ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༥༥༦༽

བརླབས་པ་དེ། གཞན་ལ་ཅི་རིགས་པ་སྦྱར་རོ། །ཤ་མི་ཡར་སྟོད་པའི་གསུང་བགྲོས།་་་་་ལྷག་པ་དང་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་གོས་་་་་་དར་ཡུག་དེ་དར་ཁ་ཉི་ཤུར་གསིལ་བ་ལྟ་བུ། དེ་དམ་དུམ་དུ་གྱུར་ཏེ་ཁྲུ་གང་ཡན་ཆད་པ་ཚལ་པ་དུ་མར་གྱུར་ན། གོས་ཀྱི་ཚལ་པ་དེ་དག་ཐམས་ཅད་ལ་བྱིན་རླབས་ཡོད་དེ། ལྷག་པ་དང་མཁོ་བའི་ཡོ་བྱད་རེ་རེ་བར་མ་ངེས་པའི་ཕྱིར་དང་། གོས་ཁྲུ་གང་ཡན་ཆད་དུ་ལོངས་ན།་་་་་བྱིན་རླབས་དེ་འཆགས་པའི་ཞིང་ཉིད་ཡིན་པའི་ཕྱིར་རོ། །བྱིན་རླབས་དེ་འཆགས་པའི་ཞིང་མ་ཡིན་པའི་ཕྱིར།་་་་་ཁྲུ་གང་བས་ཆུང་བའི་དམ་དུམ་དུ་གྱུར་ན་ནི་བྱིན་གྱིས་བརླབས་པ་མེད་པར་འགྱུར་རོ། །གཞན་གནས་པས་ཞེས་པ་ནི་དགེ་སློང་གཙུག་ལག་ཁང་ན་གནས་ཏེ་དེ་དང་ཉེ་འཁོར་གཅིག་པའི་གནས་ཁང་མུ་སྟེགས་ལ་སོགས་པ་དང་དགེ་སློང་ཐུན་མོང་དུ་དབང་བ་དེར་ཆོས་གོས་བཞག་ན་མི་འབྲལ་ཏེ། ཐུན་མོང་གི་གནས་དེ་ན་དགེ་སློང་ལས་གཞན་མུ་སྟེགས་པ་ལ་སོགས་པ་ལྟ་བ་མི་མཐུན་པ་དང་། མཚན་མི་མཐུན་པ་དང་། གཞན་གནས་པས་མུ་སྟེགས་ལ་སོགས་པ་ལས་གཞན་དགེ་སློང་གི་གནས་ཡིན་པ་དེ་མི་ཉམས་སོ། །ཊཱི་ཀ་ལས་ཇི་སྲིད་དུ་དགེ་སློང་དེ་གནས་དེ་ལ་འབྱུང་འཇུག་ལ་སོགས་པའི་དབང་ཡོད་པ་དེ་སྲིད་དུ་གནས་དེ་མི་ཉམས་ཏེ་འབྲལ་བར་མི་འགྱུར་རོ། །ཞེས་སོ། །མདོ་འདིའི་ཁུངས་ནི་ལུང་ཞུ་བ་ལས། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་སུ་ཆོས་གོས་བཞག་སྟེ། དགེ་འདུན་གྱི་གནས་ཉེ་འཁོར་གཅིག་པར་གནས་ན་འབྲལ་བའི་ལྟུང་བ་མི་འགྱུར་བ་མཆིས་སམ། ཡོད་དེ་མུ་སྟེགས་ཅན་དང་ལྷན་ཅིག་བསྐོས་པར་རོ་ཞེས་གསུངས་ཏེ། ཊཱི་ཀ་ལས་འདིར་བསྐོས་པ་ཞེས་བྱ་བ་ནི་གནས་གཅིག་ལ་གཉིས་དབང་བར་བྱས་པ་ཡིན་པར་རིགས་པར་བྱའི་ཞེས་སོ། །གྲོང་དང་གཙུག་ལག་ཁང་གི་བར་ན་ཉེ་འཁོར་འདོམ་གང་ལྟ་བུ་ཡོད་ན། དེ་གང་གི་ཉེ་འཁོར་ཡིན་ཞེ་ན། གྲོང་ལ་ཉེ་འཁོར་དེ་ཡོད་པ་ནི། གཙུག་ལག་ཁང་གི་ཉེ་འཁོར་ཉིད་མ་ཡིན་ནོ་ཞེས་སོ། །དེའི་རྒྱུ་མཚན་ནི། ཊཱི་ཀ་ལས་ཁྱིམ་པ་མ་རུངས་པ་དག་ལྷག་པར་གནས་པའི་ཕྱིར་རོ་ཞེས་སོ། །ད་ནི་ཟླ་འཇོག་གི་སྤང་བ་འཆད་དེ། ཟླ་འཇོག་གི་སྐབས་འདིར་འཆང་བའི་སྤང་ལྟུང་སྟོན་པའི་མདོ་དང་པོ་གཉིས་སྨོས་པ་ནི། དེ་གཉིས་ལས་གཞན་དུ་ན་ཟླ་འཇོག་ཏུ་

༼༥༥༧༽

འགྱུར་ཞེས་ཟླ་འཇོག་ངོས་འཛིན་སླ་བར་བྱ་བའི་ཕྱིར་རོ། །ཟླ་འཇོག་དངོས་བསྟན་པ་ནི། གཞན་དུ་ན། ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་ཁ་བསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་ལས་འདས་པར་འཇོག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། འདོད་པ་ཆེ་བ་སྟེ་འཆང་བ་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་གསུམ་མ་ཚང་བ་ན་ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ། ཁ་བསོགས་ཀྱི་གོས་བྱིན་གྱིས་མ་བརླབས་པར་བཞག་པ་ལས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་འདས་པའི་ལྟུང་བ་དངོས་གཞིའོ།་་་་་ཁ་བསོགས་ཀྱི་གོས་དང་། ཁ་བསྐང་བའི་གོས་གཉིས་བླ་ཡུལ་དུ་མ་འདྲེས་པར་བྱའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་བཞག་པའི་དངོས་པོ་དང་། གང་གིས་འཇོག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ་གོས་ཡིན་པ་དང་། རུང་བ་དང་། ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང་། གནས་སྐབས་དབང་བྱར་ཡོད་པ་དང་། རང་ཉིད་ཀྱི་ཡིན་པ་དང་། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་དང་བཅས་པ་དྲུག་ནི་འཆང་བའི་སྐབས་སུ་སྔར་བཤད་པ་དང་འདྲ་བ་ལས་ཚད་དང་ལྡན་པ་ལ་ཁྱད་པར་ཡོད་དེ། འཆང་བའི་སྐབས་སུ་ཆུང་ཚད་ཁྲུ་གང་ཡན་ཆད་ནས། ཡ་མཐའ་དཔག་ཏུ་མེད་པའོ། །ཟླ་འཇོག་གི་སྐབས་སུ་ནི་ཆུང་ཚད་ཁྲུ་གང་ཡན་ཆད་ནས། འཁོར་གསུམ་ཁེབས་པར་མ་ལོངས་པའོ། །འཁོར་གསུམ་ཁེབས་པར་ལོངས་པ་ནི་བྱིན་གྱིས་མ་བརླབས་པར་བཞག་ན་འཆང་ལྟུང་དུ་འགྱུར་གྱི། ཟླ་འཇོག་ཏུ་མི་འགྱུར་རོ། །ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ་བཞག་པའི་ཁ་བསོགས་ཀྱི་གོས་ཡིན་པ་སྟེ། གཞན་དུ་ན་དེ་་་་་་ཁ་བསོགས་ཀྱི་གོས། ནི་ཞེས་པས་སོ། །གཉིས་པ་གང་གིས་འཇོག་པའི་རྟེན་ནི། སྲ་བརྐྱང་དང་མི་ལྡན་པ་དང་། བྱིན་གྱིས་བརླབས་པར་བྱ་བའི་ཆོས་གོས་གསུམ་ཚང་བ་མ་ཡིན་པ་སྟེ། འདི་གསུམ་ནི་སྲ་བརྐྱང་བཏིང་བ་ལ་མི་འབྱུང་ཞེས་པ་དང་། གཞན་དུ་ན་ཞེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་པའོ། །ཀུན་སློང་ནི་རང་དོན་

༼༥༥༨༽

དུ་ཟླ་བ་ལས་འདས་པར་འཇོག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་དེ་ལ་བྱིན་རླབས་མི་བྱེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ། བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །མཐར་ཐུག་ནི་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །ཡན་ལག་གི་དོན་ལ། གཞན་དུ་ན་ཞེས་སོ། །ཁ་དོག་རིགས་མི་མཐུན་པ་དང་། ལ་སོགས་པའི་སྒྲས་བསྡུས་པ་རྒྱུ་ལས་རིགས་མི་མཐུན་པ་ནི་ཁ་བསྐང་བའི་གོས་སུ་ཆོག་པ་ཉིད་མ་ཡིན་ནོ། །དེས་ན་རིགས་མི་མཐུན་པ་དེ་ལ་རེ་བས་རེ་བའི་གོ་མི་ཆོད་དེ་རིགས་མི་མཐུན་པ་ལ་རེ་ཞིང་གཞག་ཏུ་མི་གནང་ལ། གཞག་ན་ཡང་ཞག་བཅུ་པ་ཉིད་དུ་འགྱུར་རོ། །རིགས་མི་མཐུན་པ་དེ་རྙེད་པས་རྙེད་པའི་གོ་མི་ཆོད་དེ། རིགས་མི་མཐུན་པ་དེ་རྙེད་ན་ཡང་། ཁ་བསྐང་བའི་གོས་གཞན་ལ་རེ་ཞིང་བཞག་ཏུ་གནང་བའོ། །དེ་རྙེད་ན་ཞེས་པའི་སྐབས་འདིར་མུ་བཞི་སྲིད་དེ།་་་་་ཟླ་འཇོག་གི་རིགས་ལ་འཆང་ལྟུང་དུ། རིགས་ཀྱང་ལྡོག་ལ་ཤན་ཡང་འབྱུང་བ་དང་། རིགས་མི་ལྡོག་ཤན་འབྱུང་བ་དང་། རིགས་ལྡོག་ཤན་མི་འབྱུང་བ་དང་། རིགས་མི་ལྡོག་ཤན་མི་འབྱུང་བའོ། །མུ་དང་པོ་ནི་ཆོས་གོས་གསུམ་ཚང་བར་མེད་པའི་དགེ་སློང་གིས་ཆོས་གོས་མི་ལྡང་བའི་ཁ་བསོགས་ཀྱི་གོས་རྙེད་ནས་ཁ་བསྐང་བའི་གོས་ལ་རེ་བ་དང་བཅས་ཏེ། གོས་དེ་བྱིན་གྱིས་མ་བརླབས་པར་བཞག་པ་ལ། ཟླ་བ་གཅིག་གི་ནང་རོལ་ཏུ་ཁ་བསྐང་བའི་གོས་རིགས་མཐུན་པ་དེ་རྙེད་ན་བཅུ་ཚན་གསུམ་པོ་གང་ལ་རྙེད་པའི་ཞག་བཅུ་པ་དེའི་ཞག་གྲངས་དང་པོ་ལ་གོས་སྔ་མ་དེའི་ཞག་གྲངས་ཀྱི་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །ཞེས་སྤྱིར་བསྟན། དེ་ཡང་བྱེ་བྲག་ཏུ་ཕྱེ་ན་གསུམ་ལས། དང་པོ་བཅུ་ཚན་དང་པོ་ལ་ཁ་བསྐང་བའི་གོས་རྙེད་པ་ནི། ཚེས་གཅིག་ལ་ཁ་བསོགས་ཀྱི་གོས་རྙེད་ནས། ཁ་བསྐང་བའི་གོས་དེ་ཚེས་ལྔ་ལ་རྙེད་ན། ཞག་བཅུ་ཚན་དེའི་དང་པོ་ཚེས་གཅིག་སྟེ་ཚེས་གཅིག་གི་ཞག་གྲངས་ལ་གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ་ཞག་ཤན་འབྱུང་བ་ཉིད་དོ། །དེ་ཡང་གོས་སྔར་རྙེད་ལས་ནི་རང་སྟོབས་ཀྱིས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་ཅིང་གོས་ཕྱིས་རྙེད་དེ་ཡང་གོས་སྔར་རྙེད་དེའི་ཞག་གྲངས་ཀྱི་བག་ཞད་ལ་སློན་ཏེ་ཤན་བརྡེགས་པས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་དོ། །གཉིས་པ་བཅུ་ཚན་བར་པ་ལ། ཁ་བསྐང་བའི་

༼༥༥༩༽

གོས་རྙེད་པ་ན། ཚེས་གཅིག་ལ་ཁ་བསོགས་ཀྱི་གོས་རྙེད་ནས། ཁ་བསྐང་བའི་གོས་དེ་ཚེས་བཅོ་ལྔ་ལ་རྙེད་ན་ཞག་བཅུ་ཚན་བར་པ་དེའི་དང་པོ་ཚེས་བཅུ་གཅིག་སྟེ་ཚེས་བཅུ་གཅིག་ནས་རྩིས་པའི་ཞག་གྲངས་ལ། གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ། ཞག་ཤན་འབྱུང་བ་ཉིད་དོ། །དེ་ཡང་གོས་སྔ་ཕྱི་གཉིས་ཀ་ལས་ཞག་བཅུ་པའི་འཆང་ལྟུང་བསྐྱེད་དེ་རང་སྟོབས་དང་ཤན་སྟོབས་སྔ་མ་བཞིན་ནོ། །གསུམ་པ་བཅུ་ཚན་གསུམ་པ་ལ་ཁ་བསྐང་བའི་གོས་རྙེད་པ་ནི། ཚེས་གཅིག་ལ་ཁ་བསོགས་ཀྱི་གོས་རྙེད་ནས་ཁ་བསྐང་བའི་གོས་དེ་ཚེས་ཉི་ཤུ་ལྔ་ལ་རྙེད་ན་ཞག་བཅུ་ཚན་གསུམ་པ་དེའི་དང་པོ་ཚེས་ཉི་ཤུ་རྩ་གཅིག་སྟེ། ཚེས་ཉི་ཤུ་རྩ་གཅིག་ནས་བརྩིས་པའི་ཞག་གྲངས་ལ་གོས་ཕྱི་མ་དེ་བག་ཞད་ལ་སློན་པ་སྟེ། ཞག་ཤན་འབྱུང་བ་ཉིད་དོ། །དེ་ཡང་གོས་སྔ་ཕྱི་གཉིས་ཀ་ལས་ཞག་བཅུ་པའི་འཆང་ལྟུང་འབྱུང་སྟེ། རང་སྟོབས་དང་ཤན་སྟོབས་སྔ་མ་བཞིན་ནོ། །བག་ལ་སློན་པ་ཉིད་དོ་ཞེས་པ་ནི། རིགས་ལོག་པ་ཉིད་དོ། །ཞེས་བླ་མ་རྣམས་གསུང་ཡང་མ་ཡིན་ཏེ།་་་་་བག་ལ་སློན་པ་ཉིད་དོ་ཞེས་པ་ནི་ཤན་འབྱུང་བ་ཉིད་དོ་སྟེ། ཊཱི་ཀ་ལས་་་་་་གོས། སྔར་བཞག་པ་དེའི་ཤན་གྱི་དབང་གིས་་་་་་གོས། ཕྱི་མ་དེ་སྔ་མའི་་་་་་ཞག་གྲངས་ཀྱིས། བག་ལ་སློན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་སོ། །འདི་ལ་ཁ་་་་་་སོག ཅིག་ན་རེ་ཟླ་བ་གཅིག་འདས་པའི་ལྟུང་བ་དེ་ཟླ་བས་འཇོག་པའི་ལྟུང་བ་ཡིན་གྱི། ཞག་བཅུ་པའི་འཆང་ལྟུང་མ་ཡིན་ཏེ། ཟླ་བ་གཅིག་འདས་པ་ལ་ཞག་བཅུ་པ་མི་སྲིད་པའི་ཕྱིར་རོ་ཞེས་སོ། །དེ་ནི་མ་ཡིན་ཏེ། ཁ་བསྐང་བའི་གོས་དེ་ཉི་ཤུ་ལྔ་ལ་རྙེད་ནས། ཁ་བསྐང་བ་ལ་རེ་བ་མེད་པ་ཞག་སུམ་ཅུ་འདས་པའི་ལྟུང་བ་དེ་ཆོས་ཅན། ཟླ་འཇོག་གི་སྤང་ལྟུང་བསྐྱེད་པ་ལ་ཁ་བསྐང་བ་ལ་རེ་བ་ཡོད་པ་ཡན་ལག་ཏུ་དགོས་པར་གསུངས་པ་ལས། ཡན་ལག་དེ་མ་ཚང་བའི་ཕྱིར་རོ། །དེ་ཡང་། ཟླ་འཇོག་གི་སྤང་ལྟུང་མ་ཡིན་པར་ཐལ། ཟླ་འཇོག་སྤང་ལྟུང་གི་ཡན་ལག་མ་ཚང་བའི་ཕྱིར་ཏེ། ཁ་བསྐང་བ་ལ་རེ་བ་མེད་པའི་ཕྱིར་རོ། །འདོད་ན་དམ་བཅའ་ཉམས་སོ། །གཞན་ཡང་། ཟླ་བ་གཅིག་འདས་པ་ལ་ཞག་བཅུ་པའི་འཆང་ལྟུང་མི་སྲིད་ན། ཞག་ཉི་ཤུ་འདས་པ་ལ་ཡང་ཞག་བཅུ་པའི་འཆང་ལྟུང་མི་སྲིད་པར་འགྱུར་ཞེས་མགོ་མཚུངས་པས། ཁ་བསྐང་བའི་

༼༥༦༠༽

གོས་ཞག་བཅུ་ཚན་བར་པ་ལ་རྙེད་ནས་ཞག་ཉི་ཤུ་འདས་པའི་ལྟུང་བ་དེ་འཆང་ལྟུང་དང་ཟླ་འཇོག་གང་དུ་ཡང་མ་གཏོགས་པར་ཐལ་བར་འགྱུར་ཏེ་ཤིན་ཏུ་མི་རིགས་སོ།་་་་་ཚེས་ཉི་ཤུ་རྩ་ལྔ་ལ་ཁ་བསྐང་བའི་གོས་དེ་རྙེད་ན། ཁྱེད་ལྟར་ན་ཞག་བཅུ་པ་ཡང་། ལྔའི་དང་པོ་ལ་བག་ལ་མ་སླན་པར་ཐལ་བར་འགྱུར་རོ། །ཟླ་བ་གཅིག་འདས་པ་ཙམ་གྱིས་ཟླ་འཇོག་ཏུ་འགྱུར་ན་ནི་ཟླ་བ་གཅིག་འདས་པ་ལས་འཆང་ལྟུང་ནག་འབྱམ་དུ་བསྐྱེད་པ་དེ་ཡང་ཟླ་འཇོག་ཏུ་ཐལ་བར་འགྱུར་ཏེ། གོས་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་པའི་ཕྱིར་རོ། །གཉིས་པ་རིགས་མི་ལྡོག་ཤན་འབྱུང་བ་ནི། ཚེས་གཅིག་ལ་ཁ་བསོགས་ཀྱི་གོས་རྙེད་ནས་ཁ་བསྐང་བའི་གོས་དེ་ཚེས་གཉིས་སམ་གསུམ་ལ་རྙེད་ཅིང་དེ་གཉིས་ཀ་བསྡོམས་ཀྱང་འཁོར་གསུམ་ཁེབས་པར་མ་ཆོག་ནས། ཁ་བསྐང་བའི་གོས་གཞན་ལ་རེ་བ་དང་བཅས་ཏེ་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་ན། གོས་སྔ་མ་ལ་ནི་རང་སྟོབས་ཀྱིས་ཟླ་འཇོག་དང་གོས་ཕྱི་མ་ལ་ཤན་སྟོབས་ཀྱིས་ཟླ་འཇོག་གི་སྤང་ལྟུང་འབྱུང་བའོ། །གསུམ་པ་རིགས་བཟློག་ཤན་མི་འབྱུང་བ་ནི། ཁ་བསྐང་བའི་གོས་དེ་མེ་ལ་སོགས་པས་ཉམས་ཏེ་རེ་བ་མེད་པར་གྱུར་པ་དང་། ཁ་བསྐང་བའི་གོས་ལ་རེ་བ་དེ་གྲུབ་པར་མ་གྱུར་ཏེ་རེ་བ་མེད་པར་གྱུར་པ་དང་། ཁ་བསྐང་བའི་གོས་ལ་རེ་བའི་བསམ་པ་རང་བཞིན་གྱིས་ལོག་པ་སྟེ། ལུང་རྣམ་འབྱེད་ལས། ཁ་བསྐང་བ་ལ་རེ་བའི་གོས་དེ།་་་་་ཉམས་གྱུར་་་་་་གོས་ལ་རེ་བ་གང་ཡིན་པ་དེ། གྲུབ་པར་མ་གྱུར་དང་། རྒྱུན་་་་་་གོས་ལ་རེ་བ་གང་ཡིན་པ་དེ་ཐམས་ཅད་ཀྱི། ཆད་ཅེས་གསུངས་སོ། །བཞི་པ་རིགས་མི་ལྡོག་ཤན་མི་འབྱུང་བ་ནི་ཚེས་གཅིག་གི་སྔ་དྲོ་ཁ་བསོགས་ཀྱི་གོས་རྙེད་ནས་ཁ་བསྐང་བའི་གོས་དེ་ཡང་ཚེས་གཅིག་གི་ཕྱི་མ་རེད་ལྟ་བུ་རྙེད་ཅིང་དེ་གཉིས་ཀ་བསྡོམས་ཀྱང་འཁོར་གསུམ་ཁེབས་པར་མཆོག་ནས་ཁ་བསྐང་བའི་གོས་གཞན་ལ་རེ་བ་དང་བཅས་ཏེ་བྱིན་གྱིས་མ་བརླབས་པར་ཟླ་བ་གཅིག་འདས་ན་གོས་གཉིས་ཀ་ལས་རང་སྟོབས་ཀྱིས་ཟླ་འཇོག་གི་སྤང་ལྟུང་འབྱུང་བའོ། །གསར་པ་ལས་ཞེས་པ་ཊཱི་ཀ་ལས་གོས་ཇི་ལྟ་བུ་དང་། ཚད་ཇི་ཙམ་ལ་བྱིན་རླབས་ཆགས་པར་འགྱུར་བ་དང་། དེ་ལས་ལྡོག་པ་ལ་སྤང་བར་འགྱུར་བ་དེ་བརྗོད་པར་བྱ་སྟེ་ཞེས་པ་དང་། གཞན་ཡང་ཊཱི་ཀ་ལས། རིམ་པ་ལྷག་པར་སྦྱར་བ་གང་ཡིན་པ་དེ་སྤང་བར་འགྱུར་གྱི། རིམ་པ་ཇི་སྐད་བསྟན་པ་དག་

༼༥༦༡༽

ནི་སྤང་བར་མི་འགྱུར་རོ་ཞེས་བཤད་པ་ལ་བརྟེན་ནས་ཁ་ཅིག་ན་རེ་གོས་ཚད་ལས་ལྷག་པ་ལ་ཚད་དང་ལྡན་པ་ཚུན་ཆད་ལ་བྱིན་རླབས་འཆགས་ཤིང་དེ་ཡན་ཆད་ལྷག་པའི་ཆ་ལ་བྱིན་རླབས་མི་འཆགས་པས་སྤང་བར་མི་འགྱུར་རོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གོས་ཟླ་མེད་གཅིག་ལ་དུས་གཅིག་ཏུ་བྱིན་རླབས་ཡོད་མེད་འགལ་བའི་ཕྱིར་དང་།་་་་་བཤལ་ཏེ་བརྐུ་བའི་ཐབས་ལས་དངོས་པོ་དེ་ལ་ཕྱེད་བརྐུས་ཕྱེད་མ་བརྐུས་པ་ལ་འགལ་ཞེས་གསུངས་པ་དང་མཚུངས་པ་སྟེ། དཀྱུས་ལ།་་་་་ཁྲུ་བཅུ་ཡོད་་་་་་པ་ཞེང་ཚད་དང་ལྡན་པའི་གོས་གཅིག་ལ་ཕྱོགས་རེ་རེར་སྣམ་སྦྱར་དང་མཐང་གོས་ཀྱི་བྱིན་རླབས་གཉིས་ཀ་འཆགས་པར་ཐལ་བར་འགྱུར་ཏེ། དེ་གཉིས་ཀྱི་བྱིན་རླབས་འཆགས་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན་ཚུལ་ཁྲིམས་ལ་འགལ་བ་དུ་མ་འདུ་བར་འགྱུར་་་་་་མི་གཙང་བའི་བྱ་བ་ལ་འཇུག་པའི་ཚེ་ན་སྣམ་སྦྱར་གོན་པ་བཀག་ལ། མཐང་གོས་གོན་པ་གནང་བ་དང་། ཆར་འབབ་པ་དང་འབབ་དུ་དོགས་པའི་ཚེ་ན་སྣམ་སྦྱར་ཁྱེར་བ་བཀག་ལ། མཐང་གོས་གོན་པ་སྒྲུབ་དགོས་ཡིན་པའི་ཕྱིར་རོ། །ཞེས་གསུང་ངོ་། །སྒྲུབ་བྱེད་དུ་མི་ཆེ་བ་ནི་ཊཱི་ཀ་ལས་གོས་ཚད་ལས་ལྷག་པ་ལ་སྤང་བར་འགྱུར་ཞེས་པ་ཚད་ལས་ལྷག་པ་ནི་གོས་རིལ་པོ་ཚད་ལས་ལྷག་པ་སྟེ། འཇིག་རྟེན་ན་ལུས་བོངས་ལྷག་པ་བཞིན་ནོ། །གདིང་བ་ཡང་ཉིས་རིམ་མོ་ཞེས་སྦྱར་རོ། །རྣམ་འབྱེད་འགྲེལ་ལས་སྣམ་སྦྱར་དང་གདིང་བ་ཡང་ཉིས་རིམ་བྱ་བ་ནི་ལས་ཆེ་བའི་ཕྱིར་རོ་ཞེས་བཤད་ཀྱང་སྣམ་སྦྱར་ནི་ལས་ཆེ་བར་མ་གྲུབ་སྟེ། བགོ་བའི་གནས་བདུན་ལས་མ་གསུངས་པའི་ཕྱིར་རོ། །ཕྲན་ཚེགས་འགྲེལ་ལས་ཆོས་གོས་ཀྱི་མཆོག་དེ་སྣམ་སྦྱར་ཞེས་བཤད་དེ། ཉིས་རིམ་དུ་བྱ་བའི་རྒྱུ་མཚན་ནི།་་་་་སྣམ་སྦྱར་ནི་ཆོས་གོས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང་། གདིང་བ་ནི་ལས་ཆེ་བའི་ཕྱིར་རོ། །སེམས་མ་བསྐྱེད་པར་དཔོག་པར་མི་བྱ་བ་ནི་འཆང་བའི་རྒྱུར་འགྲོ་དགག་པའི་ཕྱིར་རོ། །སྣམ་སྦྱར་གྱི་སྣམ་ཕྲན་དག་ནི་གཞུང་འདི་ནས་བཤད་པ་བཞིན་དུ་ལུང་ལས་ཀྱང་གསུངས་སོ། །འོ་ན་ཉན་ཐོས་ཀྱི་ས་ལས། ཆོས་གོས་ཆེན་པོ་དུམ་བུ་བདུན་པ་དང་དུམ་བུ་དགུ་པ་ཉིས་སྦྱར་དུ་བཙེམས་པ་གང་ཡིན་པ་དེ་ནི་སྣམ་སྦྱར་ཞེས་བྱའོ་ཞེས་བཤད་པ་དང་འགལ་སྙམ་ན། དེ་ནི་ཉན་ཐོས་སྡེ་པ་གཞན་གྱི་ལུགས་ཡིན་པར་སེམས་སོ། །དེ་ཡན་ཆད་ནི་ཚེམ་བུའོ་ཞེས་པའི་

༼༥༦༢༽

འགྲེལ་ཆུང་ལས། ཚེམ་བུ་སྟེ་ཕྱག་དར་ཁྲོད་པའི་ཆོས་གོས་ཀྱི་སྔགས་ནི་འཆགས་སོ་ཞེས་བཤད་ཀྱང་མི་འཐད་དེ། རྣམ་འབྱེད་འགྲེལ་ལས། སྣམ་ཕྲན་ཉི་ཤུ་རྩ་ལྔ་པ་གླེགས་བུ་ཕྱེད་དང་ལྔ་པ་ཡན་ཆད་ནི་ལྷན་པ་མཐར་ཆགས་སུ་གྱུར་པ་ཡིན་པའི་ཕྱིར་ཧྲལ་ཧྲུལ་ཡིན་གྱི་སྣམ་སྦྱར་ནི་མ་ཡིན་ནོ་ཞེས་བཤད་དེ། སྣམ་སྦྱར་མ་ཡིན་པས་དེའི་བྱིན་རླབས་མི་འཆགས་སོ། །ཊཱི་ཀ་ལས་བླ་གོས་དང་མཐང་གོས་ཀྱི་སྣམ་ཕྲན་གྱི་ཚད་ནི་སྣམ་སྦྱར་གྱི་ཚད་ལྟར་གང་དུ་ཡང་བཀའ་མ་སྩལ་ཏོ་ཞེས་བཤད་པ་ནི་མཚན་ཉིད་གཏན་ལ་འབེབས་པའི་གནས་སྐབས་གང་དུ་ཡང་བཀའ་མ་བསྩལ་ཏོ་ཞེས་པའོ། །ཆོ་ག་བསྟན་པའི་སྐབས་སུ་ནི་ལུང་གཞི་ལས་ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབས་པའི་སྐབས་སུ་བླ་གོས་མཐང་གོས་ལའང་སྣམ་ཕྲན་དང་གླེགས་བུའི་ཚད་གསུངས་སོ། །འདིར་ཁ་་་་་་བྱང་བརྩོན། ཅིག་ན་རེ་བླ་གོས་དང་མཐང་གོས་ལའང་སྣམ་ཕྲན་དང་གླེགས་བུ་མེད་ན་རྒྱུའི་བྱིན་རླབས་བྱའི་ཆོས་གོས་དངོས་ཀྱི་བྱིན་རླབས་མི་འཆགས་ཞེས་ཟེར་རོ། །དེ་ཡང་ཀརྨ་ཤ་ཏཾ་འགྱུར་རྙིང་པ་ལས་བླ་གོས་ཀྱི་སྐབས་སུ། འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་བདུན་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་ཞེས་བཤད་ཅིང་། མཐང་གོས་ཀྱི་སྐབས་སུ་ཡང་འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་ལྔ་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བཤད་པ་ལ་བརྟེན་ནས་སོ། །དེ་ནི་འགྱུར་སྐྱོན་ཡིན་པར་ཐེ་ཚོམ་མེད་དེ། ལུང་གཞི་ལས་ཆོས་གོས་ཀྱི་རྒྱུ་བྱིན་གྱིས་རློབ་པ་ནི་བླ་གོས་ཀྱི་སྐབས་སུ་འཚལ་ན་སྟེ་འདོད་ན། སྣམ་ཕྲན་བདུན་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་། །ཞེས་གསུངས་ཤིང་། མཐང་གོས་ཀྱི་སྐབས་སུ་ཡང་། འཚལ་ན་སྣམ་ཕྲན་ལྔ་པར་བགྱི་སྟེ་གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་ཞེས་གསུངས་སོ། །ལུང་ལས་གསུངས་པ་དེ་ཁོ་ན་ལྟར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་ཀརྨ་ཤ་ཏཾ་ལས་ཀྱང་བླ་གོས་མཐང་གོས་གཉིས་ཀྱི་སྐབས་སུ་གསུངས་སོ། །དེ་ལྟར་ན་སྣམ་སྦྱར་གྱི་རྒྱུ་བྱིན་གྱིས་རློབ་པའི་དོན་དུ་ནི། འཚལ་ལ་བར་ཆད་མ་བྱུང་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་བྱེད་དང་གསུམ་པ་ལ་སོགས་

༼༥༦༣༽

པར་བགྱིའོ་ཞེས་ཀརྨ་ཤ་ཏཾ་ལས་གསུངས་པ་བཞིན་བརྗོད་པར་བྱ་སྟེ། གཞི་འགྲེལ་ལས་ཀྱང་འཚལ་ལ་བར་ཆད་མ་བྱུང་ན་ཞེས་སོ། །བླ་གོས་ཀྱི་རྒྱུ་བྱིན་གྱིས་རློབ་པའི་སྐབས་སུ་ནི། འཚལ་ན་སྣམ་ཕྲན་བདུན་པར་བགྱིས་ཏེ་གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ་བར་ཆད་མ་བྱུང་ན་བཀྲུའོ་བརྐྱང་ངོ་དྲའོ་སྡེབ་བོ། །ཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ་ཞེས་ལུང་ལས་གསུངས། མཐང་གོས་ཀྱི་སྐབས་སུ་ནི། འཚལ་ན་སྣམ་ཕྲན་ལྔ་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །སྡེབ་བོ། །ཟུང་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ་ཞེས་ལུང་ལས་གསུངས་སོ། །དེས་ན་ལུང་མ་མོ་ལས་སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །བླ་གོས་དང་མཐང་གོས་ནི་ངེས་པ་མེད་དོ་ཞེས་གསུངས་ལ། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། སྣམ་སྦྱར་ངེས་པར་དྲས་ཏེ་བཅད། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་བཤད་དོ། །བྱིན་གྱིས་བརླབ་ཏུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ །ཞེས་མཐང་གོས་ལ་ཞེང་དུ་ཁྲུ་གསུམ་བྱས་པ་དེ་གོན་ན་་་་་་མ་མཐའ་ལོང་བུ་ལ་རེག་ན། ནི་ཧ་ཅང་འཇོལ་བའི་ཉེས་བྱས་བསྐྱེད་པར་གསུངས་པ་དང་འགལ་ཞེ་ན། བྱིན་གྱིས་བརླབ་ཏུ་རུང་བའི་མཐང་གོས་ཀྱི་ཚད་དང་། གོན་དུ་རུང་བའི་མཐང་གོས་ཀྱི་ཚད་གཉིས་ལས། མཐང་གོས་ཀྱི་ཞེང་དུ་ཁྲུ་གསུམ་གསུངས་པ་འདི་ནི་སྔ་མ་སྟེ་བྱིན་གྱིས་བརླབ་ཏུ་རུང་བ་ཞེས་གསུངས་སོ། །སྤྱིར་ན་ཁྲུ་འཇལ་བ་རྣམས་ལ་ཁྲུ་རྣམ་པ་གསུམ་འདུལ་བའི་གཞུང་རྣམས་ལས་གསུངས་ཏེ། རྡུལ་ཁྲུ་དང་། ལུས་ཁྲུ་དང་། ལག་ཁྲུའོ། །དང་པོ་ནི་བལ་ཁུར་བའི་སྐབས་སུ་འཆད་དོ། །གཉིས་པ་ནི། ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ་ཞེས་སོ། །གསུམ་པ་ནི་ཊཱི་ཀ་ལས་གྲུ་མོ་ནས་གུང་མོའི་རྩེ་མོའི་བར་ཞེས་སོ། །རྡུལ་ཁྲུ་ལུས་ཁྲུ་ལག་ཁྲུ་སྟེ། །ཁྲུ་གསུམ་རྣམ་དབྱེ་ཤེས་པར་བྱ། །རྡུལ་ཁྲུས་གཞལ་བར་བྱ་བ་ནི། །ཁང་པའི་ཚད་དང་ཁྲི་རྐང་ཚད། །གདིང་བ་གཡན་དགབ་རས་ཆེན་ནོ། །དགེ་སློང་རྒན་པོ་དང་ལོ་བདུན་ལོན་པའི་དགེ་ཚུལ་གཉིས་ལུས་བོངས་ཆེ་ཆུང་མི་མཉམ་ཡང་དེ་གཉིས་ཀྱི་གདིང་བ་ནི་ཚད་མཉམ་སྟེ། གཡན་པ་དགབ་པ་དང་རས་ཆེན་ཡང་དེ་

༼༥༦༤༽

བཞིན་ནོ། །དེའི་རྒྱུ་མཚན་ནི་གདིང་བ་གཡན་དགབ་རས་ཆེན་གསུམ་གྱི་ཚད་ནི་རྡུལ་ཁྲུས་གཞལ་བར་བྱ་བ་ཉིད་ཡིན་གྱི། རང་གི་ལུས་ཁྲུའམ་ལག་ཁྲུས་གཞལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་གདིང་བ་མི་ཆོག་ན་ཁྲུ་ཕྱེད་དང་དོ་ཡན་ཆད་བསྐྱེད་དོ་ཞེས་གསུངས་པས་ལུས་བོངས་ཧ་ཅང་རིང་ཐུང་གི་གདིང་བའི་དཀྱུས་ཀྱི་ཚད་མི་མཉམ་པ་ཡང་ཡོད། དེ་དག་ལས་གཞན་ཆོས་གོས་རྣམས། །ལུས་ཁྲུའམ་ལག་ཁྲུས་གཞལ་བ་སྟེ། །ལུས་རིང་ཧ་ཅང་ལག་ཐུང་དང་། །དེ་ལས་ལྡོག་པའི་ཆོས་གོས་རྣམས།་་་་་སྣམ་སྦྱར་ལ་སོགས་པ། །རང་གི་ལུས་ཁྲུ་ཁོ་ནས་གཞལ།་་་་་ཞེས་ལུང་སིལ་བུ་ལས་བཤད་ན། ལུས་ཚད་ལག་ཚད་འཚམས་པ་ཡིས། །ལག་ཁྲུས་ཀྱང་ནི་གཞལ་དུ་རུང་།་་་་་ཊཱི་ཀ་ལས་བཤད་དོ། །ཞེས་གཟུང་ང་ོ། །རལ་ཀ་དཔུང་ཆད་ནི་རྒྱ་ཁྱོན་ཇི་ཙམ་ཡོད་པ་ལོགས་སུ་བྱིན་གྱིས་བརླབས་ཏེ་སྒྲོ་གུའམ་ཟུངས་ཀྱིས་འཐུད་པའོ། །ཞུ་བའི་སྐབས་ནི། ཆུང་བ་ཁྲུ་གང་བ་དེ་བས་ཀྱང་དམན་པ་སྟེ་གོས་ཁྲུ་གང་བས་ཆུང་བ་ནི། ཆུང་བ་ཁྲུ་གང་པ་དང་འདྲ་སྟེ་འཁོར་གསུམ་ཁེབས་པ་བས་ཆུང་བ་ཁྲུ་གང་པ་དང་འཆང་འཇོག་གི་ཉེས་པ་བསྐྱེད་པར་འདྲ་བའོ། །དེ་ཡང་གོ་ཁྲུ་གང་བས་ཆུང་བ་དེ་ཁ་བསྐང་བ་ལ་རེ་བ་མེད་པར་འཆང་ན་འཆང་བའི་ཉེས་བྱས་དང་། རེ་བ་དང་བཅས་པར་འཇོག་ན་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་བ་ཉིད་དོ། །འཆང་འཇོག་གི་སྤང་ལྟུང་དུ་ནི་མི་འགྱུར་ཏེ། ཚད་དང་ལྡན་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཁ་བསྐང་བ་ལ་རེ་བ་མེད་པའི་དབང་དུ་བྱས་ནས་བསྟན་པ་ནི་ཆུ་དང་ཞེང་གིས་འཁོར་གསུམ་གྱི་ཕྱེད་མི་ཁེབས་པའི་གོས་ཁ་བསྐང་བ་ལ་རེ་བ་མེད་པ་ནི་ཟླ་འཇོག་ཏུ་གཏོགས་པ་མ་ཡིན་ཏེ། ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འཆང་བའི་ཉེས་བྱས་སུ་འགྱུར་བ་ཉིད་དོ།་་་་་འཁོར་གསུམ་གྱི་ཕྱེད་མི་ཁེབས་པ་དེ་ཡང་ཁ་བསྐང་བ་ལ་རེ་བ་དང་བཅས་ཏེ་བཞག་ན་ནི་ཟླ་འཇོག་གི་ཉེས་བྱས་སུ་འགྱུར་ཞེས་མདོ་སྔ་མར་བསྟན་ཟིན་ནོ། །ཁྲུ་གང་བས་ཆུང་བ་དེ་ལ་ནི་སེམས་བརྟག་པ་བྱ་སྟེ། ཡོ་བྱད་འདི་དང་འདི་བྱའོ་སྙམ་དུ་སེམས་སོ། །འོ་ན་མེ་ཏོག་ཕྲེང་རྒྱུད་ལས་ཁྲུའི་ཚད་ལས་ཆུང་བ་ལ། བྱིན་རླབས་ཡིད་བརྟན་མི་དགོས་སོ་ཞེས་གསུངས་པ་དང་འགལ་ཞེ་ན་དེ་མཁན་པོ་ལ་ཡིད་བརྟན་དེ་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་མི་དགོས་པའོ། །གོས་རུང་བ་མ་ཡིན་པ་རྔ་བལ་ལ་སོགས་པ་ཡང་། རེ་བ་མེད་པ་ཉིད་དོ་ཞེས་སྔ་མ་བཞིན་ནོ། །ཞུ་བ་ལས་གོས་ཇི་ལྟ་བུ་བཞག་པར་བགྱི། རུང་བ་གང་ཡིན་པའོ་ཞེས་གསུངས་ཏེ། གོས་མི་རུང་བ་ནི་ཁ་བསྐང་བ་ལ་རེ་བ་དང་བཅས་

༼༥༦༥༽

ཏེ་འཇོག་པ་བཀག་པའོ། །བཀག་ཀྱང་རེ་བ་དང་བཅས་ཏེ་བཞག་ན་ནི། ཟླ་འཇོག་གི་ཞུ་བ་ལས། གོས་མི་རུང་བ་ནི་ཟླ་བ་གཅིག་ལས་ལྷག་པར་བཞག་ན་ཉེས་བྱས་སུ་འགྱུར་བ་ཉིད་དོ་ཞེས་གསུངས་སོ། །གདོང་ཕྱིས་ལ་སོགས་པ་འདི་རྣམས་བྱིན་གྱིས་མ་བརླབས་པ་དག་རེ་བ་མེད་པ་ཉིད་དོ་ཞེས་གོང་དུ་སྙེག་སྟེ། གོས་དེ་རྣམས་ནི་དགེ་སློང་གིས་ཁ་བསྐང་བ་ལ་རེ་བ་དང་བཅས་ཏེ་བཞག་ཀྱང་ཞག་བཅུ་འཆང་བའི་ཉེས་པར་འགྱུར་གྱི། ཟླ་འཇོག་ཏུ་མི་འགྱུར་ཏེ། དགེ་སློང་ཕའི་ཟླ་འཇོག་ནི་ཆོས་གོས་གསུམ་པོ་མ་ལོངས་པ་ཁོ་ན་ལ་བཅས་པ་ཡིན་པའི་ཕྱིར་དང་། གདོང་ཕྱིས་ལ་སོགས་པ་དེ་གསུམ་ནི་ཆོས་གོས་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཞུ་བ་ལས་དགེ་སློང་གི་ཆོས་གོས་གསུམ་ཚང་ན་གོས་གཞན་རྙེད་པ་ནི་ལྡངས་ཀྱང་རུང་མ་ལྡངས་ཀྱང་རུང་སྟེ། དེ་ཐམས་ཅད་ནི་ཞག་བཅུ་པ་ཡིན་ནོ་ཞེས་གསུངས་པས་གདོང་ཕྱིས་་་་་་རས་ཁྲུ་གང་ཡན་ཆད་དང་། ཆུ་ཚགས་་་་་་ནི་རས་ཁྲུ་གང་བ་སྟེ་ཞུ་འགྲེལ་ལས་སོ། །སྟན་འབྱམ་ནི་ནང་ཚངས་ཅན་མ་ཡིན་པའི་སྟན་གླིངས།་་་་་འབྱམ་གསུམ་ཞག་་་་་་བྱིན་གྱིས་མ་བརླབས་པར། བཅུ་འདས་ན་འཆང་བའི་སྤང་བར་འགྱུར་ལ། དྲེའུ་རྔོག་་་་་་སྟན་ཁྲ་བོ་རིང་པོ། ནི་ཞག་བཅུ་འདས་ན་ཉེས་བྱས་སུ་འགྱུར་གྱི་འཆང་བའི་སྤང་ལྟུང་དུ་མི་འགྱུར་ཏེ། རུང་་་་་་ཁྲ་བོ་ཡོན་པས་ཁ་དོག བའི་ཡན་ལག་མ་ཚང་བའི་ཕྱིར་རོ། དགེ་སློང་མའི་ཟླ་འཇོག་ཆོས་གོས་ལྔ་པོ་མ་ལོངས་པ་ཁོ་ན་ལ་བཅས་ལ། གདོང་ཕྱིས་དང་། ཆུ་ཚགས། སྟན་འབྱམ་ལ་སོགས་པ་དེ་རྣམས་བྱིན་གྱིས་མ་བརླབས་པར་འཇོག་ན་ཟླ་འཇོག་ཏུ་མི་འགྱུར་གྱི། ཞག་བཅུ་འཆང་བའི་ལྟུང་བར་འགྱུར་རོ།་་་་་ད་ནི་འཁྲུར་འཇུག་པའི་སྤང་བ་འཆད་དེ། སྐབས་ནས་བྱུང་བའི་བསླབ་བྱ་ནི། སྦྲུམ་མ་དབེན་པར་བཞག་གོ་་་་་་མི་མཛེས་ཤིང་འཕྱར་ཀའི་རྒྱུར་འགྱུར་བ་སྤང་བའི་ཕྱིར་རོ། ཞེས་སོ། །ཉེ་དུའི་ཐུན་མོང་བསྟན་པ་ནི་ཕ་མ་དག་ནས་བདུན་པ་ཚན་ཆད་ལས་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་ཚིག་་་་་་ལུང་ལས་རེ་རེ་ལ་རེ་རེ་གསུངས་པ་འདིར་ཚིག་གཅིག་ཏུ་བསྡུས་པས། ཚོགས་བསྐྱུང་པ་དང་། མདོར་བསྡུས་རྟོགས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡན་ལག་གིས་ཁྱབ་པ་སྦྱར་བ་ལ་གཉིས་ཏེ། ཁྱབ་པ་

༼༥༦༦༽

སྦྱར་བ་དངོས་དང་། སྒྲོ་འདོགས་སྤང་བའོ། །དང་པོ་ནི། ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་དང་། བསྟན་བཅོས་ནས་བཤད་པ་ལྔ་དང་དེ་རྣམས་དང་རྒྱུ་མཚན་མཚུངས་པའི་མདོར་བསྡུས་གང་ཡང་རུང་བ་གཅིག་སྟེ་ཉི་ཤུ་རྩ་དྲུག་གོ །དེ་ཡང་ལུང་ལས་དངོས་སུ་གསུངས་པ་ཉི་ཤུ་ནི། འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོ་རྨེལ་འཇུག་དང་། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །ཐ་ག་གཉིས་དང་ཆོས་གོས་གཉིས། །འདུག་གནས་ཟ་དང་བསོད་པ་ཉིད། །གཅེར་བུ་མགྲོན་གཉེར་གྲོང་དང་ནི། །ཁྱིམ་གཞན་ཉིད་དང་ཉི་ཤུའོ། །དེ་ཡང་ལྷུང་བཟེད་འཚོལ་བ་ལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་འདི་དེང་སང་ལུང་ན་མི་སྣང་ཡང་། ཡི་གེ་ཆད་པར་འོང་སྟེ། མདོ་རྩ་བས་ལུང་གི་དོན་ཙམ་སྡུད་པའི་སྐབས་སུ་ཉེ་དུ་མ་ཡིན་པ་ལས་་་་་་བླངས་པས་ཡོངས་སུ་བཙལ་ནའོ། ཞེས་གསུངས་ལ། འགྲེལ་བ་་་་་་ལུང་ལས་མ་གསུངས་ཀྱང་རང་བཟོའི་སྐྱོན་མེད་ཅེས། ལས་རྩོད་པ་སྤོང་བ་མ་བྱས་པའི་ཕྱིར་རོ། །བསྟན་བཅོས་ནས་བཤད་པ་ལྔ་ནི་དབེན་པར་འདུག་འགྲེང་གཉིས་ལ་བམ་པོ་ལྔ་བཅུ་པ་ལས་ཉེ་དུ་ལ་ལྟུང་བ་མེད་དོ་ཞེས་བཤད་དོ། །སྦྱོར་དུ་བཅུག་པ་ཟ་བ་ལ་ནི།་་་་་སོ་སོ་ཐར་བ་གཉིས་ལས། གལ་ཏེ་དེའི་ཚིག་གིས་སམ། དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ནའོ་ཞེས་པའི་མདོར་བསྡུས་སྦྱར་ཏེ། བསྡུས་པ་ལས་དགེ་སློང་མ་ལ་དད་པའི་ཁྱིམ་མམ་ཉེ་དུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ་ཞེས་བཤད་ཅིང་། ཡང་ཡང་ཟ་བ་ལ་ནི་ཊཱི་ཀ་ལས་འཇིག་རྟེན་གྱི་ཐ་སྙད་་་་་་ཉེ་དུའི། ཀྱི་དབང་ངམ་བཤེས་པའི་དབང་གིས་ཉེ་བར་ལྟ་བ་ནི་ཀུན་དུ་ལྟ་བ་སྟེ་སྦྱིན་བདག་ཉེ་དུ་ཡིན་ན་ལྟུང་བ་མེད་པར་གསུངས་སོ། །ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ལ་ནི། མེ་ཏོག་ཕྲེང་རྒྱུད་ལས། ཕན་སེམས་ཉེ་དུའི་ཁྱིམ་ལས་ནི། །ལེན་པ་ལ་ཡང་ལྟུང་བ་མེད། །ཅེས་བཤད་དོ། །གཉིས་པ་སྒྲོ་འདོགས་སྤང་བ་ནི་ཁ་ཅིག་ན་རེ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་ཡང་བུད་མེད་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་་་་་་ཏེ་དགེ་སློང་རང་གི་ཉེ་དུ་མོ་དང་ལྷན་ཅིག་ཉལ་བ་ལ་ཉེས་པ་མེད། པར་མདོར་བསྡུས་སྦྱར་རོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ལུང་ཕྲན་ཚེགས་ལས། དགེ་སློང་མས་རང་གི་བུ་ཆུང་དང་ལྷན་ཅིག་ཉལ་བའི་གནང་བ་བྱིན་པ་ལས་དུས་ཕྱིས།་་་་་དགེ་

༼༥༦༧༽

སློང་མ་རང་གི་བུ་དེ་ཆེན་པོར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས་གསུངས་སོ། །དེ་བཞིན་དུ་དགེ་སློང་གིས་ཁྲིམས་གྲོགས་མེད་པར་རང་གི་བུ་མོ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ཡང་ལྟུང་བར་འགྱུར་ཏེ། སྔ་མ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ།་་་་་འདིར་ཁ་ཅིག་ན་རེ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་ཁྱིམ་པ་མོ་ལ་ཆོས་སྟོན་པ་དང་། རས་ཆེན་བཙལ་སྔས་པ་ཡང་ཡུལ་ཉེ་དུ་ཡིན་ན་གནང་ཞེས་ཟེར་ཏེ། གནང་བར་དངོས་སུ་མ་གསུངས་ལ་གནང་བ་མདོར་བསྡུ་སྦྱར་ན་ཡང་མི་རིགས་ཏེ། གནང་བར་དངོས་སུ་གསུངས་པ་གང་དང་ཡང་རྒྱུ་མཚན་མི་མཚུངས་པའི་ཕྱིར་རོ། །འགྲེལ་ཆུང་ལས་སྲིན་བལ་འབའ་ཞིག་ཆ་གཉིས་བསྲེ་བ་ལ་ཡང་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལས་བསླངས་པ་ཡན་ལག་ཏུ་དགོས་ཟེར་ཏེ། ལུང་དང་མདོ་རྩ་བ་ལས་གཞན་ལ་བསླངས་པ་དང་། དང་པོ་ནས་རང་གི་ཡིན་པ་ཁྱད་པར་མ་ཕྱེ་བར་ལྟུང་བ་བསྐྱེད་པར་གསུངས་པ་དང་འགལ་ལོ། །མདོ་རྩ་བ་ལས་གཞན་དག་ལའོ་ཞེས་ཐ་ག་གཉིས་ཀྱི་ཕོ་ཉ་བ་དེ་ཉེ་དུ་མ་ཡིན་པ་དང་ཁྱིམ་པ་ཉིད་ཡིན་ན་ཞེས་མདོ་རྩ་འགྲེལ་ལས་བཤད་ཀྱང་། དེ་ནི་གླེང་གཞི་ལས་བང་བ་ཙམ་གཞུང་དུ་བཀོད་པ་ཡིན་གྱི་ཡན་ལག་མ་ཡིན་ཏེ། ཕོ་ཉ་བ་ཉེ་དུ་ཡིན་མིན་དང་ཁྱིམ་པ་ཡིན་མིན་ལ་དགག་བྱ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་ངོ་བོ་ནི་ཉེ་དུ་མ་ཡིན་པའོ། །དེ་ཡང་གཞུང་ལས་བདུན་བརྒྱུད་ལས་མཚམས་སུ་གསུངས་ཀྱང་།་་་་་ཕྱི་ལོངས་སྤྱོད་དང་འབྲེལ་བ་དང་ནང་སེམས་ཅན་ལ་ཆགས་པ་རྒྱུར་གྱུར་གཉིས་ལས། ཕྱི་ལོངས་སྤྱོད་དང་འབྲེལ་བའི་སྐབས་སུ་གཞུང་ནས་གསུངས་པ་ལྟར་ཡིན་ལ། ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ཀྱི་སྐབས་སུ་ནི། ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་མི་བྱེད་པ་ཡན་ལག་ཡིན་ཏེ། དགག་བྱའི་གནད་ཀྱིས་ཤེས་སོ། །དེ་ལ་ཁ་ཅིག་ན་རེ་ཐམས་ཅད་ལ་གཞུང་ནས་བསྟན་པ་བཞིན་་་་་་བདུན་བརྒྱུད། ཡིན་ལ། གཞན་དུ་ན་གཞུང་ལ་རང་བཟོ་བྱས་པར་འགྱུར་ཞེས་ཟེར་རོ། །དེ་ལྟར་ན་མའི་སྤུན་ཟླ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་འགའ་ཞིག་ཏུ། བཅས་ལྡན་དགེ་སློང་གིས་རང་གི་མའི་སྤུན་

༼༥༦༨༽

ཟླ་དགེ་སློང་མ་ལ་ཆོས་གོས་འཁྲུར་འཇུག་པ་ཆོས་ཅན། འཁྲུར་འཇུག་གི་ལྟུང་མེད་མ་ཡིན་པར་ཐལ། བཅས་ལྡན་དགེ་སློང་གི་ཆོས་གོས་འཁྲུར་འཇུག་པ་ལ་བརྟེན་ནས་ཆགས་པ་རྒྱུར་འགྱུར་གྱི་དགག་བྱ་རྫོགས་པར་ཡོད་པའི་ཕྱིར་རོ། །གཏན་ཚིགས་ནི་གཞི་དེ་ལ་ངོ་ཚ་བའི་ཡུལ་དུ་མི་བྱེད་པའི་ཡུལ་ངེས་པ་གཞིར་བཞག་པས་གྲུབ་བོ། །ཁྱབ་པ་མ་གྲུབ་ན་འགལ་ཞིང་། འདོད་ན་ནི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཉེ་དུ་ལ་འཁྲུར་འཇུག་པ་ལ་ལྟུང་མེད་དུ་འདོད་པ་བུད་དོ། །གཞན་ཡང་ཊཱི་ཀ་ལས་བལ་དཀར་ནག་གོ་ལྡོག་ལ་དགག་བྱ་ཞུགས་ན་ལྟུང་བ་འབྱུང་བར་གསུངས་པའི་གནད་ཀྱིས་བདུན་བརྒྱུད་དུ་གཏོགས་མ་གཏོགས་གོ་ལྡོག་ལ་དགག་བྱ་ཞུགས་ན་ཡང་ལྟུང་བ་འབྱུང་བར་གྲྱུ་མཚན་མཚུངས་སོ། །དེས་ན་སྔར་བཞིན་དུ་རིགས་སོ། །གསུམ་པ་ཡན་ལག་གི་སེལ་བ་ནི། ཡན་ལག་དེ་ལས་ལྡོག་པ་སྟེ། གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ་ནི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པ་དེ་སེལ་བ་ཡིན་ལ། འཁྲུར་འཇུག་པ་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ཀྱི་སྐབས་སུ་ནི། མ་དང་སྲིང་མོ་ལྟ་བུ་ཡུལ་དུས་དེ་ན་ངོ་ཚ་བའི་ཡུལ་དུ་བྱེད་པ་དེ་སེལ་བ་ཡིན་ནོ། །བཞི་པ་སེལ་བ་ལ་ཅིར་འགྱུར་ལ་གཉིས་ཏེ། ཅིར་འགྱུར་དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི་མངོན་མཚན་ཉོ་ཚོང་གཉིས་དང་ལྷུང་བཟེད་ཚོལ་བ་དང་། འདུག་གནས་སུ་ཟ་བ་དང་བཞི་ནི་ཡུལ་ཉེ་དུ་ཡིན་ན་རང་རང་གི་ཉེས་བྱས་སུ་འགྱུར་རོ། །བཞི་པོ་དེ་དག་ལས་གཞན་པ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་པ་རྣམས་ཀྱི་སྐབས་སུ། ཡུལ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ཏེ་ཞུགས་ན་རང་རང་གི་ལྟུང་བ་མེད་དེ། ཉེ་དུ་ལས་ནི་བསྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་སོ། །དེ་ཡང་མངོན་མཚན་ཉོ་ཚོང་གཉིས་ལ་ལུང་ཞུ་བ་ལས་ཉེ་དུ་དང་ལྷན་ཅིག་སྤྱོད་ན་ཉེས་བྱས་སོ་ཞེས་གསུངས་ལ། དེ་བཞིན་དུ་རང་གི་རྣམ་བཤད་ལས་ལྷུང་བཟེད་ལ་ཡང་ན་སྨད་པ་ཉིད་ཉེས་བྱ་བའི་དོན་ཏོ་ཞེས་གསུངས་ལ། ཉེ་དུས་ཀྱང་ངོ་ཞེས་མདོ་རྩ་འགྲེལ་ལས་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ཉེས་བྱས་སུ་གསུངས་སོ། །བཞི་པོ་དེ་

༼༥༦༩༽

དག་ལས་གཞན་ལ་ལྟུང་བ་མེད་པའི་ལུང་ཁུངས་ནི། ཆོས་གོས་འཁྲུར་འཇུག་པ་ལ་ལུང་ཞུ་བ་ལས་ཉེ་དུ་ལ་ཉེ་དུར་འདུ་ཤེས་ན་ཉེས་པ་མེད་དོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས་ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་དང་། ཞུ་བ་ལས་ཉེ་དུ་ལས་བསོད་པའི་ཟས་བསླངས་ཏེ་འཚལ་ན་ཅིར་འགྱུར་ཉེས་པ་མེད་དོ་ཞེས་གསུངས་ཤིང་། གཅེར་བུ་ལ་སྦྱིན་པ་ལ་ལུང་རྣམ་འབྱེད་ལས། ཉེ་དུ་ཡིན་ན་ལྟུང་བ་མེད་དོ། །ཞེས་གསུངས་སོ། །གཉིས་པ་རྩོད་པ་སྤང་བ་ནི། ཁ་ཅིག་་་་་་ཤ་མི། ན་རེ་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ཡང་ལྟུང་བ་མེད་དོ། །ཉེ་དུ་ལས་ནི་སྐྱེད་དང་ལྷུང་བཟེད་གཉིས་མ་གཏོགས་པ་ལ་ཉེས་པ་མེད་དོ་ཞེས་གསུངས་པ་དང་། འདུག་གནས་སུ་ཟ་བའི་ལུང་རྣམ་འབྱེད་ལས་ཉེ་དུ་དང་སྦྱིན་བདག་ན་རེ་དེ་ཉིད་དུ་འདུག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་དང་མཐུན་པར་རྣམ་འབྱེད་འགྲེལ་ལས་ཉེ་དུའི་དང་ཞེས་བྱ་བ་ནི་ཉེ་དུས་བྱེད་དུ་བཅུག་པའི་འདུག་གནས་ཏེ། དེ་ལ་ནི་མི་མཐུན་པར་མི་འགྱུར་བས་ལྟུང་བ་མེད་དོ་ཞེས་བཤད་ཅིང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། །གཞན་་་་་་མུ་སྟེགས་ཀྱི་འདུག གནས་དེར་ཟན་ཡང་ལྟུང་། །ཉེ་དུའི་འབྲེལ་བ་ཁོ་ན་ལས། །ལན་བརྒྱ་བཟའ་བ་ཟོས་ཀྱང་ནི། །ལྟུང་བའི་དྲི་མ་ཡོད་མ་ཡིན། །ཞེས་བཤད་དོ། །འོན་ཀྱང་རྣམ་འབྱེད་ལ་སོགས་པ་ལས་ལྟུང་མེད་དུ་གསུངས་པ་དེ་རྣམས་ཐམས་ཅད་དངོས་གཞིའི་ལྟུང་བ་མེད་པ་ལ་དགོངས་པ་ཡིན་གྱི། ལྟུང་བ་གཏན་མེད་ནི་མ་ཡིན་ཏེ། ལུང་ཞུ་བ་ལས་འདུག་གནས་དེ་བདག་པོ་ཉེ་དུས་བགྱིད་དུ་སྩལ་བ་ལགས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་དང་། ཉེ་དུས་ཀྱང་ངོ་ཞེས་མདོ་རྩ་བ་ལས་ཉེས་བྱས་སུ་གསུངས་ཤིང་། ཉེ་དུས་ཀྱང་ངོ་ཞེས་པ་འདིའི་རང་གི་རྣམ་བཤད་ལས་ཀྱང་ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ། །རྒྱ་གར་བ་་་་་ཁ་ཅིག་ནི་འདི་ལ་ལྟུང་བ་མེད་ཟེར་ཏེ། དེ་ནི་མི་རིགས་སོ། །ཞེས་་་་་་རང་འགྲེལ་ལས། གསུངས་སོ། །རིགས་པས་ཀྱང་ཉེ་དུའི་འདུག་གནས་སུ་ཟ་བ་ལ་ལྟུང་བ་གཏན་མེད་དུ་མི་འཐད་དེ། བཅས་ལྡན་དགེ་སློང་དང་གཞན་དག་རྩོད་པ་རྒྱས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ནི། མངོན་

༼༥༧༠༽

མཚན་ཉོ་ཚོང་ལ་སོགས་པ་བཞི་པོ་དེ་རྣམས་ལ་ཡུལ་ཉེ་དུ་ལས་ནི་ཉེས་བྱས་སུ་འགྱུར་གྱི། ལྟུང་མེད་དུ་མི་འགྱུར་བ་ནི། མངོན་མཚན་ཉོ་ཚོང་གཉིས་ནི་འཇིག་རྟེན་ན་བྱ་བ་དམན་པར་མི་བྱེད་པས་འབྱུང་ཉེ་ཞིང་སྤང་དཀའ་བའི་ཕྱིར་དང་། ལྷུང་བཟེད་གཅིག་གི་དགོས་པ་འགྲུབ་བཞིན་དུ་ལྷུང་བཟེད་ལྷག་པ་འཚོལ་བ་ཧ་ཅང་མི་རིགས་པའི་ཕྱིར་དང་། མུ་སྟེགས་པའི་འདུག་གནས་སུ་རྩོད་པ་རྒྱས་པར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་རོ། །གོས་སློང་བ་ལ་སོགས་པ་རྣམས་ཀྱི་ཡུལ་ཉེ་དུ་ཡིན་ན་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི། གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ཀྱི་སྐབས་སུ། བསྲི་བ་་་་་་ཤ་ཚ། མེད་པར་སློང་བ་ལ་སོགས་པ་དང་འབྲེལ་ནས་གཞན་གྱི་ལོངས་སྤྱོད་ལ་གནོད་པ་དང་། མ་དད་པ་སྐྱེ་བ་དང་། རང་འདོད་པ་ཆེས་པ་དགག་བྱ་ཡིན་པ་ལ། ཉེ་དུ་ལ་ནི་དགག་བྱ་དེ་དག་མེད་པའི་ཕྱིར་དང་། གཅེར་བུ་ལ་སྦྱིན་པ་ལ་ནི་ཆེས་མཆོད་པའི་གནས་སུ་བྱེད་པ་དགག་བྱ་ཡིན་པ་ལ། ཉེ་དུ་ལ་སྦྱིན་པ་ལ་ནི་་་་་་ཉེ་དུ་ཡིན་པའི་རྒྱུ་མཚན་གྱིས་སྦྱིན་པར་གསལ་གྱིས་མཆོད་འོས་ཀྱི་རྒྱུ་མཚན་གྱིས་སྦྱིན་པར་མི་གསལ་བས། ཆེས་མཆོད་པའི་གནས་སུ་བྱེད་པའི། དགག་བྱ་དེ་མེད་པའི་ཕྱིར་དང་། འཁྲུར་འཇུག་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་རྒྱུར་འགྱུར་དགག་བྱར་གྱུར་པ་རྣམས་ལ་ནི། ཡུལ་དེ་ན་ངོ་ཚ་བའི་ཡུལ་དུ་བྱེད་པའི་ཉེ་དུ་མོའམ་སྲིང་མོ་ལྟ་བུ་ལ་ནི་དགག་བྱ་དེ་མེད་པའི་ཕྱིར་རོ། །ཡན་ལག་གི་དོན་ནི།་་་་་ཡུལ་ཉེ་དུ་མ་ཡིན་པ་ཡན་ལག་ཏུ་དགོས་ན་ཉེ་དུ་ཡིན་མིན་ཁྱད་པར་གང་ཞེ་ན། ཊཱི་ཀ་ལས་ཉེ་དུའི་མཚན་ཉིད་བརྗོད་པར་འདོད་ནས། རང་གི་ཕ་མ་དག་ནས་བདུན་པ་ཚུན་ཆད་ཉེ་དུ་ཡིན་ནོ་ཞེས་སྦྱར་རོ། །བདུན་པ་ཚུན་ཆད་དེ་ལས་གང་ཡང་རུང་བ་སྟེ། ཕའི་རྒྱུད་མའི་ཡན་ལག་དང་བཅས་མའི་རྒྱུད་ཕའི་ཡན་ལག་དང་བཅས་པ་གང་ཡང་རུང་བ་ཉེ་དུ་ཡིན་ནོ་ཞེས་སྦྱར་རོ།་་་་་ཊཱི་ཀ་ལས་ཕའི་ཕ་དང་། དེའི་ཡང་ཕ་ལ་སོགས་པ་ནི་ཕའི་རྒྱུད་དོ། །ཕའི་མ་དང་དེའི་ཡང་མ་ལ་སོགས་པ་ནི་ཕའི་རྒྱུད་མའི་ཡན་ལག་དང་བཅས་པའོ། །མའི་མ་དང་དེའི་ཡང་མ་ལ་སོགས་པ་ནི་མའི་རྒྱུད་དོ། །མའི་ཕ་དང་དེའི་ཡང་ཕ་ལ་སོགས་པ་ནི་མའི་བརྒྱུད་ཕའི་ཡན་ལག་དང་བཅས་པའོ་ཞེས་སོ། །ཤ་ལུགས་སྨྲ་པ་རྣམས་ནི་ཁུ་བོ་དང་ཞང་པོ་ནས་བརྩིས་པའི་བདུན་པ་ཚུན་ཆད་ཉེ་དུ་ཡིན་ནོ་ཞེས་ཟེར་ཡང་ཁུ་བོ་དང་ཞང་པོ་ནས་བརྩིས་པའི་ལྔ་པ་ཚུན་

༼༥༧༡༽

ཆད་ཉེ་དུ་ཡིན་ཏེ། ཕ་མ་ནས་བརྩིས་པའི་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཁུ་བོ་དང་ཞང་པོའི་བརྒྱུད་ལ་ཡང་རང་གི་ཕ་ནས་བདུན་བརྒྱུད་དུ་བརྩི་སྟེ། ཕ་མ་དག་ནས་ཞེས་གསུངས་པས་སོ། །སྔ་མ་ཕའམ་མ་གཅིག་ལས་སྐྱེས་པ་སྟེ་ཕ་གཅིག་པའི་སྤུན་ཟླ་འམ། མ་གཅིག་པའི་སྤུན་ཟླ་ལྟ་བུ་ཉེ་དུ་ཡིན་ནོ་ཞེས་བསྟན་ཏེ། རང་གི་རྣམ་བཤད་ལས་ཕ་མ་དེ་དག་ལ་གཉིས་ཀ་དག་ཉིད་ཀྱིས་ནི་མ་ཡིན་ཏེ། སྔ་མ་གཅིག་ལས་སྐྱེས་པ་ཉིད་དེ་མ་གཅིག་ལས་སྐྱེས་པ་ཉིད་དང་ཕ་གཅིག་ལས་སྐྱེས་པ་ཉིད་གང་ལ་ཡོད་པ་དེ་ནི་ཉེ་དུ་ཞེས་བྱ་ཞེས་གསུངས་སོ། །ཡང་ཞེས་པ་ནི་ཕྱི་ནས་སྐྱེས་པ་བསྡུ་སྟེ། རྣམ་་་་་་ཡང་ཞེས་པ་ནི་སྔ་ནས་སྐྱེས་པ་འབའ་ཞིག་ཉེ་དུ་ཡིན་པར་མ་ཟད་ཅེས་ཊཱི་ཀར་བཤད། འབྱེད་འགྲེལ་ལས་འོག་རོལ་ཏུ་ནི་བུ་དང་བུ་མོའི་ཁྱིམ་བདུན་པ་ཚུན་ཆད་བཟུང་སྟེ། རྒྱུད་གཅིག་ནས་སྐྱེས་པའི་འབྲེལ་བ་གང་ཡིན་པ་དེ་ནི་ཉེ་དུ་ཞེས་བྱ་བའོ་ཞེས་བཤད་དོ།་་་་་སྔོན་གྱི་ཆུང་མར་གྱུར་པའི་བུད་མེད་དེ་ཉེ་དུ་མ་ཡིན། དེ་ལ་གོས་བསླངས་ནས་སྤང་ལྟུང་བསྐྱེད་དམ་མི་བསྐྱེད་ཅེ་ན། ཞུ་འགྲེལ་ལས་ཁྱོ་ཤུག་དག་ནི་ཉེ་དུ་མ་ཡིན་ཏེ། །ཉེ་དུའི་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་བཤད་དོ། །འོན་ཀྱང་སྔོན་ཁྱིམ་པའི་དུས་ཀྱི་རང་གི་བུ་སྐྱེས་པ་ཡིན་ན་ནི་སྔོན་གྱི་ཆུང་མ་་་་་་རང་དང་ནོར་ཐ་དད་དུ་གྱུར་ན། ཡང་ཉེ་དུ་ཡིན་ཏེ། རང་གི་་་་་་བུ་ནི་ཉེ་དུ་ཡིན་ལ། བུའི་མ་ཉིད་ཡིན་པས་བདུན་བརྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ལྟུང་བ་རྣམ་པར་བཞག་པ་ནི་འདུ་ཤེས་གཙོ་ཆེར་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཕྱར་ཀས་དགེ་སློང་མ་སྦེད་མ་ལ་ཤམ་ཐབ་འཁྲུར་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་སམ་གདིང་བ་འཁྲུ་བ་ལ་སོགས་པ་བྱེད་དུ་འཇུག་ཅིང་ཕྱོགས་ལ་ལས་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་འཁྲུ་འཚེད་འཆག་པ་བྱེད་དུ་འཇུག་པའི་ཡུལ་དང་། གང་འཁྲུ་འཚེད་འཆག་ཏུ་འཇུག་པའི་དངོས་པོའོ། །དང་པོ་ནི་དགེ་སློང་མ་ཆོས་བདུན་ལྡན་ནོ། །དེའང་དགེ་སློང་མའི་སྡོམ་པ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号