ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༨༩༽

བྱས་པ་དེའི་རྐྱེན་གྱིས་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །བཞི་པ་ཡན་ལག་གི་བརྩི་བ་ནི། ཐུན་མོང་གི་ཡན་ལག་སྔར་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པའི་ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ཏེ། མིའམ་མིར་ཆགས་པ་ཡིན་པ་དང་། རྒྱུད་ཀྱི་སྒོ་ནས་གཞན་ཡིན་པ་སྟེ། མིར་གྱུར་པའོ་ཞེས་པ་དང་། འོད་ལྡན་རྩ་འགྲེལ་ལས་མི་གཞན་ཡིན་ལ་ཞེས་བཤད་པས་སོ། །སེལ་བ་མི་མ་ཡིན་བསད་ན་སྦོམ་པོ་དང་དུད་འགྲོ་བསད་ན་ལྟུང་བྱེད་དང་། བདག་ཉིད་གསོད་ན་སྦོམ་པོའོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང་། ཀུན་སློང་ངོ་། །འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་ངེས་པའམ་ཡིད་གཉིས་ཡན་ཆད་ཀྱིས་མ་འཁྲུལ་པའོ། །ཀུན་སློང་ནི་སྲོག་གཅོད་པའི་བསམས་པས་འཆི་བའི་ཐབས་ཤོམ་པར་འདོད་པ་རྒྱུན་མ་ཆད་པ་སྟེ། དེ་ལྟར་བསམས་པས་ཞེས་པ་དང་། རྒྱུན་མ་ཆད་པ་ནི། འདུན་པ་ལྡོག་པའི་འོག་ཏུ་ན་ཞེས་པའི་ཤུགས་ཀྱིས་གྲུབ་བོ། །གསུམ་པ་སྦྱོར་བའི་ཡན་ལག་ནི་གང་ལ་བསམ་པ་དེ་ཉིད་ལ་གསོད་པའི་སྦྱོང་བ་རང་ངམ་བསྐོས་པས་ལུས་ངག་ཏུ་གྲུབ་པ་སྟེ་བསམ་པ་ནི་དེ་ཉིད་དོ་ཞེས་པ་དང་། གང་ཡང་རུང་བས་སོ་ཞེས་པ་དང་། ལུས་ངག་ཏུ་མ་གྲུབ་ན་ཡིད་ཀྱིས་བསྡམ་བྱར། མའི་རྣམ་འབྱེད་ཀྱི་ཊཱི་ཀ་ལས་བཤད་པ་ནི། སྔར་དྲངས་པ་བཞིན་ནོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བ་སྟེ། གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་སོ། །གཉིས་པ་ཡན་ལག་གི་དོན་ནི་སྲོག་བཅད་ན་ཞེས་པ་སྟེ། སྲོག་ནི་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། དང་པོ་སྲོག་གི་དབང་པོ་ཚེ་ཡིན་ཏེ། དྲོད་དང་རྣམ་ཤེས་རིགས་མཐུན་རྒྱུ་བའི་རྟེན་གང་ཡིན་པའོ། །མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་བཤད་དེ། བྱེ་བྲག་སྨྲ་བའི་ལུགས་ཀྱིས་སྲོག་གི་དབང་པོ་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པར་འདོད་དོ། །མདོ་སྡེ་པའི་ལུགས་ཀྱིས་སྲོག་གི་དབང་པོ་ནི། གསོན་པོར་གནས་པའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་

༼༣༩༠༽

དུ་འདོད་དོ། །འདིར་བྱེ་བྲག་སྨྲ་བ་ལྟར་གཟུང་ངོ་། །གཉིས་པ་ནི་་་་་་སྲོག་གཅོད་པ་ནི་བསམ་བཞིན་དུ་ཞེས་པའི། མཛོད་འགྲེལ་ལས། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། དེ་གཅོད་པར་བྱེད་དོ་ཞེས་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་དབུགས་རྒྱུ་བ་འདི་སྲོག་ཡིན་པར་གསུངས་སོ། །འདིར་་་་་་སྲོག་ནི་རླུང་དབུགས་འབྱུང་རྔུབ་འདི་ཁོ་ན་སྲོག་ཡིན་པར་ནི་མི་རིགས་ཏེ། ཉན་ཐོས་ཀྱི་ས་ལས་མེར་མེར་པོ་ལ་དབུགས་འབྱུང་རྔུབ་མེད་པར་བཤད་ཅིང་། མངོན་པ་ལས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང་། གཟུགས་མེད་པའི་ལྷ་ལ་དབུགས་འབྱུང་རྔུབ་མེད་པར་བཤད་པས་དེ་དག་ལ་སྲོག་མེད་པར་ཐལ་བར་འགྱུར་དུ་འོང་བས། ནི་སྲོག་གི་དབང་པོ་བཅད་ནའོ་ཞེས་བརྗོད་ན་ཁྱབ་ཆེ་བ་ཡིན་ནོ། །བཅད་པ་ནི་སྲོག་གི་དབང་པོའི་མ་འོངས་པའི་སྐད་ཅིག་སྐྱེ་བའི་གེགས་བྱས་པ་སྟེ། ཊཱི་ཀ་ལས་སྲོག་གི་སྐད་ཅིག་མ་མ་འོངས་པ་རྣམས་བཅད་པ་སྐྱེ་བ་འགགས་པའི་བྱ་བ་གསོད་པ་ཞེས་བྱ་བ་དེ་བྱས་ན་ཕམ་པར་འགྱུར་རོ་ཞེས་སོ། །མིར་གྱུར་བའི་འོ་ཞེས་པས་མི་འམ་མིར་ཆགས་པ་ལས་ཞེས་སོ་སོ་ཐར་པ་ལས་གསུངས་པ་བསྡུས་སོ། །དེ་གཉིས་ནི་རྣམ་འབྱེད་ལས་མིར་ཆགས་པ་ཞེས་བྱ་བ་ནི་གང་གིས་མའི་མངལ་དུ་ལུས་དང་སྲོག་དང་ཡིད་ཀྱི་དབང་པོ་རྣམས་རྙེད་པའོ། །མི་ཞེས་བྱ་བ་ནི་གང་གིས་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་ཚང་བར་རྙེད་པའོ། །ཞེས་གསུངས་སོ། །དེ་ཡང་མངལ་དུ་ཞག་བདུན་ཕྲག་བཅོ་བརྒྱད་མན་ཆད་མིར་ཆགས་པའོ། །བདུན་ཕྲག་བཅུ་དགུ་ནས་མི་སྟེ། ལུང་ཕྲན་ཚེགས་ལས་ཞག་བདུན་པ་བཅུ་དགུ་པ་ལ་ནི་མངལ་ན་གནས་པ་དེས་དབང་པོ་བཞི་པོ་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་ཐོབ་པར་འགྱུར་རོ་ལུས་ཀྱི་དབང་པོ་ནི་སྔར་ཐོབ་ཟིན་པའོ། །ཞེས་གསུངས་སོ། །མིར་གྱུར་པ་ལ་གནས་སྐབས་བཅུར་དབྱེ་སྟེ། འོད་ལྡན་ལས་མིར་ཆགས་པ་ནི་མེར་མེར་པོ་དང་ནུར་ནུར་པོ་དང་ལྟར་ལྟར་པོ་དང་འཁྲང་འགྱུར་གྱི་གནས་སྐབས་རྣམས་ཡིན་ནོ། །མི་ནི་རྐང་ལག་འགྱུས་པ་དང་བྱིས་པ་དང་གཞོན་ནུ་དང་དར་ལ་བབས་པ་དང་བར་མ་དང་རྒན་པོའི་གནས་སྐབས་རྣམས་ཡིན་ནོ་ཞེས་བཤད་དོ། །དེ་རྣམས་ཀྱི་ཁྱད་པར་ནི་ཕ་མའི་མི་གཙང་བ་གཉིས་ཚོགས་ཤིང་དེར་རྣམ་ཤེས་ཞུགས་ནས་ཞག་བདུན་ཕྲག་དང་པོ་ལ་མེར་མེར་པོ་སྟེ་ཕྱི་སྤྲིས་མ་ལྟ་བུས་གཡོགས་ལ་ནང་རླན་ཏེ་མེར་མེར་པོར་

༼༣༩༡༽

འདུག་པའོ། །བདུན་ཕྲག་གཉིས་པ་ལ་ནུར་ནུར་པོ་སྟེ་ཞོ་ལྟ་བུར་འདུག་ལ་ཤར་མ་གྱུར་བའོ། །བདུན་ཕྲག་གསུམ་པ་ལ་ལྟར་ལྟར་པོ་སྟེ་ཤར་ནི་གྱུར་ལ་སླ་བའོ། །བདུན་ཕྲག་བཞི་པ་ནས་་་་་་ཡན་ལག་གི་མཚན་མ་བྱུང་བའི་སྔ་རོལ་ཡན་ཆད་ནི། འཁྲང་འགྱུར་ཏེ་བསྐ་བར་གྱུར་ཏེ་མནན་དུ་བཟོད་པའོ། །རྐང་ལག་གི་མཚན་མ་ནི་མ་བྱུང་བའི།་་་་་རྐང་ལག་འགྱུས་པ་ནི་ཤ་ལྷག་ལྟ་བུར་གྱུར་ཏེ་ཡན་ལག་གི་མཚན་མ་བྱུང་བའོ། །ནས་ཇི་སྲིད་མངལ་ན་གནས་ཀྱི་བར་རོ། །རྐང་ལག་འགྱུས་པའི་གནས་སྐབས་འདི་ལ་མི་དང་མིར་ཆགས་པ་གཉིས་ཀ་ཡོད་དོ།་་་་་བྱིས་པ་ནི་ཕྱིར་སྐྱེས་ནས་འགྲོ་མི་ནུས་པ་ཡན་ཆད་དོ། །གཞོན་ནུ་ནི་འགྲོ་ནུས་ནས་འདོད་པ་སྤྱོད་མི་ནུས་པའོ། །དར་ལ་བབ་པ་ནི་འདོད་པ་སྤྱོད་ནུས་པ་ནས་ལོ་སུམ་ཅུ་མན་ཆད་དོ། །བར་མ་ནི་ལོ་སུམ་ཅུ་ཐལ་ནས་ལྔ་བཅུ་མན་ཆད་དོ། །རྒན་པོ་ལོ་ལྔ་བཅུ་ཡན་ཆད་ལོན་པ་སྟེ། དེ་རྣམས་ཕལ་ཆེ་བས་བཅོ་ལྔ་པ་ལས་བཤད་དོ། །དེ་རྣམས་ལ་ཡང་མཛོད་ཊཱིཀ་ལས། མངལ་ན་གནས་པའི་གནས་སྐབས་ལྔ་པོ་རྐང་ལག་འགྱུས་པ་ཡན་ཆད་དག་དང་ཕྱིར་སྐྱེས་པའི་གནས་སྐབས་ལྔ་པོ་བྱིས་པ་མན་ཆད་དག་སྟེ་དེ་ལྟར་གནས་སྐབས་བཅུའོ་ཞེས་སོ།་་་་་དགའ་བོ་མངལ་འཇུག་གི་མདོ་དང་འོད་ལྡན་ལས་མེར་མེར་པོ་དང་ནུར་ནུར་པོ་ཞེས་བཤད་པ་དང་ལུང་ཕྲན་ཚེགས་དང་མཛོད་ཊཱིཀ་རྒྱལ་སྲས་མ་ལས་ནུར་ནུར་པོ་དང་མེར་མེར་པོ་ཞེས་བཤད་པ་དེ་དག་འགལ་བར་མི་སེམས་ཏེ་སྒྱུར་བྱེད་ལོ་ཙྪ་བས་མིང་ཐ་དད་དུ་བརྡ་བརྟགས་པར་ཟད་ཀྱིས་དོན་འགལ་བ་མེད་དོ། །འོད་ལྡན་ལས་ཁ་ཅིག་མེར་མེར་པོ་བསད་པ་ལ་ཉེས་བྱས་སུ་འདོད་པ་ཡོད་པར་བཤད་པ་དེ་ནི་སྡེ་པ་གཞན་གྱི་ལུགས་སོ། །འདིར་ཐམས་ཅད་ཡོད་སྨྲ་ནི་དེ་ལ་ཕམ་པར་འདོད་དེ། སོ་སོ་ཐར་པ་ལས་མིའམ་མིར་ཆགས་པ་བསད་ན་ཕམ་པར་འགྱུར་ཞེས་གསུངས་པ་དང་། གཞན་ཡང་མིར་ཆགས་པ་དེ་མི་དང་རིགས་མཐུན་གཅིག་ཏུ་གནས་པ་ཡིན་ཏེ་ལུང་རྣམ་འབྱེད་ལས་མངལ་གྱི་གནས་སྐབས་ཚུན་ཆད་ཀྱིས་ལོ་ཉི་ཤུ་ལོན་པར་ཁ་བསྐང་བར་གསུངས་པ་དང་། བྱེ་བྲག་བཤད་མཚོ་ལས་མེར་མེར་པོ་བསད་ན་མཐར་འགྱུར་རོ་ཞེས་གསུངས་པས་སོ། །འོ་ན་སེམས་ཅན་དུ་འདྲ་བ་སྲོག་དང་ཕྲལ་བར་མཚུངས་པ་ལ། ཅིའི་ཕྱིར་ན་མི་བསད་ན་ཕམ་པ། མི་མ་ཡིན་བསད་ན་སྦོམ་པོ། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་

༼༣༩༢༽

ཞེ་ན། འོད་ལྡན་ལས་མི་རྣམས་ནི་འགྲོ་བའི་གཙོ་བོ་ཡིན་པའི་ཕྱིར་དང་། མི་མ་ཡིན་རྣམས་ནི་འགྲོ་བའི་འབྲིང་ཡིན་པའི་ཕྱིར་དང་། དུད་འགྲོ་རྣམས་ནི་འགྲོ་བའི་ཐ་ཆད་ཡིན་པའི་ཕྱིར་ཏེ། དེ་ཡང་མི་རྣམས་ནི་དཀོན་ཅོག་གསུམ་ཀྱི་རྟེན་ཡིན་ཞིང་སྡོམ་པ་གསུམ་གྱི་རྟེན་ཡིན་པའི་ཕྱིར་དང་། མི་མ་ཡིན་རྣམས་ནི་ལྷ་དགྲ་བཅོམ་པ་མང་པོ་ཡོད་ཅིང་དེ་དག་གི་རྒྱུད་ལ་ཆེས་མངལ་བས།་་་་་དཀོན་ཅོག་གཉིས་ཀྱི་རྟེན་ཡིན་ཞིང་སྡོམ་པ་་་་་་ལྷ་ལ་བསམ་གཏམ་གྱི་སྡོམ་པ་དང་ཟག་མེད་ཀྱི་སྡོམ་པ་ཡོད་པས། གཉིས་ཀྱི་རྟེན་ཡིན་པའི་ཕྱིར་དང་། དུད་འགྲོ་རྣམས་ནི་དཀོན་ཅོག་གསུམ་གང་གི་ཡང་རྟེན་མ་ཡིན་ཞིང་སྡོམ་པ་གསུམ་གང་གི་ཡང་རྟེན་མ་ཡིན་པའི་ཕྱིར་ཞེས་གསུངས་སོ། །བྲང་དུ་འདེབས་པ་ནི་ལུང་རྣམ་འབྱེད་དང་ལུང་དེའི་འགྲེལ་བ་ལས་་་་་་ཤིང་ངམ་འཇིམ་པ་ལས་བྱས་པའི། འཁྲུལ་འཁོར་གྱི་མིའི་གཟུགས་ལག་ན་རལ་གྲིའམ་ཆུ་གྲི་ཐོགས་པ་དེས་དགྲ་ལ་སོགས་པ་མི་གཞན་འོང་བར་འགྱུར་བའི་བྲང་དུ་འདེབས་པ་ཡིན་པར་གསུངས་ཏེ་འཁྲུལ་འཁོར་གྱི་བྱེ་བྲག་གོ །པྲ་ཛྙཱ་ཀ་ར་ལས་ཀྱང་འཇིམ་པ་ལ་མིའི་གཟུགས་བྱས་པའི་ལག་ཏུ་མཚོན་བསྐུར་ཏེ་དགྲ་བོའི་བྲང་དུ་འདེབས་པ་ཡིན་པར་བཤད་དོ། །འཁྲུལ་ཁོར་ནི་ས་མདའ་འཛུགས་པ་ལ་སོགས་པའོ་ཞེས་པ་ཊཱི་ཀ་ལས་བཤད་དོ། །རོ་ལངས་ནི་ལུང་རྣམ་འབྱེད་ལས། མར་ངོའི་ཚེས་བཅུ་བཞི་ལ་དུར་ཁྲོད་ནས་རོ་མ་རྨས་པ་བླངས་ཏེ། སྔགས་བཟླས་པས་རོ་ལངས་སྦད་པ་ན་རོ་ལངས་དེས་ཕ་རོལ་པོ་ལ་མཚོན་བསྣུན་ཅིང་གསོད་པ་ཡིན་པར་གསུངས་སོ། །ཊཱི་ཀ་ལས། རོ་ལངས་ཀྱིས་རོ་ལངས་ཕྱེད་ཀྱང་བསྡུས་ཞེས་བཤད་དོ། །དེ་གཉིས་ཀྱི་ཁྱད་པར་གསུམ་སྟེ། རོ་ལངས་ནི་འཁོར་ལོ་གཉིས་ལྡན་གྱི་ཤིང་རྟའི་སྟེང་དུ་འཇོག་ཅིང་རོ་ལངས་དེའི་མགུལ་དུ་དྲིལ་བུ་གཉིས་འདོགས་དེའི་ལག་ཏུ་རལ་གྲི་སོ་གཉིས་པ་སྦྱིན་པ་ཡིན་ལ། རོ་ལངས་ཕྱེད་ནི་འཁོར་ལོ་གཅིག་པའི་ཤིང་རྟ་དང་དྲིལ་བུ་གཅིག་དང་རལ་གྲི་སོ་གཅིག་པས་ཁྱད་པར་དུ་བྱས་པ་སྟེ། ལུང་རྣམ་འབྱེད་ལས་དེ་ལྟར་གསུངས་སོ། །རྗེས་སུ་སྦྱོར་བ་ནི། རྣམ་འབྱེད་གཉིས་ཀ་ལས་ཡཾ་སྲེག་ཤིང་གི་སྦྱོར་བ་དང་། ཏིལ་དང་ཡུངས་ཀར་གྱི་སྦྱོར་བ་དང་། འོ་མ་དང་ཞོའི་སྦྱོར་བ་དང་། སྣམ་སྦྱར་འཚེམ་པའི་སྦྱོར་བ་དང་། རི་མོ་འདྲེན་པའི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལྔ་གསུངས་སོ། །

༼༣༩༣༽

ཊཱི་ཀ་ལས་རྗེས་སུ་སྦྱོར་བ་ནི་ཆོལ་པ་ལ་སོགས་པ་སྟེ་ཞེས་སོ། །ཆོལ་པ་ནི་དྲག་པོའི་འཕྲིན་ལས་སོ། །མཐར་ཐུག་གི་ཡན་ལག་བསྟན་པ་ནི། གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་སོ། །འདི་ལ་གཉིས་ཏེ་དངོས་དང་། རྩོད་པ་སྤང་བའོ། །དང་པོ་ནི་སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་བཅས་ལྡན་དགེ་སློང་གིས་མི་གསོད་པའི་གཞི་འམ་སྦྱོར་བ་དེས་དུས་གཞན་གྱི་ཚེ་ཤི་ན་ཆོས་ཅན། སྲོག་གཅོད་པའི་ཕམ་པ་འབྱུང་རུང་ཡིན་ཏེ། སྲོག་བཅད་པའི་ཕམ་པའི་རྒྱུ་ཚོགས་ཚང་བའི་ཕྱིར་རོ།་་་་་གཞི་རྟགས་ཐ་དད་ཡོད་དེ་ཁྱབ་ཆུང་བ་དང་ཆེ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཁྱབ་ཆུང་བར་རྩོད་པའི་སྐྱོན་སྤང་བ་དང་། ཁྱབ་ཆེས་པར་རྩོད་པའི་སྐྱོན་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་སྤང་དངོས་དང་། འཕྲོས་པའི་དོན་ཏོ། །དང་པོ་ནི། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་དེ་སྲོག་གཅོད་པའི་མཐར་ཐུག་གི་ཡན་ལག་ཏུ་ཁས་བླངས་པ་ལ། རྩོད་པ་འདི་སྐད་དུ། བྱེ་བྲག་བཤད་མཚོ་ལས་བཤད་པའི་མི་བཅུས་མི་གཅིག་གསོད་པར་བྱེད་པའི་སྔ་མ་དགུ་ལ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མི་སྲིད་པའི་ཕྱིར་རོ། །རྟགས་མ་གྲུབ་ན་བྱེ་བྲག་བཤད་མཚོ་དང་འགལ་ཏེ། གཞུང་དེ་ཉིད་ལས་འདི་ལྟར་གཅིག་གིས་ནི་ཞག་བཅུ་ན་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུ་ན་འཆི་བར་འགྱུར་བར་མཚོན་བསྣུན་པ་ལས་བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་འཆི་བར་འགྱུར་བར་མཚོན་བསྣུན་ན། དེའི་ཕྱིར་སྔ་མ་དགུ་པོ་རྣམས་ཀྱིས་ནི་རྣམ་པར་རིག་བྱེད་མ་ཡིན་པར་གཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པར་ཡང་གཟུང་བ་ཡིན་ནོ་ཞེས་བཤད་དོ། །བཅུ་པ་ལ་ཕམ་པའི་སྦྱོར་བའི་རིག་བྱེད་དང་ཕམ་པའི་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པར་གསུངས་ལ། སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་མ་གསུངས་པས། སྔ་མ་དགུ་ལ་སྦྱོར་བ་མེད་པར་གྲུབ་བོ། །དེས་ན་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་མེད་པར་གྲུབ་བོ། །འདོད་ན་བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པར་བསྡུས་སོ། །ཞེས་བཤད་དོ་ཞེ་ན། རྩོད་པ་དེའི་ལན་ནི། སྔ་མ་

༼༣༩༤༽

དགུ་ལ་སྦྱོར་བ་མེད་པར་མ་གྲུབ་སྟེ། འོད་ལྡན་ལས། བཅུ་ཆར་གྱིས་ཀྱང་སྦྱོར་བ་མཐུན་པའི་ཕྱིར་དང་འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་སོ། །འོ་ན་སྔ་མ་དགུ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་མ་གསུངས་ལ་བཅུ་པ་ལ་ཡོད་པར་གསུངས་པ་དང་འགལ་ཞེ་ན། བྱེ་བྲག་སྨྲ་བའི་གཞུང་ལུགས་ཀྱིས་ཕམ་པའི་རྣམ་པར་རིག་བྱེད་ཅེས་པ་དེ་ཕམ་པ་བསྐྱེད་པའི་སྦྱོར་བ་ལ་ཟེར་བ་་་་་་ཡིན་ཞེས་ཤ་ལུགས་པ་རྣམས་གསུངས་ཡང་། མ་ཡིན་གྱི། ཕམ་པ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པ་ལྟ་བུའི་ལུས་ཀྱི་རིགས་བྱེད་ལ་ཟེར་བ་ཡིན་ཏེ། མཛོད་འགྲེལ་ལས། བདག་ཉིད་་་་་་གཞན་ལ་བཅོལ་བ་རྣམ་པར་བཅད། བྱེད་པ་ལ་་་་་་ཊཱི་ཀར་རྣམ་པར་རིག་བྱེད་ཀྱི། ནི་དུས་དེའི་ཚེ་ཤི་ན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ།་་་་་དང་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་་་་་་ལས་ཀྱི་ལམ་དངོས། ཡིན་ནོ་ཞེས་གསུངས་པ་དང་། མཛོད་ལས། སྡོམ་པ་བླངས་པ་ན་སྡོམ་པའི་སྐད་ཅིག་་་་་དང་པོའི་་་་་་སྡོམ་པ་རྣམ་རིག་་་་་་བྱེད་དང་རྣམ་རིག་་་་་་བྱེད་མིན། །ཞེས་བཤད་པའི་གནད་ཀྱིས་ཤེས་སོ། །དེ་ལྟར་ན་བྱེ་བྲག་བཤད་མཚོ་ལས། བཅུ་པ་ལ་ཕམ་པའི་རྣམ་པར་རིག་བྱེད་ཡོད་པར་གསུངས་པ་དེ་ནི། བཅུ་པས་མཚོན་བསྣུན་པའི་དུས་ཉིད་ན་ཤི་བའི་དབང་དུ་བྱས་པ་སྟེ། བཅུ་པའི་མཚོན་ལན་ཅིག་བསྣུན་པའི་བྱ་བ་གཅིག་ལ་ཡང་། དུས་མཐའི་སྐད་ཅིག་མ་བརྒྱ་ཕྲག་དུ་མ་ཡོད་པ་ལས་ཕམ་པ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་ནི་ཕམ་པའི་རྣམ་པར་རིག་བྱེད་ཡིན་ལ། དེའི་སྐད་ཅིག་སྔ་རོལ་ན་སྦོམ་པོ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་མཚོན་བསྣུན་བཞིན་པའི་ལུས་ཀྱི་རིག་བྱེད་ནི་སྦོམ་པོའི་རྣམ་པར་རིག་བྱེད་ཡིན་ལ། ཕམ་པ་སྐྱེ་བའི་སྦྱོར་བའི་རིག་བྱེད་ཀྱང་ཡིན་གྱི།་་་་་འདིར་ཕམ་པ་སྐྱེ་བའི་སྦྱོར་བའི་རིག་བྱེད་དང་། སྦོམ་པོའི་རྣམ་པར་རིག་བྱེད་ནི་ངོ་བོ་གཅིག་ཡིན་པར་ཤེས་པར་བྱའོ། །ཕམ་པའི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ།་་་་་།ཕམ་པ་དངོས་སུ་སྐྱེ་བཞིན་པ་དང་སྐད་ཅིག་དུས་མཉམ་པའི་རིག་བྱེད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བཅུ་པ་ལ་ནི་ཕམ་པའི་རྣམ་པར་རིག་བྱེད་དང་། ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང་། སྔ་མ་དགུ་ལ་སྦོམ་པོའི་རྣམ་པར་རིག་བྱེད་དང་ཕམ་

༼༣༩༥༽

པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་དོ། །དེ་ལྟར་ན་བཅུ་ཆར་ལ་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཡོད་ཅིང་བཅུ་ཆར་ལ་ཡང་ཕམ་པ་བསྐྱེད་པའི་སྦྱོར་བ་ཡོད་ལ་བཅུ་ཆར་ལ་ཡང་སྦོམ་པོའི་རྣམ་པར་རིག་བྱེད་ཀྱང་ཡོད་དེ། འདིར་ཕམ་པ་བསྐྱེད་པའི་སྦྱོར་བའི་རིག་བྱེད་དང་སྦོམ་པོའི་རྣམ་པར་རིག་བྱེད་ནི་ངོ་བོ་གཅིག་ཡིན་པར་ཤེས་པར་བྱའོ། །གཉིས་པ་འཕྲོས་པའི་དོན་ནི། འོད་ལྡན་ལས་བཅུ་ཆར་གྱིས་ཀྱང་སྦྱོར་བ་མཐུན་པའི་ཕྱིར་ཞེས་པ་དེ། སྦྱོར་བའི་མཐུན་ལུགས་ཇི་ལྟར་མཐུན་ཞེ་ན། འདི་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི་ཁ་ཅིག་་་་་་བྱང་རྡོར། ན་རེ་སྦྱོར་བ་གྲོས་བྱས་སུ་མཐུན་པ་ཡིན་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་བཤད་པ་ལྟར། གྲོས་བྱས་ན་གཅིག་གིས་མཚོན་བསྣུན་ཏེ་ཤི་ན་བཅུ་ཆར་ལ་ཕམ་པ་བསྐྱེད་དེ། བཅུ་ཆར་གྱིས་མཚོན་བསྣུན་པ་ལ་ལྟོས་མི་དགོས་པས། བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་མཚོན་བསྣུན་པའི་གཞུང་གི་དོན་མ་ཡིན་ནོ། །ཤ་མི།་་་་་ཁ་ཅིག་་་་་་གྲོས་མ་བྱས་ཤིང་གཅིག་གིས་གཅིག་ལ་མ་བསྒོ་བར་དགེ་སློང་བཅུས་མི་གཅིག་ལ་འཆི་བར་མི་ནུས་པ་རེ་རེ་རྡེག་དེ་བཅུ་པོ་ཐམས་ཅད་ཀྱི་ནུས་པ་མཐུ་བསྡོམས་པའི་སྟོབས་ཀྱིས་ཤི་ན་དེ་དག་ལ་ཕམ་པ་སྐྱེད་དམ་མི་བསྐྱེད་ཅེ་ན། ན་རེ་སྦྱོར་བ་ནུས་པ་མཐུ་བསྡོམས་སུ་མཐུན་པ་ཡིན་ཞེས་ཟེར་རོ། །དེ་ལ་སྔ་མ་་་་་་བྱང་རྡོར་རྗེས་འབྲང་དང་བཅས་པ། དག་གི་དགག་པ་བཞི་སྟེ། སྔ་མ་དགུ་ལ་ཕམ་པ་མི་བསྐྱེད་པར་ཐལ། སྦོམ་པོའི་རྒྱུ་ལས་ཕམ་པ་བསྐྱེད་པར་ཐལ། གཞན་གྱི་ཉེས་པ་གཞན་ལ་གོས་པར་ཐལ། བྱ་བ་དུ་མའི་འབྲས་བུ་ལྟུང་བ་གཅིག་ཏུ་བཞག་པར་ཐལ་ཞེས་པའོ། །དགག་པ།་་་་་དང་པོ་ནི། སྔ་མ་དགུས་བརྡེགས་ནས་བཅུ་པའི་སྦྱོར་བ་མེད་ན་འཆིའམ་མི་འཆི། དང་པོ་ལྟར་ན་བཅུ་ཆར་གྱི་སྦྱོར་བ་ནུས་པ་མཐུ་བསྡོམས་པ་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་་་་་་སྔ་མ་དགུས་བརྡེགས་ཀྱང་། བཅུ་པའི་སྦྱོར་བ་མེད་ན་མི་འཆི་བ་ལས་བཅུ་པའི་སྦྱོར་བ་ཡོད་པས་འཆི་ན། ཕམ་པའི་བཅས་ལྡན་མི་བཅུས་སྔ་ཕྱི་རིམ་གྱིས་མཚོན་བསྣུན་ཏེ། མི་གཅིག་གསོད་པར་བྱེད་པ་ཆོས་ཅན། སྔ་མ་དགུ་ལ་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་

༼༣༩༦༽

པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་དེ་བཅུ་པ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །འདོད་ན་བྱེ་བྲག་བཤད་མཚོ་ལས། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་སོ་ཞེས་སོ།་་་་་དགག་པ། །གཉིས་པ་ནི། ཕྱི་མ་དགུའི་སྦྱོར་བ་མེད་ན་དང་པོ་བའི་སྦྱོར་བ་དེའི་རྐྱེན་གྱིས་འཆི་འམ་མི་འཆི། དང་པོ་ལྟར་ན་བཅུ་ཆར་གྱིས་སྦྱོར་བ་ནུས་པ་མཐུ་བསྡོམས་པ་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ན་དང་པོ་པ་དེ་ལ་ཆོས་ཅན། སྦོམ་པོའི་རྒྱུ་ལས་ཕམ་པ་བསྐྱེད་པར་ཐལ། དང་པོ་པ་དེས་འཆི་མི་ནུས་སུ་མཚོན་བསྣུན་ཏེ། སྲོག་གཅོད་པའི་སྦྱོར་སྦོམ་གྱི་རྒྱུ་བྱས་པ་ལས་འབྲས་བུ་སྲོག་གཅོད་པའི་ཕམ་པ་བསྐྱེད་པའི་ཕྱིར་རོ།་་་་་རྟགས་ཁས། འདོད་ན་རྒྱུ་འབྲས་འཆོལ་བར་འགྱུར་རོ། །དགག་པ་གསུམ་པ་ནི། དང་པོ་པའི་སྦྱོར་བ་རང་སྟོབས་ཀྱིས་འཆི་བར་མི་ནུས་ཀྱང་། གཞན་དགུས་བརྡེགས་པ་ལ་བརྟེན་ནས་དང་པོ་པ་ལ་ཕམ་པ་བསྐྱེད་ན་ནི། གྲོས་མ་བྱས་ཤིང་མ་བསྒོ་བར་སྲོག་གཅོད་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པོ་ཆོས་ཅན། གཞན་གྱི་ཉེས་པ་གཞན་ལ་གོས་པར་ཐལ། གྲོས་མ་བྱས་ཤིང་མ་བསྒོ་བར་གང་ཟག་གཞན་གྱིས་བརྡེགས་སྟོབས་ཀྱིས་ཤི་བ་ལས་གང་ཟག་གཞན་ལ་ཕམ་པ་བསྐྱེད་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན།་་་་་སུན་ཕྱུང་བའི་སྐབས་ཀྱི། ཊཱི་ཀ་ལས་གཞན་གྱི་ཉེས་པས་གཞན་ལ་མི་གོས་པའི་ཕྱིར་རོ་ཞེས་སོ།་་་་་དགག་པ། །བཞི་པ་ནི། ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ན་དང་པོ་པ་དེའི་རྒྱུད་ལ་ཕམ་པ་གཅིག་བསྐྱེད་པ་དེ་ཆོས་ཅན། བྱ་བ་དུ་མའི་འབྲས་བུ་དངོས་གཞིའི་ལྟུང་བ་གཅིག་ཏུ་བཞག་པར་ཐལ། མི་བཅུའི་སྦྱོར་བ་ཐ་དད་བཅུའི་ནུས་པ་མཐུ་བསྡོམས་པ་ལ་བརྟེན་ནས་གང་ཟག་གཅིག་ལ་ཕམ་པ་གཅིག་བསྐྱེད་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། བྱ་བ་དུ་མའི་འབྲས་བུ་ལྟུང་བ་རྣམས་པར་མི་གཞག་གོ་ཞེས་སོ། །ཁ་ཅིག་ན་རེ་གཞན་ལ་མ་ལྟོས་པའི་སྦྱོར་བ་འདིས་འཆི་བ་ཡིན་ཞེས་ཟེར་རོ། །དེ་ལའང་སྔ་མ་་་་་་ཤ་མི་ལ་སོགས་པ། དག་གིས་དགག་པ་འདི་དག་མཛད་དོ། །འོ་ན་བྱེ་བྲག་བཤད་མཚོ་ནས་བཤད་པ

༼༣༩༧༽

དེ་གང་། མི་བཅུ་པོ་དེས་ཉི་མ་གཅིག་ལ་རིམ་གྱིས་བརྡེགས་ཏེ་ཚེ་ཚུར་བསྟུངས་པ་ཡིན་ནམ། མི་བཅུ་པོ་དེས་ཉི་མ་བཅུ་ལ་རིམ་གྱིས་བརྡེགས་ཏེ་སྦྱོར་བ་ཉག་བགྲངས་ཡིན། དང་པོ་ལྟར་ན། ཕམ་པའི་བཅས་ལྡན་མི་བཅུས་སྔ་ཕྱི་རིམ་གྱིས་མཚོན་བསྣུན་ཏེ་མི་གཅིག་གསོད་པར་བྱེད་པ་ཆོས་ཅན། སྔ་མ་དགུ་ལ། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་བཅུ་པ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །འདོད་་་་་་བཅུ་ཆར་གྱིས་ཕམ་པའི་རིག་བྱེད་མ་ཡིན་པ་བསྡུས་སོ་ཞེས་པ། ན་སྔར་བཞིན་ནོ། །ཕྱི་མ་ལྟར་ན། སྔ་མ་དགུས་བརྡེགས་པའི་སྟེང་དུ་བཅུ་པས་བརྡེགས་པ་དེས་ཚེ་སྐད་ཅིག་གིས་ཐུང་དུ་བཏང་ངམ་མ་བཏང་། དང་པོ་ལྟར་ན་ཐལ་འགྱུར་སྔ་མ་བཞིན་ནོ། །གཉིས་པ་ལྟར་ན་ཕམ་པའི་བཅས་ལྡན་མི་བཅུས་མི་གཅིག་གསོད་པར་བྱེད་པ་ཆོས་ཅན། བཅུ་པ་དེ་ལ་སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་ཐལ། བཅུ་པ་དེས་ཚེ་ཐུང་དུ་བཏང་བ་མེད་པའི་ཕྱིར་རོ་ཞེས་སོ། །རྩོད་པ་དེ་དག་གི་སྐྱོན་སྤོང་བར་བྱེད་པ་ཁ་ཅིག་ན་རེ་བཅུ་པས་བརྡེགས་པ་དེས་ཚེ་སྐད་ཅིག་གིས་ཐུང་དུ་བཏང་བ་མེད་ཅིང་དུས་མཚུངས་སུ་ཐུང་དུ་བཏང་བ་ཡོད་པས་སྐྱོན་དེ་དག་མེད་དོ་ཞེས་སྨྲས་ཏེ། ཚེ་སྐད་ཅིག་གིས་ཀྱང་ཐུང་དུ་མ་བཏང་ན་ཚེ་ཐུང་དུ་བཏང་བ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི་གྲོས་མ་བྱས་ཤིང་མ་བསྒོ་ཡང་བཅུ་ཆར་ལ་ཕམ་པ་བསྐྱེད་པ་འདི་ནི་སྦྱོར་བ་དེའི་རྐྱེན་གྱིས་ངེས་པར་འཆི་ནུས་ཀྱི་ཆ་ནས་གཞན་ལ་མ་ལྟོས་པའི་སྦྱོར་བ་འདིས་འཆི་བ་ཡིན་ལ། འཆི་དུས་སྐད་ཅིག་དེ་ཉིད་དུ་འཆི་བའི་ཆ་ནས་སྦྱོར་བ་ནུས་པ་མཐུ་བསྡོམས་ཡིན་ཏེ། དཔེར་ན་རྐྱལ་བ་ཤིན་ཏུ་ཆེན་པོ་དབུགས་ཀྱིས་བཀང་བ་ལ་མི་བཅུས་མདའ་བཅུ་རིམ་གྱིས་ཐལ་མོར་འབྱིན་པ་བཞིན་ནོ།་་་་་སྦྱོར་བ་དེའི་རྐྱེན་གྱིས་ངེས་པར་གཞོམ་ནུས་ཀྱི་ཆ་ནས་གཞན་ལ་མ་ལྟོས་པའི་སྦྱོར་བ་འདིས་གཞོམ་པ་ཡིན། གཞོམ་དུས་སྐད་ཅིག་དེ་ཉིད་དུ་གཞོམ་པའི་ཆ་ནས་སྦྱོར་བ་ནུས་པ་མཐུ་བསྡོམས་པ་ཡིན་པ་བཞིན་ནོ། །གསུམ་པ་ཞར་ལ་བྱུང་བ་ནི། གསོད་བྱེད་སྔ་མས་རྒྱུ་མ་ལ་བུ་ག་གཅིག་བཏོད་པའི་སྟེང་དུ་གསོད་བྱེད་ཕྱི་མས་དེ་ལ་བུ་ག་གཉིས་བཏོད་པ་ལྟ་བུ། ཕྱི་མས་ངེས་པར་འཆི་ནུས་སུ་བརྡེགས་ཀྱང་། ཕྱི་མས་བརྡེག་

༼༣༩༨༽

པས་ཟུག་གཟེར་ཆེར་སྐྱེས་པའི་སྟོབས་ཀྱིས་ཚེ་སྐད་ཅིག་དུ་མས་རིང་དུ་སོང་ན། ཕྱི་མ་ལ་ཕམ་པར་འགྱུར་རམ་མི་འགྱུར་ཞེ་ན།་་་་་དང་པོ་ལྟར་ན་ཚེ་རིང་དུ་བཏང་བས་སྲོག་གཅོད་པའི་ཕམ་པ་བསྐྱེད་པ་འགལ་ལོ། །གཉིས་པ་ལྟར་ན་བཅས་ལྡན་དགེ་སློང་གིས་མི་གཞན་ལ་བསད་སེམས་ཀྱིས་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་འཆི་ངེས་སུ་བརྡེགས་ནས་ཤི་བ་ལ་ཕམ་པ་མི་བསྐྱེད་པར་འགལ་ལོ། །ཤིན་ཏུ་དཔྱད་དཀའ་སྟེ། འོན་ཀྱང་ཕྱི་མ་དེ་ལ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་མི་བསྐྱེད་པར་རིགས་ཏེ། སྦྱོར་བ་དེའི་རྐྱེན་གྱིས་སྐད་ཅིག་གིས་ཀྱང་ཚེ་ཐུང་དུ་བཏང་བ་མེད་པའི་ཕྱིར་རོ།་་་་་ཞེའམ་འོན་ཏེ་བཅས་ལྡན་དགེ་སློང་གིས་མི་གཞན་ལ་བསད་སེམས་ཀྱིས་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་འཆི་ངེས་སུ་བརྡེགས་ཏེ་ཤི་བ་ཡིན་པ་ཕམ་པ་བསྐྱེད་པར་རིགས་ཞེ་ན་འདི་ལ་ཕམ་པ་བསྐྱེད་པ་དང་མི་བསྐྱེད་པ་གང་དུའང་ཁ་ཚོན་བཅད་དཀའ་བར་སྣང་ངོ་། །གཉིས་པ་ཁྱབ་ཆེས་པར་རྩོད་པའི་སྐྱོན་སྤང་བ་ལ་གཉིས་ཏེ། རྩོད་སྤང་དངོས་དང་། འཕྲོས་པའི་དོན་ཏོ། །དང་པོ་ནི་མི་མ་ཡིན་དང་དུད་འགྲོ་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་མི་མིན་དང་དུད་འགྲོ་ཤི་བ་དང་། བསད་བྱ་གསོད་བྱེད་དུས་མཉམ་དུ་ཤི་བ་དང་། གསོད་པའི་སྦྱོར་བ་བྱས་ནས་འགྱོད་པ་སྐྱེས་པའི་འོག་ཏུ་ཤི་བ་དེ་་་་་་རྣམས་རེ་རེ་ནས། ཆོས་ཅན་་་་་་དུ་བཀོད་ནས། སྲོག་གཅོད་ཕམ་པའི་མཐར་ཐུག་ཡིན་པར་ཐལ། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་ཡིན་པའི་ཕྱིར་རོ། །འདོད་ན་མི་མ་ཡིན་གསོད་པའི་སྦོམ་པོའི་མཐར་ཐུག་དང་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་མཐར་ཐུག་ཡིན་པ་འགལ་ལ། མཛོད་ལས། སྔར་རམ་མཉམ་དུ་ཤི་བ་ལ། །དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་པ་དང་། འདི་ཉིད་ལས་འདུན་པ་བཟློག་པའི་འོག་ཏུ་རྒྱུ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཁྱབ་པ་མེད་དེ། གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་ཤི་བ་ནི་སྲོག་གཅོད་པ་ཙམ་གྱི་མཐར་ཐུག་གི་ཡན་ལག་ཡིན་ལ། བྱེ་བྲག་སྲོག་གཅོད་ཕམ་པའི་མཐར་ཐུག་གི་ཡན་ལག་ནི། སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ་མི་གསོད་པའི་སྦྱོར་བ་དེའི་རྐྱེན་གྱིས་མི་ཤི་བའོ། །གཉིས་པ་ནི་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ཆོས་ཅན། ཕ་བསད་པའི་མཚམས་མེད་མ་བྱུང་བར་ཐལ། ཕ་ཤི་

༼༣༩༩༽

བའི་སྔ་རོལ་ཏུ་འདུན་པ་ལོག་པའི་ཕྱིར་རོ། །རྟགས་ལུང་གི་གླེང་གཞི་དང་འོད་ལྡན་གྱིས་གྲུབ་ཅིང་།་་་་་མ་སྐྱེས་དགྲས་ཕ་གསོན་པའི་གཏམ་ཞིག་ཡོད་ན་མགུ་བའི་རྫས་སྦྱིན་པར་དམ་བཅས་པ་དང་། གཟུགས་ཅན་སྙིང་པོ་ཤིན་ཏུ་བརྟད་པར་འོངས་པ་རྣམས་ཀྱིས་སྒྲ་ཐོས་པས་ཤི་བར་འགྱུར་བའི་ཕྱིར་རོ། །ཞེས་བཤད་པས། ཁྱབ་པ་ནི་འདུན་པ་ལོག་ན་ཉེས་པ་ཆུང་བར་ཁས་བླངས་པས་སོ། །འདོད་ན་ལུང་ལས་མ་སྐྱེས་དགྲ་ལ་མཚམས་མེད་པ་བྱུང་ངོ་ཞེས་གསུངས་སོ་ཞེ་ན། མཚམས་མེད་རྫོགས་པར་མ་བྱུང་ཡང་མཚམས་མེད་ཆུང་ངུ་བྱུང་བ་ལ་དགོངས་ནས། ལུང་ལས་མཚམས་མེད་བྱུང་ཞེས་གསུངས་པ་སྟེ། འོད་ལྡན་ལས་མ་སྐྱེས་དགྲ་ལ་མཚམས་མེད་པ་ཆུང་བ་ཉིད་བྱུང་བའི་ཕྱིར་འགལ་བ་མེད་དེ། དཔེར་ན་ཉེས་བྱས་ཆུང་ངུ་ལ་ཉེས་བྱས་ཞེས་བྱ་བ་དེ་བཞིན་མཚམས་མེད་པ་ཆུང་ངུ་ལ་མཚམས་མེད་པ་དེ་ཉིད་ཅེས་བྱའོ། །ཞེས་བཤད་དོ། །དཀུ་ནི་གསུས་པ་སྟེ་སྦྲུམ་མའི་ལྟོ་བ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་་་་་་བུད་མེད་བསད་དོ་སྙམ་པ་ལས། མངལ་གྱི་བུ་ཤི་བ་ལྟ་བུ་སྟེ། གང་བསད་པར་བསམ་པ་ཤོས་མ་ཤི་བར། གང་བསད་པར་མ་བསམས་པ་ཤོས་དེ་ཤི་ན་སྦོམ་པོའོ། །ཊཱི་ཀ་ལས་གནོད་པ་བྱ་བར་ངེས་པ་ཡོད་པའི་ཕྱིར་རོ་་་་་་གང་ཤི་བ་དེའི་ཆ་ནས་སྲོག་བཅད་པའི་སྦོམ་པོ་མཚན་ཉིད་པ་མི་བསྐྱེད་དེ་གང་ཤི་བ་དེའི་གཞི་ལ་གསད་སེམས་མེད་པའི་ཕྱིར་རོ། །ཞེས་སོ། །འདིར་ལུང་ལས་ནི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་སོ། །རྣམ་འབྱེད་ལས་ཀྱང་གསུངས་ཏེ། གང་བསད་པར་མ་བསམས་པ་ཤོས་ཀྱི་ཆ་ནས་སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོ་མཚན་ཉིད་པ་སྟེ་སྦྱོར་བའི་རྣམ་པའི་སྦོམ་པོའོ།་་་་་བསམ་པ་ཤོས་མ་ཤི་ན་ཡང་སྦྱོར་བའི་སྦོམ་པོའོ། །ཊཱི་ཀ་ལས་བསམས་པ་ཤོས་ཤི་ན་ནི་ཕམ་པར་འགྱུར་རོ་ཞེས་སོ། །གཞི་དེ་ལས་ཞེས་པ་ལ། འོད་ལྡན་ལས་དང་དུ་ལེན་པ་ལ་གཉིས་ཏེ། རང་ཉིད་བྱེད་པར་སྨྲས་པ་དང་དུ་ལེན་པ་དང་། གནང་བ་གསོལ་བ་དང་དུ་ལེན་པའོ།་་་་་དང་དུ་ལེན་པ་དེ་གཉིས་ཀྱི་ཁྱད་པར་ནི་ཁྱིམ་པ་རྣམས་ཀྱིས་དགྲ་བོ་གསོད་དུ་འགྲོ་བ་ན་དེ་ལ་ཆས་ཀ་ཅི་ཡང་མེད་པའི་དགེ་སློང་བསོད་སྙོམས་པ་འཁྱམས་པོ་ལྟ་བུ་ལ་ངེད་ཅག་ནི་དགྲ་བོ་གསོད་དུ་འགྲོ་ཞེས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号