ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༥༢༣༽

ཕམ་པར་འགྱུར་བའི་ལྟུང་བ་ལ་ལས་ཀྱི་བསླབ་པ་སྦྱིན་ཞེས་བཤད་པ་བཞིན་ནོ། །མི་འགལ་ཏེ་འོད་ལྡན་ལས།་་་་་སྐད་ཅིག་གཉིས་པ་ལ་ལྟུང་བ་དངོས་གཞིར་འགྱུར་བ་ལ་དགོངས་སོ་ཞེས་བརྗོད་དོ། །གཞན་ཡང་གནོད་འགྱུར་སྤང་བའི་ལྟུང་བྱེད་གཉིས་ཀྱི་རང་གི་རྣམ་བཤད་དང་རྒྱ་ཆེ་འགྲེལ་བ་ལས། བསླབ་པའི་གཞི་འདི་གསུམ་ལ་མཚན་མོ་མཐའི་སྐད་ཅིག་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་ཀྱང་། ལྟུང་བྱེད་དེ་གསུམ་ཡང་སྐྱ་རེངས་ཤར་བ་ལ་ལྟོས་པར་འཆང་འབྲལ་ལ་སོགས་པ་རྣམས་ཀྱི་གནད་ཀྱིས་ཤེས་སོ། །གསུམ་པ་ཉིན་་་་་་འདུལ་བའི་ལུགས་ཀྱི། ཞག་གི་འཕོས་མཚམས་གཏན་ལ་དབབ་པ་ལ་གཉིས་ལས། སྤྱིར་བཏང་ནི་སྐྱ་རེངས་དང་པོ་ཤར་བ་ན་ཉིན་ཞག་འཕོས་ཤིང་ཞག་ཕྱི་མའི་ཉིན་མོར་བཏགས་པ་ཡིན་ཏེ། དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་བཤད་ཅིང་། འོད་ལྡན་ལས་ཀྱང་ཉི་མ་མ་ཤར་ཡང་སྐྱ་རེངས་ཤར་ན་ནི་ཉིན་མོར་ཐ་སྙད་བཏགས་ཏེ་སྣང་བ་ཡོད་པའི་ཕྱིར་རོ། །འོ་ན་མཛོད་འགྲེལ་ལས་མུན་པའི་གནས་སྐབས་ནི་མཚན་མོ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ་འོད་ལྡན་ལས།་་་་་སྣང་བ་ཡང་སྐྱ་རེངས་དང་པོ་ལ་སོགས་པ་དེ་ཡིན་ནོ་ཞེས་བཤད་དོ། །སྐྱ་རེངས་ཤར་བ་དེ་ནི་བསྟན་བཅོས་ལ་གྲགས་པའི་ཉིན་མོའོ། །འཇིག་རྟེན་གྱི་ཐ་སྙད་འགའ་ཞིག་དང་ཡང་མཐུན་ཏེ། ཐོ་རངས་སྐྱ་རེངས་ཤར་ནས་འོངས་པ་ལ་སྔ་མོ་ཞིག་ན་འོངས་སོ་ཟེར་བ་ལྟ་བུའོ། །དམིགས་བསལ་ནི་གསུམ་ཏེ། གསོ་སྦྱོང་ལ་སོགས་པའི་ལས་ལས་འདས་པ་དང་། ཆུ་བརྟགས་པའི་ཉིན་ཞག་གིས་རུང་བ་དང་། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའོ། །དེ་གསུམ་ལ་ནི་སྐྱ་རེངས་དང་པོ་གཉིས་ཤར་ཡང་ཞག་སྔ་མའི་མཚན་མོར་གཏོགས་པར་བཅས་པ་སྟེ། མདོ་ཉིད་ལས་ལས་ལ་ནི་འདས་ན་ཉི་མ་ཤར་བའི་འོ།་་་་་ལུང་ཕྲན་ཚེགས་ཀྱི་ཆུའི་སྲོག་ཆགས་བརྟག་པའི་སྐབས་ལས་ཉིན་མོ་བརྟག་པར་བྱ་ཞིང་སྐྱ་རེངས་ཀྱི་དུས་དེ་སྲིད་དུ་ཡོངས་སུ་སྤྱད་པར་བྱའོ་ཞེས་གསུངས་པ་སྐབས་འདིར་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་ཏེ། །ཉི་མ་འཆར་ཁ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་པའོ།་་་་་འོན་ཏེ་སྐྱ་རེངས་དང་པོ་དེ་སྲིད་དུ་ལོངས་སྤྱོད་པ་ཡིན་ན་ནི་སྐྱ་རེངས་དང་པོ་ཤར་བ་ན་ཐོ་རངས་ཀྱི་དུས་དེར་ཆུའི་སྲོག་ཆགས་ཕྲ་མོ་ཡོད་ཀྱང་ཐ་མལ་པའི་མིག་གིས་མི་མཐོང་བའི་ཕྱིར་སྐབས་དེར་ཆུ་བརྟག་པ་མི་སྲིད་ན་སྐབས་དེར་ཆུ་བརྟགས་པ་ལ་ལོངས་སྤྱོད་པ་མི་སྲིད་པའི་སྐྱོན་དུ་འགྱུར་རོ་ཞེས་དོན་དེ་ལྟར་འོད་ལྡན་ལས་བཤད་དོ། །འདིར་ནི་སྐྱ་རེངས་ཐ་མ་ཤར་བ་ཉིད་དེ་ཡིན་

༼༥༢༤༽

ནོ་ཞེས་གསུངས་སོ། །འཇིག་རྟེན་པ་ཕལ་ཆེ་བ་དག་སྐྱ་རེངས་དང་པོ་གཉིས་ཤར་ཡང་མཚན་མོའི་ཐ་སྙད་དུ་བརྗོད་པ་དང་ཡང་མཐུན་ཏེ། རྣམ་འབྱེད་འགྲེལ་ལས་སྐྱ་རེངས་ཐ་མ་ཤར་ན་འཇིག་རྟེན་ཕལ་ཆེར་མཚན་མོའི་ཐ་སྙད་མི་འཆད་པའི་ཕྱིར་རོ་ཞེས་བཤད་དོ།་་་་་དེ་ལྟར་ན་དུལ་བ་ལྷས་ཉིན་ཞག་འཕོས་མཚམས་སྐྱ་རེངས་ཁོ་ནས་བཞག་གོ །འོད་ལྡན་ལས་ཆུ་ཚོད་ལ་སོགས་པ་མཚོན་པར་མཛད་པ་ནི་ཐམས་ཅད་དུ་ཆུ་ཚོད་ལ་སོགས་པ་རྙེད་པར་དཀའ་བའི་ཕྱིར་རོ་ཞེས་སོ། །དེའང་ཆུ་ཚོད་ནི་གསེར་ཞོ་གང་ལ་བྱས་པའི་སྣོད་ཀྱིས་བརྩམས་པ་སྟེ་གཞུང་གཞན་དུ་ཤེས་པར་བྱའོ། །བླ་མ་རྣམས་ནི་ཞག་གཅིག་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་ཡོད་པར་གསུངས་ཀྱང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཡུད་ཙམ་ནི་ཆུ་ཚོད་གཉིས་ལ་རབ་ཏུ་གྲགས་པ་ཡིན་པའི་ཕྱིར་ཞེས་བཤད་ཅིང་མཛོད་འགྲེལ་ལས་ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ་ཞེས་བཤད་པས་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུའོ། །དུས་འཁོར་ལས་ཀྱང་བཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཡོད་པར་བཤད་དོ། །གཉིས་པ་ཡན་ལག་གི་དོན་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཉིན་མཚན་དེའི་དང་པོ་ནི་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་དེའོ་ཞེས་སོ། །དེ་ནི་ཉིན་མོ་དང་མཚན་མོ་ཞག་གཅིག་ཏུ་བསྡུས་པའི་དབང་དུ་བྱས་པ་སྟེ། འཆང་འབྲལ་ལྟ་བུའི་སྐབས་སུ་ཞག་དེའི་དང་པོ་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་དེའོ་ཞེས་པའོ། །ཉིན་མཚན་སོ་སོར་དབྱེ་བའི་དབང་དུ་བྱས་ན་ནི། ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཡིན་ཏེ། ཊཱི་ཀ་ལས་ཉིན་མོའི་དང་པོ་ནི། སྐྱ་རེངས་ཤར་བ་ཡིན་པར་གསུངས་ཞེས་བཤད་ཅིང་། མཚན་མོའི་དང་པོ་ནི། ཊཱི་ཀ་ལས་ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན་ཞེས་བཤད་དོ། །ཉིན་མོའི་དང་པོ་སྐྱ་རེངས་དང་པོ།་་་་་སྔ་མ་ལ་དམིགས་བསལ་གསུམ་སྟེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ཊཱི་ཀ་ལས། འདིར་ཉིན་མོའི་དང་པོ་ནི་སྐྱ་རེངས་ཐ་མ་ཞེས་བྱ་བ་དམར་རེངས་ཤར་བ་ཡིན་ཞེས་པ་ལ་སོགས་པ་གོང་དུ་བཤད་ཟིན་ཏོ། །དེའི་དང་པོ་ནི་སྐྱ་རེངས་དང་པོ་དེའོ་ཞེས་སྨོས་ན་ཐམས་ཅད་དུ་འམ་ཞེ་ན། ལས་ལ་ནི་འདས་ན་ཞེས་སྨོས་ཏེ། ལུང་ཞུ་བ་ལས། སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་ནས་གསོ་སྦྱོང་བྱས་ཞེས་གསུངས་པས་བརྗེད་པས་སྐྱ་རེངས་ཤར་ན་ཡང་རུང་བར་ཤེས་སོ།་་་་་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ལ་ནི་བརྗོད་པ་ཡན་ཆད་ཀྱི་རྐྱེན་བྱུང་བས་དུས་འདས་ཤིང་ཡོལ་བར་གྱུར་ན་ཉི་མ་ཤར་བའི་སྐད་ཅིག་ཉིན་ཞག་དེའི་དང་པོའོ། །འདིས་ནི་སྐྱ་རེངས་དང་པོ་གཉིས་

༼༥༢༥༽

ཤར་ཡང་ཉི་མ་མ་ཤར་ན་དེའི་ཚེ་གསོ་སྦྱོང་ལ་སོགས་པ་བྱས་ན་རང་རང་གི་དགོས་པ་འགྲུབ་པར་བསྟན་ཏོ། །གལ་ཏེ་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་དང་པོ་ཤར་བ་ན་གསོ་སྦྱོང་བྱས་པ་དེ་ཆོས་ཅན། གསོ་སྦྱོང་མ་བྱས་པའི་ཉེས་པ་མི་ཁེགས་པར་ཐལ། གསོ་སྦྱོང་མ་བྱས་པའི་ཉེས་པ་བྱུང་ཟིན་པའི་ཕྱིར་ཞེ་ན། རྐྱེན་མ་བྱུང་ན་དེའི་ཚེ་ན་ཉེས་པ་བྱུང་ཟིན་ཡང་རྐྱེན་བྱུང་ན་ནི་དེའི་ཚེ་ན་ཉེས་པ་བྱུང་ཟིན་པའི་རྟགས་མ་གྲུབ་སྟེ། ཟླ་ཕྱེད་གདམས་ངག་ནོད་པའི་ཊཱི་ཀ་ལས། རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉི་མ་ལས་འདས་ན་སྐྱ་རེངས་ཤར་བའི་དུས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་ན་ནི་ཉི་མ་འཆར་ཁའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བཤད་ཅིང་། འདི་ནི་རྐྱེན་བྱུང་བའི་དབང་དུ་བྱས་པ་ཡིན་པས་སོ། །གལ་ཏེ་སྐྱ་རེངས་ཤར་ནས་གསོ་སྦྱོང་བྱས་པས་དེ་མ་བྱས་པའི་ཉེས་པ་ཁེགས་ན། ཞུ་བ་ལས་དགེ་སློང་གིས་སྐྱ་རེངས་ཤར་བ་ན་གསོ་སྦྱོང་མ་བྱས་སོ་སྙམ་དུ་དྲན་ནས་གསོ་སྦྱོང་བྱས་ན་དགེ་སློང་དེ་དག་གིས་གསོ་སྦྱོང་བྱས་མོད་ཀྱི་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྦྱོར་བ་ལྷོད་པའི་བསླབ་བྱའི་ཉེས་བྱས་ལ་དགོངས་པ་ཡིན་གྱི། གསོ་སྦྱོང་མ་བྱས་པའི་ཉེས་བྱས་ནི་མ་ཡིན་པས་འགལ་བ་མེད་དོ། །གཉིས་པ་བདག་པོ་དང་འབྲེལ་བའི་ཐུན་མོང་ནི། སྤང་བ་ལ་ནི་ཞེས་སོ། །འདིའི་སྤྱི་དོན་ལ་ལྔ་སྟེ། ཡན་ལག་གི་ཁྱབ་པ་དང་། ཡན་ལག་རང་གི་ངོ་བོ་དང་། སེལ་བ་དང་། ཅིར་འགྱུར་དང་། རྒྱུ་མཚན་ནོ། །དང་པོ་ནི་སྤང་ལྟུང་བཅོ་བརྒྱད་ལ་སྦྱར་ཏེ། འཆང་འཇོག་་་་་་དགེ་སློང་གིས་དགེ་སློང་མ་ལ་ཆོས་གོས། འཁྲུར་འཇུག་བཅུ་ཚན་བར་པ་དང་། སྣོད་འཆང་འཐག་འཇུག་རས་ཆེན་གཏད་དང་མཐོང་་་་་་སྤང་ལྟུང་ཐ་མ་སྟེ་གསོག་འཇོག་སྤང་བ་ཞེས་དབྱེའོ། །འདིར་ཁ་་་་་་རྒྱ། ཅིག་ན་རེ་་་་་་འབྲལ་ལྟུང་དངོས་གཞི་ཙམ་ལ་རང་གི་ཡིན་པ་མི་དགོས་ཀྱང་། འབྲལ་བའི་སྤང་ལྟུང་ལ་ཡང་རང་གི་ཡིན་པ་དགོས་ཏེ། གཞན་གྱི་ཡིན་ན་སྤང་མི་དགོས་པའི་ཕྱིར་སྤང་ལྟུང་མ་ཡིན་ནོ་ཞེསཟེར་རོ། །དེ་ནི་མ་ཡིན་ཏེ་འདི་ཉིད་ལས་དགེ་འདུན་གྱི་ཡང་ངོ་དེ་ལས་འབྲལ་བར་འགྱུར་རོ། །ཞེས་གསུངས་པ་དང་ཊཱི་ཀ་ལས་འབྲལ་བའི་རྒྱུ་ནི་བྱིན་གྱིས་བརླབས་པ་ཡིན་གྱི་རང་གི་ཉིད་ནི་མ་ཡིན་པའི་ཕྱིར་རོ་ཞེས་

༼༥༢༦༽

བཤད་པ་དང་འགལ་ལོ། །གལ་ཏེ་དགེ་འདུན་གྱི་ཆོས་གོས་དང་འབྲལ་བའི་ཉེས་པ་དེ་ནི་འབྲལ་བའི་ལྟུང་བྱེད་ཡིན་གྱི་འབྲལ་བའི་སྤང་ལྟུང་ནི་མ་ཡིན་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །དེའང་ལུང་ཞུ་བ་དང་རྒྱ་ཆེར་འགྲེལ་བ་ལས། དགེ་འདུན་གྱི་ཆོས་གོས་གང་ཟག་གིས་བྱིན་གྱིས་བརླབས་ནས་འབྲལ་བར་བྱེད་ན་ཆོས་གོས་དེ་སྤང་བར་མི་བྱ་སྟེ་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ་ཞེས་བཤད་ཅིང་། འདུལ་བ་ཀུན་ལས་བཏུས་ལས། དགེ་སློང་གི་དགེ་འདུན་མངའ་བའི་ཆོས་གོས་གང་ཟག་གི་བདག་ཉིད་དུ་རིས་སུ་མ་བཅད་པ་རང་གིས། བྱིན་གྱིས་བརླབས་པ་དང་བྲལ་ན་འབྲལ་བའི་སྤང་བར་ནི་མི་བྱ་ལ། ལྟུང་བྱེད་དུ་ནི་འགྱུར་རོ་ཞེས་བཤད་པས་གྲུབ་བོ་ཞེ་ན། དངོས་པོ་སྤང་མི་དགོས་པ་ཙམ་གྱིས་སྤང་ལྟུང་མ་ཡིན་པའི་ཁྱབ་པ་མེད་དེ། གཞན་དུ་ན་སྙིམ་པ་བཅིང་ཏེ་འགྲོལ་དུ་འཇུག་པའི་སྤང་ལྟུང་ཆོས་ཅན། སྤང་ལྟུང་མ་ཡིན་པར་ཐལ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །གཞན་ཡང་དངོས་པོ་སྤང་དགོས་པ་ཉིད་ཀྱིས་སྤང་ལྟུང་དུ་རྣམ་པར་འཇོག་ན། གང་ཟག་ཁྱད་པར་ཅན་ལ་སྤང་ལྟུང་མེད་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར་ཏེ། འདུལ་བ་ཀུན་ལས་བཏུས་ལས། ངོ་ཚ་དང་ལྡན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་སྤང་བའི་ལྟུང་བྱེད་ལས་ལྡང་སྟེ། དངོས་པོ་སྤང་བ་དང་བྲལ་བར་བྱ་མི་དགོས་སོ་ཞེས་སྤང་མི་དགོས་ཀྱང་སྤང་བའི་ལྟུང་བྱེད་དུ་བཤད་དོ། །དེས་ན་གཞན་གྱི་ཆོས་གོས་དང་འབྲལ་ལྟུང་དངོས་གཞི་རྫོགས་པ་བྱུང་ན་དངོས་པོ་དེ་ཡང་སྤང་མི་དགོས་ཀྱང་། སྤང་བའི་ལྟུང་བྱེད་ཡིན་ཏེ་སྡེ་ཚན་སྤང་བའི་ལྟུང་བྱེད་དུ་གཏོགས་པའི་ལྟུང་བ་དངོས་གཞི་རྫོགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་ངོ་བོ་ནི། དངོས་པོ་རང་ཉིད་དབང་ཞིང་དབང་བར་ཤེས་པ་སྟེ། རང་གི་ཉིད་དོ་ཞེས་པ་དང་། འདུ་ཤེས་ལས་གཙོ་ཆེར་ཞེས་གསུངས་སོ། །དེ་ཡང་ངེས་པར་མ་ཟད་ཡིད་གཉིས་ཀྱིས་ཀྱང་འགྱུར་ཏེ། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་གསུངས་པས་སོ། །གསུམ་པ་སེལ་བ་ནི་གསུམ་སྟེ། གཞན་གྱི་ལ་གཞན་གྱིར་ཤེས་པ་དང་། རང་གི་ལ་གཞན་གྱིར་འཁྲུལ་བ་དང་། གཞན་གྱི་ལ་རང་གིར་འཁྲུལ་བའོ། །བཞི་པ་ཅིར་འགྱུར་ལ་

༼༥༢༧༽

གསུམ་ལས། དང་པོ་གཞན་གྱི་ལ་གཞན་གྱིར་ཤེས་པ་ལ་ཅིར་འགྱུར་ནི་ཚན་པ་གསུམ་སྟེ། ལྟུང་བ་མེད་པར་འགྱུར་བ་ལྔ་དང་། ལྟུང་བ་གཞན་དུ་འགྱུར་བ་གཅིག་དང་། ལྟུང་བ་ན་སྨད་དུ་འགྱུར་བ་བཅུ་གཉིས་སོ། །དང་པོ་ནི་ཆོས་གོས་ལ་སོགས་པའི་དངོས་པོ་དེ་གཞན་འབའ་ཞིག་དབང་བ་ཡིན་ན། འཆང་བ་གཉིས་དང་ཟླ་འཇོག་དང་རས་ཆེན་བཞག་ཕྱིས་དང་། བརྟད་བྱུང་བགོ་ཕྱིས་དང་ལྔ་ལ་ལྟུང་མེད་དུ་འགྱུར་ཏེ། ཞུ་བ་ལས་གཞན་གྱི་ལྷུང་བཟེད་ཡུན་རིང་པོར་བཅངས་ཀྱང་ཉེས་པ་མེད་དོ་ཞེས་གསུངས་པ་དང་། རྣམ་འབྱེད་ལས་གོས་དང་ལྷུང་བཟེད་ཞག་བཅུའི་ནང་རོལ་ཏུ་གཞན་ལ་བཏང་བར་བྱ། གོས་དེ་ཟླ་བའི་ནང་རོལ་ཏུ་གཞན་ལ་གཏང་བར་བྱ་ཞེས་གསུངས་པས་གཞན་གྱི་ལ་ལྟུང་མེད་དུ་མངོན་ཏེ། ལྟུང་བ་འབྱུང་ན་ལྟུང་བ་མི་འབྱུང་བར་བྱ་བའི་ཆེད་དུ་གཞན་ལ་བཏང་བ་དོན་མེད་པའི་ཕྱིར་རོ། །རས་ཆེན་བཞག་ཕྱིས་ཀྱང་ལྟུང་བ་མེད་པ་ནི་རས་ཆེན་སྦེད་བ་ལ་གཏད་ན་ལྟུང་མེད་དུ་གསུངས་པས་ཤེས་ཏེ། གཞན་གྱི་ཡིན་ཡང་ལྟུང་བ་འབྱུང་ན་གཏད་པ་དོན་མེད་པའི་ཕྱིར་རོ། །བརྟད་བྱུང་བགོ་འཕྱིས་ཀྱི་ལྟུང་བ་མེད་པ་ནི་དགག་བྱ་མེད་པའི་ཕྱིར་ཏེ། འདིའི་དགག་བྱ་ནི་རང་གི་ཡོ་བྱད་ཆུད་ཟོས་པ་ཡིན་པ་ལ་གཞན་གྱི་ཡིན་ན་དགག་བྱ་དེ་མེད་པའི་ཕྱིར་དང་། ཐམས་ཅད་དུ་གཞན་གྱི་ཡོ་བྱད་ཆུད་ཟོས་པ་སྤོང་དགོས་ན་སྒྲུབ་པར་མི་ནུས་པའི་ཕྱིར་རོ་ཞེས་གསུང་ངོ་། །གཉིས་པ་ལྟུང་བ་གཞན་དུ་འགྱུར་བ་ནི། རིན་པོ་ཆེ་ལ་རེག་པ་ནི་ལྟུང་བྱེད་འབའ་ཞིག་པར་འགྱུར་ཏེ་མདོ་ཉིད་ལས་རིན་པོ་ཆེ་རང་གི་མ་ཡིན་པ་དང་དེར་སྨོས་པ་ལ་རེག་གམ་ཞེས་གསུངས་སོ། །གསུམ་པ་ལྟུང་བ་ན་སྨད་དུ་འགྱུར་བ་ནི། དེ་དག་ལ་འཁྲུར་འཇུག་ལ་སོགས་བཅུ་གཉིས་ལ་ནི་རང་རང་གི་ན་སྨད་དུ་འགྱུར་ཏེ། ཞུ་བ་ལས་གཞན་དབང་བའི་ཆོས་གོས་འཁྲུར་སྩོལ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་དེ་ལྟར་བཅུ་གཉིས་ལ་ན་སྨད་དུ་འགྱུར་ན་འདུལ་བ་ཀུན་ལས་བཏུས་པའི་མཐོ་གང་གི་སྤང་བའི་སྐབས་ལས་གཞན་གྱིས་བྱས་པ་ལ་ལོངས་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་ཏེ། གལ་ཏེ་ལྟུང་བ་གཏན་མེད་ཡིན་ན། མཐོ་གང་གི་སྤང་བའི་ཞུ་

༼༥༢༨༽

བ་ལས། གདིང་བ་གཞན་དབང་བ་ལ་ལོངས་སྤྱོད་པའི་དབང་དུ་བྱས་ནས། གཞན་ལ་གདིང་བ་གསར་པ་བགྱིད་དུ་སྩོལ་ཞིང་སྤྱོད་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་འགལ་ལོ།་་་་་ཤ་མི་སྦས་ཏི་ལ་སོགས་པའི་ཞལ་ནས། དགེ་སློང་གིས་གཞན་གྱི་གདིང་བ་གསར་པ་ལ་རྙིང་བ་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པ་ལ་ཉེས་པ་མེད་ཅེས་གསུང་ཡང་། ལུང་ཞུ་བ་ལས་ཉེས་བྱས་སུ་གསུངས་པ་སྔར་བཤད་མ་ཐག་པ་དེ་དང་འགལ་ཞིང་གཞན་གྱི་གདིང་བ་ཁྲ་བོ་ལ་སྤྱོད་པ་ལྟར་འདི་ཡང་གཞན་གྱི་གདིང་བ་ཚུལ་དང་མི་མཐུན་པ་ལོངས་སྤྱོད་པ་ཡིན་པའི་ཕྱིར་ཉེས་མེད་དུ་མི་རིགས་སོ། །མཐོ་གང་གིས་མ་གླན་པའི་གདིང་བ་གཞན་གྱིས་བྱས་པ་ལ་ལོངས་སྤྱོད་ན། གདིང་བ་གཞན་གྱིས་བྱས་ཀྱང་།་་་་་གདིང་བ་གསར་པ་རང་གི་ཡིན་པའི་དབང་དུ་བྱས་ནས་ནི་སྤང་ལྟུང་དུ་གསུངས་ཏེ། ཞུ་བ་ལས་དགེ་སློང་གི་གདིང་བ་གསར་པ་བགྱིད་དུ་སྩོལ་ཞིང་སྤྱོད་ན་ཅིར་འགྱུར་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གསོག་་་་་་སྔར་གྱི་བཅུ་གཉིས་པོ་དེ་དག་ལ་གསོག་འཇོག་བྱེད། བྱེ་བྲག་ཏུ་བཤད་ན། རྒྱ་ནི་དངོས་པོ་གཞན་གྱི་ཡིན་ན་གསོག་འཇོག་ཉེས་མེད་ཅེས་འཆད་ཅིང་། ཤ་མི་ལ་སོགས་པ་རྣམས་ནི། དེ་ལ་ཉེས་བྱས་སུ་འགྱུར་ཞེས་འཆད་ཀྱང་། ཁོ་བོ་ནི་གཞན་གྱི་ལ་གཉིས་སུ་ཕྱེ་ནས་འཆད་དེ་འདི་ལྟར། འཇོག་གི་སྐབས་སུ་རང་དང་འདྲ་བའི་དགེ་སློང་གཞན་གྱི་སྨན་ལ་རང་གིས་གསོག་འཇོག་བྱེད་ན་ཉེས་བྱས་སུ་འགྱུར་གྱི་ལྟུང་མེད་ནི་མ་ཡིན་ཏེ། རང་རིགས་ཀྱིས་ལོངས་སྤྱད་དུ་རུང་བ་ལས་མི་རུང་བར་བྱས་པའི་དགག་བྱ་ཡོད་པའི་ཕྱིར་ཏེ། དཔེར་ན་གཞན་གྱི་སྨན་ལག་ཉར་བླངས་བ་བཞིན་ནོ། །བསྙེན་པར་མ་རྫོགས་པའི་སྨན་ལ་དེར་འདུ་ཤེས་ཏེ་དགེ་སློང་གིས་འཇོག་པར་བྱེད་ཀྱང་། གསོག་འཇོག་གི་ཉེས་པ་མི་འབྱུང་སྟེ། དགེ་ཚུལ་གྱི་སྨན་ལ་དགེ་སློང་གིས་རེག་ཀྱང་ལག་ཉའི་ཉེས་བྱས་སུ་མི་འགྱུར་བའི་གནད་ཀྱིས་ཤེས་སོ། །འོ་ན་ཆོས་གོས་ལ་སོགས་པ་དངོས་པོ་དེ་རང་གཞན་གཉིས་ཀ་ཐུན་མོང་དུ་དབང་བ་ཡིན་ན་ཅིར་འགྱུར་ཞེ་ན། རང་གཞན་གཉིས་ཀ་སྤྱིར་དབང་ན་ཊཱི་ཀ་ལས་བགོ་རིགས་སུ་འཆད་པའི་དགེ་འདུན་དབང་བའི་ཆོས་གོས་འཆང་འཇོག་བྱེད་ན་སྤང་ལྟུང་བསྐྱེད་པར་གསུངས་པས། ལྷུང་བཟེད་འཆང་བ་ཡང་དེ་དང་རྒྱུ་མཚན་མཚུངས་པར་སྦྱར་རོ། །རང་གཞན་ཐུན་མོང་དུ་དབང་བའི་གསེར་དངུལ་ལ་རེག་ན་ཡང་སྤང་ལྟུང་སྐྱེད་པར་རིགས་ཏེ། སྤང་ལྟུང་འདི་ལ་ནི་རང་གི་ཡིན་པ་ཡན་ལག་ཏུ་གསུངས་པ་ལས་རང་གཞན་གཉིས་ཀ་ཐུན་མོང་དུ་དབང་བ་དེ་ལ་

༼༥༢༩༽

རང་གི་ཡིན་པའི་ཡན་ལག་ཚང་བའི་ཕྱིར་རོ། །སྤང་ལྟུང་བཞི་པོ་དེ་དག་མ་གཏོགས་པ་བདག་པོ་དང་འབྲེལ་བ་གཞན་རྣམས་ལ་ཅིར་འགྱུར་ནི། ལུང་ཞུ་བ་ལས་རང་གཞན་ཐུན་མོང་དུ་དབང་ན། འཁྲུར་འཇུག་ལ་སོགས་པ་ལྔ་ལ་ན་སྨད་དུ་དངོས་སུ་གསུངས་པས། དེ་དག་དང་རྒྱུ་མཚན་མཚུངས་པ་གཞན་རྣམས་ལ་ཡང་ན་སྨད་དུ་ཤེས་པར་བྱའོ། །གཉིས་པ་གོས་ལྷུང་སོགས་རང་གི་ལ་གཞན་གྱིར་འཁྲུལ་བ་ལ་ཅིར་འགྱུར་ནི། འཆང་བ་ལ་སོགས་པ་ལྔ་་་་་་གོས་དང་ལྷུང་བཟེད་འཆང་བ་གཉིས་དང་། ཟླ་འཇོག་དང་། རས་ཆེན་བཞག་འཕྱིས་དང་། བརྟད་བྱུང་བགོ་འཕྱིས་དང་ལྔ། ལ་ལྟུང་མེད་དུ་འགྱུར་ཏེ་དངོས་པོ་དེ་གཞན་འབའ་ཞིག་དབང་བར་འདུ་ཤེས་འཁྲུལ་ན་ལྟུང་མེད་ཀྱི་ཡུལ་དུ་གཟུང་བས་ལྟུང་མེད་ཀྱི་ཀུན་སློང་དྲངས་པའི་ཕྱིར་ཏེ་དཔེར་ན་མེ་ལ་ཤིང་སྐམ་དུ་འདུ་ཤེས་འཁྲུལ་ནས་བཅད་པ་བཞིན་ནོ། །རིན་པོ་ཆེ་ལ་རེག་པ་ནི་ལོངས་པ་གཞིར་གཏོགས་ཀྱི་ན་སྨད་དུ་འགྱུར་ཏེ། ལོངས་པ་གཞིར་གཏོགས་ཀྱི་ཀུན་སློང་དྲངས་པའི་ཕྱིར་ལོངས་པ་གཞིར་གཏོགས་ཀྱི་ལྟུང་བར་འགྱུར་ལ་འདིའི་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་དེ་བསམ་པའི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །འཁྲུར་འཇུག་ལ་སོགས་བཅུ་གཉིས་ནི་རང་རང་གི་ཆེས་ན་སྨད་དུ་འགྱུར་ཏེ། ན་སྨད་ཀྱི་ཀུན་སློང་དྲངས་པའི་ཕྱིར་དང་། ན་སྨད་ཀྱང་རྫོགས་པར་མི་སྐྱེད་དེ། ན་སྨད་ཀྱི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །གསུམ་པ་གཞན་གྱི་ལ་རང་གིར་འཁྲུལ་བ་ལ་ཅིར་འགྱུར་ནི། བཅོ་བརྒྱད་པོ་ཀུན་ལ་ན་སྨད་པར་འགྱུར་ཏེ། ཊཱི་ཀ་ལས་རང་གི་མ་ཡིན་པ་ལ་རང་གིར་འདུ་ཤེས་པ་ནི་ཉེས་བྱས་སོ་ཞེས་སོ། །དེ་དག་ལ་དངོས་གཞིར་མི་འགྱུར་བ་ནི་བསམ་པའི་དོན་དང་ཕྲད་པ་མེད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ནི་ཅིར་འགྱུར་གྱི་ཞར་ལ་ཅི་རིགས་པར་བཤད་ཟིན་ཏོ། །གཉིས་པ་ཡན་ལག་གི་དོན་ནི། བདག་པོ་དང་འབྲེལ་བའི་སྤང་བའི་ལྟུང་བྱེད་བཅོ་བརྒྱད་པོ་ལ་ནི་རང་གི་ཡིན་པའི་འདུ་ཤེས་ལས་གཙོ་ཆེར་གྱུར་པ་དང་རང་གི་ཡིན་པ་ཡན་ལག་ཉིད་དོ། །དངོས་པོ་རང་དབང་ཤེས་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར་རོ།་་་་་ནི་ཞེས་པ་ནི་མ་བྱིན་པར་ལེན་པའི་བདག་པོ་ཙམ་དུ་འགྱུར་བ་དང་། ཤི་བའི་ཡོ་བྱད་དག་གང་དབང་གཉིས་ནི་དངོས་པོ་གཙོ་བས་དེ་གཉིས་ལས་དགར་བ་སྟེ། དེ་ལྟར་ཊཱི་ཀ་ལས་་་་་་མ་བྱིན་ལེན་པ་དང་ཤི་བའི་ཡོ་བྱད་གཉིས་ལ་ནི་དངོས་པོ་ལས་གཙོ་ཆེར་

༼༥༣༠༽

རང་གི་ཉིད་ཡིན་གྱི། འདུ་ཤེས་ལས་ནི་མ་ཡིན་ནོ། །ཞེས། བཤད་དོ། །སྐབས་འདིའི་ཊཱི་ཀ་ལས་བསྐུར་བའི་དངོས་པོ་དེ་ཉིད་ལ་ལས་བརྐུས་ན་ཡང་གང་ལ་བསྐུར་བ་དེ་ཉིད་ལས་བརྐུས་པར་མི་འགྱུར་གྱི་གང་གིས་བསྐུར་བ་དེ་ལས་བརྐུས་པ་ཡིན་ཞེས་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། འདི་ལ་དངོས་པོ་གཙོ་བའི་དོན་ནི་འགའ་ཞིག་གིས་གཞན་ལ་རྫས་དེ་བསྐུར་བའི་ཚེ་བསྐུར་བྱའི་ལག་ཏུ་མ་འབྱོར་གོང་གི་བར་དེར་གང་ཟག་གཞན་གྱིས་རྐུ་ན་གང་ལས་བརྐུས་པའི་བདག་པོ་གང་ཞེ་ན། བསྐུར་བྱ་རྫས་དེ་རང་གི་ཡིན་པར་མ་བཟུང་ཡང་། དོན་གཙོ་བོར་བྱས་ནས། དེ་ལས་བརྐུས་པར་འགྱུར་ལ་ཊཱི་ཀའི་དོན་ནི་བསྐུར་བྱས་སླར་སྤངས་ནས། སྐུར་བྱེད་ལ་མ་འབྱོར་བའི་བར་དེར། གཞན་གྱིས་བརྐུས་ན། སྐུར་བྱེད་ལ་འདུ་ཤེས་མེད་ཀྱང་དོན་གཙོ་བོར་བྱས་ནས་དེ་ལ་བསྐུར་བར་གྱུར་པའི་དོན་དང་། ཤི་རྫས་བྱིན་གྱིས་རློབ་པའི་ཚེ་ཡང་གང་གི་རྫས་སུ་བྱིན་གྱིས་བརླབ་པའི་རྫས་ཀྱི་བདག་པོ་ཡང་དེ་ཁོ་ནར་བཟུང་བར་བྱ་སྟེ་བར་སྐབས་སུ་དེ་གཉིས་ཤི་ནའོ། །དེ་ནི་བསྐུར་བྱ་དང་སྐུར་བྱེད་གཉིས་ཀས་དབང་དུ་བྱས་པ་དེ་ཊཱི་ཀ་ཉིད་ལས་བསྐུར་བྱ་དང་སྐུར་བྱེད་གཉིས་ཀས་སྤངས་པར་འགྱུར་ན་ཞེས་མདོ་འོག་མའི་སྐབས་སུ་བཤད་དོ། །དངོས་གཞི་བསྐྱེད་པ་ལ་དོན་དང་འདུ་ཤེས་གཉིས་ཀ་ངེས་གཟུང་དུ་དགོས་ཀྱང་འདུ་ཤེས་གཙོ་ཆེ་བའི་རྒྱུ་མཚན་ནི་དོན་པས་འདུ་ཤེས་སྟོབས་ཆེ་བ་སྟེ། དོན་ལ་ལྟུང་བྱེད་ཀྱི་གཞི་མ་ཡིན་ཡང་། འདུ་ཤེས་ཀྱིས་ལྟུང་བ་བསྐྱེད་པའི་གཞིར་གཟུང་ན་ལྟུང་བ་ན་སྨད་ཙམ་ཞིག་བསྐྱེད་པར་ནུས་ལ་བཟློག་་་་་་དོན་ལ་ལྟུང་བྱེད་ཀྱི་གཞི་ཡིན་ཡང་འདུ་ཤེས་ཀྱིས་ལྟུང་མེད་ཀྱི་གཞིར་གཟུང་བ། པ་ལ་ལྟུང་མེད་དུ་འགྱུར་བས་སོ། །རང་གི་ཉིད་དེ་ནི་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པ་ཉིད་ན་རང་དབང་བ་དང་བྲལ་བ་ཉིད་དོ། །དེས་ན་འཆང་བའི་ཉེས་པར་མི་འགྱུར་རོ། །ལྷུང་བཟེད་ལ་སོགས་པ་གང་རབ་ཏུ་བྱུང་བ་གང་ཡང་རུང་བའི་དོན་དུ་སྦྱིན་པར་ངེས་པར་བྱས་པ་ཡང་དེ་ཉིད་དོ་ཞེས་པ་ཡང་ཊཱི་ཀ་ལས་བསྔོས་པ་དེ་ཉིད་དོ། །ཞེས་བཤད་དོ། །རང་དབང་བ་དང་བྲལ་བ་དེ་ཉིད་ཞེས་ཡང་རུང་། མདོ་སྔ་མ་དང་བཟློས་སྐྱོན་མེད་དེ། ཁྱབ་ཆེ་ཆུང་གི་བྱེ་བྲག་གིས་སོ། །སྔ་མ་ནི་ཁྱིམ་པའམ་རབ་བྱུང་གང་ཡང་རུང་བ་ལ་བསྔོས་པ་སྟེ་ཁྱབ་ཆེ་བ་ཡིན་ལ། ཕྱི་མ་ནི་རབ་ཏུ་བྱུང་བ་ཁོ་ན་ལ་བསྔོས་པ་སྟེ་ཁྱབ་ཆུང་བ་ཁོ་ནའོ།་་་་་ཆོས་གོས་ལས་ཀྱང་ལྷག་པའི་ཡོ་བྱད་ལ་སོགས་པར་རྣམ་པར་བརྟགས་ན་རང་གི་ཉིད་དང་བྲལ་བའོ། །ཀྱང་ཞེས་པས་ནི་ལྷུང་བཟེད་དུ་མ་ཟད་ཅེས་བསྟན་ཏོ། །རྣམ་པར་བརྟགས་ནའོ་ཞེས་པ་ནི་ཊཱི་ཀ་ལས་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་ནའོ་ཞེས་པ་ནི་མཚོན་པ་སྟེ། མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་ན་ཡང་རུང་ངོ་། །གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་ནི། འདི་ལ་རྗེས་སུ་ཞུགས་པ་ཉིད་ཀྱང་ཞེས་པ་ནས་སོ། །འདིའི་སྤྱི་

༼༥༣༡༽

དོན་ལ་གཉིས་ལས། དགོས་པའི་དོན་ཏོ། །དེ་ལ་གཉིས་ཏེ། ཞག་ཤན་བཅས་པའི་དགོས་པ་དང་། སྤང་ཤན་བཅས་པའི་དགོས་པའོ། །དང་པོ་ནི་ལྟུང་བ་མི་འབྱུང་བའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། ཤན་ལྟུང་ལ་འཇིགས་ནས་བྱིན་རླབས་ལ་སོགས་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ནི་ལྟུང་བ་དག་པའི་ཐབས་ལ་བརྩོན་པར་འགྱུར་བ་སྟེ། སྤང་ཤན་ལ་འཇིགས་ནས་མྱུར་དུ་ཕྱིར་བཅོས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ་དྲུག་སྟེ། ཤན་གྱི་ཁྱབ་པ་དང་། དབྱེ་བ་དང་། མཚན་ཉིད་དང་། རྡེག་དུས་དང་། ངོ་བོ་དང་། སྒྲ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཞག་ཤན་གྱི་ཁྱབ་པ་དང་། སྤང་ཤན་གྱི་ཁྱབ་པའོ། །དང་པོ་ནི། འཆང་བ་དང་། ཟླ་འཇོག་དང་། ལྷུང་བཟེད་འཆང་བ་དང་། སྨན་ཞག་བདུན་པའི་གསོག་འཇོག་དང་། ཆོས་་་་་་དགེ་སློང་མའི། གོས་ཟླ་བ་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང་ལྔ་ལ་སྦྱར་ཏེ།་་་་་འབྲལ་བ་ལའང་ཞག་ཤན་འདི་ཁྱབ་པ་སྦྱར་ཏེ། འདུལ་བ་ཀུན་ལས་བཏུས་ལས་འབྲལ་བར་གཏོགས་པའི་ཞག་ཤན་ཉིད་ཀྱང་འབྲལ་བར་གཏོགས་པ་གཞན་ཅི་ལ་འགྱུར་ཞེས་བཤད་པས་སོ། །ཞེ་ན། དེ་ནི་ཡི་གེ་ལྷག་པར་སེམས་སོ། །ཞག་ཚོགས་པ་ཐལ་བ་ལས་གྱུར་པ་ཡིན་ཞིང་།་་་་་རིན་པོ་ཆེ་ལ་རེག་པའི་སྤང་ལྟུང་སེལ། ཡོ་བྱད་བྱིན་གྱིས་བརླབས་པས།་་་་་དབྱར་ཞག་བདུན་གྱིས་བྱིན་གྱིས་བརླབས། བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པའི་ཕྱིར་རོ། །་་་་་དགོན་པའི་འབྲལ་བ་སེལ། གལ་ཏེ་སྨན་ཞག་བདུན་པ་ལ་ནི། བྱིན་གྱིས་བརླབས་པས་བཅས་པ་དེ་ཉིད་ཀྱི་ལྟུང་བ་ཁེགས་པའི་རིགས་ཅན་ཡིན་པར་མ་གྲུབ་སྟེ། བྱིན་གྱིས་བརླབས་པ་ལ་བརྟེན་ནས་བཅས་པ་དེ་ཉིད་ཀྱི་ལྟུང་བ་འབྱུང་བའི་ཕྱིར་རོ། །ཞེ་ན། ཁྱབ་པ་མ་གྲུབ་སྟེ་བྱིན་གྱིས་བརླབས་པས་ཞག་བདུན་འདས་པའི་སྔ་རོལ་གྱི་གསོག་འཇོག་གི་ལྟུང་བ་ཁེགས་པའི་ཕྱིར་ཏེ། མདོ་ཉིད་ལས་བྱིན་གྱིས་བརླབས་པ་ལ་གསོག་འཇོག་མི་འབྱུང་ངོ་ཞེས་གསུངས་སོ། །གཉིས་པ་སྤང་ཤན་གྱི་ཁྱབ་པ་ནི། དམན་པའི་གང་ཟག་གི་སྤང་ལྟུང་ཐམས་ཅད་ལ་སྦྱར་གྱི། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ནི་མི་སྦྱར་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །གཉིས་པ་ཤན་གྱི་དབྱེ་བ་་་་་་ནི་ཁ་ཅིག་ན་རེ་ཤན་གྱི་དབྱེ་བ་གསུམ་སྟེ་ཞག་ཤན་དང་སྤང་ཤན་དང་ལྟུང་ཤན་ནོ། །ཐ་མ་ནི་གོས་གཉིས་ཞག་གཅིག་ལ་དུས་མཉམ་དུ་རྙེད་ན་གོས་གཅིག་བྱིན་གྱིས་བརླབས་ཀྱང་གཅིག་མ་བརླབས་པས་ཤན་བརྡེག་པ་དེ་ནི་གོས་མ་བརླབས་པ་ལ་བརྟེན་ནས། ལྟུང་བ་འབྱུང་བའི་ཤན་གོས་བརླབས་པ་ལ་བརྡེག་པ་ན་ལྟུང་ཤན་ཡིན་གྱི། ཞག་ཤན་མ་ཡིན་ཏེ། གོས་དེ་གཉིས་ཀྱི་ཞག་གྲངས་མཉམ་པ་ཡིན་པས་

༼༥༣༢༽

ཞག་མ་ལོན་པ་ལོན་པར་བྱས་པ་མེད་པའི་ཕྱིར་རོ་ཞེས་ཟེར། །མི་རིགས་ཏེ། རང་སྟོབས་ཀྱི་ལྟུང་བ་སྐྱེད་པའི་ཞག་མ་ལོན་པ་དེ་ཤན་སྟོབས་ཀྱི་ལྟུང་བ་སྐྱེད་པའི་ཞག་ལོན་པར་བྱས་པ་ཡོད་པའི་ཕྱིར། དེ་ཡང་དེ་གཉིས་ཞག་འདས་པ་ཙམ་པོའི་ཞག་གྲངས་མཉམ་ཡང་བརྡེག་བྱ་ནི་བརླབས་པ་ཡིན་པས། རང་སྟོབས་ཀྱིས་ལྟུང་བ་སྐྱེད་པའི་ཞག་ལོན་པ་མེད་པ་དེ། རྡེག་བྱེད་མ་བརླབས་པའི་ཤན་སྟོབས་ཀྱི་ལྟུང་བ་སྐྱེད་པའི་ཞག་ལོན་པར་བྱས་པ་ཤིན་ཏུ་ཡང་ཡོད་པའི་ཕྱིར་རོ་འོ་ན་གང་ཞེ་ན་དབྱེ་བ། ལ་གཉིས་ཏེ། ཞག་གི་ཤན་དང་སྤང་བའི་ཤན་ནོ། །དང་པོ་ལ་གཉིས་ཏེ། ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང་། ཞག་ཤན་ཁྱད་པར་ཅན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི་ཆེན་པོ་རྣམས་ན་རེ་བྱིན་གྱིས་མ་བརླབས་པས་བྱིན་གྱིས་བརླབས་པ་ལ་བརྡེག་པ་ནི་ཁྱད་པར་ཅན་ཡིན་ལ་མ་བརླབས་པས་མ་བརླབས་པ་ཉིད་ལ་བརྡེག་པ་ནི་ཁྱད་པར་ཅན་མ་ཡིན་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་སྨན་ཞག་བདུན་པ་ནི་ཁྱད་པར་ཅན་ཡིན་ལ། དེ་ནི་བྱིན་གྱིས་མ་བརླབས་པས་མི་རྡེག་པའི་ཕྱིར་རོ། །འོ་ན་གང་ཞེ་ན།་་་་་དེ་ཡང་སྔ་མ་ནི་བརྡེག་བྱ་བྱིན་རླབས་མེད་པ་ལ་བརྡེག་པ་ཡིན་ལ། ཕྱི་མ་ནི་བརྡེག་བྱ་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ཞག་ཤན་ཁྱད་པར་ཅན་མ་ཡིན་པ་ལ་གཉིས་ཏེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པ་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའོ། །ཞག་ཤན་ཁྱད་པར་ཅན་ལ་གསུམ་སྟེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་དང་། སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་ནོ།་་་་་སྨན་གཞན་གསུམ་ལ་ནི་ཞག་ཤན་མེད་དེ་རང་སྟོབས་ཀྱི་སྒོ་ནས་གསོག་འཇོག་འབའ་ཞིག་ཏུ་ཟད་དོ། །དང་པོ་ལ་གཉིས་ཏེ། ཞག་སྔ་ཕྱིར་རྙེད་པ་དང་། ཞག་གཅིག་ལ་རྙེད་པའོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་ཞག་ཤན་ལའང་གཉིས་སུ་དབྱེའོ། །དེ་ལྟར་ན་གོས་དང་ལྷུང་བཟེད་ཀྱི་ཕག་ཤན་རྡེག་བྱེད་ལ་ནི། སྔར་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ། ཕྱིས་ལས་གཞན་པའི་ཚེ་རྙེད་པའོ། །གོས་དང་ལྷུང་བཟེད་ཀྱི་ཞག་ཤན་བརྡེག་བྱ་ལ་ནི་ཕྱིས་རྙེད་པའམ་དུས་མཉམ་དུ་རྙེད་པ་ཡན་ལག་ཏུ་དགོས་ཏེ། སྔར་ལས་གཞན་པའི་ཚེ་རྙེད་པའོ། །སྨན་ཞག་བདུན་པའི་ཞག་ཤན་རྡེག་བྱེད་ལ་ནི། ཞག་གཅིག་ཡན་ཆད་ཀྱི་སྔར་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་ལ། དེའི་བརྡེག་བྱ་ལ་ནི་ཞག་གཅིག་ཡན་ཆད་ཀྱི་ཕྱིས་བྱིན་གྱིས་བརླབས་པ་ཡན་ལག་ཏུ་དགོས་སོ།་་་་་རྙེད་དུས་ནི་ཕྱིས་རྙེད་ཀྱང་རུང་སྔར་རྙེད་ཀྱང་རུང་སྟེ་བྱིན་གྱིས་བརླབས་ནས་བརྡེག་ཀྱང་རུང་ངོ་།རྒྱ་་་་་་ཁ་ཅིག་ན་རེ། ཤན་རྣམ་པ་གསུམ་སྟེ་ཞག་ཤན་སྤང་ཤན་ལྟུང་ཤན་ནོ། །དེ་ཡང་།་་་་་གོས་གཉིས་ཞག་གཅིག་ལ་དུས་མཉམ་དུ་རྙེད་པ་ལ་ཤན་བརྡེག་པ་དེ་ནི་ལྟུང་ཤན་ཡིན་

༼༥༣༣༽

གྱི། ཞག་ཤན་ཡིན་པ་མི་འཐད་དེ། དེ་གཉིས་ཞག་གྲངས་མཉམ་པ་ཡིན་པས་ཞག་མ་ལོན་པ་ལོན་པར་བྱས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་བརྡེག་བྱ་དང་། རྡེག་བྱེད་གཉིས་ཞག་འདས་པ་ཙམ་པོའི་ཞག་གྲངས་མཉམ་ཡང་། བརྡེག་བྱ་ནི་བྱིན་གྱིས་བརླབས་པ་ཡིན་པས། རང་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པ་མེད་པས། རྡེག་བྱེད་ནི་བྱིན་གྱིས་མ་བརླབས་པའི་ཤན་སྟོབས་ཀྱིས་ལྟུང་བ་བསྐྱེད་པའི་ཞག་ལོན་པར་བྱས་པ་ཤིན་ཏུའང་ཡོད་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ལ་གཉིས་ཏེ། ཞག་ཤན་གྱི་མཚན་ཉིད་དང་། སྤང་ཤན་གྱི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དངོས་དང་། ཞར་ལ་བྱུང་བའོ། །དང་པོ་ལ་གཉིས་ཏེ། ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་དང་། ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་དང་། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་དོ། །དང་པོ་ལ་གཉིས་ལས། རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག་་་་་་ཅེས་པས་ཞག་ཤན་རྡེག་བྱེད་མ་ཡིན་པ་རྣམས་སེལ། བརྡེག་བྱ་གོས་་་་་་ཞེས་པས་ལྷུང་བཟེད་དང་སྨན་ཞག་བདུན་པའི་རྡེག་བྱེད་སེལ། བྱིན་རླབས་མེད་པ་ལ་བརྡེག་པའོ།་་་་་ཁྱད་པར་ཅན་མ་ཡིན་པའི་རྡེག་བྱེད་སེལ། གོས་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་ཤན།་་་་་བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་མེད་པ་གང་ཞིག་ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གཉིས་པ་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་མཚན་ཉིད་ལ་གཉིས་ལས། ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་མ་ཡིན་པའི་ཤན།་་་་་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་ལྷུང་བཟེད་བྱིན་རླབས་མེད་པ་ལ་བརྡེག་པའོ། །བརྡེག་བྱའི་མཚན་ཉིད་ནི། ལྷུང་བཟེད་བྱིན་རླབས་མེད་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གཉིས་པ་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་གསུམ་ལས། དང་པོ་གོས་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་འཆད་དོ། །དེ་ལ་གཉིས་ལས། རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་

༼༥༣༤༽

ཞིག བརྡེག་བྱ་གོས་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །བརྡེག་བྱའི་མཚན་ཉིད་ནི། གོས་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གཉིས་པ་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་གཉིས་ལས།་་་་་ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་ཡིན་པའི་ཤན། རྡེག་བྱེད་ཀྱི་མཚན་ཉིད་ནི་ལྟུང་བ་བསྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་ལྷུང་བཟེད་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །ལྷུང་བཟེད་ཀྱི་ཞག་ཤན་ཁྱད་པར་ཅན་གྱི་ཤན།་་་་་བརྡེག་བྱའི་མཚན་ཉིད་ནི། ལྷུང་བཟེད་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །གསུམ་པ་སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་མཚན་ཉིད་ལ་གཉིས་ལས། སྨན་ཞག་བདུན་པའི་ཞག་ན་ཁྱད་པར་ཅན་གྱི་ཤན།་་་་་རྡེག་བྱེད་ཀྱི་མཚན་ཉིད་ནི། ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་གཞན་ལ་འདྲེས་པར་བྱེད་པ་པོ་གང་ཞིག བརྡེག་བྱ་སྨན་ཞག་བདུན་པ་བྱིན་རླབས་དང་ལྡན་པ་ལ་བརྡེག་པའོ། །སྨན་ཞག་བདུན་པའི་ཞག་ཤན་ཁྱད་པར་ཅན་གྱི་ཤན།་་་་་བརྡེག་བྱའི་མཚན་ཉིད་ནི། སྨན་ཞག་བདུན་པ་བྱིན་རླབས་དང་ལྡན་པ་གང་ཞིག ལྟུང་བ་སྐྱེད་བྱེད་ཀྱི་ཞག་ལོན་པའི་ཆོས་འདྲེས་པར་བྱ་བའོ། །ཞར་བྱུང་ནི་དགེ་སློང་གིས་གོས་གསར་དུ་རྙེད་པ་བྱིན་གྱིས་མ་བརླབས་པར་རང་གི་སྔ་ནས་ཡོད་པའི་ཆོས་གོས་ཀྱི་བྱིན་རླབས་ཕྱུང་ན། དེ་ལ་ཤན་འབྱུང་ངམ་མི་འབྱུང་ཞེ་ན། ཤ་སྦས་ཀླུགས།་་་་་ཁ་ཅིག་ན་རེ་ཤན་འབྱུང་སྟེ། གཞན་ལས་བྱུང་བའི་གོས་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་གཞུང་དང་མི་མཐུན་ཏེ། ཊཱི་ཀ་ལས། འདིར་གཞན་ལས་བྱུང་བའི་གོས་ཕྱིས་རྙེད་པ་བྱིན་གྱིས་བརླབས་པ་དང་འབྲེལ་བ་དེ་ལ་སྔ་མ་ཤོས་ཀྱི་ཤན་གྱིས་ལྟུང་བ་འདི་རྣམ་པར་བཞག་གི་ཕྱི་མ་ཤོས་དེ་བདག་ཉིད་ལས་བྱུང་བ་ཡིན་ན་དེ་ལ་ལྟུང་བ་འདི་མེད་དོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དེ་ལྟར་ན་སྔ་ནས་ཡོད་པའི་ཆོས་གོས་ལ་གསར་དུ་རྙེད་པས་ཤན་བརྡེག་པའི་ཕྱིར། སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་བརྡེག་པར་ཐལ་བ་ལས། འདོད་ན་ཊཱི་ཀ་ལས། སྔ་མའི་ཤན་གྱི་དབང་གིས་ནི་ཕྱི་མ་ཤན་འདྲེས་པར་འགྱུར་གྱི། ཕྱི་མའི་ཤན་གྱི་དབང་གིས་ནི་སྔ་མ་ལ་ཤན་འདྲེས་པར་མི་འགྱུར་བར་ཤེས་པར་བྱའོ་

༼༥༣༥༽

ཞེས་གསུངས་པ་དང་འགལ་ལོ། །རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་པའང་མ་གྲུབ་སྟེ། གཞན་ལས་གསར་དུ་བྱུང་བ་དེ་དང་རང་གི་སྔ་ནས་ཡོད་པ་སྟེ་གོས་དེ་གཉིས་ཕྱིས་རྙེད་ཡིན་མིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་དེ་ལ་ཤན་མི་འབྱུང་བར་་་་་་རྒྱ་ལ་སོགས་པ་བོད་ཀྱི་འདུལ་འཛིན་སྔ་རབས་པ་རྣམས་བཞེད་ཅིང་། ཊཱི་ཀ་ལས་གསལ་ལོ། །དེ་བཞིན་དུ་གོས་གཉིས་ཞག་སྔ་ཕྱིར་རྙེད་ཅིང་། དེ་ནས་ཞག་བརྒྱད་དང་དགུ་ཙམ་ན་སྔར་རྙེད་བྱིན་གྱིས་བརླབས་ན་དེ་ལ་ཕྱིས་རྙེད་བྱིན་གྱིས་མ་བརླབས་པའི་ཤན་མི་འབྱུང་སྟེ་སྔར་རྙེད་ལ་ཕྱིས་རྙེད་ཀྱི་ཤན་མི་བརྡེག་པ་ཤན་གྱི་སྤྱི་གཞུང་ཡིན་པའི་ཕྱིར་རོ།་་་་་།གཉིས་པ་སྤང་ཤན་གྱི་མཚན་ཉིད་ལ་གཉིས་ཏེ། རྡེག་བྱེད་ཀྱི་མཚན་ཉིད་དང་། བརྡེག་བྱའི་མཚན་ཉིད་དོ། །དང་པོ་ནི་ཁ་་་་་་གཞན་ལུགས་དགག་པ་ལ་ཤ་སྦལ། ཅིག་ན་རེ། སྤང་བའི་ལྟུང་བྱེད་ཀྱི་དངོས་གཞི་ཡིན་པ། བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲན་པར་ནུས་པའོ་ཞེས་ཟེར་རོ། །དེ་ལྟར་ན་གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ཡང་མཚན་ཉིད་ཞུགས་པའི་ཕྱིར། སྤང་ཤན་རྡེག་བྱེད་ཡིན་པར་ཐལ་བ་ལས།་་་་་འདོད་ན་བམ་པོ་ལྔ་བཅུ་པ་འདུལ་བ་ཀུན་ལས་བཏུས་པ་ལས། སྔར་མི་དགོས་པར་བཤད་པ་སྔར་དྲངས་པ་དང་འགལ་ཞིང་། དེའི་ལྷག་མ་ཕྱིར་འཆོས་པ་ལ་སྤོ་མགུ་དབྱུང་བ་མི་དགོས་པའི་གནད་དང་ཡང་འགལ་ལོ། །འོ་ན་་་་་་རང་ལུགས་གང་ཞིག་སྤང་བའི་ལྟུང་བྱེད་དངོས་གཞི་ཡིན། སྤང་ལྟུང་ཕྱིར་བཅོས་འཆགས་རུང་གི་གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲན་པར་ནུས་པའོ།་་་་་རྩོད་པ་སྤང་བ་ལ། འོ་ན་སྤང་ལྟུང་མ་ཡིན་པ་ལ་སྤང་ལྟུང་དུ་འཁྲུལ་བའི་ཚེ་ན། སྤང་མི་དགོས་པར་ཐལ། སྤང་ཤན་རྡེག་བྱེད་ཀྱི་མཚན་ཉིད་མ་ཚང་བའི་ཕྱིར། མ་གྲུབ་ན་སྤང་ལྟུང་དངོས་གཞི་ཡིན་དགོས་པ་འབུད་དོ།་་་་་།འདོད་ན་མདོ་ཉིད་ལས། ལྟུང་བ་བྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བཤད་པ་དང་འགལ་ཞེ་ན། སྤྱིར་ན་སྤང་དགོས་པ་རྣམ་པ་གསུམ་ཡོད་དེ། སྤང་ལྟུང་བྱུང་བ་རང་སྟོབས་ཀྱིས་སྤང་བ་དང་། སྤང་ཤན་བརྡེག་པའི་ཤན་སྟོབས་ཀྱིས་སྤང་བ་དང་། སྤང་ལྟུང་དུ་འདུ་ཤེས་འཁྲུལ་སྟོབས་ཀྱིས་སྤང་བའོ། །སྤང་བ་དང་པོ་གཉིས་ནི་འདིར་མི་དགོས་པར་འདོད་ཅིང་། སྤང་བ་གསུམ་པའི་སྐབས་སུ་ཁྱབ་པ་མ་གྲུབ་པའོ། །གཉིས་པ་བརྡེག་བྱའི་མཚན་ཉིད་ནི། སྤང་ལྟུང་བྱུང་བའི་ཕྱི་ནས་རྙེད་ཅིང་དེ་ལྟར་སྤང་བར་འོས་པའོ། །དེའི་ཟུར་སྔ་མས་

༼༥༣༦༽

ནི་སྤང་ལྟུང་བྱུང་བ་རང་སྟོབས་དང་སྤང་ལྟུང་དུ་འཁྲུལ་པའི་སྟོབས་ཀྱིས་སྤང་བར་འོས་པ་གཉིས་སེལ་ལོ། །ཟུར་ཕྱི་མས་ནི་ཚད་དུ་མ་ཆོག་པ་དང་། མི་རུང་བ་དང་གཞན་དབང་བར་གྱུར་པ་ལ་སོགས་པ་སྤང་མི་དགོས་པ་ཐམས་ཅད་སེལ་ཏེ། རྣམ་འབྱེད་ལས་སྤང་བ་རྣམས་ཀྱི་གོས་ཀྱི་མཐའ་ལ་ནི་ཁྲུ་གང་ཁོ་ར་ཁོར་ཡུག་གོ་ཞེས་པ་དང་། རྣམ་འབྱེད་འགྲེལ་ལས། ཡོ་བྱད་རུང་བ་བདག་གིར་བྱས་པ་དག་སྤང་ཞེས་བཤད་དོ། །བཞི་པ་ཤན་བརྡེག་པའི་དུས་ལ་གཉིས་ལས། དང་པོ་ཞག་ཤན་བརྡེག་པའི་དུས་ནི། རང་རང་གི་ཞག་གྲངས་ཐ་མའི་མཚན་མོ་མཐའི་སྐད་ཅིག་ལ་བརྡེག་སྟེ། ཊཱི་ཀ་ལས་ཞག་བཅུ་པའི་སྤང་བ་ལ་ཐུག་པ་ན་དེའི་ཤུགས་ཀྱིས་གཞན་ལ་བྱུང་བའི་གོས་ཕྱིས་རྙེད་པ་དེ་ཡང་འཆང་པའི་སྤང་བར་འགྱུར་རོ་ཞེས་བཤད་དོ། །དེས་ན་ཤན་བརྡེག་པས་ནི་སྤང་བར་འགྱུར་བ་ཡིན་གྱི་སྤང་བར་གྱུར་པ་ནི་མ་ཡིན་ཏེ། དེ་ཡང་ཤན་བརྡེག་པས་ནི་ཞག་མ་ལོན་པ་ལོན་པར་བྱས་ཏེ་ཤན་གྱི་ལྟུང་བའི་རྒྱུ་ཚང་བར་བྱས་པ་ཡིན་ལ། ཤན་བརྡེག་པའི་སྐད་ཅིག་གཉིས་པ་ལ་ཤན་གྱི་ལྟུང་བ་དངོས་སུ་སྐྱེའོ།་་་་་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་བརྡེག་པ་ནི་མ་ཡིན་ཏེ། ཞག་གི་ཚིགས་ཐ་དད་པའི་ཕྱིར་རོ། །དེ་ལ་ཤན་མི་བརྡེག་སྟེ་ཊཱི་ཀ་ལས་ཞག་བཅུ་པ་དང་པོ་དང་གཉིས་པ་གསུམ་པ་དག་ནི་ཤན་གྱིས་ཕྱིར་ཕན་ཚུན་ལ་ལྟོས་པ་ནི་མེད་དོ་ཞེས་བཤད་དོ། །འདིར་ཁ་ཅིག་་་་་་གཙང་གི་འདུལ་འཛིན་བྱ་ལུགས་པ། ན་རེ་གོས་ཕྱི་མ་རྙེད་པ་དུས་ཉིད་དུ་ཤན་བརྡེག་སྟེ། དེ་ཡང་གོས་སྔ་མ་རྙེད་ནས་ཞག་ལྔ་ལོན་པ་ན་གོས་ཕྱི་མ་རྙེད་མ་ཐག་པའི་དུས་དེ་ཉིད་དུ་ཞག་ཤན་བརྡེགས་ཏེ་ཞག་ལྔ་ལྔ་མཉམ་པར་བྱས་ནས་ཤན་བརྡེགས་པ་དེ་ཚུན་ཆད་ནས་རང་སྟོབས་ཀྱིས་ཞག་རེ་རེ་ཞིང་བགྲངས་པས་ཞག་བཅུ་འདས་ན་འཆང་བའི་ལྟུང་བར་འགྱུར་ཏེ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་བརླབས་པ་དེའི་ཤན་ཚུན་ཆད་ནས་སོ་ཞེས་གསུངས་ཤིང་། དེའི་ཊཱི་ཀ་ལས། གོས་རྙེད་པ་དེ་བྱིན་གྱིས་མ་བརླབས་པའི་ཤན་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ། ཞག་བཅུ་འདས་པའི་སྤང་བ་ཞེས་བཤད་པས་ཤེས་སོ་ཞེས་་་་་་འགྲེལ་བ་ཤེས་རབ་འབྱེད་པ་ལས་ཀྱང་དེ་ལྟར་བཤད་དོ། ཟེར་རོ། །འོན་ཀྱང་ཤན་ཚུན་ཆད་ནས་སོ་ཞེས་པ་ནི་ཤན་འདྲེས་པར་འགྱུར་བའི་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞག་བཅུ་འདས་པའི་སྤང་བ་ཞེས་བསྟན་པ་ཡིན་གྱི། ཤན་འདྲེས་ཟིན་པའི་ཞག་ཏུ་ཡོད་པ་ཚུན་ཆད་ནས་བགྲངས་ཏེ་ཞེས་བསྟན་པ་མ་ཡིན་

༼༥༣༧༽

ཏེ། གཞན་དུ་་་་་་གོས་ཕྱི་མ་རྙེད་མ་ཐག་ཤན་འདྲེས་པར་གྱུར་ཟིན། ན་ཊཱི་ཀ་ཉིད་ལས་ཕྱིས་རྙེད་པ་དེ་ཡང་ཤན་འདྲེས་པར་འགྱུར་བར་བྱ་བའི་ཕྱིར་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཁྱེད་ལྟར་ན་གོས་ཕྱི་མ་ཤོས་རྙེད་མ་ཐག་པ་ན་ཞག་ཤན་བརྡེགས་ཟིན་པའི་ཕྱིར། མཐར་ཐུག་གི་སྔ་རོལ་ཏུ་སྔ་མ་ཤོས་བརླག་སྟེ་མེད་པར་གྱུར་ན་ཡང་ཤན་ལྟུང་འབྱུང་རུང་དུ་ཐལ་བ་ལས་འདོད་ན་མདོ་ལས། དེ་ཡོད་ན་དངོས་པོ་དེ་ལྟ་བུ་གཞན་ལ་ཡང་འབྱུང་བ་ཉིད་དོ་ཞེས་ཤན་རྡེག་བྱེད་ཡོད་པ་དེ་ཤན་གྱི་ལྟུང་བ་འབྱུང་བའི་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །གཉིས་པ་སྤང་ཤན་བརྡེག་པའི་དུས་ནི། བརྡེག་བྱ་རྙེད་པའི་དུས་ཉིད་ནས་སྤང་དགོས་པ་ཉིད་དུ་བརྡེག་གོ །ལྔ་པ་ཤན་གྱི་ངོ་བོ་ལ་གཉིས་ལས། ཞག་ཤན་གྱི་ངོ་བོ་ནི། བརྡེག་བྱའི་གཞི་ལས་ལྟུང་བར་འགྱུར་ལ། སྤང་དགོས་པར་འགྱུར་བའོ།་་་་་འོ་ན་དགེ་སློང་མའི་སོ་སོ་ཐར་པའི་འགྲེལ་པ་ལས་སྔ་ཕྱིར་གོས་རེ་རེ་ཞིག་རྙེད་ན་སྔར་རྙེད་པར་རུང་བར་མ་བྱས་ལ། ཕྱི་ནས་རྙེད་པ་སྔགས་ཀྱིས་བཏབ་སྟེ་རུང་བར་བྱས་ཤིང་ཞག་བཅུ་འདས་པ་ན་སྔ་མ་ནི་སྤང་དགོས་ཕྱི་མ་རུང་བར་བྱས་པ་ནི་སྤང་མི་དགོས་སོ་ཞེས་པ་དང་འགལ་ལོ་ཞེ་ན། དེའི་རྗེས་སུ་མི་འབྲང་སྟེ་མདོ་འདི་ཉིད་ལས་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ་ཞེས་ཕྱིས་རྙེད་བྱིན་གྱིས་བརླབས་པ་ལའང་ལྟུང་བ་བསྐྱེད་པར་གསུངས་སོ། །སྤང་ཤན་གྱི་ངོ་བོ་ནི་བརྡེག་བྱའི་གཞི་ལས་ལྟུང་བར་ནི་མི་འགྱུར་ལ། སྤང་དགོས་པ་ཙམ་དུ་འགྱུར་བ་སྟེ། ཊཱི་ཀ་ལས་གང་ལ་སྤང་བའི་ལྟུང་བྱེད་ཡོད་པའི་དགེ་སློང་དེས་གལ་ཏེ་ཕྱིས་རིགས་མཐུན་པའམ། རིགས་མི་མཐུན་པའི་ཡོ་བྱད་ཙམ་རྙེད་ན་བཤགས་པའི་དུས་ན་དེ་ཡང་སྤང་བར་བྱའོ། །དེའི་ལྟུང་བ་ནི་བཤགས་པར་བྱ་མི་དགོས་ཏེ་དེའི་གཞི་ལས་ལྟུང་བ་གང་ཡང་མ་བྱུང་བའི་ཕྱིར་རོ་ཞེས་བཤད་དོ། །དྲུག་པ་ཤན་གྱི་སྒྲ་བཤད་པ་ནི། གཞན་གྱི་ཉེས་པ་གཞན་ལ་གོས་པའི་ཚུལ་དུ་བཅས་པས་ན་ཤན་ཞེས་བྱའོ། །གཉིས་པ་ཡན་ལག་གི་དོན་ནི། བསྔོས་པའི་རྣམ་པར་བརྟགས་པ་འདི་ལ་དེའི་རྗེས་སུ་ཞུགས་པའི་ཤན་འབྱུང་བ་ཉིད་ཀྱང་ཉམས་པ་ཡིན་ནོ། །ཀྱང་ཞེས་པ་ནི་རང་སྟོབས་ཀྱིས་ཉམས་པར་མ་ཟད་ཅེས་བསྟན་ཏོ། །ཞག་ཚོགས་པའི་བར་སྐབས་སུ་སྨྱོ་བ་ལ་སོགས་པ་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་ན་ཡང་ངོ་སྟེ་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། རང་སྟོབས་ཀྱི་

༼༥༣༨༽

ལྟུང་བ་འབྱུང་བ་ཉམས་པར་མ་ཟད་ཀྱི། གཞན་ལ་ཤན་འབྱུང་བ་ཡང་ཉམས་པ་ཡིན་ཞེས་བསྟན་ཏོ། །དེ་ཡང་ཞུ་བ་ལས་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལགས་ནས་སེམས་རྣམ་པར་འཁྲུགས་པར་གྱུར་ན་དེའི་གུང་སླང་མ་བཅུ་པོ་གང་ཚུན་ཆད་ནས་བགྲང་བར་བགྱི། ཉེ་བར་འཁོར་རང་གི་སེམས་ཕྱིར་རྙེད་པ་ནས་སོ་ཞེས་གསུངས་པས། ཤན་མི་འབྱུང་བ་ནི་དེའི་གནད་ཀྱིས་སྦྱར་བ་སྟེ། ཊཱི་ཀ་ལས། ཞག་ལྔ་པོ་སྔ་མ་དག་མི་བགྲང་བ་ལས་རྗེས་སུ་ཞུགས་པས་རྒྱུན་འབྲེལ་བ་ཡང་ཉམས་པར་མངོན་ཞེས་བཤད་དོ། །དེ་་་་་་རྒྱ་ནི་སྨྱོས་པ་དེ་ཡང་ཞག་གཅིག་ཡན་ཆད་ལོན་པ་དགོས་གསུང་བ་མི་འཐད་དེ། ཡང་ཡུད་ཙམ་ཞིག་སྨྱོས་པར་གྱུར་ན་ཡང་རང་སྟོབས་དང་ཤན་འབྱུང་བ་ལས་ཉམས་པ་ཡིན་ཏེ། བཅས་པའི་རྟེན་མ་ཡིན་པར་གྱུར་པའི་ཕྱིར་རོ། །དེ་ཡང་སྨྱོས་པ་ལ་སོགས་པ་རང་བཞིན་མི་གནས་པ་གཙོ་བོར་གྱུར་པ་དག་གིས་ཉམས་པ་ཡིན་གྱི། རང་བཞིན་མི་གནས་པ་གཙོ་བོ་མ་ཡིན་པ་གཉིད་ལོག་པ་ལ་སོགས་པ་དག་གིས་ནི་མི་ཉམས་སོ།་་་་་གཉིད་ལོག་ར་རོ་རྫས་ཀྱིས་མྱོས། །སྙོམས་ཞུགས་འགྲོ་བ་ཐ་མའོ། །ཞེས་ལུང་ཞུ་བ་ལས་གསུངས་ཏེ། དེའང་སྙོམས་ཞུགས་ཡན་ཆད་བཞི་བོ་ནི་ཤེས་པ་རང་བཞིན་མི་གནས་པ་ཙམ་པོ་ཡིན་པར་ཤ་ལུགས་པ་རྣམས་བཞེད་དོ། །གོས་སམ་ལྷུང་བཟེད་སྔར་རྙེད་པ་བྱིན་གྱིས་མ་བརླབས་པ་དེ་ཡོད་ན་ཕྱིས་ཉེད་པའི་དངོས་པོ་བཅས་པ་རིགས་མཐུན་དེ་ལྟ་བུ་གཞན་ལ་ཡང་ཤན་གྱི་ལྟུང་བ་ཉིད་འབྱུང་བ་ཉིད་དོ། །དེ་ལྟ་བུ་ཞེས་པ་ནི་དེ་དང་འདྲ་བ་སྟེ་བཅས་པ་རིགས་མཐུན་པའོ། །འདིས་ནི་འཆང་བ་དང་ཟླ་འཇོག་ལྟ་བུ་བཅས་པ་རིགས་མི་མཐུན་ལ་ཕན་ཚུན་ཤན་མི་འབྱུང་བར་བསྟན་ཏོ། །འབྲུ་མར་ལ་སོགས་པ་ཞག་བདུན་པ་ཉིད་དུ་བྱིན་གྱིས་བརླབས་པ་ལ་ནི་གཞི་རིགས་མཐུན་པ་ལ་ཤན་འབྱུང་བ་ཉིད་དོ་ཞེས་སྔ་མར་སྦྱར་བའོ། །དེས་ན་གཞི་རིགས་མི་མཐུན་པ་ལ་ནི་ཤན་མི་འབྱུང་ངོ་། །དེ་ཡང་ཊཱི་ཀ་ལས་འབྲུ་མར་དུ་གཏོགས་པའི་ནི་འབྲུ་མར་ཕྱིས་རྙེད་པ་ལ་འབྱུང་བ་ཉིད་ཡིན་གྱི་མར་ལ་སོགས་པ་དག་ལ་མི་འབྱུང་བ་ལྟ་བུའོ་ཞེས་སོ། །འོ་ན་སྨན་ཞག་བདུན་པ་བྱིན་གྱིས་བརླབས་པ་དང་མ་བརླབས་པ་གཉིས་ཕན་ཚུན་ཞག་ཤན་བརྡེག་གམ་མི་བརྡེག་ཅེ་ན། མི་བརྡེག་སྟེ། དེ་གཉིས་ནི་ཆོ་གའི་སྒོ་ནས་གཞི་རིགས་མི་མཐུན་པའི་ཕྱིར་ཏེ། དེ་ཡང་་་་་་བྱིན་གྱིས་

༼༥༣༩༽

བརླབས་པ་དེ་ནི་ནད་པ་ལ་སོགས་པ། རྐྱེན་དབང་གིས་བྱིན་གྱིས་བརླབས་པའི་གཞི་ཡིན་པ་དང་། བྱིན་གྱིས་བརླབས་པ་དེ་ནི་རྐྱེན་དབང་གིས་བྱིན་རླབས་པའི་གཞི་གཏན་ནས།་་་་་མ་ཡིན་པའི་ཁྱད་པར་གྱིས་སོ། །འདིར་ཁ་ཅིག་ན་རེ། སྨན་ཞག་བདུན་པའི་ཤན་ནི་བྱིན་གྱིས་བརླབས་པས་མ་བརླབས་པ་ལ་བརྡེག་པ་ཡིན་ཏེ། ཤན་རྡེག་བྱེད་ཞག་བདུན་འདས་པ་ན་བྱིན་གྱིས་རློབ་པའི་འཕེན་པ་ཟད་པས། བྱིན་རླབས་ཞིག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཞག་ཤན་བརྡེག་པའི་དུས་ནི་ཞག་བདུན་པའི་མཐའི་སྐད་ཅིག་ཡིན་ལ་དེ་ནི་བྱིན་གྱིས་བརླབས་པའི་དུས་ཀྱི་མཐའ་ཡིན་གྱི། བྱིན་རླབས་ཞིག་པའི་དུས་མ་ཡིན་ཏེ། མདོ་ཉིད་ལས། རང་གི་དུས་ཀྱི་མཐའི་བར་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པས་སོ། །སྤང་ཤན་ནི་སྤང་ལྟུང་དངོས་གཞིའི་ལྟུང་བ་དེ་ཡོད་ན། རིགས་མཐུན་པའམ་རིགས་མི་མཐུན་པའི་ཡོ་བྱད་ཙམ་ཕྱིས་རྙེད་ཅིང་བདག་གིར་བྱས་པ་ལ་སྤང་བར་བྱ་དགོས་པ་ཉིད་དོ། །ཙམ་ཞེས་པ་ནི་ཊཱི་ཀ་ལས་རིགས་མཐུན་པའམ་རིགས་མི་མཐུན་པའི་ཡོ་བྱད་ཙམ་ཞེས་གསུངས་སོ།་་་་་དངོས་པོ་རིགས་མི་མཐུན་པ་ལའང་སྤང་ཤན་བརྡེག་སྟེ་རྣམ་འབྱེད་ལས་གོས་རིགས་མཐུན་འཆང་བའི་སྤང་ལྟུང་བྱུང་ནས་ལྷུང་བཟེད་རྙེད་ནའང་སྤང་དགོས་པར་གསུངས་ཏེ་སྔར་དགོས་དོན་གྱི་སྐབས་སུ་དྲངས་པ་བཞིན་ནོ། །ཙམ་ཞེས་པ་འདི་ལ་འགྲེལ་ཆུང་ལས་སྐུད་པ་ཙམ་ཡན་ཆད་ཀྱང་སྤང་དགོས་སོ་ཞེས་སོ། །དེ་ནི་མ་ཡིན་ཏེ། རྣམ་་་་་་ཟླ་འཇོག་སྐབས་འབྱེད་ལས་སྤང་བ་རྣམས་ཀྱི་གོས་ཐ་མ་ནི་ཁྲུ་གང་ཁོ་ར་ཁོར་ཡུག་གོ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཁྲུ་གང་ཁོར་ཡུག་པས་ཆུང་བ་ནི་སྤང་བར་འོས་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་དང་འགལ་ལོ། །བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་ལ་གཉིས་ལས་སྤྱི་དོན་ཏོ། །དེ་ལ་གཉིས་ལས་དགོས་པའི་དོན་ནི་སྤང་སྟེ་ཕྱིར་བཅོས་པས་ལྟུང་བ་དག་པར་འགྱུར་བའོ། །བསྡུས་པའི་དོན་ལ་ལྔ་སྟེ། ཡུལ་གང་ལ་སྤང་བ་དང་། རྟེན་གང་གིས་སྤང་བ་དང་། དངོས་པོ་གང་སྤང་བ་དང་། གནས་གང་དུ་སྤང་བ་དང་། ཡུན་ཇི་སྲིད་དུ་སྤང་པའོ། །དང་པོ་ནི་དགེ་འདུན་ལ་སྤང་བ་དང་། གང་ཟག་ལ་སྤང་བ་གཉིས་ལས། ལྷུང་བཟེད་ལྷག་པ་བཙལ་བ་ནི་དགེ་འདུན་ལ་སྤང་སྟེ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号