ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༧༥༠༽

པ་སྟེ། བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ་ཞེས་སོ། །གསུམ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། ཟས་ཀྱིས་ཤིན་ཏུ་ཕོངས་པའི་རྐྱེན་ལྡན་མ་ཡིན་པ་སྟེ། ནད་གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་ཉིད་དང་ཞེས་པ་དང་། དགེ་སློང་ནགས་ཁྲོད་དུ་འཁྱམས་ཏེ་ཞག་མང་པོར་ཟས་མེད་པ་ལྟ་བུ་ཤིན་ཏུ་བཀྲེས་པ་ཉིད་ན།་་་་་ཤིང་ཐོག་རུང་བར་མ་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་བྱིན་ལེན་མ་བྱས་པ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཟ་བར་བྱེད་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི་ཤེས་གཙོ་ཞེས་སོ། །ཆུ་དང་སོ་ཤིང་མ་གཏོགས་ཏ་ེ། རྣམ་འབྱེད་འགྲེལ་པ་ལས།་་་་་ཆུ་ཟས་མ་ཡིན་པའི་ཕྱིར་དང་། སོ་ཤིང་མིད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སོ་ཤིང་མིད་ན་ནི་རང་གི་རྣམ་བཤད་ལས་སོ་ཤིང་བྱིན་ལེན་མ་བྱས་པ་ཉིད་མགུལ་དུ་མིད་པ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཞེས་བཤད་དོ། །ནད་པས་བསྙེན་པར་རྫོགས་པ་མེད་ན་མ་རྫོགས་པ་ལས་ནད་པའི་ཁར་ཟན་བསྙོད་པ་ནོད་པར་བྱའོ། །ནད་པ་བསྙེན་པར་མ་རྫོགས་པས་རྫོགས་པས་བསྙོད་པ་བཟའ་བར་བྱ་ཞེས་ནད་པ་དམིགས་ཀྱིས་བཀར་བ་ནི་དགེ་སློང་མའི་ཆ་ནས་དོགས་པ་བཅད་དགོས་སོ། །ད་ནི་བསོད་པ་སློང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སེར་སྐྱའི་གནས་སུ་དྲུག་སྡེས་ཟས་བསོད་པ་བླངས་ཏེ། ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་འདོད་པ་ཆེ་བ་དང་། སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་དག་གི་རིག་བྱེད་ཀྱིས་བསླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བྱེད་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། དང་པོ་གང་ལ་བསླང་བའི་ཡུལ་ནི་ཁྱིམ་པ་ཆོས་དྲུག་ལྡན་སྔར་སྨོས་སོ། །གཉིས་པ་གང་བསླང་ཞིང་བཟའ་བའི་དངོས་པོ་ལ་ལྔ་ལས། སྨན་བཞི་ལས་གང་ཡང་རུང་བ་ཡིན་པ་དང་། འོ་མ་དང་ཞོ་དང་ཤ་སྐམ་ལ་སོགས་པས་དུས་སུ་རུང་བ་བསྟན་ཞིང་། མར་དང་ཞེས་པས་ཞག་

༼༧༥༡༽

བདུན་པ་བསྟན་ལ། ལྟ་བུ་ནི་ཞེས་པས་ནི་ཐུན་ཚོད་དུ་རུང་བ་དང་འཚོ་བའི་བར་དུ་བཅད་པ་གཉིས་མཚོན་ནས་བསྟན་ཏོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ་སྔར་བཤད་པ་བཞིན་ནོ། །ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་ཡིན་པ་སྟེ། འོ་མ་དང་ཞོ་དང་ཞེས་པ་ལ་སོགས་པ་གསུངས་པས་སོ།་་་་་དེ་དག་ཁོ་ནར་མ་ཟད་ཀྱི་ཡུལ་དུས་དེ་ན་ཟས་བསོད་པར་གྲགས་པ་གཞན་ཡང་ཡོད་དེ། བྱང་ཕྱོགས་ཤ་ཟན་གྱི་ཡལ་ན་ཤ་ནི་ནར་མའི་ཟས་ཉིད་ཡིན་གྱི་རྩམ་པ་ནི་དཀོན་ཞིང་། ཟས་བསོད་པ་ཉིད་དུ་གྲགས་པས། ཡུལ་དེར་ནི་དགེ་སློང་གིས་རྩམ་པ་སློང་ན་ཡང་ཟས་བསོད་པ་སློང་བའི་ལྟུང་བ་བསྐྱེད་དེ། འདིར་གཞུང་ནི་རྫས་བཀག་པ་བས་དེ་དང་འདྲ་བ་ལ་ཡང་ངོ་། །ཞེས་གསུངས་སོ། །རུང་བ་དང་ཚད་དང་ལྡན་པ་སྟེ་ལྔའོ། །གསུམ་པ་གང་གིས་སློང་ཞིང་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་སྟེ། ཊཱི་ཀ་ལས་ན་བ་ལ་ནི་ཐམས་ཅད་དུ་ལྟུང་བ་མེད་ཅེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རང་གི་དོན་དུ་བསླངས་ཏེ་བཟའ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བསླངས་ཏེ་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ། འོ་མ་དང་ཞེས་སོ། །ཟས་བསོད་པ་གཞན་བསྟབས་པ་ན་ཟས་བསོད་པ་གཞན་བླངས་ཏེ་ཟོས་ན་ལྟུང་བྱེད་དུ་འགྱུར་བ་བསྟན་པའི་ཕྱིར། དེའི་ཕྱིར་ངན་པའམ་བསོད་པའམ་ཞེས་སྨོས་ཏེ། འོ་མ་བསྟབས་ན་འོ་མ་འབའ་ཞིག་སློང་བའི་ལྟུང་བ་ཁེགས་ཀྱིས། བསོད་པ་གཞན་སློང་བའི་ལྟུང་བ་མི་ཁེགས་ལ། ཞོ་བསྟབས་ན་ཡང་ཞོ་འབའ་ཞིག་སློང་བའི་ལྟུང་བ་ཁེགས་ཀྱིས་བསོད་པ་གཞན་སློང་བའི་ལྟུང་བ་མི་ཁེགས་པས། ཊཱི་ཀ་ལས་བསྟབས་པ་ཁོ་ན་འབའ་ཞིག་ལྟུང་བ་ལས་འབྱིན་པ་ཡིན་པ་དེའི་ཕྱིར་ཞེས་སོ། །ངན་པའམ་བསོད་པའམ་ཐ་མལ་པའམ་བཟང་པོ་དང་ཟས་བསོད་པ་རིགས་བཞི་སྟེ། བཞི་པོ་དེ་དག་གི་ནང་ནས་འགའ་ཞིག་སྟོབས་པར་བྱེད་ཅིང་འཐོབ་པ་ནི་ཞེས་ཏེ། ཐོབ་མ་ཟིན་ལ་འཐོབ་པར་ཕྱོགས་པ་ན་གལ་ཏེ་བླངས་ན་ཡང་ངོ་ཞེས་པ་འདི་ནི། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་ཀྱི་ལུང་རྣམ་འབྱེད་དང་སྐབས་འདི་ཉིད་ཀྱི་འགྲེལ་ཆུང་ལས་དོན་

༼༧༥༢༽

འདི་ལྟར་གསུངས་ཏེ། གལ་ཏེ་ཟས་བསོད་པ་གང་སྟོབས་པར་བྱེད་པ་དེ་དང་མཉམ་པའམ་དེ་བས་ལྷག་པས་ཟས་བསོད་པ་གཞན་བསླངས་ན་ཡང་ཐོབ་སྟེ་ཟོས་པ་ན་ལྟུང་བྱེད་འབྱུང་ངོ་། །དེ་ཡང་དཔེར་ན་འོ་མ་བསྟབས་པ་ན་འོ་མ་དང་མཉམ་པ་ཞོ་བླངས་ན་ཡང་ཐོབ་སྟེ་ཟོས་པ་ན་ལྟུང་བྱེད་འབྱུང་ལ། འོ་མ་བསྟབས་པ་ན་འོ་མ་བས་ལྷག་པ་གོང་མ་སྲེག་གི་ཤ་བསླངས་ན་ཡང་ཐོབ་སྟེ་ཟོས་པ་ན་ལྟུང་བྱེད་འབྱུང་བ་ལྟ་བུའོ། །འཐོབ་པ་ན་གལ་ཏེ་བསླངས་ན་ཡང་ངོ་ཞེས་པ་འདི་ནི་ལུང་ལས་་་་་་བསོད་པའི་ནང་ནས། ངན་པ་ལ་མགྲོན་དུ་བོས་པ་ན་་་་་་དེའི་ནང་ན། བསོད་པ་སློང་ན། དེ་སློང་པ་ན་ཉེས་བྱས་སུ་འགྱུར་ལ། ཟོས་པ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་རྣམ་འབྱེད་ལས་གསུངས་པ་དེ་སྐབས་འདིར་བསྡུས་པའོ། །ངན་པ་འདི་ལ་ཞེས་པ་ནི་་་་་་འདིའི་ཊཱི་ཀ་ལས་ནི་མདོ་སྔ་མ་དེ་དང་། མདོ་ཕྱི་མ་འདིའི་ལུང་ཁུངས་བསྲེས་ཏེ་དྲངས་པས་ཤིན་ཏུ་གོ་མི་བདེ་ཡང་། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་དོན་འདི་ལྟར་གསུངས་ཏེ། ཟས་བསོད་པའི་བཟང་ཤོས་བསྟབས་པ་ན་ཟས་བསོད་པའི་ངན་ཤོས་བསླངས་ཏེ་ཟོས་པ་འདི་ལ་ནི་ལྟུང་བྱེད་ཀྱི་ཕྱེད་ཉེས་བྱས་བསྐྱེད་པ་ཉིད་དོ། །དཔེར་ན་ཟས་བསོད་པའི་ནང་ན་བཟང་ཤོས་གོང་མ་སྲེག་གི་ཤ་བསྟབས་པ་ན། ཟས་བསོད་པའི་ནང་ན་ངན་པ་འབྲུ་མར་བླངས་ཏེ་འཐུངས་ན་ཉེས་བྱས་བསྐྱེད་པ་ལྟ་བུའོ། །ངན་པ་འདི་ལ་ནི་ཕྱེད་ཉིད་དོ། །ཞེས་པ་འདི་ནི་ལུང་ལས་བསོད་པ་ལ་མགྲོན་དུ་བོས་པ་ན་ངན་པ་སློང་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ་ཞེས་མགྲོན་དུ་གཉེར་པ་ལས་རིང་དུ་འདུག་པའི་རྣམ་འབྱེད་ལས་གསུངས་པ་དེ་སྐབས་འདིར་བསྡུས་པའོ། །ད་ནི་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་འཆད་དེ། རང་སྤྱོད་པའི་དོན་ཉིད་ལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱད་པས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ཁོ་ནའི་དོན་དུ་ཆུ་དང་ས་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་གཞི་

༼༧༥༣༽

མའི་ཞར་ལ་སྤྱད་པས་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། སྔར་གྱི་སྲོག་ཆགས་དང་བཅས་པའི་སྐབས་དང་འདྲའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་ཁོ་ནའི་དོན་དུ་སྲོག་ལ་མ་ལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོ་ཤི་བའོ། །ཡན་ལག་གི་དོན་ནི་རང་སྤྱད་པས་ཞེས་སོ། །ཆུ་ཚགས་ལྔ་ལས་བསལ་ཚགས་ནི་རས་ཀྱི་དུམ་བུ་གྲུ་བཞི་ཆུ་ཚགས་ཉིད་དུ་བསྲེལ་བ་སྟེ། འོད་ལྡན་ལས་བསལ་ཚགས་ནི་གོས་ཀྱི་དུམ་བུའོ་ཞེས་སོ།་་་་་བསྡུས་པ་ལས་ཆོས་གོས་དྲ་བ་ངེས་བསལ་ཚགས་ཞེས་བྱ་ཞེས་བཤད་དེ། །ཆུ་ལ་སྲོག་ཆགས་ཡོད་མེད་བརྟག་པ་ནི། བརྟག་པ་ནས་འདོམ་གང་ཞེས་པ་ནས་སོ། །འདིའི་དོན་ལ་གཉིས་ལས་དང་པོ་བརྟག་པའི་དངོས་ཀྱི་དགོས་པ་ནི། མ་བརྟགས་པའི་ཉེས་བྱས་ཁེགས་པ་དང་། སྲོག་ཆགས་ཡོད་མེད་རྟོགས་པའོ། །བརྒྱུད་པའི་དགོས་པ་ནི་སྲོག་ཆགས་ལ་གནོད་པ་སྤོང་བའོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས་དངོས་པོ་གང་བརྟག་པ་ནི། ཆུ་ལ་གནས་པའི་སྲོག་ཆགས་སོ། །གཞི་གང་ལ་བརྟག་པ་ནི། ཆུ་མི་གཡོ་ཞིང་རྙོག་པ་མེད་པ་ལའོ། །སྣོད་གང་དུ་བརྟག་པ་ནི་གསལ་བར་རྟོག་པའི་སྣོད་དུ་སྟེ། ཀཱ་རི་ཀ་ལས། ཉ་ཕྱིས་ལ་སོགས་ཆུ་བརྟགས་ཏེ་ཞེས་སོ། །གང་ཟག་གང་གིས་བརྟག་པ་ནི་སྙིང་རྗེ་ཅན་གྱིས་ཏེ། ཀཱ་རི་ཀ་ལས་སྙིང་རྗེ་ཅན་གྱིས་ཞེས་སོ། །དགེ་འདུན་མང་བ་ཉིད་ན་ཆུ་ལ་སྲོག་ཆགས་རྟོག་པ་ནི་སྙིང་རྗེ་ཅན་ལ་བསྒོ་སྟེ་རྟོག་ཏུ་གཞུག་པའོ། །མིག་གང་གིས་བརྟག་པ་ནི་ཐ་མལ་པའི་མིག་ནད་མེད་པའོ། །ཚུལ་ཇི་ལྟར་བརྟག་པ་ནི་ཆུའི་སྟེང་དང་བར་དང་གཏིང་རིམ་པ་བཞིན་དུ་བརྟག་སྟེ། ཀཱ་རི་ཀ་ལས། སྟེང་དང་བར་གཏིང་རིམ་བཞིན་ནོ། །ཞེས་སོ། །ཡུན་ཇི་སྲིད་དུ་བརྟག་པ་ནི། ལུང་ལས་བ་གླང་དྲུག་དང་ལྡན་པའི་ཤིང་རྟ་གཡས་ཀྱིས་འཁོར་བར་འགྱུར་བའི་ཡུན་དེ་སྲིད་དུ་བརྟག་པར་བྱ་ཞེས་གསུངས་སོ། །དེ་ནི་མཚོན་པ་ཙམ་

༼༧༥༤༽

སྟེ། ཡུན་རིང་ཡང་རུང་ཐུང་ཡང་རུང་། ལུང་ལས་ཇི་སྲིད་ཀྱིས་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་སོ། །ཆུ་བརྟག་པའི་ཉེ་འཁོར་གྱི་ཚད་ནི། འདོམ་གང་ཁོར་ཡུག་སྟེ། བརྟགས་པ་ནས་འདོམ་གང་ཁོར་ཡུག་ནི་དེ་ཉིད་ཡིན་ནོ་ཞེས་སོ། །ལོངས་སྤྱོད་པའི་དུས་ནི། ཆུ་ལན་ཅིག་བརྟགས་ནས་་་་་་ཆུ་ལ་ལོངས་སྤྱོད་པའི་གནས་སྐབས་དེར་མ་བརྟགས་པར། ཕྱི་དེ་ཉིན་པར་གྱི་ཉི་མ་འཆར་ཀ་ཚུན་ལོངས་སྤྱད་དུ་རུང་་་་་་དངོས་གཞི་སྣོད་དང་གང་ཟག་མིག་ཚུལ་ཡུན་ཉེ་འཁོར་སྤྱོད་པའི་དུས་ཞེས་གཟུང་ངོ་། །ངོ་། །གཉིས་པ་ཡན་ལག་གི་དོན་ནི། བརྟགས་པ་ནས་འདོམ་གང་ཞེས་པ་ནས་སོ། །ཆུའི་སྲོག་ཆགས་དེ་དག་ཁྲོན་པ་ལ་སོགས་པར་རྒྱང་བསྐྱུར་བྱས་ན་ལམ་གྱི་ཐག་ཇི་སྲིད་ཀྱིས་འཆི་བར་འགྱུར་བའམ་འགྲེལ་ཆུང་ལས་མྱོས་པར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་མི་འདོར་ཏེ་རྒྱང་བསྐྱུར་དུ་འཕང་བར་མི་བྱའོ།་་་་་སྐབས་འདི་ཉིད་ཀྱི་ལུང་ཕྲན་ཚེགས་ལས་དགེ་སློང་དག་གིས་ཤིག་དང་རྩ་ཤིག་དང་སྲོག་ཆགས་གཞན་དག་གཡང་ས་ནས་བོར་བས་དེ་དག་དྲན་པ་ཉམས་ཤིང་གནོད་པར་གྱུར་ནས་བཀའ་སྩལ་པ་སྲོག་ཆགས་ཐམས་ཅད་གཡང་ས་ནས་དོར་བར་མི་བྱའོ་ཞེས་གསུངས་པ་བསྡུས་པ་ནི། ཆུའི་སྲོག་ཆགས་ལས་གཞན་ཡང་སྟེ་ཤིག་དང་རྩ་ཤིག་དང་གྲོག་སྦུར་ལ་སོགས་པའང་འཆི་བར་འགྱུར་བའམ་་་་་་རང་དངངས་སྐྲག་ཆེན་པོ་འབྱུང་བས། མྱོས་པར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་རྒྱང་བསྐྱུར་དུ་མི་འདོར་རོ། །དགེ་འདུན་དང་གང་ཟག་དང་ཞེས་བྱ་བ་རུང་བ་ལྔ་ནི་ལོངས་སྤྱོད་པའི་སྐབས་དེར་ཆུ་ལ་སྲོག་ཆགས་ཡོད་མེད་མ་བརྟགས་ཀྱང་ལོངས་སྤྱོད་དུ་རུང་བས་ན་རུང་བ་ཞེས་བྱའོ། །གཙང་སྦྲ་བྱའོ་ཞེས་པ་དང་གཙང་བར་རོ་ཞེས་པ་དེ་གཉིས་ཀྱི་ཁྱད་པར་ཅི། སྔ་མ་ནི་ཆུ་སྣོད་ལ་སྔར་དྲི་མ་ལ་སོགས་པས་གོས་ཟིན་པ་དེ་དྲི་མ་མེད་པར་བྱ་བ་ཡིན་ལ། ཕྱི་མ་ནི་སྣོད་ལ་ཕྱིས་དྲི་མ་ལ་སོགས་པས་མི་གོས་པར་བྱ་བ་སྟེ་དེ་ལྟར་འགྲེལ་ཆུང་ལས་བཤད་དོ།་་་་་གཙང་སྦྲ་བྱའོ་ཞེས་པའི་འགྲེལ་ཆུང་ལས། ཆུ་སྣོད་ལ་ཁ་ཟས་དང་དྲི་མས་སྦགས་པ་དག་པར་བཀྲུ་ཞིང་ཕྱི་བདར་བྱ་ཞེས་བཤད་ཅིང་ཊཱི་ཀ་ལས་དྲི་མ་མེད་པར་བསྟན་ཞེས་བཤད་དོ། །གཙང་བར་རོ་ཞེས་པའི་འགྲེལ་ཆུང་ལས་སྣོད་སྤྱད་ཀུན་དྲི་མ་དང་ཁ་ཟས་དང་མི་གཙང་བ་ལ་སོགས་པས་མ་འབགས་པར་གཙང་སྦྲ་བྱ་ཞེས་བཤད་དོ། །ད་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་

༼༧༥༥༽

དུ་འཆར་ཀས་བདག་སོང་ལ་རེ་བ་མེད་པར་བྱའོ་སྙམ་ནས་ཉལ་པོ་བྱེད་པར་འདོད་པའི་ཁྱིམ་དུ་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་་་་་་ཊཱི་ཀ་ལས་ཉེས་པ་འདི་ནི་དེ་གཉིས་ལ་གནོད་པར་འགྱུར་བ་ལས་བཞག་པ་ཡིན་པས་ཞེས་གསུངས་པས། བྱ་ནི་གཞན་གྱི་འཁྲིག་པའི་ལོངས་སྤྱོད་ལ་གནོད་པ་དང་རང་ཆགས་པའི་རྒྱུར་གྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་ཞུགས་པའམ་དེའི་སྟ་གོན་དུ་གནས་པ་ལ་དེ་དང་སྐྱབས་མེད་པར་མངོན་སུམ་དུ་འདོམ་གང་གི་ནང་དུ་འདུག་པ་རྫོགས་པའམ་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འདུག་པའི་ཡུལ་དང་། གང་གིས་འདུག་པའི་རྟེན་དང་། གང་དུ་འདུག་པའི་གནས་སོ། །དང་པོ་ལ་བདུན་ལས། ཁྱིམ་པ་ཕོ་མོ་ཡིན་པ་སྟེ།་་་་་སེལ་བ་ནི་གཉིས་ཏེ། ཁྱིམ་པ་ཡིན་ཡང་ཕོ་མོ་མ་ཡིན་པ་དང་། ཕོ་མོ་ཡིན་ཡང་ཁྱིམ་པ་མིན་པའོ། །སེལ་བ་དང་པོ་སྐྱེས་པས་སྐྱེས་པའི་བཤང་ལམ་དུ་ཉལ་པོ་བྱེད་པའི་ཁྱིམ་དུ་དགེ་སློང་གིས་འདུག་འགྲེང་བྱེད་ན་ནི་ཉེས་བྱས་ཏེ། བམ་པོ་ལྔ་བཅུ་པ་ལས་གཉིས་ཀ་སྐྱེས་པ་ཡིན་ན་ཉེས་བྱས་སོ་ཞེས་བཤད་དོ། །སེལ་བ་གཉིས་པ་ནི་ཊཱི་ཀ་ལས་སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སློང་ལ་སོགས་པ་ཁྱིམ་པ་མ་ཡིན་ན་ནི་ཉེས་བྱས་སོ་ཞེས་གསུངས་སོ། །དེ་དེ་གཉིས་ཀའམ་གང་རུང་གཅིག་རབ་ཏུ་བྱུང་བ་ཡིན་ན་དེར་དགེ་སློང་གིས་འདུག་འགྲེང་བྱེད་ན་ཉེས་བྱས་སུ་འགྱུར་གྱི། ལྟུང་བྱེད་མི་བསྐྱེད་དེ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །ཁྱིམ་པ་ཉིད་དོ། །སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་གསུངས་པས་སོ། །སྤྲོད་པ་ལ་དངོས་སུ་ཞུགས་པའམ་ཉེ་བར་ཕྱོགས་པ་ཡིན་པ་སྟེ། ཞུགས་པའམ་ཕྱོགས་པ་ལའོ་ཞེས་གསུངས་པས་སོ། །སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་དོན་ཡོད་པ་དང་། གཉིས་ཀའི་མཚན་རྟེན་དུ་རུང་བ་སྟེ། སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་པ་དང་། གཞན་ལ་འཁྲིག་པ་བརྟེན་པར་བྱ་བའི་མཐུ་ཡོད་པ་ཉིད་ཡིན་ན་དངོས་གཞིའོ་ཞེས་གསུངས་པས་སོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་སྟེ། སྤྱིར་བསྟན་པ་ལས་སོ།་་་་་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་སོ། །ཐ་སྙད་བཞི་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། གོང་དུ་བཤད་པ་དང་

༼༧༥༦༽

འདྲའོ། །གཉིས་པ་གང་གིས་འདུག་པའི་རྟེན་ནི། འཇིགས་པའི་རྐྱེན་དབང་མ་ཡིན་པ་སྟེ། འོག་མ་ལ་བཤད་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་གང་དུ་འདུག་པའི་གནས་ལ་ལྔ་ལས། དགེ་སློང་རང་མི་དབང་བའི་གནས་ཡིན་པ་སྟེ།་་་་་ཊཱི་ཀ་ལས་དགེ་སློང་གི་བསྟི་གནས་ཉིད་དུ་ནི་ཉེས་པ་འདིར་མི་འགྱུར་རོ་ཞེས་སོ། །གནས་གཞན་ཉིད་ནའོ་ཞེས་གསུངས་པས་སོ། །གནས་གཅིག་ཡིན་པ་སྟེ། ཁྱིམ་གཞན་དུ་ནི་ཐ་དད་པ་ཉིད་དོ་ཞེས་གསུངས་པས་སོ། །གནས་དེ་ན་བགེགས་བྱེད་གཞན་མེད་པ་་་་་་ཊཱི་ཀ་ལས་མི་གཞན་ཡོད་ན་ནི་ལྟུང་བ་མེད་དོ་ཞེས་སོ། །སྟེ་ཞེས་གསུངས་པས་སོ། །དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་མེད་པ་སྟེ། མངོན་སུམ་དུ་ཞེས་སོ། །འདོམ་གང་གི་ནང་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་འདུག་པ་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་བཞག་ནའོ་ཞེས་གསུངས་ཤིང་། ལུང་དེའི་འགྲེལ་པ་ལས་འདོམ་གང་གི་ཕྱི་རོལ་ཏུ་ནི་ཉེས་བྱས་ཏེ། མཐོང་བ་དང་ཐོས་པ་ཚུན་ཆད་དོ་ཞེས་བཤད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་རང་གར་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འདུག་པར་རྩོམ་པའོ། །མཐར་ཐུག་ནི། མངོན་སུམ་དུ་འདུག་པ་རྫོགས་པ་སྟེ་མཐར་ཐུག་ཚོར་བྱ་དང་ཚོར་བྱེད་ཀྱིས་ཚོར་བའོ་ཞེས་ཀྱང་གསུང་ངོ་། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ། །ད་ནི་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་བལྟའོ་སྙམ་ནས་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་དང་ངོ་ཏི་ཡན་ལག་རྣམས་གཞན་སྔར་དང་འདྲ་བ་ལས། ཁྱད་པར་ནི་འདུག་ནའོ་ཞེས་པའི་གནས་སུ་་་་་་འདིར་ནི། འགྲེང་ནའོ་ཞེས་གསུངས་ལ། སྔར་སྐྱབས་མེད་པ་ལ་མངོན་སུམ་དུ་ཞེས་པའི་གནས་སུ་འདིར་ནི་དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་ཡོད་པར་རོ་ཞེས་པ་དང་དབེན་པར་ཞེས་གསུངས་སོ། །འདིའི་མཐར་ཐུག་ནི་ཚོར་བྱ་ཚོར་བྱེད་ཀྱིས་ཚོར་བའོ། །ཡན་ལག་གི་དོན་ནི། དབེན་པར་ཞེས་པ་ནས་སོ། །ཉལ་པོ་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་ལྟུང་བྱེད་བསྐྱེད་པའི་

༼༧༥༧༽

གནས་ཀྱི་མཐའ་ཡིན་ནོ་ཞེས་བམ་པོ་ལྔ་བཅུ་པའི་བཤད་ལུགས་ཏེ། དེ་ཉིད་ལས་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ལ་ན་སྨད་པ་མེད་དོ་ཞེས་སོ། །འོན་ཀྱང་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་ལྟུང་བྱེད་འདི་ལ། འདོམ་གང་གི་ནང་ཡན་ལག་ཏུ་གསུངས་པ་སྔར་བཤད་པའི་དེའི་རྗེས་སུ་འབྲངས་ཏེ་འདུག་འགྲེང་གཉིས་པོ་འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་ཉེས་པ་ཙམ་བསྐྱེད་པའི་གནས་ཀྱི་མཐའ་ཡིན་ནོ་ཞེས་བཤད་པར་བྱའོ། །ད་ནི་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཀུན་དགའ་བོས་མ་བརྟགས་པར་གཅེར་བུ་ལ་ཟས་སྦྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་་་་་་ཁྱིམ་པ་རྣམས་ཀྱིས་དགེ་སློང་མཆོད་དགེ་སློང་རྣམས་ཀྱིས་མུ་སྟེགས་མཆོད་ཅེས་མུ་སྟེགས། ཆེས་མཆོད་པའི་གནས་སུ་བྱེད་དོ་ཞེས་གཞན་དག་མ་དད་པ་སྐྱེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་ལ་དགོས་པ་ཁྱད་པར་ཅན་ལ་མ་ལྟོས་པར་ངག་གི་རིག་བྱེད་ཀྱིས་ཟས་བྱིན་ཞིང་དེས་བླངས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང་། གང་སྦྱིན་པའི་དངོས་པོའོ། །དང་པོ་ལ་བདུན་ལས་མུ་སྟེགས་ཀྱི་རབ་བྱུང་ཡིན་པ་སྟེ། རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་གསུངས་པས་སོ། །རང་གི་ཉེ་དུ་མ་ཡིན་པ་དང་། གདུལ་བྱ་ལ་ལྟོས་པ་མ་ཡིན་པ་དང་། ནད་པ་མ་ཡིན་པ་སྟེ། ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་ནད་པ་མ་གཏོགས་སོ་ཞེས་གསུངས་པས་སོ། །བདག་ལས་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ། དགག་བྱའི་གནད་ཀྱིས་སྦྱར་རོ། །ཐ་སྙད་ལྔ་ལྡན་དང་ལུས་ཐ་མལ་པར་གནས་པ་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་གང་སྦྱིན་པའི་དངོས་པོ་ལ་བཞི་ལས། དུས་སུ་རུང་བ་ཡིན་པ་སྟེ། བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་དག་གོ་ཞེས་གསུངས་པས་སོ། །རང་གི་ཡིན་པ་སྟེ། རང་གིས་སྦྱིན་ནའོ་ཞེས་གསུངས་པའི་གནད་ཀྱིས་སོ། །རང་དང་མུ་སྟེགས་ཅན་དེ་ལ་རུང་བ་དང་ཚད་དང་ལྡན་པ་སྟེ་བཞིའོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་མུ་སྟེགས་ཅན་ལ་ཟས་སྦྱིན་

༼༧༥༨༽

པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་བརྗོད་ཅིང་ལུས་སམ་ལུས་དང་འབྲེལ་བས་སྦྱིན་པར་ཞུགས་པའོ།་་་་་སྐབས་འདི་ཉིད་ཀྱི་ཞུ་བ་ལས་ལག་བརྡ་དང་གཞན་ཟེར་བ་དང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱིན་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་དང་། ལུང་རྣམ་འབྱེད་ལས་རང་གི་ལག་ནས་སྦྱིན་ན་ཞེས་གསུངས་ཤིང་འདི་ཉིད་ལས་ལུས་སམ་ལུས་དང་འབྲེལ་བར་རོ་ཞེས་གསུངས་སོ། །མཐར་ཐུག་ནི་སྦྱིན་ཡུལ་དེས་ཐོབ་བློ་སྐྱེས་པའོ་ཞེས་གསུངས་སོ། །ཡན་ལག་གི་དོན་ལ།་་་་་གཅེར་བུའོ་ཞེས་པ་ནི་སོ་སོ་ཐར་པ་དང་ལུང་རྣམ་འབྱེད་ལས། གཅེར་བུ་ཕའམ་གཅེར་བུ་མོ་དང་ཀུན་ཏུ་རྒྱུ་ཕོའམ་ཀུན་ཏུ་རྒྱུ་མོ་ལ་བཅའ་བ་དང་བཟའ་བ་སྦྱིན་ན་ལྟུང་བྱེད་དོ་ཞེས་གསུངས་ལ། །ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཀུན་ཏུ་རྒྱུ་དང་ཀུན་ཏུ་རྒྱུ་མོ་ཞེས་སྨོས་པས་ནི་གཅེར་བུའི་ཡིད་དམ་ཡང་དག་པར་བླང་བ་སྔོན་དུ་བཏང་བ་ཡིན་པར་བསྟན་ཏེ། ཞེས་བཤད་དོ། །དེ་དག་ལས་གཞན་པ་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སློང་གིས་ཟས་སྦྱིན་ན་ནི་ཉེས་བྱས་སུ་ལུང་ཞུ་བ་ལས་གསུངས་སོ། །སྦྱིན་དུ་འཇུག་ན་ཡང་ངོ་ཞེས་འདིར་ཉེས་བྱས་སུ་བཤད་པ་དང་། ལུང་རྣམ་འབྱེད་ལས་གཞན་སྦྱིན་དུ་འཇུག་པ་ལ་་་་་་སྐབས་འདིར་རྣམ་འབྱེད་འགྲེལ་ལས་གཞན་སྦྱིན་དུ་འཇུག་པ་ལ། ལྟུང་བ་མེད་དོ་ཞེས་བྱ་བ་ནི་མངོན་སུམ་མིན་པར་ཕག་ནས་སྦྱིན་དུ་འཇུག་པའི་ཞེས་བཤད་དེ། ལྟུང་བ་མེད་དོ་ཞེས་གསུངས་པ་འགལ་ལོ་ཞེ་ན་དེ་ནི་རང་གིས་ཞལ་ཏ་མ་བྱས་པར་སྦྱིན་དུ་འཇུག་ན་ལྟུང་མེད་ཡིན་གྱི། འདིར་ཉེས་བྱས་སུ་གསུངས་པ་ནི།་་་་་མངོན་སུམ་དུ་རང་གིས་ཞལ་ཏ་བྱས་ནའོ་ཞེས་སོ།་་་་་རྣམ་འབྱེད་འགྲེལ་ལས་མངོན་སུམ་དུ་སྦྱིན་དུ་འཇུག་པ་ལ་ནི་ཉེས་བྱས་ཏེ་མཆོད་པའི་རྣམ་པ་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ལྟར་ལུང་དགེ་སློང་མའི་རྣམ་འབྱེད་ལས་གལ་ཏེ་སློང་ན་འདི་སྐད་ཅེས་སློང་ཕོར་ས་ལ་ཞོག་ཅིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བཞག་ན་སྦྱིན་པར་མི་བྱའོ་ཞེས་གསུངས་པས་མུ་སྟེགས་ནད་པ་ལ་སྦྱིན་ན་ཡང་ཚུལ་དེ་བཞིན་ནོ། །གཞན་ཡང་ཊཱི་ཀ་ལས་གཞན་པའི་བློས་གདོལ་བ་བཞིན་དུ་གཞན་དུ་འཇོག་པ་ལ་ནི་ལྟུང་བ་མེད་དོ་ཞེས་བཤད་དོ། །ད་ནི་དམག་ལ་བལྟ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དམག་ལ་བལྟས་པ་ལས་ལྟུང་བྱེད་དུ་གསུངས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་རྒྱལ་པོ་ལ་སོགས་པས་བོས་པ་མེད་པར་དམག་མཚན་ཉིད་དང་ལྡན་པ་དངོས་

༼༧༥༩༽

སུ་འཐབ་པའམ། འཐབ་པའི་སྟ་གོན་དུ་གནས་པ་ལ་་་་་་དགེ་སློང་རང་ཉིད་གནས་ཁང་ན་འདུག་གམ། དབྱེ་ཐང་ཀ་ན་འདུག་ཀྱང་རུང་སྟེ། རང་གང་ན་འདུག་པ་དེའི་ཉེ་འཁོར་ལས་འདས་ཏེ་བལྟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བལྟ་བའི་ཡུལ་དང་། གང་ནས་བལྟ་བའི་གནས་དང་། གང་གིས་བལྟ་བའི་རྟེན་ནོ། །དང་པོ་ལ་དྲུག་ལས། དངོས་སུ་འཐབ་པའམ་སྟ་གོན་དུ་གནས་པ་སྟེ། གཡུལ་ལ་མངོན་པར་དགའ་བའི་ཞེས་གསུངས་པས་སོ། །བཞི་ཡན་ཆད་དུ་ལོངས་པས་དམག་གི་མཚན་ཉིད་དུ་གྲུབ་པ་སྟེ། དམག་ལ་ཞེས་གསུངས་པས་སོ། །རེ་རེ་འམ་གཉིས་གསུམ་འཐབ་པ་ལ་བལྟས་ན་ཉེས་བྱས་སོ། །དེ་དག་ཁྱིམ་པ་ཡིན་པ་དང་། སྐྱེས་པ་ཡིན་པ་སྟེ། རབ་བྱུང་གིས་དམག་བྱེད་པ་དང་། བུད་མེད་འབའ་ཞིག་གིས་དམག་བྱེད་པ་འབྱུང་རིང་བས། དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དེ་དག་ལ་བལྟ་ན་ཉེས་བྱས་སོ། །ཐ་སྙད་ལྔ་ལྡན་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་ལ་གང་ནས་བལྟ་བའི་གནས་ལ་གཉིས་ལས། རང་གང་ན་འདུག་པ་དེ་ནས་འཕགས་ཤིང་ཉེ་འཁོར་ལས་འདས་པ་ཡིན་པ་སྟེ། འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་ཞེས་གསུངས་ཤིང་། ཊཱི་ཀ་ལས་ཉེ་འཁོར་གྱི་མཐའ་ལས་མ་འདས་པར་དགེ་སློང་གིས་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་སོ།་་་་་ཐང་ཆེན་པོའི་ཉིན་ལམ་གཉིས་ཙམ་ནས་དམག་འོང་བ་ལ་བལྟ་བ་ལྟ་བུ་མ་ཡིན་གྱི་དམག་ལ་བལྟའོ་ཞེས། ལེགས་པར་ཐ་སྙད་གདགས་སུ་རུང་བ་སྟེ། བཞན་དུ་ན་དགག་བྱ་མི་རྫོགས་པའི་ཕྱིར་རོ། །གསུམ་པ་གང་གིས་བལྟ་བའི་རྟེན་ནི། རྒྱལ་པོ་ལ་སོགས་པས་བོས་པ་མ་ཡིན་པ་སྟེ། རྒྱལ་པོ་དང་བཙུན་མོ་དང་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དམག་ལ་བལྟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དམག་ལ་བལྟ་བར་ཞུགས་པའོ། །མཐར་ཐུག་ནི་དམག་མཐོང་བའོ། །ཡན་ལག་གི་དོན་ནི་གཡུལ་ལ་མངོན་པར་དགའ་བའི་ཞེས་

༼༧༦༠༽

སོ།་་་་་བལྟ་བའི་དོན་ཉིད་ཀྱིས་སོ་ཞེས་སྨོས་ན་དེ་མེད་པར་དམག་མཐོང་ན་ཅིར་འགྱུར་ཞེ་ན། ལུང་རྣམ་འབྱེད་ལས་དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་དམག་འགྲོ་བ་དང་གཙུག་ལག་ཁང་ལམ་ཀ་ན་འདུག་པ་དང་དམག་གཙུག་ལག་ཁང་དུ་འོངས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་ཤིང་། ལུང་དེའི་འགྲེལ་པ་ལས། ཞར་ལ་དམག་མཐོང་བ་ཡིན་པས་ལྟུང་བ་མེད་དོ་ཞེས་བཤད་དོ། །འོ་ན་ཊཱི་ཀ་ལས་དགེ་སློང་བསོད་སྙོམས་ལ་ཞུགས་པའི་དོན་དུ་བྱུང་བས་དམག་ལ་བལྟ་བར་བྱེད་ན་ཡང་ལྟུང་བྱེད་དོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རང་གང་ན་འདུག་པ་དེ་ནས་འཕགས་ཤིང་ཆེད་དུ་གཉེར་ཏེ་བལྟས་ནའོ། །གྲོང་རྡལ་དང་ལྗོངས་ལ་སོགས་པ་འདི་དག་གི་འབྲུ་སྣོན་ནི་འདུལ་བའི་འགྲེལ་པ་རྣམས་ལས་མ་བྱུང་མོད་ཀྱི་བརྒྱད་སྟོང་འགྲེལ་ལས་གྲོང་ཁྱེར་ནི་བཟོའི་བྱེ་བྲག་བཅོ་བརྒྱད་ཡོད་པའི་གནས་སོ། །གྲོང་རྡལ་ནི། ཚོང་པ་མང་པོ་ཡོད་པའི་གནས་ཀྱི་ཁྱད་པར་རོ། །ལྗོངས་ནི་མི་རིགས་བཞི་ཡོད་པའི་ས་ཕྱོགས་ཞེས་བཤད་དོ། །དོན་དེ་ལྟར་ན་གྲོང་རྡལ་གྱི་དཔོན་མི་དང་ལྗོངས་ཀྱི་དཔོན་གྱིས་བཀུག་པ་ནི་མ་གཏོགས་སོ། །ད་ནི་དམག་གི་ནང་ན་གནས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ་རི་བྲག་པ་དང་ཉེ་བར་དམག་གི་ནང་ན་གནས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་ངམ་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དམག་གི་མཚན་ཉིད་དུ་གྲུབ་པའི་ནང་དུ་གནས་ཏེ་དགོས་པ་མེད་པའི་མཚན་མོ་གཅིག་ཡན་ཆད་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་གོ །དེ་ལ་གསུམ་སྟེ། གང་དང་གནས་པའི་ཡུལ་དང་། གང་དུ་གནས་པའི་གནས་དང་། གང་གི་ཚེ་གནས་པའི་དུས་སོ། །དང་པོ་ལ་ལྔ་སྟེ། འཐབ་པའམ་སྟ་གོན་དུ་གནས་པ་ཡན་ལག་ཏུ་མི་དགོས། གཞན་ལྔ་པོ་སྔ་མ་དང་འདྲའོ། །གཉིས་པ་ནི་དམག་དེའི་ནང་ཁོངས་སུ་གཏོགས་པ་སྟེ་རྣམ་འབྱེད་ལས་དམག་དེའི་ནང་དུ་ཞེས་བྱ་བ་ནི་དམག་ཆས་པ་དེའི་ནང་དུའོ་ཞེས་གསུངས་སོ། །གསུམ་པ་ནི་དམག་དེའི་ནང་ཁོངས་སུ་གནས་པ་ལ་དགོས་པ་མེད་པའི་དུས་ཡིན་པ་སྟེ། དེ་དག་མེད་པ་དེར་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་དམག་གི་ནང་ན་གནས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེར་གནས་པར་བྱེད་པའོ། །མཐར་ཐུག་ནི་དགོས་པ་

༼༧༦༡༽

མེད་པའི་དུས་ཀྱི་མཚན་མོ་མཐའི་སྐད་ཅིག་གོ །ཡན་ལག་གི་དོན་ནི། དེ་དག་མེད་པར་དེར་ཞེས་པ་ནི་ལུང་རྣམ་འབྱེད་ལས་རྒྱལ་པོ་དང་བཙུན་མོ་དང་ལྗོངས་ཀྱི་མི་ན་རེ་འདུག་ཅིག་ཅེས་ཟེར་བ་ལ་ལྟུང་བ་མེད་དོ། །བར་ཆད་ཉེ་བར་གནས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་དམག་གི་ནང་དུ་གནས་པའི་ལྟུང་མེད་དུ་གསུངས་པ་དེ་དག་འདིར་བསྡུས་པའོ། །རྒྱལ་པོ་ལ་སོགས་པས་བོས་ཀྱང་རུང་མ་བོས་ཀྱང་རུང་།་་་་་ཉིན་མཚན་གཉིས་ལས་ལྷག་པར་ཞེས་པ་དང་། ལུང་རྣམ་འབྱེད་ལས་ཉིན་མཚན་གཉིས་ཀྱི་མཐའ་ཚུན་ཆད་དུ་གནས་པར་བྱའོ་ཞེས་གསུངས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ། ཆོས་ལྡན་གྱི་དགོས་པ་ཁྱད་པར་ཅན་ཡོད་ན་ཉིན་མཚན་བརྒྱ་འདས་ཀྱང་ཉེས་པ་མེད་ལ། དགོས་པ་ཁྱད་པར་ཅན་དེ་མེད་པར་གནས་ན་ནི་ཞག་གཅིག་གནས་ན་ཡང་ལྟུང་བྱེད་དུ་འགྱུར་བའོ་ཞེས་་་་་་བླ་མ་རྣམས། གསུངས་སོ། །ད་ནི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ། རི་བྲག་པ་དང་ཉེ་བར་དམག་བཤམས་པ་བཀྲུག་པ་ལ་སོགས་པ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའོ་ལྟུང་བྱེད་འདི་ལ་གསུམ་སྟེ། དམག་ལ་རེག་པ་དང་བཤམས་པ་དཀྲུག་པ་དང་། དམག་ལ་བལྟ་བའོ། །དང་པོ་གཉིས་ནི་རྒྱལ་པོ་ལ་སོགས་པས་བོས་ཀྱང་རུང་མ་བོས་ཀྱང་རུང་སྟེ། བཅས་ལྡན་དགེ་སློང་གིས་དམག་ལ་རེག་པ་དང་། གཡུལ་བཤམས་པ་དཀྲུགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གསུམ་པ་ནི་དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པའི་ཚེ་ན་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་དམག་ལ་བལྟ་བའི་དཔུང་གི་ལན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ། །འོ་ན་་་་་་དམག་ལ་བལྟ་བ། འདི་དང་སྔར་གྱི་དམག་ལ་བལྟ་བའི་ལྟུང་བྱེད་ཀྱི་ཁྱད་པར་ཅི། འདི་ནི་རྒྱལ་པོ་ལ་སོགས་པས་བོས་པའི་དགེ་སློང་གིས་དམག་ལ་བལྟ་བ་ཡིན་ལ། སྔ་མ་ནི་རྒྱལ་པོ་ལ་སོགས་པས་མ་བོས་པའི་དགེ་སློང་གིས་དམག་ལ་བལྟ་བ་སྟེ། ལུང་གི་

༼༧༦༢༽

གླེང་གཞི་ལས་རྒྱལ་པོས་མ་བོས་པ་དང་བོས་པར་གསུངས་པ་དེ་ཤེས་བྱེད་ཡིན་ནོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ལས། རེག་པ་དང་བཤམས་པ་དཀྲུགས་པ་གཉིས་ཀྱི་གཞིའི་ཡན་ལག་དང་། སྐབས་འདིའི་དམག་ལ་བལྟ་བའི་གཞིའི་ཡན་ལག་གོ །དང་པོ་ནི་རེག་པ་དང་བཤམས་པ་དཀྲུག་པའི་ཡུལ་དེ་དམག་ཆོས་དྲུག་ལྡན་ཏེ་སྔར་དམག་ལ་བལྟ་བའི་ཡུལ་དང་འདྲའོ། །གཉིས་པ་ལ་གསུམ་སྟེ་གང་ལ་བལྟ་བའི་ཡུལ་དང་། གང་ནས་བལྟ་བའི་གནས་དང་། གང་གིས་བལྟ་བའི་རྟེན་ནོ། །དང་པོ་གཉིས་ནི་སྔར་གྱི་དམག་ལ་བལྟ་བ་དང་འདྲའོ། །གསུམ་པ་ནི་དགེ་སློང་དེ་རྒྱལ་པོ་ལ་སོགས་པས་བོས་པ་ཡིན་པ་སྟེ། ལུང་གི་གླེང་གཞི་ལས་རྒྱལ་པོས་བོས་པ་ལས་འདི་གསུངས་པས་སོ། །མ་བོས་པས་དམག་ལ་བལྟ་ན་ནི་དམག་ལྟུང་དང་པོར་འགྱུར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རེག་པའམ་བཤམས་པ་དཀྲུག་པའམ་བལྟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རེག་པའམ་བཤམས་པ་དཀྲུག་པའམ་བལྟ་བར་ཞུགས་པའོ། །མཐར་ཐུག་ནི་དམག་ལ་རེག་པ་ལ་སོགས་པ་ཉམས་སུ་མྱོང་བའོ། །ཡན་ལག་གི་དོན་ལ་བསྡུས་པ་དང་སོ་སོ་དག་གོ་ཞེས་པ་ནི། འགྲེལ་ཆུང་ལས་་་་་་དཔུང་གི་ཡན་ལག་བཞི་པོའི་འབྲུ་སྣོན་ནི་འདུལ་བའི་འགྲེལ་བ་རྣམས་ལས་མ་བྱུང་མོད་ཀྱི་བརྒྱད་སྟོང་འགྲེལ་ལས་འདི་ལྟར་གསུངས་ཏེ་རྟའི་དཔུང་ནི་རྟ་པ་གཅིག་རྐང་པ་བསྲུང་བ་བཞི་དང་བཅས་པའོ། །གླང་པོ་ཆེའི་དཔུང་ནི་གླང་པོ་ཆེའི་བསྲུང་མ་བརྒྱད་དང་བཅས་པའོ། །ཤིང་རྟའི་དཔུང་ནི་ཤིང་རྟ་བསྲུང་མ་བཅུ་དྲུག་དང་བཅས་པའོ། །དཔུང་བུ་ཆུང་ནི་རྐང་ཐང་བཅུ་དྲུག་གོ་ཞེས་བཤད་དོ་མི་དེ་དག་ཐམས་ཅད་ནི་སྐྱེས་པ་གོ་ཆ་གྱོན་པ་མཚོན་ཆ་ཐོགས་པའོ། །དཔུང་གི་ཡན་ལག་བཞི་པོ་ཀུན་བསྡུས་པ་དང་བཞི་པོ་གང་རུང་རེ་རེ་སོ་སོ་དག་བྱེད་པ་པོ་ཉིད་དོ་ཞེས་སོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་པ་འདི་ལ་བཤད་ལུགས་གཉིས་ལས། འགྲེལ་ཆུང་ལས་ནི་དམག་ལ་བལྟ་བར་འགྲོ་བར་སེམས་ཤིང་སྦྱོར་བ་ནི་ཉེས་བྱས་སོ་ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་ནི་འཐབ་པའི་སྟ་གོན་བྱས་པའི་སྦྱོར་བ་སྟ་གོན་མ་བྱས་པ་དེ་ནི་དངོས་དང་སྦྱོར་བ་གཉིས་ཀ་ལས་ཉེས་བྱས་ཀྱི་བྱེད་པ་པོའོ་ཞེས་

༼༧༦༣༽

གསུང་ལ། སྐབས་འདིར་ལུང་རྣམ་འབྱེད་ལས་ཀྱང་། གོ་མ་བཀོན་པའི་བཤམས་པ་འཁྲུག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུང་ངོ་། །འོ་ན་སྦྱོར་བ་ལ་ནི་ཞེས་པ་འདི་དང་མ་ཆས་པ་ཉིད་ལ་ནི་ཁྱད་པར་ཅི་ཞེ་ན། འདི་ནི་དམག་ལྟུང་འདི་ཉིད་ཀྱི་ན་སྨད་བསྟན་ལ། འོག་མས་ནི་དམག་ལྟུང་གསུམ་གའི་ན་སྨད་བསྟན་པའོ། །ད་ནི་བརྡེག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེགས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པས་དགེ་སློང་གཞན་ལ་བརྡེགས་ཏེ་ཕོག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ།་་་་་སེལ་བ་ནི་རྩེད་མོར་བསམ་སྟེ་བརྡེགས་ན་ནི་རྒོད་བག་གི་ཉེས་བྱས་སུ་འགྱུར་ལ། བསད་སེམས་ཀྱིས་བརྡེགས་ན་ནི་སྲོག་གཅོད་པའི་སྦོམ་པོར་འགྱུར་ཏེ། དེ་ལ་དགོངས་ནས་ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློང་ལ་བརྡེག་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ་ཡོད་དེ་རྩེད་མོར་བསམས་ཏེ་བརྡེག་ནའམ་གསོད་པར་སེམས་པའོ་ཞེས་གསུངས་སོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ནི། གང་ལ་བརྡེག་པའི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བརྡེག་པར་ཞུགས་པའོ། །མཐར་ཐུག་ནི་ལུས་ལ་ཕོག་པའོ།་་་་་ལུས་ལ་གྱོན་པའི་གོས་ལ་ཕོག་ནའང་ངོ་། །ཡན་ལག་གི་དོན་རྙོག་པ་ཅན་གྱི་ཞེས་སོ། །ད་ནི་གཟས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེག་པར་གཟས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གི་རྙོག་པ་ཅན་གྱི་སེམས་ཀྱིས་དགེ་སློང་གཞན་ལ་བརྡེག་པར་གཟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ནི་གང་ལ་གཟས་པའི་ཡུལ་དགེ་སློང་ཆོས་དྲུག་ལྡན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་

༼༧༦༤༽

གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་གཟས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་བརྡེག་པར་གཟས་པར་ཞུགས་པའོ། །མཐར་ཐུག་ནི་གཟས་པ་རྫོགས་པའོ། །ཡན་ལག་གི་དོན་ནི་བརྡེག་པ་གཟས་ནའོ་ཞེས་སོ། །ད་ནི་གནས་ངན་ལེན་འཆབ་པའི་ལྟུང་བྱེད་འཆད་དེ། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་གནས་ངན་ལེན་བཅབས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་སུ་དགེ་སློང་གཞན་གྱིས་ཕམ་པའམ་དགེ་འདུན་ལྷག་མ་བཅབས་ཏེ་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་གོ །དེ་ལ་བཞི་སྟེ། གང་འཆབ་པའི་དངོས་པོ་དང་། གང་གི་འཆབ་པ་ལྟུང་བའི་བདག་པོ་དང་། གང་དུ་འཆབ་པའི་གནས་དང་། གང་གིས་འཆབ་པའི་རྟེན་ནོ། །དང་པོ་ལ་གསུམ་སྟེ། ཕམ་པའམ་ལྷག་མའི་དངོས་གཞི་ཡིན། །དགེ་སློང་གཞན་དེའི་རྒྱུ་དང་འབྲེལ་བར་ཡོད། ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་ཞེས་པ་དང་། ལུང་ཞུ་བར་བདག་ཉིད་ཀྱི་གནས་ངན་ལེན་བརྗོད་ན།་་་་་ཞུ་འགྲེལ་ལས་ཉེས་བྱས་སུ་གསུངས་པ་ནི་གཞན་གྱི་ཡིན་པ་ཉིད་མེད་པའི་ཕྱིར་ཏེ། བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་བཞིན་ནོ་་་་་་རང་གི་གནས་ངན་ལེན་འཆབ་ན་ཉེས་བྱས་སོ། །ཞེས་བཤད་པས་ཤེས་སོ། །ངོ་བོ་ཤེས་སམ་ཡིད་གཉིས་ཟ་བ་སྟེ། འཆབ་པ་ལ་དགེ་འདུན་ལྷག་མ་ཉིད་ལ་ཡིད་གཉིས་ཟ་བ་ནི་ཤེས་པ་དང་འདྲའོ་ཞེས་གསུངས་པས་སོ། །གཉིས་པ་གང་གི་འཆབ་པ་ལྟུང་བའི་བདག་པོ་ནི་དགེ་འདུན་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཆོས་དྲུག་ལྡན་ཡིན་ལ། ཕམ་པ་འཆབ་པ་ལ་ནི་ཡུལ་དེ་ཕམ་པས་གོས་པ་ཡན་ལག་ཏུ་དགོས་པས། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཡན་ལག་མ་ཡིན་གྱི། དགེ་སློང་གི་སྡོམ་པ་ཙམ་པོ་དང་ལྡན་པའོ། །མཚན་མཐུན་ལྟ་མཐུན་ལ་སོགས་པ་ལྔ་སྔར་དང་འདྲའོ།་་་་་བྱིན་འཕྲོག་གི་སྐབས་སུ་བཤད་པའོ། །གསུམ་པ་གང་དུ་འཆབ་པའི་གནས་ནི། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་ཡིན་པ་སྟེ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号