ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༼༥༠༣༽

མཐར་ཐུག་དང་འདྲའོ། །ཡན་ལག་གི་དོན་ལ། དགེ་འདུན་ཁྱེད་རྣམས་ཀྱིས་བདག་བསྐྲད་དེ་ཞེས།་་་་་ལོག་པའི་བསམ་པས་ཞེས་པ་ནི་དགེ་འདུན་རྣམས་ཀྱི་ལོག་པའི་བསམ་པ་སྟེ་འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའི་བསམ་པས་སོ། །དགེ་འདུན་དེ་རང་སྐྲོད་པའི་ལས་དེ་ལ་ལོག་པ་དེ་ལྟར་ཞུགས་སོ། །ཏེ་འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བའི་དབང་གིས་བདག་ལ་བསྐྲད་པའི་ལས་བྱས་པ་དེ་དེ་ལྟར་ཞུགས།་་་་་ཞེས་སོ།་་་་་རྫུན་དུ་སྨྲ་བ་ཉིད་དོ་ཞེས་སོ། །ད་ནི་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི། གཞི་འགྲེལ་ལས་གྲོང་ཁྱེར།་་་་་ཀོའུ་ཤམ་བའི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་དང་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ལྟུང་བ་གླེངས་པ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་ལ་གླེང་བ་འགོག་་་་་་བདག་ལ་སུས་ཀྱང་ཉེས་པ་མ་གླེང་ཞིག་ཅེས། ཅིང་བཞམས་བསྐོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་བརྩམ་པར་བྱ་བའི་གཞི་དང་། རྫོགས་པར་བྱེད་པའི་རྐྱེན་ནོ། །དང་པོ་ལ་བཞི་སྟེ། གླེང་བ་པོ་གང་སྤང་བ་དང་། གཞི་གང་ལ་གླེང་བ་སྤང་བ་དང་། སྤང་བའི་ཚིག་གང་ལ་བརྗོད་པའི་ཡུལ་དང་། གང་གིས་སྤོང་བར་བྱེད་པའི་རྟེན་ནོ། །དང་པོ་ནི།་་་་་བདག་ལ་དགེ་སློང་སུས་ཀྱང་མ་གླེང་ཞིག་ཅེས་པ། ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་སྟེ། ཊཱི་ཀ་ལས་དགེ་སློང་ཐམས་ཅད་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་སྟེ་ཞེས་སོ། །སེལ་བ་ནི་ཊཱི་ཀ་ལས་དགེ་སློང་དམིགས་ཀྱིས་བསལ་བ་དག་ཁ་ཅིག་གི་རྒྱུད་དུ་གཏོགས་པ་དག་གིས་བརྗོད་པར་མི་བྱ་བར་བྱེད་པའི་ཚིག་གིས་ནི་ཉེས་བྱས་སུ་འགྱུར་ཞེས་སོ། །གཉིས་པ་་་་་་བདག་ལ་ཕམ་པ་ནས་བསྡམ་བྱ་ཡན་ཆད་ཀྱིས་ཀྱང་མ་གླེང་ཞིག་ཅེས། ནི་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་སྟེ། ཊཱི་ཀ་ལས་བདག་ཉིད་ཀྱི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་ཞེས་པ་དང་། ཊཱི་ཀ་ལས་ཚུལ་ཁྲིམས་ཞེས་བྱ་བ་ནི་འདིར་འདུལ་བའི་བསླབ་པ་ཐམས་ཅད་བསྟན་པ་ཡིན་ནོ་ཞེས་སོ། །སེལ་བ་་་་་་སྤང་ལྟུང་གིས་བདག་ལ་མ་གླེང་ཞེས་པ་ལྟ་བུ། ནི་ཊཱི་ཀ་ལས་

༼༥༠༤༽

བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བར་བྱེད་ན་ཡང་ཉེས་བྱས་ཁོ་ནའོ་ཞེས་སོ། །གསུམ་པ་ནི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། བདག་ལ་གླེང་བ་པོ་ཡིན་པ་སྟེ། གླེངས་པ་ཉིད་ན་ཞེས་སོ། །གཏན་ནས་མ་གླེངས་པ་ལ་བཀའ་བློ་མི་བདེ་བའི་ཚིག་སྨྲ་ན་ནི་ཉེས་བྱས་ཏེ། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའི་འོ་ཞེས་སོ། །བཞི་བ་ནི་གླེང་དྲན་བྱས་པ་དང་འབྲེལ་བ་སྟེ། གླེང་བ་ཉིད་་་་་་ཀྱི་ཉེས་པ་ཕམ་པ་ནས་བསྡམ་བྱ་ཡན་ཆད་གང་རུང་ཉིད། ན་ཞེས་པས་སོ། །སེལ་བ་ནི། གླེང་བ་དང་དྲན་པར་མ་བྱས་པ་ནི་དེའི་འོ། །ཞེས་སོ། །རྫོགས་པར་བྱེད་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་ལྔའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བ་སྟེ་དེའི་དོན་ནི་སྔར་བཤད་ཟིན་ཏོ། །ཀུན་སློང་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བཀའ་བློ་མི་བདེ་བའི་ཚིག་སྨྲ་ཞིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །མཐར་ཐུག་ནི་དབྱེན་བྱེད་པའི་མཐར་ཐུག་དང་འདྲའོ།་་་་་དེ་ལས་བརྗོད་པ་གསུམ་པ་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ། །ཞེས་སྔ་མར་སྦྱར་ཏེ་དེ་དག་ལྷག་མའོ། །ཡན་ལག་གི་དོན་ནི་དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་བ་ཉིད་ན་ཞེས་སོ། །འོ་ན་སྐབས་འབྱེད་དུ་མ་བཅུག་པར་མི་བྱའོ་ཞེས་སྐབས་མི་འབྱེད་པ་ལ་གླེང་བར་མི་བྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། དང་པོར་གླེང་བའི་སྐབས་ཕྱེ་བ་ལ་གླེང་བ་ཉིད་ན་བར་སྐབས་སུ་འགྱུར་ཏེ་བཀའ་བློ་མི་བདེ་བའི་ཚིག་སྨྲ་བའོ་ཞེས་གསུངས་སོ། །དེ་ཡང་བདག་ཉིད་ཀྱི་ཚུལ་ཁྲིམས་དེ་ལ་ཕྱོགས་བཅུ་ན་གནས་པའི་དགེ་སློང་མཐའ་དག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པའོ།་་་་་བདག་ལ་སུས་ཀྱང་ཉེས་པ་མ་གླེང་ཞིག་ཅེས་ལྟུང་བ་གླེང་ཚིག ཊཱི་ཀ་ལས་དགེ་སློང་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བརྗོད་པར་མི་བྱ་བ་ཉིད་དུ་བྱེད་པ་དང་བསླབ་པའི་གཞི་དམིགས་ཀྱིས་བསལ་བ་ཁ་ཅིག་གིས་བདག་ལ་བརྗོད་པར་མི་བྱ་བ་བྱེད་ན་ཡང་ཉེས་བྱས་སུ་གསུངས་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་དགེ་འདུན་ལྷག་མའི་རྣམ་པར་བཤད་པ་རྫོགས་སོ།།    །།སྤང་ལྟུང་ཐུན་མོང་བ་ལ་གཉིས་ལས། དང་པོ་སྤྱི་དོན་ལ་གསུམ་སྟེ། ཐུན་མོང་བ་ལུང་གང་ལས་བསྡུས་པ་དང་། ཐུན་མོང་དུ་བསྡུས་པའི་དགོས་པའི་དོན་དང་། ཐུན་མོང་བ་

༼༥༠༥༽

ལྔའི་དོན་བསྡུས་པའི་དོན་ཏོ། །དང་པོ་ནི། སྤང་ལྟུང་ཐུན་མོང་བ་འདི་ལ་མདོ་བཅུ་བདུན་ཡོད་པ་ལས་ལུང་ཀོ་ལྤགས་ཀྱི་གཞི་ལས་གཙོ་ཆེར་བསྡུས་པའི་མདོ་གཉིས་ཡོད་དེ། གཙོ་ཆེར་བསྡུས་ཞེས་པ་ནི་ལུང་རྣམ་འབྱེད་དང་ཞུ་བ་ལས་བསྡུས་པའི་ཆ་ཡང་ཡོད་པ་སྟེ། འོག་ཏུ་རྒྱས་པར་སྟོན་པར་འགྱུར་རོ།་་་་་།སྤང་བ་ལ་ནི་ཞེས་པ་དང་དེའི་འོག་མའོ། །ལུང་ཞུ་བ་ལས་བསྡུས་པའི་མདོ་ལྔ་ཡོད་དེ། ལས་ལ་ནི་ཞེས་པ་དང་། རང་བཞིན་ལས་ཞེས་པ་དང་ཕྱིར་བཅོས་དང་འབྲེལ་བའི་མདོ་་་་་་ཆུང་བ་ཉིད་ཀྱི་དུམ་བུ། དགེ་འདུན་གྱི་ཡང་ངོ་། །འདི་ལ་མེད་པ་དེ་ཉིད་གཙོ་བོའོ། །གསུམ་སྟེ་ལྔའོ། །ལུང་རྣམ་འབྱེད་ལས་བསྡུས་པ་ནི་དེ་དག་ལས་གཞན་པ་མདོ་བཅུ་པོ་རྣམས་སོ། །དེ་རྣམས་ལ་མདོར་བསྡུས་རྟོགས་པར་བྱེད་པའི་ཆ་ནས་ནི་ལུང་ཕྲན་ཚེགས་ལས་བསྡུས་པའི་ཆ་ཡང་ཡོད་དེ། མདོར་བསྡུས་ནི་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ་མདོར་བསྡུས་རྟོགས་པར་བྱེད་པ་དང་། ཚིག་ཚོགས་བསྐྱུང་བ་དང་། གཉིས་ཀ་སྟོན་པའི་དགོས་པའོ། །དང་པོ་ལ་མདོ་བདུན་ཡོད་པ་ལས། ཉིན་མཚན་བསྡུས་པ།་་་་་དེའི་དང་པོ་ནི་སྐྱ་རེངས་གསུམ་ལས།་་་་་དང་པོ་དེའོ་ཞེས་པ་ནི་ལུང་རྣམ་འབྱེད་ལས་འཆང་འབྲལ་ལ་སོགས་པ་རྣམས་ཀྱི་སྐབས་སུ་སྐྱ་རེངས་ཤར་ན་ཞེས་སྤྱི་ཙམ་དུ་གསུངས་ཀྱི་སྐྱ་རེངས་དང་པོ་ཤར་ན་ཞེས་དངོས་སུ་མ་གསུངས་ཀྱང་། རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་སྐབས་ལས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་དམིགས་ཀྱིས་བཀར་བའི་གནད་ཀྱིས། གཞན་རྣམས་ལ་སྐྱ་རེངས་དང་པོ་དེའོ་ཞེས་མདོར་བསྡུས་སྦྱར་བ་སྟེ། འོད་ལྡན་ལས་སྒོ་གཏན་གྱི་བསླབ་པའི་གཞི་ལས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་གསུངས་པས་དེའི་ཕྱིར་སྒོ་གཏན་ལས་གཞན་དུ་ནི་སྐྱ་རེངས་དང་པོ་ཁོ་ནར་བཞེད་པ་ཡིན་པས་སྐྱ་རེངས་དང་པོ་ཞེས་སྨོས་པ་ཡིན་ནོ་ཞེས་སོ། །ཚེས་གྲངས་ངེས་པ་དང་འབྲེལ་བའོ།་་་་་།ལས་ལ་ནི་འདས་་་་་་འདི་ལ་ཚིག་ཚོགས་བསྐྱུང་བའི་དགོས་པ་ཡོད་དམ། ན་ཉི་མ་ཤར་བའི་འོ་ཞེས་པ་ནི་ཞུ་བ་ལས་དགེ་སློང་དག་གིས་སྐྱ་རེངས་ཤར་བ་ན་བདག་ཅག་གིས་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་པ་སླར་རྙེད་པར་གྱུར་ན་དེ་དག་དེའི་ཚེ་ན་གསོ་སྦྱོང་བགྱིད་ན་གསོ་སྦྱོང་བགྱིས་པ་ཞེས་བགྱི་འམ་ཉེ་བར་འཁོར་དགེ་སློང་དེ་དག་གིས་གསོ་སྦྱོང་བྱས་པ་ཞེས་བྱའོ། །ཞེས་པ་དང་། དགེ་འདུན་ཐམས་ཅད་ཀྱིས་

༼༥༠༦༽

སྐྱ་རེངས་ཤར་བ་ན་དྲན་པར་གྱུར་ན་དགེ་སློང་དག་གིས་ཇི་ལྟར་དགག་དབྱེ་བགྱི། ཚིག་གསུམ་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཞེས་བྱའོ་ཞེས་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་དངོས་སུ་གསུངས་པས་དབྱར་ཁས་ལེན་པའི་སྦྱོར་ཆོག་ལ་སོགས་པ་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ཀྱི་ཆོ་ག་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ།་་་་་ཤ་མི་སྦས་ཏི་ཀླུགས་དཀར་ལ་སོགས་པ་སྔ་མ་རྣམས་ནི། དགག་དབྱེ་ལ་མདོར་བསྡུས་སྦྱར་གསུང་ཡང་ནོར་བ་སྟེ་ལུང་ལས། དགག་དབྱེ་ལ་དངོས་སུ་གསུངས་པ་དེ་ཉིད་མ་མཐོང་བར་ཟད་དོ། །རབ་ཏུ་འབྱུང་བའི་དོན་དུ་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་པ་ནི་རྣམ་འབྱེད་ལས་རབ་ཏུ་འབྱུང་བའི་དོན་དུ་སྲེལ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་ལྷུང་བཟེད་འཆང་བ་ལ་གསུངས་པས། གོས་འཆང་བ་ལ་སོགས་པ་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་པ་ནི་ཞུ་བ་ལས་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་དགུང་སླད་མ་བཅུ་པོ་གང་ཚུན་ཆད་ནས་བགྲང་བར་བགྱི་ཉེ་བར་འཁོར་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །ཞེས་ཞག་སྔ་མ་ལྔ་པོ་མི་བགྲང་བས་ན་ཞག་ལྔ་པོའི་རྐྱེན་གྱི་གོས་འཆང་བའི་རང་སྟོབས་ཀྱིས་ལྟུང་བ་མི་འབྱུང་བར་བསྟན་པས་དེའི་ཤན་མི་འབྱུང་བར་མདོར་བསྡུས་སྦྱར་ཞིང་། ཟླ་འཇོག་ལ་སོགས་གཞན་རྣམས་ཀྱི་དངོས་དང་ཤན་གཉིས་ཀ་མི་འབྱུང་བར་མདོར་བསྡུས་སྦྱར་བའོ།་་་་་ཤ་མི་སྦས་ཏི་ལ་སོགས་པ་སྔ་མ་རྣམས་ནི་རང་བཞིན་ལས་ཉམས་ན་ཡང་ངོ་ཞེས་འདི་དང་རང་སྟོབས་ཀྱི་ཆ་ནས་ལུང་ལས་ཞག་ཤན་དང་འབྲེལ་བ་ཐམས་ཅད་ཀྱི་སྐབས་སུ་ཞག་ཚོགས་པའི་བར་དུ་གཅོད་པར་བཤད་པ་ཚིག་ཚོགས་བསྐྱུངས་སོ་ཞེས་གསུངས་ཀྱང་ཞག་ཚོགས་པའི་བར་དུ་རང་བཞིན་ཉམས་པ་ནི་འཆང་བའི་ཞུ་བ་ལས་གསུངས་ཀྱི་གཞན་ལ་གསུངས་པ་ལུང་ན་མི་སྣང་ངོ་། །ཞག་བདུན་པ་ལ་ནི་རིགས་མཐུན་པའོ་ཞེས་་་་་་དེ་ཡང་ལུང་རྣམ་འབྱེད་གཉིས་ལས། ཚེས་གཅིག་ན་བའི་སྨན་ཞིག་རྙེད་ནས་ཚེས་གཉིས་ལ་ན་པའི་སྨན་ཞིག་ཀྱང་རྙེད་ན་ཞེས་ན་བའི་སྨན་སྤྱི་ཚིགས་སུ་གསུངས་ཀྱི་བྱེ་བྲག་གི་རིགས་མཐུན་ཡན་ལག་ཏུ་དགོས། པ་འདིའི་ཁུངས་ནི་དེང་སང་ལུང་ན་མི་སྣང་མོད་ཀྱི། རང་གི་རྣམ་བཤད་ལས་མདོ་འདི་ནི་རྣམ་པར་འབྱེད་པའི་གཞུང་འགའ་ཞིག་ལས་བྱུང་བ་བསྡུས་སོ་ཞེས་གསུངས་སོ། །དེ་ཡང་དགེ་སློང་གིས་ཚེས་གཅིག་ལ་མར་རྙེད་ལ་

༼༥༠༧༽

དེས་ཚེས་གཉིས་ལ་མར་གཞན་ཞིག་ཀྱང་རྙེད་པར་གྱུར་ན་སྔ་མ་ཤོས་བཟའ་བར་བྱ་ཞིང་། ཕྱི་མ་ཤོས་གཏང་བར་བྱ་བའམ་རྣམ་པར་བརྟག་པར་བྱ་བའམ་གཞན་ལ་སྦྱིན་པར་བྱའོ། །དེ་ལྟར་མི་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་འབྲུ་མར་གྱིས་ནི་འབྲུ་མར་ལའོ། །སྦྲང་རྩིས་ནི་སྦྲང་རྩི་ལའོ། །ཧྭགས་ཀྱིས་ནི་ཧྭགས་ལའོ་ཞེས་གསུངས་པ་་་་་་སྟེ་མར་དང་འབྲུ་མར་སྦྲང་རྩི་སོགས་དངོས་པོ་དུ་མ་ཡོད་ཀྱང་ཞག་བདུན་པའི་བཅས་པ་གཅིག་གིས་བསྡུས་པ་ཡིན་པས། ཚིག་ཚོགས་བསྐྱུང་བར་མ་བགྲངས་སོ། །དེ་འདིར་བསྡུས་པ་ཡིན་ལ། བུ་རམ་དང་ཞག་དང་ལྷའི་བདུད་རྩི་ལ་སོགས་པ་གཞན་ལ་ཡང་གཞི་རིགས་མཐུན་པ་ཡན་ལག་ཏུ་དགོས་པ་མདོར་བསྡུས་སྦྱར་བའོ།་་་་་ཤ་མི་སྦས་ཏི་ཀླུགས་དཀར་ལ་སོགས་པ་སྔ་མ་རྣམས་ནི། མདོ་འདི་ལ་མདོར་བསྡུས་རྟོགས་པ་དང་། ཚིག་ཚོགས་བསྐྱུང་བ་གཉིས་ཀ་མེད་གསུང་ཡང་། བུ་རམ་ལ་སོགས་པ་ལ་མདོར་བསྡུས་རྟོགས་པར་བྱེད་པ་སྟེ་རྟོགས་པར་བྱེད་ཚུལ་བཤད་ཟིན་ཏོ། །ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་མི་འགྱུར་ཞེས་པ་ནི་་་་་་ཤ་མི་སྦས་ཏི་ཀླུགས་དཀར་ལ་སོགས་པ་སྔ་མ་རྣམས་ནི་དགེ་འདུན་འབྲལ་བའི་ཞུ་བ་ལས་བཤད་ཅེས་གསུང་ཡང་ཁུངས་ནོར་བ་སྟེ་དེ་ལས་ཡེ་མ་བཤད་དོ་འདི་ནི། ཆོས་གོས་འཆང་བའི་ཞུ་བ་ལས་ཆོས་གོས་སྤང་བ་ཚིག་གམ་སྲོག་ཆགས་དག་དང་སྲིལ་དག་གིས་འཚལ་བར་གྱུར་ནས་དེ་ལ་དམ་དུམ་གང་དག་མཆིས་པ་དག་སྤང་བར་བགྱི་འམ། ཉེ་བར་འཁོར་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་གསུངས་པས། གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་བའོ། །དགེ་འདུན་གྱི་ཡང་འདི་ཡང་་་་་་ཚིག་ཚོགས་བསྐྱུང་པའི་དགོས་པ་དང་ལྡན་ནམ་དཔྱད། ངོ་ཞེས་པ་ནི་ཞུ་བ་ལས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་མཚམས་ཀྱི་སླད་རོལ་དུ་འབྲལ་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱི་འམ། ཉེ་བར་འཁོར་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་པ་དང་། དགོན་པ་པས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ནས་ཞག་དྲུག་ལས་འདས་པར་འབྲལ་བར་བགྱིད་ན་ཆོས་གོས་དང་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་མི་བྱ་སྟེ། ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་འབྲལ་བ་གཉིས་ལ་དངོས་སུ་གསུངས་པས། དེ་དང་འདྲ་བར་གཞན་རྣམས་ལ་མདོར་བསྡུས་སྦྱར་བའོ།་་་་་ཤ་

༼༥༠༨༽

མི་སྦས་ཏི་ཀླུགས་དཀར་ལ་སོགས་པ་སྔ་མ་རྣམས་ནི་དགེ་འདུན་གྱི་ཡང་ངོ་ཞེས་པ་འདི་ལུང་ལས་ཞག་གཅིག་མི་འབྲལ་བ་ལ། དངོས་སུ་གསུངས་པས་གཞན་ལ་མདོར་བསྡུས་སྦྱར་ཞེས་གསུང་ཡང་། དགོན་པ་བའི་གོས་འབྲལ་བ་ལ་མདོར་བསྡུས་སྦྱོར་བ་ནི་ནོར་བ་སྟེ་ལུང་ལས་དགོན་པ་བའི་འབྲལ་བ་ལ་དངོས་སུ་གསུངས་པ་མཐོང་བར་ཟད་དོ། །གཉིས་པ་ཚིག་ཚོགས་བསྐྱུང་བའི་མདོ་གསུམ་ཡོད་པ་ལས། ཆོས་གོས་ལས་ཀྱང་རྣམ་པར་བརྟགས་ནའོ། །འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ། །ཞེས་པ་གཉིས་ནི་རྣམ་འབྱེད་ལས་འཆང་བ་གཉིས་དང་ཟླ་འཇོག་གི་སྐབས་སུ། རྣམ་པར་བརྟག་པར་བྱའོ་ཞེས་རྣམ་པར་བརྟགས་ན་ལྟུང་བ་མི་འབྱུང་བར་བསྟེན་པ་དེའི་དངོས་དང་ཤན་མི་འགྱུར་བར་རེ་རེ་ལ་གསུངས་པ་ལས། རང་སྟོབས་ཀྱི་ལྟུང་བ་མི་འབྱུང་བའི་ཆ་ནི་མདོ་སྔ་མས་བསྡུས་ཤིང་།་་་་་གཞན་ལ་ཤན་བརྡེག་པའི་་་་་་སྟོབས་ཀྱིས་ལྟུང་བ་་་་་་ཡང་ན་བརྡེག་བྱ་རྡེག་བྱེད་གཉིས་ཀ་ལ་རྣམ་བརྟག་བྱས་པའོ། །མི་འབྱུང་བའི་ཆ་ནི་མདོ་ཕྱི་མས་བསྡུས་སོ། །འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ་། །ཞེས་པ་ནི་རྣམ་འབྱེད་ལས་འཆང་འབྲལ་འཇོག་པ་གསུམ་གྱི་སྐབས་སུ་ཆོས་གོས་ཟིན་པ་སྲ་བརྐྱང་བཏིང་ན་ཞེས་སྲ་བརྐྱང་བཏིང་ན་ལྟུང་བ་འདི་གསུམ་མི་འབྱུང་བར་རེ་རེ་ལ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་སོ། །གསུམ་པ་མདོར་བསྡུ་བ་དང་ཚིག་ཚོགས་བསྐྱུང་བ་གཉིས་ཀ་སྟོན་པ་ནི་མདོ་བདུན་ཡོད་པ་ལས་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་ཅེས་པ་ནི་ཞག་འདས་པ་དང་འབྲེལ་བ་རྣམས་ལ་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་གྱི་ཐུན་ཚོད་སྔ་མ་རྣམས་མ་ཡིན་ཞེས་པ་སྟེ། དེ་ཡང་དགེ་སློང་ཕའི་རྣམ་འབྱེད་ཀྱི་སྐབས་ན་ཞག་འདས་པ་ཡན་ལག་ཏུ་དགོས་པའི་ལྟུང་བ་བཅོ་ལྔ་ཡོད་པ་ལས། འཆང་གཉིས་འབྲལ་གཉིས་ཟླ་འཇོག་གསོག་འཇོག་བྱེད། །ལྟུང་འཆབ་ནུབ་ལྷག་སྤངས་སྙིལ་ལྷན་ཅིག་ཉལ། །ཞེས་དེ་ལྟར་ལྟུང་བ་བཅུ་གཅིག་གི་སྐབས་སུ་ཐོག་མར་རྩོམ་པའི་ཐུན་ཚོད་ངེས་པར་མ་སྨྲོས་པར་རང་རང་གི་ཞག་གྲངས་འདས་པའི་སྐྱ་རེངས་ཀྱི་དུས་སུ་དངོས་གཞིའི་ལྟུང་བར་འགྱུར་བར་རེ་རེ་ལ་གསུངས་པས་རང་རང་གི་མཚན་མོ་མཐའི་སྐད་ཅིག་ཡན་ལག་ཡིན་པར་དོན་གྱིས་བསྟན་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ། རས་ཆེན་བཞག་འཕྱིས་བརྟད་བྱུང་བགོ་འཕྱིས་དང་། དམག་གནས་སྣང་བར་བཅས་ལ་མདོར་བསྡུས་སྦྱར།་་་་་ཤ་མི་

༼༥༠༩༽

སྦ་ཀླུགས་དཀར་ལ་སོགས་སྔ་མ་རྣམས་ནི་ཐུན་མོང་བའི་མདོ་དང་པོ་འདི་ཚིག་ཚོགས་བསྐྱུང་བ་འབའ་ཞིག་ཡིན་ཏེ་འདིའི་རྣམ་འབྱེད་ལས་ཞག་དང་འབྲེལ་བ་ཐམས་ཅད་ལ་སྐྱ་རེངས་ཤར་ན་ཞེས་འབྱུང་བ་བསྡུས་སོ། །ཞེས་གསུངས་པ་ཡང་ནོར་བ་སྟེ་ལུང་དང་འགལ་བའི་ཕྱིར་དེ་ཞག་དང་འབྲེལ་བའི་ལུང་ཕལ་ཆེ་བ་ལས་སྐྱ་རེངས་ཤར་ན་ཞེས་འབྱུང་བ་མཐོང་བ་ལ་བརྟེན་ནས་འོལ་སྤྱིར་བརྟགས་ཏེ་ཞག་དང་འབྲལ་བ་ཐམས་ཅད་ལ་བཤད་དོ། །ཞེས་ཟེར་བ་ཡིན་པས་རས་ཆེན་བཞག་འཕྱིས་དང་བརྟགས་བྱུང་བགོ་འཕྱིས་དང་དམག་གི་ནང་གནས་དང་སྣང་བཅས་ཉལ་བ་སྟེ་བཞི་ལ་ནི་ལུང་དུམ་བུ་བཞི་གང་ལས་ཀྱང་སྐྱ་རེངས་ཤར་ན་ཞེས་དངོས་སུ་གསུངས་པ་མི་སྣང་ངོ་བཞི་པོ་དེ་རྣམས་ལ་མདོ་རྩ་འགྲེལ་ལ་སོགས་པ་ལས་མདོར་བསྡུས་སྦྱར་བའོ། །དགེ་སློང་མའི་དབང་དུ་བྱས་ནས་འཆབ་པའི་ཕམ་པ་དང་མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ་ལུང་ལས་སྐྱ་རེངས་ཤར་ན་ཞེས་གསུངས་ལ། གནོད་འགྱུར་སྤང་བའི་ལྟུང་བྱེད་ལ་སོགས་པ་ཁ་ཅིག་ལ་མདོར་བསྡུས་སྦྱར་རོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་པ་ནི་ནམ་འབྱེད་ལས་གནས་ངན་ལེན་འཆབ་པ་དང་ནུབ་ལྷག་དང་བུད་མེད་དང་ལྷན་ཅིག་ཉལ་བ་སྟེ་གསུམ་གྱི་སྐབས་སུ་སྐྱ་རེངས་མ་ཤར་གྱི་བར་དུ་ཉེས་བྱས་སུ་འགྱུར་རོ་ཞེས་རེ་རེ་ལ་གསུངས་པ་དེ་རྣམས་འདིར་ཚིག་གཅིག་ཏུ་བསྡུས་ཤིང་། དམག་གི་ནང་ན་གནས་པ་དང་སྣང་བ་ལ་ཉལ་བ་དང་སྤངས་པ་དང་ཉལ་བ་དང་བསྙིལ་བ་དང་ཉལ་བ་དང་བཞི་པོ་ལ་མདོར་་་་་་ཤ་མི་སྦ་ལྷ་ཀླུགས་དཀར་ལ་སོགས་སྔ་མ་རྣམས་ནི་གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་པ་འདི་ཚིག་ཚོགས་བསྐྱུང་བ་འབའ་ཞིག་ཡིན་ཏེ་ལུང་རྣམ་འབྱེད་ལས་ཞག་དང་འབྲེལ་བ་ཐམས་ཅད་ལ་མདུན་རོལ་ཏུ་ཉེས་བྱས་ཞེས་འབྱུང་བ་བསྡུས་སོ་ཞེས་གསུང་ཡང་། ནོར་བ་སྟེ་ལུང་ལས་དམག་གི་ནང་ན་གནས་པ་དང་སྣང་བ་ལ་ཉལ་བ་དང་སྤངས་པ་རྗེས་ཕྱོགས་དང་། བསྙིལ་བ་སྡུད་པ་སྟེ་བཞི་ལ་ནི་མདུན་རལ་ཉེས་བྱས་ལུང་ལས་དངོས་སུ་གསུངས་པ་མི་སྣང་ངོ་། །མདོར་ན་ལྟུང་བྱེད་འབའ་ཞིག་པའི་སྐབས་ཀྱི་མདོ་རྩ་བ་ལས། དམག་གི་ནང་ན་གནས་པ་ལ་སོགས་པ་བཞི་པོ་དེ་དག་ལ་མདུན་རོལ་དུ་ནི་ཉེས་བྱས་སུ་དངོས་སུ་མ་གསུངས་སོ་གསུངས་པ་དེ་རྣམས་ལ་ལུང་དུ་ཡང་མདུན་རོལ་གྱི་ཉེས་བྱས་

༼༥༡༠༽

དངོས་སུ་མ་གསུངས་སོ། །མདོ་རྩ་ལས། གཞན་གསུམ་ལ་མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་དངོས་སུ་གསུངས་སོ། །དེ་རྣམས་ལ་ལུང་ལས་དངོས་སུ་གསུངས་སོ། །གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ། །མདོ་འདི་ནི་སྤང་ལྟུང་ཐུན་མོང་གི་ཞར་བྱུང་ཡིན་གྱི་སྤང་ལྟུང་ཐུན་མོང་བ་དངོས་མིན་ཏེ། སྤང་བའི་ལྟུང་བྱེད་ཀྱི་དོན་གང་ཡང་མ་བསྟན་པའི་ཕྱིར་རོ། །བསྡུས་སྦྱར་བའོ། །སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་རང་གི་ཉིད་དོ་ཞེས་པ་ནི་རྣམ་འབྱེད་ཀྱི་ཀོ་ལྤགས་ཀྱི་གཞི་ལས་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ཞིང་འདི་ནས་བཏང་བ་དེར་མ་ཕྱིན་པ་དག་ལ་ཡང་སྤང་བར་མི་འགྱུར་རོ་ཞེས་གསུངས་པ་བསྡུས་ཏེ། དེ་ཡང་གོས་བསྐུར་བྱ་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་དབང་བའི་འདུ་ཤེས་མེད་པའི་ཕྱིར་ཏེ་དེ་ནི་སྤང་བ་ལ་ནི་འདུ་ཤེས་ལས་གཙོ་ཆེར་ཞེས་པ་འདིའི་བསྡུས་ལ། སྐུར་བྱེད་ལ་འཆང་བའི་སྤང་བར་མི་འགྱུར་བ་ནི་རང་གི་ཉིད་མ་ཡིན་པའི་ཕྱིར་ཏེ་དེ་ནི་རང་གི་ཉིད་དོ་ཞེས་པ་འདིས་་་་་་གསུངས་པ་དེ་རྣམས་ལ་ལུང་དུ་ཡང་མདུན་རོལ་གྱི་ཉེས་བྱས་དངོས་སུམ། བསྡུས་སོ། །རྣམ་འབྱེད་འགྲེལ་ལས་ཀྱང་འཆང་བ་གཉིས་དང་ཟླ་འཇོག་དང་གསོག་འཇོག་དང་བཞིའི་སྐབས་སུ། གཞན་ལ་སྦྱིན་པར་བྱ་ཞེས་གཞན་ལ་བྱིན་ན་ལྟུང་མེད་དུ་བཤད་པ་དང་། ཞུ་བ་ལས་ཀྱང་གཞན་གྱི་ལྷུང་བཟེད་འཆང་བ་ལ་ལྟུང་མེད་དུ་བཤད་ཅིང་། འཁྲུར་འཇུག་དང་རྨེལ་འཇུག་གཉིས་ལ་དངོས་པོ་དེ་གཞན་ཉིད་དབང་བ་ཡིན་ན་ལྟུང་བ་ན་སྨད་དུ་་་་་་ཞུ་བ་ལས། གསུངས་པ་དང་། འཁྲུར་འཇུག་རྨེལ་འཇུག་འཐག་འཇུག་དང་། །རས་ཆེན་བརྟད་བྱུང་ཉིད་དང་ལྔ། །དེ་ལྟར་ཡུལ་དངོས་པོ་དེ་རང་གཞན་ཐུན་མོང་དུ་དབང་བ་ཡིན་ན་ལྟུང་བ་ན་སྨད་དུ་་་་་་ལུང་ཞུ་བ་ལས། གསུངས་པས། དེ་རྣམས་ཀྱི་ཤུགས་ཀྱིས་ལྟུང་བ་ལྔ་པོ་དེ་རྣམས་ཀྱི་དངོས་གཞི་བསྐྱེད་པ་ལ་རང་འབའ་ཞིག་གི་ཡིན་པ་ཡན་ལག་ཏུ་བསྟན་པ་དེ་རྣམས་ཀྱང་རང་གི་ཉིད་དོ་ཞེས་པ་འདིས་བསྡུས་ཤིང་། བདག་པོ་དང་འགྲེལ་བ་གཞན་རྣམས་ལ་ཡང་རང་གི་ཡང་ཡིན་པ་དང་། རང་འབའ་ཞིག་གི་ཡིན་པ་ཅི་རིགས་པར་མདོར་བསྡུས་སྦྱར་བར་བྱའོ། །དེ་ནི་བསྔོས་པ་ཉིད་ན་བྲལ་ཞེས་པ་ནི་ཀོ་ལྤགས་ཀྱི་གཞི་ལས། གང་གིས་གོས་བསྐུར་པ་དེ་ལ་སྤང་བར་མི་འགྱུར་ཞེས་གསུངས་པ་དང་། རྣམ་འབྱེད་ལས་ཀྱང་འཆང་བ་གཉིས་དང་ཟླ་འཇོག་གསོག་འཇོག་དང་བཞིའི་སྐབས་སུ་གཞན་ལ་བཏང་བར་བྱ་ཞེས་བསམ་པ་ཐག་པ་ནས་གཞན་ལ་བཏང་ན་ལྟུང་བ་མི་འབྱུང་བར་གསུངས་པས། དེ་རྣམས་ནི་འདིར་ཚིག་གཅིག་ཏུ་བསྡུས་ཤིང་་་་་་བདག་པོ་དང་འབྲེལ་བ། གཞན་ལ་མདོར་བསྡུས་སྦྱར་བའོ། །དེ་ཡོད་ན་དངོས་པོ་དེ་ལྟ་བུ་ཞེས་པ་ནི་རྣམ་འབྱེད་ལས་དགེ་སློང་གིས་ཚེས་ལ་ཆོས་གོས་རྙེད་ལ་དེས་

༼༥༡༡༽

ཚེས་གཉིས་ལ་ཆོས་གོས་གཞན་ཞིག་ཀྱང་རྙེད་ན་ཞེས་བྱ་བ་ནས་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ཡང་སྤང་བའི་ལྟུང་བྱེད་དོ་ཞེས་པ་དང་། དེ་བཞིན་དུ་ཟླ་འཇོག་དང་ལྷུང་བཟེད་འཆང་བ་དང་ཞག་བདུན་པའི་གསོག་འཇོག་སྟེ་བཞི་ལ་ཞག་ཤན་འབྱུང་བ་རེ་རེ་ལ་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ་དགེ་སློང་མའི།་་་་་ཆོས་གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་ལ་ནི་མདོར་་་་་་ལུང་ལས་ཞག་ཤན་དངོས་སུ་མ་གསུངས་ཀྱང་། བསྡུས་རྟོགས་པར་བྱེད་པའོ། །དངོས་པོ་སྤང་དགོས་ཀྱི།་་་་་ལྟུང་བ་དེ་ཡོད་ན་་་་་་ཕྱིས་རྙེད། ཡོ་བྱད་ཙམ་ཞེས་པ་ནི། ལུང་རྣམ་འབྱེད་ཀྱི་ཆོས་གོས་འཆང་བའི་སྐབས་ལས་དགེ་སློང་གིས་ཆོས་གོས་སྤང་བ་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་དེ་ཡང་མ་བཤགས་པར་ལྷུང་བཟེད་དམ་ཆོས་གོས་སམ་དྲ་བའམ་ཕོར་བུའམ་སྐ་རགས་སམ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཉེ་བར་འཇོག་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ་ཞེས་པ་ལ་སོགས་པ་བཅུ་ཚན་དང་པོའི་འཁྲུར་འཇུག་དང་ལེན་པ་དང་སློང་བ་གསུམ་མ་གཏོགས་བདུན་དང་། བཅུ་ཚན་ཐ་མའི་ཐོག་མཐའ་གཉིས་ཏེ་དགུ་པོ་རེ་རེ་ལ་གསུངས་པ་ཚིག་གཅིག་ཏུ་བསྡུས་པ་ཡིན་ལ། འཁྲུར་འཇུག་ལ་སོགས་པ་གཞན་རྣམས་ལ་མདོར་བསྡུས་སྦྱར་བའོ།་་་་་ཤ་མི་སྦ་ལྷའི་ཀླུགས་དཀར་ལ་སོགས་པ་སྔ་མ་རྣམས་ནི་སྤང་ལྟུང་བཅུ་ཚན་དང་པོའི་བཅུ་པོ་ཐམས་ཅད་ལ་ལུང་ལས་སྤང་ཤན་དངོས་སུ་བཤད་ཅེས་གསུངས་ཀྱང་ཕལ་ཆེར་ལ་བཤད་པ་མཐོང་ནས་ཐམས་ཅད་ལ་བཤད་ཅེས་ཞར་ལ་ཤོར་བར་ཟད་ཀྱི་འབྲུར་འཇུག་ལེན་ལོང་གསུམ་གྱི་སྤང་ཤན་ནི་ལུང་དུམ་བུ་བཞི་ག་ལས་ཀྱང་དངོས་སུ་གསུངས་པ་མི་སྣང་ངོ་། །འདི་ལ་མེད་པ་དེ་ཉིད་གཙོ་བོའི་ཞེས་པ་ནི།་་་་་ཤ་མི་སྦ་ལྷའི་ཀླུགས་དཀར་ལ་སོགས་སྔ་མ་རྣམས་ནི་མདོ་འདི་ལ་མདོར་བསྡུས་རྟོགས་པ་དང་ཚིག་ཚོགས་བསྐྱུང་བ་གཉིས་ཀ་མེད་གསུང་ཡང་ནོར་བ་སྟེ་ལུང་ཞུ་བ་ལས་ཆོས་གོས་ལྷུང་བཟེད་སྨན་དང་གསུམ་ལ་རེ་རེ་ནས་གསུངས་པ་འདི་ཚིག་གཅིག་ཏུ་བསྡུས་པ་དང་འགལ་བས་སོ་དེ་ཡང་། ལུང་ཞུ་བ་ལས་དགེ་སློང་གིས་ཆོས་གོས་སྤང་བ་ཉམས་པར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བགྱི་འམ། ཉེ་བ་འཁོར་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་པ་དང་། དེ་བཞིན་དུ་ལྷུང་་་་་་ལུང་ཞུ་བ་ལས་དགེ་སློང་གིས་ལྷུང་བཟེད་སྤང་བ་སྟོར་བར་གྱུར་ན་ལྷུང་བཟེད་འཚོལ་བའི་ལྟུང་བྱེད་འབའ་ཞིག་བཤགས་པར་བགྱི་འམ་ཨུ་པ་ལི་བཤགས་པར་བྱའོ་ལྟུང་བ་བཤགས་ནས་སླར་རྙེད་ན་སྤང་བར་བགྱི་འམ་ཨུ་པ་ལི་མ་ཡིན་ནོ། །དགེ་སློང་སྨན་སྤང་བ་སྟོར་བར་གྱུར་ན་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའམ། ལྟུང་བ་བཤགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཨུ་པ་ལི་མ་ཡིན་ནོ་ཞེས། བཟེད་དང་སྨན་ལའང་རེ་རེ་ནས་གསུངས་པ་ཚིག་གཅིག་ཏུ་བསྡུས་པས་ཚིག་ཚོགས་བསྐྱུང་བ་ཡིན་ལ།

༼༥༡༢༽

གསེར་དངུལ་ལ་སོགས་པ་གཞན་ལ་་་་་་ཡང་མེད་པ་དེ་ཉིད་གཙོ་བོའོ་ཞེས། མདོར་བསྡུས་སྦྱར་བ་ཡིན་ནོ། །བསྡུས་པའི་དོན་ལ་ལྔ་ལས། དུས་དང་འབྲེལ་བའི་ཐུན་མོང་ནི། ཉིན་མཚན་གྱི་ཞེས་པ་ལ་སོགས་པ་མདོ་དང་པོ་བཞིས་བསྟན་ཏོ། །བདག་པོ་དང་འབྲེལ་བའི་ཐུན་མོང་ནི་སྤང་བ་ལ་ནི་ཞེས་པ་ལ་སོགས་པ་མདོ་བཞིས་སོ། །ཤན་དང་འབྲེལ་བའི་ཐུན་མོང་ནི་འདི་ལ་རྗེས་སུ་ཞུགས་པ། ཞེས་པ་ལ་སོགས་པ་མདོ་ལྔའོ། །ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ནི་ཆུང་བ་ཉིད་ཀྱིས་ཞེས་པ་ལ་སོགས་པ་མདོ་གསུམ་གྱིས་སོ། །དང་པོ་གསུམ་གྱི་ཐུན་མོང་ནི་འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ། ཞེས་པས་བསྟན་ཏོ། །གཉིས་པ་སོ་སོའི་དོན་ལ་ལྔ་ལས། དང་པོ་དུས་དང་འབྲེལ་བའི་ཐུན་མོང་ངོ་། །འདི་ལ་གཉིས་ལས། སྤྱིའི་དོན་ཏོ། །དེ་ལ་ལྔ་སྟེ། ཡན་ལག་གི་ཁྱབ་པ་དང་། ཡན་ལག་རང་གི་ངོ་བོ་དང་། སེལ་བ་དང་། ཅིར་འགྱུར་དང་། རྒྱུ་མཚན་ནོ། །དང་པོ་ནི་དགེ་སློང་ཕའི་དབང་དུ་བྱས་ཏེ། ཊཱི་ཀས་གསུངས་ཚོད་བཅོ་ལྔ་སྟེ། །འཆང་གཉིས་འབྲལ་གཉིས་ཟླ་འཇོག་དང་། །རས་ཆེན་བརྟད་དང་གསོག་འཇོག་དང་། །དམག་གནས་འཆབ་དང་ནུབ་ལྷག་དང་། །སྣང་བཅས་སྤངས་སྙིལ་ལྷན་ཅིག་ཉལ། །ཞེས་བསྡུ་བའི་ཚིགས་བཅད་དོ། །དགེ་སློང་མའི་དབང་དུ་བྱས་ན་ནི་འཆབ་པའི་ཕམ་པ་ལ་་་་་་སྐྱ་རེངས་ཤར་ན་ཞེས། གཏམ་གྱི་གཞི་ལས་གསུངས་ཤིང་། མཚན་མོ་འབྲལ་བ་ལ་སོགས་པ་ཁ་ཅིག་ལ་མའི་རྣམ་འབྱེད་ལས་གསུངས་སོ། །དེ་དག་གི་གནད་ཀྱིས་གནས་མེད་ཀྱི་ཉེས་པ་ལ་སོགས་པ་རྣམས་ལ་ཡང་སྦྱར་རོ། །གཉིས་པ་ནི་རང་རང་གི་ཞག་གྲངས་ཐ་མའི་མཚན་མོའི་མཐའི་སྐད་ཅིག་གོ །དེའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། ཞག་གྲངས་མཐའ་མ་གཏན་ལ་དབབ་པ་དང་། མཚན་མོའི་མཐའི་སྐད་ཅིག་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ལས་རང་ལུགས་ནི། ཟླ་འཇོག་ལ་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་དང་རས་ཆེན་་་་་་ཞག་འཕྱིས་དང་དགག་དབྱེ་བྱས་ནས། ཟླ་བ་ཕྱེད་དང་། འཆང་བ་གཉིས་ལ་ཞག་བཅུ་དང་། ཞག་བདུན་པའི་གསོག་འཇོག་ལ་ཞག་བདུན་དང་། དགོན་པ་བའི་འབྲལ་བ་ལ་ཞག་དྲུག་དང་། ནུབ་ལྷག་ལ་མཚན་མོ་གསུམ་དང་། དེ་དག་ལས་གཞན་རྣམས་ལ་

༼༥༡༣༽

ཞག་གཅིག་གི་མཚན་མོ་མཐའི་སྐད་ཅིག་གོ །གཉིས་པ་ཞར་ལ་གཞན་ལུགས་དགག་པ་ནི། ཁ་ཅིག་་་་་་ཞང་ཞུང་རྒྱ་ཤེ ན་རེ་དེ་རྣམས་ཞག་རེ་རེས་ལྷག་པ་དགོས་ཏེ། ཁྱེད་ཞག་བཅུ་ཟེར་ཡང་ཟླ་འཇོག་གི་སྐབས་ཀྱི།་་་་་བསྡུས་པ་ལས་ཞག་བཅུ་གཅིག་འདས་ན་འཆང་བའི་སྤང་བའོ་ཞེས་པ་དང་།་་་་་ཁྱེད་ཞག་དྲུག་ཟེར་ཡང་། མདོ་དེ་ཉིད་ལས་ཞག་བདུན་ན་འབྲལ་བའི་སྤང་བའོ་ཞེས་པ་དང་། ཁྱེད་ཞག་བདུན་ཟེར་ཡང་།་་་་་སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པས་ཞག་རེ་རེས་ལྷག་པ་གྲུབ་སྟེ། དེ་རྣམས་ཞག་རེ་རེས་ལྷག་པ་བྱུང་བའི་གནད་ཀྱིས་གཞན་རྣམས་ཀྱང་ཞག་རེ་རེས་ལྷག་པར་འོང་སྟེ། ཞག་བཅུ་འདས་པ་དང་། ཟླ་བ་གཅིག་འདས་པ་དང་། ཞག་དྲུག་འདས་པ་དང་། ཞག་བདུན་འདས་པ་དང་ཞེས་མཚན་ཉིད་ཕྱོགས་གཅིག་ཏུ་གཏན་ལ་ཕབ་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། མདོ་དེ་ཉིད་ལས་གཞན་གྱི་ཉི་མའི་དང་པོ་ལའོ་ཞེས་ཞག་བཅུ་ལས་གཞན། ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་ལ་སྤང་ལྟུང་དུ་གསུངས་པ་དང་། རྣམ་འབྱེད་ལས་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། དེ་ཉིད་ལས་ཞག་བཅུ་པོ་དེ་ཉིད་ཀྱི་ནང་རོལ་ཏུ་བྱིན་གྱིས་བརླབ་པར་བྱ་ཞེས་གསུངས་པ་དང་འགལ་ཏེ། ཁྱེད་ལྟར་ན་བཅུ་གཅིག་གི་ནང་རོལ་ཏུ་ཞེས་གསུངས་པར་རིགས་པས་སོ། །གཞན་ཡང་འཆང་ལྟུང་ཞག་བཅུ་གཅིག་འདས་པ་ལ་ལྟོས་ན། འཆང་བའི་ཞག་ཚོགས་པའི་སུམ་འགྱུར་ཟླ་འཇོག་ཡིན་པའི་ཕྱིར།་་་་་ཊཱི་ཀ་ལས་ཟླ་བ་གཅིག་པའི་སྤང་བ་འདི་ལ་ཞག་བཅུ་པ་དང་པོ་དང་གཉིས་པ་དང་གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་ནི་མེད་དོ་ཞེས་བཤད་པས། སུམ་འགྱུར་ཡིན་པར་གྲུབ་བོ། །ཟླ་འཇོག་ཞག་སུམ་ཅུ་རྩ་གསུམ་འདས་པ་ལ་ལྟོས་པར་འགྱུར་བ་ལས། རྣམ་འབྱེད་ལས་ཉི་མ་སུམ་ཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་སྒྲུབ་བྱེད་གཞི་ལ་ནི་བསྡུས་པ་ལས་ཞག་བཅུ་གཅིག་འདས་ན་ཞེས་བཤད་པ་དེ་ནི་་་་་་ལོ་ཙྪ་བ་ཞང་ཞུང་རྒྱ་ཤེའི་འདོད་པ་བཀོད་པ་ཡིན་ནོ། །ཞེས་ཤ་མི་རྗེས་འབྲང་དང་བཅས་པ་རྣམས་གསུང་ཡང་མ་ཡིན་ཏེ། བསྡུས་པ་འགྱུར་རྙིང་པ་བསྟན་པ་སྔ་དར་གྱི་དཔེ་རྙིང་ལས་ཀྱང་ཞག་བཅུ་གཅིག་འདས་ན་ཞེས་བཤད་དོ་འདི་ནི། འཆང་ལྟུང་ནག་འབྱམ་དུ་འབྱུང་བ་ལ་དགོངས་

༼༥༡༤༽

པ་ཡིན་ནོ་ཞེས་བརྗོད་དོ། །མདོ་རྩ་བ་ལས་ཞག་བདུན་ན་འབྲལ་ཞེས་བཤད་པ་དེའང་ཞག་བདུན་འདས་པ་ན་འབྲལ་བ་མ་ཡིན་གྱི། ཞག་བདུན་པའི་ངོ་མཐོང་ན་འབྲལ་བའི་སྤང་བའོ་ཞེས་བསྟན་པ་ཡིན་གྱི། ཊཱི་ཀ་ལས་ཞག་བདུན་པའི་སྐྱ་རེངས་ཤར་ན་ནི་འབྲལ་བའི་ལྟུང་བ་འབྱུང་ངོ་ཞེས་གསུངས་པས་གྲུབ་བོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་ཡང་སྐྱ་རེངས་ཀྱི་ངོ་བོ་བརྒྱད་ཤར་བ་མ་ཡིན་གྱི། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྟེ་མའི་རྣམ་འབྱེད་ལས་ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། ཕའི་རྣམ་འབྱེད་ལས་ཀྱང་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན་ཞེས་གསུངས་སོ། །སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་འདི་ལ་འགྲེལ་ཆུང་གི་མདོ་རྩ་བ་ལས་བརྒྱད་པའི་སྐྱ་རེངས་བྱུང་ནའོ་ཞེས་བཤད་པ་དེ་ལེགས་པ་ཡིན་ནོ། །སྨན་ཞག་བདུན་པ་ལ་ཞག་གཅིག་ལྷག་དགོས་པའི་སྒྲུབ་བྱེད་ལྟར་སྣང་གསུམ་སྟེ། སྐྱ་རེངས་བརྒྱད་པ་ཤར་ནའོ་ཞེས་པ་འདི་དང་བསྡུས་པ་ལས་ཞག་བརྒྱད་ལོན་ན་སྤང་བའོ་ཞེས་པ་དང་རིགས་པའི་སྒྲུབ་བྱེད།་་་་་ཡང་ཁ་ཅིག་་་་་་འཛིམས་པ་ཤེས་རབ་འོད་ཟེར། ན་རེ་དཔེར་ན་དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི་ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ཉེས་པ་འབྱུང་བ་ལྟར། སྨན་ཞག་བདུན་བྱིན་གྱིས་བརླབས་པ་ཡང་ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ལྟུང་བ་འབྱུང་སྟེ། ཞག་བདུན་དུ་བྱིན་གྱིས་བརླབས་པར་འདྲ་བའི་ཕྱིར་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཞག་བདུན་དུ་བྱིན་གྱིས་བརླབས་པ་ཙམ་དུ་འདྲ་བའི་ཕྱིར་ཟེར་རམ། དོན་ཁྱད་པར་མེད་པར་འདྲ་བའི་ཕྱིར་ཞེས་ཟེར། སྔ་མ་ལྟར་ན་ཁྱབ་པ་མ་གྲུབ་སྟེ་དོན་ཐ་དད་པའོ། །ཕྱི་མ་ལྟར་ན་རྟགས་མ་གྲུབ་སྟེ། དབྱར་ཞག་བདུན་བྱིན་གྱིས་བརླབས་པ་ནི། ཞག་བདུན་གནང་ནས་ཞག་བརྒྱད་འདས་པ་ན་ལྟུང་བ་འབྱུང་བར་བཅས་པ་ཡིན་ཏེ། ཞག་བདུན་འདས་པ་ཉིད་ན་དབྱར་འཇིག་ན། ཞག་གཅིག་བྱིན་གྱིས་བརླབས་པ་ཡང་ཞག་གཅིག་འདས་པ་ན་འཇིག་པར་འགྱུར་བ་རྒྱུ་མཚན་མཚུངས་པས། དེ་ལྟར་ན་ལུང་ཞུ་བ་ལས་དབྱར་ཞག་གཅིག་བྱིན་གྱིས་བརླབ་པར་གསུངས་པ་དེ་དོན་མེད་དུ་འགྱུར་བས་སོ། །སྨན་ཞག་བདུན་པ་བྱིན་གྱིས་བརླབས་པ་ནི་ཞག་བདུན་འདས་པ་ཉིད་ན་ལྟུང་བ་འབྱུང་བར་བཅས་པ་ཡིན་ཏེ། ཊཱི་ཀ་ལས་ཞག་བདུན་འདས་ན་སྤང་བར་འགྱུར་ཞེས་གསུངས་པས་ཤེས་སོ། །འོ་ན་བསྡུས་པ་ལས། ཞག་བདུན་ཚུན་ཆད་དུ་བྱིན་གྱིས་བརླབས་ལ་བཟའ་བར་བྱའོ། །ཞག་

༼༥༡༥༽

བརྒྱད་ལོན་ན་སྤང་བའོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ཞག་བརྒྱད་པའི་སྐྱ་རེངས་ཤར་བ་ན་ཞག་བརྒྱད་པའི་ངོ་མཐོང་བའི་ཕྱིར་ཞག་བརྒྱད་ལོན་ཞེས་བརྗོད་པ་ཡིན་གྱི། ཞག་བརྒྱད་འདས་པ་ལ་ལྟོས་པ་མ་ཡིན་ཏེ། ལུང་དགེ་སློང་མའི་རྣམ་འབྱེད་ལས། ཞག་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པས་ཤེས་སོ། །གལ་ཏེ་དགེ་སློང་མས་ཉི་མ་དང་པོ་ལ་ཆོས་གོས་རྙེད་མ་ཐག་པ་ཉིད་ན། ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་པའི་ལྟུང་བ་བྱུང་ཟིན་པར་ཐལ། དགེ་སློང་མས་ཆོས་གོས་ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་མ་བརླབས་པར་ཞག་གཅིག་གི་སྐྱ་རེངས་ཤར་ཟིན་པའི་ཕྱིར་རོ། །དེའི་ཁྱབ་པ་གཞུང་གིས་གྲུབ་སྟེ། དགེ་སློང་མས་ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མ་བརླབས་པའི་སྐབས་ཀྱི་ཊཱི་ཀ་ལས། ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ་ཞེས་བཤད་པས་སོ། །དེའི་ཚེ་ལྟུང་བ་བྱུང་ཟིན་པ་ཐལ་བ་འདོད་ན་ལྟུང་བ་སྤོང་བ་བསྒྲུབ་པར་མི་ནུས་པར་ཐལ་བར་འགྱུར་རོ་ཞེ་ན། ཁྱབ་པ་མེད་དེ་ཊཱི་ཀ་ལས་བཤད་པ་དེ་ནི་ཞག་གཅིག་འདས་པའི་སྐྱ་རེངས་ལ་དགོངས་པ་ཡིན་གྱི། ཞག་གཅིག་གི་འགོ་རྩོམ་པའི་སྐྱ་རེངས་ནི་མ་ཡིན་ནོ།་་་་་འགྲེལ་ཆུང་ལས་ཆོས་གོས་རྙེད་པའི་ནང་བར་གྱི་སྐྱ་རེངས་ཕན་ཆད་ནི་གྲངས་སུ་མི་རྩིའོ་ཞེས་བཤད་དོ། །མཚན་མོ་གཉིས་ཉལ་ན་ནུབ་ལྷག་གི་ལྟུང་བ་བསྐྱེད་པར་ཐལ། ཞག་གསུམ་པའི་སྐྱ་རེངས་ཤར་བའི་ཕྱིར་རོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། མཚན་མོ་གསུམ་པར་ཉལ་ནས་སྐྱ་རེངས་ཤར་ན་ལྟུང་བྱེད་དུ་་་་་་མའི་རྣམ་འབྱེད་ལས། གསུངས་ཀྱི། ཞག་གསུམ་པའི་སྐྱ་རེངས་ཤར་ན་ཞེས་པ་ནི་གཞུང་གང་ལས་ཀྱང་མ་བཤད་དོ།་་་་་རྩོད་པ་འདི་ནི་རང་གིས་དོགས་པ་བསུ་བའོ། །གལ་ཏེ་་་་་་ཟླ་འཇོག་ཞག་གཅིག་ལྷག་པ་མ་ཡིན་ན། གོས་རྙེད་ནས་ཟླ་བ་གཅིག་ལོན་ནས་སྲ་བརྐྱང་བཏིང་བ་དེས། ཟླ་འཇོག་གི་ལྟུང་བ་མི་ཁེགས་པར་ཐལ། ཟླ་འཇོག་གི་ལྟུང་བ་བྱུང་ཟིན་པའི་ཕྱིར་རོ། །འདོད་ན་ཟླ་འཇོག་གི་ཞུ་བ་ལས། དགེ་སློང་གིས་དགུང་ཟླ་དྲུག་ཏུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བར་མཆིས་སམ། ཉེ་བར་འཁོར་ཡོད་དེ། ཆོས་གོས་དེ་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་སྲ་བརྐྱང་བཏིང་ནའོ་ཞེས་གསུངས་པ་དང་འགལ་ཞེ་ན། དེ་ནི་ཞག་སུམ་ཅུའི་ཉིན་པར་ཞག་སུམ་ཅུའི་ངོ་མཐོང་བས་ཞག་སུམ་ཅུ་ལོན་པ་ཞེས་

༼༥༡༦༽

གསུངས་ཀྱི། ཟླ་བ་གཅིག་འདས་པར་གྱུར་པ་ནི་མ་ཡིན་ནོ། །གཉིས་པ་མཚན་མོ་མཐའི་སྐད་ཅིག་གཏན་ལ་དབབ་པ་ནི། མཚན་མོ་མཐའི་སྐད་ཅིག་ནི་སྐྱ་རེངས་དང་པོ་ཤར་བའི་སྔ་ལོགས་ཀྱི་སྐད་ཅིག་ཡིན་ཏེ། ཊཱི་ཀ་ལས་ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་གསུངས་པ་དང་། འཆབ་པའི་ཕམ་པའི་བར་རྣམ་པར་བཞག་ཅེས་སོ། །འོ་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་པར་བཤད་པའི་གཞུང་བཞི་དང་འགལ་ཏེ། ཊཱི་ཀ་་་་་་དམག་གི་ནང་ན་གནས་པའི་སྐབས་ཀྱི། ལས་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་ཅེས་བྱ་བ་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ཞེས་སྔ་མའི་མཐའི་སྐད་ཅིག་དང་ཞག་ཕྱི་མའི་སྐྱ་རེངས་ཤར་བ་གཅིག་ཡིན་པར་གསུངས་པ་དང་། སྤངས་པ་རྗེས་ཕྱོགས་ཀྱི་ཊཱི་ཀ་ལས་མཚན་མོའི་མཐར་རོ་ཞེས་བྱ་བ་སྨྲས་ཏེ། འཆབ་པའི་ཕམ་པའི་ཊཱི་ཀ་ལས། ཉིན་མཚན་གྱི་མཐར་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ།་་་་་སྐྱ་རེངས་ཤར་ནའོ་ཞེས་གསུངས་པས་མཚན་མོའི་མཐའ་དང་སྐྱ་རེངས་ཤར་བ་གཅིག་ཡིན་པར་གྲུབ་ཅིང་། འདིར་གཞུང་ནི་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་གཉིས་མིང་གི་རྣམ་གྲངས་སུ་བཤད་པ་དང་། རྩ་བ་ལས། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་ངོ་ཞེས་གསུངས་ནས་དེ་ཉིད་ཀྱི་ཊཱི་ཀ་ལས། སྐྱ་རེངས་ཤར་ན་ནི་འཆབ་པ་འབྱུང་བ་ཁོ་ནར་འགྱུར་རོ་ཞེས་བཤད་པས། ཉིན་མཚན་གྱི་ཐ་མའི་ཆ་དང་སྐྱ་རེངས་ཤར་བ་སྟེ་དེ་གཉིས་དོན་གཅིག་ཡིན་པར་གྲུབ་བོ་ཞེ་ན།་་་་་སྐྱ་རེངས་དང་པོ་ནི་མཚན་མོའི་མཐའ་ཡང་ཡིན་ལ་ཉིན་མོའི་དང་པོ་ཡང་ཡིན་ཏེ་འཕྲེང་བའི་མདོ་འཛིན་བཞིན་ནོ། །མདོ་འཛིན་ཕྱོགས་གཅིག་ངོས་ཀ་མཐའ་ཡང་ཡིན་ལ་ཕྱོགས་གཅིག་ངོས་ཀྱི་དང་པོ་ཡང་ཡིན་པ་དང་འདྲའོ་ཞེས་སྣར་ཐང་བ་ཁ་ཅིག་ཟེར་རོ། །དེ་ལྟར་ན་གཞུང་བཞི་ལས། དང་པོ་ནི་ཉིན་མཚན་གཉིས་ཀྱི་མཐའི་སྐད་ཅིག་འདས་པ་ཞེས་བྱ་བ་ནི་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་ན་ཞེས་དགོངས་སོ།་་་་་ཞེས་ཟེར་ཡང་མཐའ་ནི་ཟད་དང་འཇུག་ཆ་དང་། ཞེས་པ་ལུང་དེར་ནི་ཟད་མཐའ་ཡིན་ལ། སྐྱ་རེངས་ཀྱི་མདུན་རོལ་ནི་འཇུག་མཐའོ། །གཞུང་གཞུང་གཉིས་པ་ནི་མཚན་མོའི་མཐར་ལྟུང་བྱེད་དུ་འགྱུར་ཞིང་སྐྱ་རེངས་ཤར་བ་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་དགོངས་སོ།་་་་་ཕྱི་མ་དེ་གཉིས་ནི། མཚན་མོའི་མཐའི་སྐད་

༼༥༡༧༽

ཅིག་ལ་འཆབ་པའི་ལྟུང་བ་འབྱུང་བ་ཡིན་ཞིང་། སྐྱ་རེངས་ཤར་ན་ནི་འཆབ་པའི་ལྟུང་བ་བྱུང་ཟིན་པ་ལ་འབྱུང་འགྱུར་གྱི་སྒྲས་བརྗོད་པ་ཡིན་གྱི། དཔེར་ན་ཕམ་པར་གྱུར་ཟིན་པ་ལ་བསླབ་པ་སྦྱིན་པ་ཡིན་ཡང་། ཊཱི་ཀ་ལས་ཕམ་པར་འགྱུར་བའི་ལྟུང་བ་ལ་ལས་ཀྱི་བསླབ་པ་སྦྱིན་ཞེས་པ་བཞིན་ནོ། །དེ་ལྟར་མ་ཡིན་པར་མཚན་མོའི་མཐའི་སྐད་ཅིག་དང་། སྐྱ་རེངས་ཤར་བའི་སྐད་ཅིག་ངོ་བོ་གཅིག་ན་ནི་ཊཱི་ཀ་ལས། ཉིན་མོའི་དུས་དང་པོ་ནི་སྐྱ་རེངས་ཤར་བ་ཡིན་པར་གསུངས་ལ། དེའི་མདུན་རོལ་ནི་མཚན་མོའི་མཐའ་ཡིན་པར་རྣམ་པར་བཞག་ཅེས་གསུངས་པ་དང་འགལ་ཞིང་། ཊཱི་ཀ་ལས་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མའོ་ཞེས་པ་དང་ཡང་འགལ་ལོ། །དེས་ན་མཐའི་སྐད་ཅིག་དང་སྐྱ་རེངས་ཤར་བ་ནི་སྐད་ཅིག་སྔ་ཕྱི་ཐ་དད་དོ། །འོན་ཀྱང་མཐའི་སྐད་ཅིག་འདས་པ་དང་སྐྱ་རེངས་ཤར་བ་ནི་ངོ་བོ་གཅིག་ཅིང་མཐའི་སྐད་ཅིག་དང་སྐྱ་རེངས་འཆར་བའི་སྐད་ཅིག་ཀྱང་ངོ་བོ་གཅིག་ཡིན་པར་རིག་པར་བྱའོ། །གསུམ་པ་སེལ་བ་ནི་སྔ་རོལ་གྱི་དུས་རྣམས་སོ། །བཞི་པ་ཅིར་འགྱུར་ནི་གཉིས་ཏེ། སྤང་བ་རྣམས་ལ་སྦྱོར་བའི་ལྟུང་བ་མེད་ཅིང་གནས་པ་དང་འབྲེལ་བ་རྣམས་ལ་ན་སྨད་པར་འགྱུར་རོ། །དང་པོ་ནི་ལུང་རྣམ་འབྱེད་ལས་འཆང་བའི་སྐབས་གོས་དང་ལྷུང་བཟེད་ཞག་བཅུའི་བར་དུ་བཅང་བར་བྱའོ། །ཟླ་འཇོག་གི་སྐབས་ལས།་་་་་གོས་ནི་ཟླ་བ་གཅིག་གི་མཐར་བཞག་པར་བྱའོ། །དགོན་འབྲལ་གྱི་སྐབས་ལས།་་་་་ཞག་དྲུག་གི་མཐའ་ཚུན་ཆད་དུ་འབྲལ་བར་བྱའོ། །རས་ཆེན་བཞག་འཕྱིས་ཀྱི་སྐབས་ལས།་་་་་དབྱར་ཟད་ནས་ཟླ་ཕྱེད་ཀྱི་བར་དུ་རས་ཆེན་བཅང་བར་བྱའོ། །བརྟད་བྱུང་བགོ་འཕྱིས་ཀྱི་སྐབས་ལས།་་་་་བརྟད་པ་ལས་འབྱུང་བའི་གོས་དེ་བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ་ཞེས་་་་་་དེ་རྣམས་ལུང་རྣམས་འབྱེད་ལས། གསུངས་པ་དེ་དང་།་་་་་ཞག་བདུན་པའི་གསོག་འཇོག་གི་སྐབས། ཞུ་བ་ལས་ཞག་བདུན་ལོན་པ་ལ་མ་ལོན་པ་ཉིད་དུ་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་ཤིང་། ཞག་གཅིག་འབྲལ་བའི་སྦྱོར་ལྟུང་མེད་པ་ནི་དགོན་པ་བའི་འབྲལ་བའི་གནད་ཀྱིས་སོ། །གལ་ཏེ་དེ་དག་ལ་སྦྱོར་ལྟུང་མེད་ན། ཀུན་་་་་་འདུལ་བ། ལས་བཏུས་་་་་་བམ་པོ་ལྔ་བཅུ་པ། ལས་འཆང་བ་དང་འབྲལ་བའི་སྤང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ་ཞེས་གསུངས་པ་དང་། བསྡུས་པ་ལས་

༼༥༡༨༽

ཉིན་རེ་ཉེས་བྱས་རེ་རེའོ་ཞེས་འཆང་བ་ལ་ཉེས་བྱས་སུ་བཤད་པ་དང་། འགྲེལ་ཆུང་ལས་ཀྱང་འཆང་བའི་སྤང་བ་ནི་ཞག་བཅུར་སྔགས་མ་བཏབ་ན་ཉེས་བྱས་ཞེས་བཤད་པ་དང་འགལ་ལོ་ཞེ་ན་དེ་དག་ནི་རང་དགར་འཇོག་པ་སྦྱོར་བ་ལྷོད་པ་བསླབ་བྱའི་ཉེས་པ་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྦྱོར་བའི་ཉེས་བྱས་ཡིན་ན་ཞུ་བ་ལས་ཞག་བཅུ་མ་ལོན་པ་ལ་མ་ལོན་པར་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་པ་དང་། རྣམ་འབྱེད་ལས་ཞག་བཅུའི་བར་དུ་བཅང་བར་བྱའོ་ཞེས་སྔར་དྲངས་པ་དག་དང་འགལ་ལོ། །གཉིས་པ་གནས་པ་འབྲེལ་བ་རྣམས་ལ་ན་སྨད་དུ་འགྱུར་བ་ནི། གནས་པ་ལ་ནི་སྦྱོར་བའི་སྣོད་ཉིད་དོ་ཞེས་གསུངས་པས་སོ། །ལྔ་པ་རྒྱུ་མཚན་ནི། སྤང་བ་དེ་རྣམས་ལ་སྦྱོར་ལྟུང་མི་བསྐྱེད་པ་ནི་ལྟུང་བ་རྣམ་གཞག་གི་སྦྱོར་ལྟུང་གི་བཅས་པ་མེད་པའི་ཕྱིར་རོ། །གནས་པ་དང་འབྲེལ་ན་ན་སྨད་དུ་འགྱུར་བ་ནི། གནས་པ་དང་འབྲེལ་བའི་སྦྱོར་ལྟུང་གི་བཅས་པ་ལས་འདས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ནི་ཆོས་གོས་ཞག་བཅུ་འཆང་བ་ལ་སོགས་པ་རྣམས་ཀྱི་ཞག་གྲངས་ཐོག་མའི་ཞག་གཅིག་གི་ཚད་ཇི་ཙམ་ཞེ་ན། ཚེས་གཅིག་ལ་གོས་རྙེད་ན་ཚེས་གཅིག་གི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་ཚེས་གཅིག་གི་མཚན་མོ་མཐའི་སྐད་ཅིག་ཉིད་ལ་ཞག་གྲངས་དང་པོའི་ཞག་གཅིག་ཏུ་བརྩི་བ་དེ་ལ། མཚན་མོའི་སྐད་ཅིག་ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་ངེས་གཟུང་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་བསྟན་ཏེ་དོན་དེ་ལྟར་ཊཱིཀ་ལས་བཤད་དོ། །ཉིན་མཚན་དང་པོ་ནི་ཞག་གྲངས་དང་པོ་སྟེ་ཚེས་གཅིག་ལྟ་བུའོ། །དེ་ཡང་ཊཱི་ཀ་ལས་ཉིན་མཚན་དང་པོའི་མཐར་གྱུར་པའི་སྐད་ཅིག་མ་གང་ཡིན་པ་དེ་ལ་ཉིན་མཚན་ཞེས་བྱ་བའི་མིང་ཐོབ་པས་སྤང་བ་ལ་ཡང་དེ་ཉིད་ཡན་ལག་ཡིན་པར་རིག་པར་བྱའོ། །སྐད་ཅིག་མ་ལྷག་མ་རྣམས་ནི་སྤང་བ་རྣམ་པར་བཞག་པའི་ཡན་ལག་ཉིད་མ་ཡིན་ནོ་ཞེས་བཤད་དོ། །ཉིན་མཚན་དང་པོའི་ཐུན་ཚོད་ཀྱི་ཚིགས་ནི་ངེས་པ་མེད་དེ་མཐའི་སྐད་ཅིག་མ་གཅིག་པོ་དེ་ཉིན་མཚན་དང་པོ་གཅིག་ཏུ་བརྩི་སྟེ། དེ་ཚུན་ཆད་ནས་ཉིན་ཞག་བརྩི་ཞིང་ཞག་བཅུ་འདས་ན་སྤང་བར་འགྱུར་ཞེས་ཊཱི་ཀ་ལས་བཤད་དོ།་་་་་ །འདིར་ལུང་རྣམ་འབྱེད་ལས། གོས་སམ་ལྷུང་བཟེད་དང་པོ་རྙེད་པའི་ཐུན་ཚོད་ངེས་པར་མ་སྨོས་པར་ཚེས་བཅུ་གཅིག་གི་ཉིན་པར་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་གསུངས་ཏེ། དང་པོ་རྙེད་པའི་ཐུན་ཚོད་སྔ་དྲོ་ལ་སོགས་པ་ངེས་པར་མ་སྨོས་པས་ན། ཞག་གྲངས་ཐོག་མའི་

༼༥༡༩༽

མཐའི་སྐད་ཅིག་དེ་ཉིད་ཞག་གཅིག་ཏུ་བརྩི་བར་གྲུབ་བོ། །ཉིན་མཚན་གྱི་དང་པོ་མ་ཡིན་པ་ཞེས་པ་འདི་ནི་འགྲེལ་ཆུང་གི་མདོ་རྩ་བ་ལས་སྔ་མ་མེད་པའི་ཉིན་ཞག་ཅེས་བཤད་པ་དེ་འགྱུར་ཤིན་ཏུ་ལེགས་ཏེ། དེ་ལྟར་ན། སྔ་མ་མེད་པའི་ཞག་་་་་་གཅིག་ཉིད། ལ་ནི་་་་་་མཚན་མོའི་སྐད་ཅིག ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་པ་དེ་ཡང་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་དང་པོ་ནི་སྔ་མ་མེད་པའི་ཞག་གཅིག་ཡིན་ལ། ཞག་གཅིག་འབྲལ་བ་ལྟ་བུའི་ཞག་གཅིག་པོ་དེ་ཉིད་ཀྱང་སྔ་མ་མེད་པའི་ཞག་གཅིག་ཡིན་ནོ། །མདོ་དང་པོ་འདི་ལ་བླ་མ་རྣམས་ནི་ཆོས་གོས་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་ཐ་མའི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མཐར་ཐུག་གི་ཡན་ལག་ཡིན་ལ། ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་མཐར་ཐུག་གི་ཡན་ལག་ཏུ་མེད་པ་ཉིད་དོ་ཞེས་ཀྱང་འཆད་དོ། །དེ་དང་མཐུན་པར། ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་ཅེས་པ་འདི་ལ། བམ་པོ་ལྔ་བཅུ་པ་ལས་མདོར་ན་སྐྱ་རེངས་དང་པོ་ཤར་ནས་སྤང་བར་འགྱུར་གྱི། སྐྱ་རེངས་དང་པོ་མ་ཤར་བའི་མདུན་རོལ་གྱི་ཐུན་རྣམས་ལ་ཞག་ཏུ་མི་བརྩི་བས་སྤང་བར་མི་འགྱུར་རོ་ཞེས་སྤྱིར་བསྟན་པ་ཡིན་ནོ་ཞེས་བཤད་དོ།་་་་་སྐབས་འདིའི་ཊཱི་ཀ་ལས་ཐ་མ་མ་ཡིན་པ་ཐུན་ཚོད་བཅུ་ཞེས་པ་ནི་ལུང་གཞི་ལས། སྔ་དྲོ་དང་། གུང་དང་། ཕྱི་དྲོ་དང་མཚན་མོའི་ཐུན་དང་པོ་དང་། དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་ཞེས་གསུངས་ཏེ་སྐྱ་རེངས་ཤར་བའི་གོང་དུ་ཐུན་ཚོད་བཅུ་པོ་དེ་རྣམས་གསུངས་སོ། །མཐའི་སྐད་ཅིག་གི་སྔ་རོལ་ཏུ་ཅིར་འགྱུར་ཞེ་ན། ཡུལ་རྟེན་ལྷན་ཅིག་ཏུ་གནས་པ་དང་འབྲེལ་བ་བདུན་ལ་ནི་མཐའི་སྐད་ཅིག་གི་སྔ་རོལ་རྣམས་སྦྱོར་བའི་ཉེས་བྱས་ཀྱི་སྣོད་དམ་རྟེན་ཉིད་དོ། །དེ་ཡང་བདུན་པོ་ནི། དམག་གནས་འཆབ་དང་ནུབ་ལྷག་དང་། །སྣང་བཅས་སྤངས་བརྙིལ་ལྷན་ཅིག་ཉལ། །ཞེས་པ་དག་སྟེ་ཊཱི་ཀ་་་་་་ཊཱི་ཀ་ཉུང་ཤོས་ལས་ནི་གནས་ངན་ལེན་འཆབ་པ་མི་སྣང་སྟེ་ཡི་གེ་ཆད་པར་འོང་ངོ་། །མང་ཤོས་ལས་བདུན་པོ་ཐམས་ཅད་སྨོས་སོ། །གལ་ཏེ་ཉིན་པར་གནས་ན་སྦྱོར་ལྟུང་སྐྱེད་དམ་མི་སྐྱེད་ཅེ་ན། ཊཱི་ཀ་ལས། དམག་གི་ནང་ན་གནས་པ་ནི་ཉིན་པར་གནས་ན་ཡང་སྦྱོར་བའི་སྣོད་ཉིད་དུ་འགྱུར་ཏེ་དེར་གནས་པ་ཙམ་ཉིད་ཉེས་པར་འགྱུར་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གནས་དང་འབྲེལ་བ་གཞན་རྣམས་དེ་ལྟར་མ་

༼༥༢༠༽

ཡིན་ཏེ། ཊཱི་ཀ་ལས་དམག་གི་ནང་ན་འདུག་པ་མ་གཏོགས་པ་གནས་པའི་བསླབ་པའི་གཞི་གཞན་དག་ལ་ནི་མཚན་མོར་གཏོགས་པའི་དུས་ཁོ་ན་སྦྱོར་བའི་སྣོད་ཉིད་ཡིན་གྱི་ཉིན་པར་གནས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །དེ་རྣམས་གནས་པ་དང་འབྲེལ་བར་མཚུངས་པ་ལ་དེ་ལྟར་ཁྱད་པར་འོང་བའི་རྒྱུ་མཚན་དམག་གི་ནང་ན་གནས་པ་ནི་དགག་བྱ་ཆེ་བས་ཉིན་མོ་ཡང་སྦྱོར་ལྟུང་བསྐྱེད་པར་བཅས་ལ། གཞན་རྣམས་ལ་ཉིན་མོ་སྦྱོར་ལྟུང་མི་བསྐྱེད་པ་བཅས་པའོ་ཞེས་གསུང་ངོ་། །འོ་ན་མདོ་ཉིད་ལས་ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་ནུབ་ལྷག་ལ་སོགས་པ་ལ་ཉིན་མོ་ཡང་ཉེས་བྱས་སུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་ལྟུང་ལས་ཐ་དད་པའི་ཉེས་བྱས་ཏེ། བསླབ་བྱའི་ཉེས་བྱས་ཡིན་པས་འགལ་བ་མེད་དོ།་་་་་སྐབས་འདིར་ཉིན་ཉལ་མཚན་ཉལ་ཉེས་བྱས་ཐ་དད་མེད་ཅེས་རྒྱ་འདུལ་གསུངས་ཏེ་ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་གསུངས་པ་དང་འགལ་ཞིང་། །དེ་ཡང་སྦྱོར་ལྟུང་ལས་ཐ་དད་པའི་རྒྱུ་མཚན་ནི། མཐར་ཐུག་ཐ་དད་ཀྱིས་བར་དུ་ཆོད་པའི་ཕྱིར་ཏེ། དེ་ཡང་ཉིན་མོའི་ཉེས་བྱས་ཐ་དད་པ་སྟེ་དེ་ནི་ཉིན་མོ་དང་འབྲེལ་བ་ཡིན་ལ། མདོ་ཉིད་ལས་ཉི་མ་ནུབ་པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ་ཞེས་ཉིན་མོ་འབྲལ་བའི་སྐབས་སུ་བཤད་པ་བཞིན་ནོ། །ཉིན་མཚན་ཡི་དང་པོ་སྨྲ་བར་འདོད་ནས་དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་སོ། །འདིའི་སྤྱི་དོན་ལ་གསུམ་སྟེ། སྐྱ་རེངས་དང་པོ་འཆར་དུས་གཏན་ལ་དབབ་པ་དང་། ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་། དངོས་གཞི་རྫོགས་པའི་དུས་དང་། ཉིན་ཞག་གི་འཕོ་མཚམས་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནམ་གྱི་ཆའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ་ནི། སྲོད་དང་གུང་དང་ཐོ་རངས་ཏེ་ནམ་ལ་ཆ་གསུམ་དུ་བྱས་པའི་ཐོ་རངས་ཐུན་ལ་འཆར་རོ། །དེ་གསུམ་རེ་རེ་ལ་ཡང་ཆ་གསུམ་སྟེ་ཆ་དགུར་བྱས་པའི་ཆ་བདུན་པའི་ཕྱེད་ན་འཆར་ཏེ། དགེ་སློང་མའི་རྣམ་འབྱེད་ལས། ཐུན་ཐ་མའི་ཐུན་དང་པོའི་ཕྱེད་རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཡིན་ནོ་ཞེས་གསུངས་པས་ཐོ་རངས་ལ་ཆ་གསུམ་དུ་བྱས་པའི་ཆ་དང་པོའི་ཕྱེད་ན་འཆར་རོ། །སྡེ་པ་ཁ་ཅིག་ན་རེ་མཚན་མོའི་ལྔ་ཆ་ལུས་པ་ན་འཆར་ཏེ། བྱེ་བྲག་བཤད་མཚོ་ལས། དེ་ལྟར་བཤད་པས་སོ། །ཞེས་ཟེར་རོ། །འོན་ཀྱང་འོད་ལྡན་ལས་བྱེ་བྲག་བཤད་མཚོ་ནི་ལུང་གི་འབྲེལ་བ་ཡིན་ལ་ལུང་ལས་ནི་དེ་སྐད་མ་

༼༥༢༡༽

གསུངས་ཤིང་། སྐྱ་རེངས་འཆར་བའི་སྔོན་རྟགས་མཚན་མ་ནམ་མཁའ་ལ་མངོན་སུམ་དུ་སྣང་བའི་ཚེ་བརྩད་དུ་མེད་པ་ཁོ་ན་ཡིན་ནོ་ཞེས་་་་་་འོད་ལྡན་ལས། བཤད་དོ། །འོན་ཀྱང་་་་་་བྱེ་བྲག་བཤད་མཚོ་དགག་པར་བྱ་བ་ཡིན་ཏེ། ནམ་རིང་ཐུང་གིས་ཉི་མའི་འོད་ཟེར་རྒྱང་རིང་ཐུང་དུ་འགྱུར་བ་མི་རིགས་པས། ནམ་རིང་དུས་སྐྱ་རེངས་དང་པོ་ཤར་ནས་ལངས་པའི་བར་དང་། ནམ་ཐུང་དུས་སུ་སྐྱ་རེངས་དང་པོ་ཤར་ནས་ནམ་ལངས་པའི་བར་ནི་ཡུན་མཉམ་པར་རིགས་སོ། །དེས་ན་ནམ་ཐུང་དུས་ནི་ནམ་གྱི་སུམ་ཆ་ཉེ་བ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བ་དགེ་སློང་མའི་རྣམ་འབྱེད་ལྟར་དོན་ལ་གནས་ལ། ནམ་རིང་བའི་དུས་སུ་ནི་ནམ་གྱི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་འཆར་བར་བྱེ་བྲག་བཤད་མཚོ་ལྟར་དོན་ལ་གནས་པར་སེམས་སོ། །གཉིས་པ་མཚན་མ་གསལ་བའི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་གཟུང་བ་ནི། རྣམ་འབྱེད་ལས་སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་བར་བ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་པོར་སྣང་བའོ་ཞེས་གསུངས་པ་དང་། འོད་ལྡན་ལས་ཀྱང་སྐར་མའི་བསྟན་བཅོས་ཁུངས་སུ་དྲངས་ནས། སྐྱ་རེངས་དང་པོ་ཤར་ན་ནི། །ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་། །སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན། །སྐྱ་རེངས་བར་བ་ཤར་ན་ནི། །དེ་ནི་ཤར་ཕྱོགས་སྐྱ་ཞིང་དམར། །རྒྱུ་སྐར་འོད་ནི་ཆུང་བ་དང་། ནམ་མཁའ་སེར་སྐྱར་འགྱུར་བ་ཡིན། །སྐྱ་རེངས་ཐ་མ་ཤར་ན་ནི། །རྒྱུ་སྐར་འོད་ནི་མེད་པ་དང་། །སྐྱ་རེངས་ཐ་མ་འོ་ཟེར་བཤད། །འོ་ཟིའང་ཉི་མ་ཤར་བར་དུའོ། །ཞེས་བཤད་དོ།་་་་་ཁ་དོག་དེ་ལྟར་འོང་བའི་རྒྱུ་མཚན་ནི་འགྲེལ་ཆུང་ལས་སྐྱ་རེངས་གསུམ་ཡོད་དེ། སྔོ་རེངས་ནི་ཉི་མ་ཤར་ནས་ཤིང་ཛམྦུའི་བློར་བབ་པ་དང་། ཛམྦུའི་ལོ་མའི་འོད་ཀྱི་སྔོན་པོར་འབྱུང་ངོ་། །དམར་རེངས་ནི་ཤིང་ཛམྦུ་ལ་ཉི་མ་འཕོག་པ་དང་། འོད་དམར་པོ་འབྱུང་ངོ་། །སེར་རེངས་ནི་ཉི་མ་ནམ་མཁའ་ལ་མངོན་པར་བྱུང་ནས་འོད་ཟེར་བྱུང་བ་ལ་བྱ་ཞེས་བཤད་དེ། ཐམས་ཅད་དཔྱད་དགོས་པ་ཞིག་སྣང་ངོ་། །གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་དང་དངོས་གཞི་རྫོགས་པའི་དུས་འདི་ལ་གཉིས་ཏེ། མཐར་ཐུག་དང་དངོས་གཞི་རྫོགས་དུས་ངོས་གཟུང་བ་དང་། གཞུང་ཕན་ཚུན་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ཞག་དང་འབྲེལ་བ་རྣམས་ཀྱི་མཐར་ཐུག་ནི། རང་རང་གི་མཚན་

༼༥༢༢༽

མོ་མཐའི་སྐད་ཅིག་སྟེ། གནས་ངན་ལེན་འཆབ་པ་དང་། ནུབ་ལྷག་ལ་སོགས་པ་རྣམས་ཀྱི་སྐབས་སུ་མདོ་རྩ་བ་ལས་མཐར་རོ་ཞེས་ལན་མང་དུ་གསུངས་པས་ཤེས་སོ། །གལ་ཏེ་སྐྱ་རེངས་ཤར་བ་མཐར་ཐུག་ཡིན་ན་ནི་དང་པོ་་་་་་ཉིན་མོའི་རོ་ཞེས་་་་་་གསུང་རིགས་པ་ལས། མ་གསུངས་པར་མཐར་རོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ཞག་དང་འབྲེལ་བ་རྣམས་ཀྱི་དངོས་གཞི་རྫོགས་དུས་ནི། སྐྱ་རེངས་ཤར་བ་ན་ཞག་དང་འབྲལ་བ་རྣམས་ཀྱི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཏེ། ཞག་ཤན་གྱི་ཊཱི་ཀ་ལས་ལུང་རྣམ་བྱེད་ཁུངས་སུ་དྲངས་ནས། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དང་། འཆར་བའི་སྐབས་སུ་དགེ་སློང་མའི་རྣམ་འབྱེད་ལས་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་སོ། །གཉིས་པ་གཞུང་ཕན་ཚུན་མི་འགལ་བར་བསྟན་པ་ནི། གལ་ཏེ་ཞག་དང་འབྲེལ་བའི་ལྟུང་བ་དངོས་གཞི་དེ་སྐྱ་རེངས་ཤར་བ་ལ་ལྟོས་ན་ནི། ཆོས་གོས་འཆང་བའི་སྐབས་སུ་ཊཱིཀ་ལས་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་འཆར་བའི་ཚེ་ན་འཆང་བའི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་འགལ་ཏེ། སྐྱ་རེངས་འཆར་བ་དང་སྐྱ་རེངས་ཤར་བ་སྔ་ཕྱི་ཐ་དད་པས་སོ་ཞེ་ན། སྐྱ་རེངས་འཆར་བ་ན་དངོས་གཞིར་འགྱུར་བ་མི་འགལ་ལོ། །གཞན་ཡང་སྐྱ་རེངས་ཤར་བ་ན་དངོས་གཞིར་གྱུར་ཟིན་ན་སྐྱ་རེངས་ཤར་བ་ན་དངོས་གཞིར་འགྱུར་བར་གསུངས་པ་དང་འགལ་ཏེ། སྤང་ལྟུང་གི་མདོ་དང་པོའི་ཊཱི་ཀ་ལས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས། ཚེས་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་ཕའི་རྣམ་འབྱེད་་་་་་ཆོས་གོས་འཆང་བའི་སྐབས། ལས་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ་ཞེ་ན།་་་་་དགེ་སློང་ཕའི་རྣམ་འབྱེད་ལས་ཟླ་འཇོག་དང་སྨན་ཞག་བདུན་པ་ལ་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ཀྱང་། དགེ་སློང་ཕའི་རྣམ་འབྱེད་ལས་ཟླ་འཇོག་དང་སྨན་ཞག་བདུན་པ་ལ་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ལེགས་སོ། །སྐྱ་རེངས་ཤར་བ་ན་ལྟུང་བ་དངོས་གཞིར་འགྱུར་རོ་ཞེས་གསུངས་པའི་ལུང་ཐམས་ཅད་ལྟུང་བ་དངོས་གཞིར་གྱུར་ཟིན་པ་ལ་དངོས་གཞིར་འགྱུར་ཞེས་བཏགས་པའོ།་་་་་།དཔེར་ན་ཕམ་པར་གྱུར་ཟིན་པ་ལ་བསླབ་པ་སྦྱིན་ཡང་ཊཱི་ཀ་ལས་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号