཅད་ཡིན་་་་་་པས་རྡོ་བ་ཡང་བསྟན་བཅོས་ལ་གྲགས་པའི་ས་ཡིན་ཡང་། འཇིག་རྟེན་ལ་གྲགས་པའི་ས་མ་ཡིན་པས་་་་་་ལུང་རྣམ་འབྱེད་ལས་རྡོ་བ་འབའ་ཞིག་བསྐྱོད་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་སོ། །སྔ་མ་ཤོས་ནི་ཟླ་བ་གསུམ་ལོན་ཞེས་ཏེ། ངང་གིས་འཐས་པའོ། །རྩོལ་བས་འཐས་པ་ནི་དེ་ལ་མི་ལྟོས་ཏེ། དེའི་སྔ་རོལ་ཏུ་ཡང་འཐས་པ་རྫོགས་པར་ནུས་པའི་ཕྱིར་རོ། །ཆར་ཆུ་ཞོད་པའི་ཚད་ནི་ས་རློན་པའི་སྟེང་དུ་ཆར་པའི་རླན་གྱིས་སོར་བཞི་ཙམ་བངས་པར་གྱུར་ན་སྟེ། དེ་བསྐམས་ཤིང་སྔར་ནས་ཟླ་བ་གསུམ་ལོན་ནས་འཐས་པར་གྱུར་པའོ། །ས་དང་གསེག་མ་འདྲེས་པའམ་ས་དང་བྱེ་མ་འདྲེས་པ་སྟེ། ས་ཤས་ཆུང་ཞིང་་་་་་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ཕྱེད་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号