ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༥༧༽

བ་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་མིང་གིས་ཕྱིར་བཅོས་བྱ་དགོས་པའི་ལྟུང་བ་ནི་གཞུང་རྣམས་ལས་སྦོམ་པོ་ཞེས་གསུངས་ཀྱང་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་བོ། །གདགས་གཞིའི་ཁྱད་པར་ནི་གདགས་གཞི་ཉེས་པ་གཅིག་ལ་སྦོམ་པོ་ཞེས་མིང་བཏགས་པ་ན་སྦོམ་པོ་མཚན་ཉིད་པ་ཡིན་པ་རྟེན་ཙམ་དུ་ཡོད་ལ། གདགས་གཞི་ཉེས་པ་དུ་མ་ལ་སྦོམ་པོ་ཞེས་མིང་བཏགས་ན་སྦོམ་པོ་བཏགས་པ་བ་ཡིན་པས་ཁྱབ་སྟེ། དེ་ནི་ཡོན་ཏན་སྒྲའི་སྦོམ་པོ་ཞེས་ཀྱང་བྱའོ། །འོད་ལྡན་ལས་མིང་དུ་ཆགས་པའི་སྦོམ་པོ་དང་ཡོན་ཏན་སྒྲའི་སྦོམ་པོ་ཞེས་བཤད་པ་ནི། སྦོམ་པོ་མཚན་ཉིད་པ་དང་སྦོམ་པོ་བཏགས་པ་བ་སྟེ། དེ་ཡང་སྦོམ་པོ་མཚན་ཉིད་པ་དང་། མིང་དུ་ཆགས་པའི་སྦོམ་པོ་ལ་ཁྱད་པར་མེད་ལ། སྦོམ་པོ་བཏགས་པ་བ་དང་ཡོན་ཏན་སྒྲའི་སྦོམ་པོ་ནི་སྤྱི་དང་བྱེ་བྲག་ཡིན་པས། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ཡོན་ཏན་སྒྲའི་སྦོམ་པོ་ནི་སཾ་སྐྲྀ་ཏའི་སྐད་དུ། གྷུ་ན་ཡ་ཞེས་པ་ཡོན་ཏན་སྒྲའམ་དུ་མ་འདུས་པ་ལ་འཇུག་སྟེ།་་་་་གསོད་སེམས་མེད་པར་སྲོག་ལ་མ་ལྟོས་པའི་བསམ་པས། སྲོག་ཆགས་གསུམ་ཡན་ཆད་ཡོད་པའི་བློས་ནགས་མེས་གཏོང་བ་ལྟ་བུ། ཉེས་བྱས་དུ་མ་འདུས་པ་ལ་སྦོམ་པོར་བཏགས་པའོ། །དེ་ནི་སྦོམ་པོ་བཏགས་པ་བའི་བྱེ་བྲག་ཡིན་པས་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པ་ལ་སྦོམ་པོ་བཏགས་པ་ཡིན་པས་ཁྱབ་སྟེ་ཤུག་པ་ཡིན་པ་ལ་ཤིང་ཡིན་པས་ཁྱབ་པ་བཞིན་ནོ། །ཤིང་ཡིན་པ་ལ་ཤུག་པ་ཡིན་པས་མ་ཁྱབ་པ་བཞིན་དུ་སྦོམ་པོ་བཏགས་པ་བ་ཡིན་པ་ལ་ཡོན་ཏན་སྒྲའི་སྦོམ་པོ་ཡིན་པས་མ་ཁྱབ་སྟེ། ཉེས་་་་་་རང་གི་རྣམ་བཤད་ལས། བ་ལང་འཚོ་ན་སྦོམ་པོའོ་ཞེས་བཤད་པ་ལྟ་བུ། བྱས་གཅིག་ལ་སྦོམ་པོར་བཏགས་པ་ཐམས་ཅད་སྦོམ་པོ་བཏགས་པ་བ་ཡིན་ཡང་ཡོན་ཏན་སྒྲའི་སྦོམ་པོ་ནི་མ་ཡིན་ནོ། །སྦོམ་པོའི་སྒྲ་བཤད་པ་ནི། ལྟུང་བ་ཧ་ཅང་ཆེན་པོ་མ་ཡིན་ཞིང་། ལྟུང་བ་ཧ་ཅང་ཆུང་བ་མ་ཡིན་པ་ལ་སྦོམ་པོ་ཞེས་བྱ་སྟེ།་་་་་འོད་ལྡན་ལས་སྦོམ་པོའོ་ཞེས་བྱ་བའི་ཚིག་འདི་ནི་ལྟུང་བ་རིལ་གྱིས་མ་རྫོགས་པ་ཡིན་པ་དང་། ཧ་ཅང་ཆུང་བ་མ་ཡིན་པ་སྟེ་དཔེར་ན།་་་་་གླང་པོ་ཆེའི་གཙོ་བོ་པང་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ་ཞེས་གསུངས་སོ། །དངོས་པོ་རིན་ཐང་ཚང་བ་མཆོག་པ་བརྐུས་ན་སྦོམ་པོའོ། །བརྐུས་པའི་ཕམ་པ་མི་བསྐྱེད་དེ་རིན་ཐང་གི་ཡན་ལག་མ་ཚང་བའི་

༼༣༥༨༽

ཕྱིར་རོ།་་་་་རང་གི་ཁང་པའི་མཛོད་དུ་ཕས་གཏེར་སྦས་ཏེ་ཁ་ཆེམས་མེད་པར་ཕ་ཤི་ན། གཏེར་སྦས་པ་དེ་བུ་ལ་རྒྱུས་ཤེས་པ་མེད་པར་ཡང་། གཏེར་དེ་བུ་ལ་དབང་བ་ལྟ་བུའོ། །དོན་ལ་བདག་པོ་ཡོད་ཀྱང་དབང་བར་ཤེས་པའི་བདག་པོ་མེད་པའི་གཏེར་བརྐུས་ན་སྦོམ་པོར་འགྱུར་རོ། །བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་པོས་བདག་གིར་བྱས་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །མ་བྱིན་ལེན་གྱི་ཕམ་པ་བསྐྱེད་པ་ལ་རྫས་དེ་བདག་པོས་བདག་གིར་བྱས་པ་ཡན་ལག་ཏུ་དགོས་པ་ནི་སྐབས་འདི་དང་ལུང་གཞན་གྱིས་ཀྱང་གྲུབ་སྟེ། འདུལ་བྱེད་ལས། ནད་པས་དགེ་འདུན་ལ་བསྔོས་པའི་རྫས་དེ་ནད་གཡོག་གིས་སོ་སོར་བགོས་པ་ལ་སྦོམ་པོར་གསུངས་ཏེ། བདག་པོ་དགེ་འདུན་རྣམས་ཀྱིས་དབང་བར་མ་ཤེས་པས་ནད་གཡོག་རྣམས་ལ་ཕམ་པ་མ་བྱུང་བའོ། །འོ་ན་བདག་པོས་ཡུན་རིང་དུ་བརྗེད་པའི་རྫས་བརྐུས་ན་ཅིར་འགྱུར་ཞེ་ན། འགྲེལ་ཆུང་ལས་ནོར་བདག་གི་སེམས་ལ་ནོར་ཡོད་པར་ཡང་མི་དྲན་པ་སྟོར་བ་ཡང་མི་དྲན་པ་ཞིག་ལས་བརྐུས་ན། ཐོག་མར་ནོར་བདག་གིས་སེམས་ལ་བདག་གི་ཡིན་པར་བསམས་པས་ཕྱིས་མི་དྲན་ཡང་ཕམ་ཞེས་སོ། །རང་གིའོ་ཞེས་པ་རང་གི་རྫས་ལ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་ན་མཐར་ཐུག་གི་སྦོམ་པོའོ། །དེ་ནི་རྣམ་འབྱེད་ལས་མི་ཕམ་པའི་བྱུང་བ་ལས་སོ། །རྣམ་པ་གཅིག་ཏུ་ན་རང་གི་རྫས་གཡར་དུ་བཅུག་པ་ལ་རང་གིར་འདུ་ཤེས་ཏེ་སྐྱིན་པ་དབབ་པའི་བསམ་པས་རྐུ་ན་སྦྱོར་བའི་སྦོམ་པོ་ཞེས་པ་སྟེ། རྣམ་འབྱེད་ལས་དགེ་སློང་གིས་རང་གི་ལྷུང་བཟེད་དང་། ཆོས་གོས་རྐུ་སེམས་ཀྱིས་ལེན་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ།་་་་་འགྲོ་བ་གཞན་ཞེས་པ་འདི་ལ་བཤད་ལུགས་གཉིས་ཡོད་དེ། །མིའི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་འཁྲུལ་ཏེ་བརྐུས་ན་སྦོམ་པོར་འགྱུར་རོ་ཞེས་ཊཱི་ཀ་ལས་བཤད་ཅིང་ལུང་རྣམ་འབྱེད་ལས་མི་རྣམས་ཀྱི་རྩེད་མོའི་བྱ་ནེ་ཙོའམ་རྨ་བྱ་མུ་ཏིག་གི་ཆུན་པོས་བརྒྱན་པ་ལ་དགེ་སློང་གིས་འདི་རྣམས་བྱ་ལས་བརྐུ་བར་བྱ་ཡི་མི་ལས་མ་ཡིན་ནོ་སྙམ་དུ་སེམས་ཏེ་བརྐུས་ན་སྦོམ་པོར་འགྱུར་རོ་ཞེས།་་་་་གསུངས་ཏེ། དེ་ནི་བསམ་པའི་སེལ་བར་བཤད་པའི་ལུགས་སོ། །གཞིའི་སེལ་བར་བཤད་པའི་ལུགས་ནི་འགྲེལ་ཆུང་གི་རྩ་བ་ལས་འགྲོ་བ་གཞན་གྱིའོ་ཞེས་ཏེ། མི་ལས་འགྲོ་བ་གཞན་དུད་འགྲོ་དང་མི་མ་ཡིན་གྱི་ནོར་རྫས་བརྐུས་ན་སྦོམ་པོའོ་ཞེས་

༼༣༥༩༽

འགྲེལ་ཆུང་ལས་བཤད་ཅིང་ལུང་རྣམ་འབྱེད་ལས་་་་་་ཆུ་དཀོན་ཞིང་རིན་ཆེ་བར་གྱུར་པའི་ཚེ་དགེ་སློང་གིས་དུད་འགྲོའི་ཆུ་བརྐུས་ན་རིན་ཐང་ཚང་ན་སྦོམ་པོར་འགྱུར་རོ་ཞེས་སོ། །གསུངས་སོ། །བདག་གིར་མ་བྱས་པར་སྦ་བ་དང་། ཞེས་པ་ལ་འགྲེལ་ཆུང་ནི་བདག་གིར་མ་བྱས་ཀྱང་སྦ་བ་དང་ཞེས་པར་འཆད་དོ། །སྙིང་རྗེ་དང་ལྡན་པའི་རྐུ་སེམས་ཀྱིས་རྐུ་ན་ཉེས་བྱས་ལས་བརྐུས་པའི་ཕམ་པར་མི་འགྱུར་ཏེ། རང་དོན་དང་འཚོ་ཆེད་མེད་པའི་ཕྱིར་རོ། །སྙིང་རྗེ་ཡོད་ཀྱང་ལྟུང་བ་གཏན་ནས་མི་བསྐྱེད་པ་མ་ཡིན་ཏེ། བཅས་པའི་རྟེན་ཅན་གྱི་རྐུ་སེམས་ཀྱིས་བསྐྱེད་པའི་རིག་བྱེད་ཡོད་པའི་ཕྱིར་རོ། །ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་པས་ནོམ་པ་ནི་སྦྱོར་བ་ཉིད་དོ་ཞེས་ཤུགས་ཀྱིས་བསྟན་ཏེ། ལུང་ལས་དངོས་སུ་ཡང་ངོ་། །་་་་་འང་ལུང་རྣམ་འབྱེད་ལས་ནོམ་པར་བྱེད་ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ་ཞེས་ནོམ་པ་ན་སྦྱོར་བའི་སྦོམ་པོ་བསྐྱེད་པར་གསུངས་སོ། །ཕྲི་བའི་གོམ་པ་རེ་རེ་ལ་སྦྱོར་བའི་སྦྱོར་བ་དེ་ཐ་དད་པ་ཡིན་ནོ། །ཞེས་པའི་ཊཱི་ཀ་ལས་མི་སྣང་བར་འགྲོ་བའི་རྐང་པ་བཏེག་པའི་སྔ་རོལ་གྱི། རྐང་པ་བཏེག་པ་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་རོ་ཞེས་སོ། །འོ་ན་འདུལ་བྱེད་ཀྱི་སྐབས་ལས་རྐུ་བའི་ཆེད་དུ་འགྲོ་བ་ཡང་ངོ་། །དེ་ལས་གྲོས་བྱེད་པ་ཐ་དད་པ་དེ་ཉིད་མ་ཡིན་ནོ་ཞེས་རྐུ་བའི་གྲོས་བྱེད་པ་ནས་བརྩམས་ཏེ་རྐུ་བའི་ཆེད་དུ་འགྲོ་བའི་གོམ་པ་རེ་རེ་ལ་ཉེས་བྱས་གཅིག་ཏུ་གསུངས་པ་དང་། སྐབས་འདིར་ཕྲི་བའི་གོམ་པ་རེ་རེ་ལ་ཉེས་བྱས་ཐ་དད་དུ་གསུངས་པ་དེ་ཇི་ལྟར་གཞག་ཅེ་ན། ཉེས་བྱས་གཅིག་ཏུ་གསུངས་པ་དེ་སྤྱིར་བཏང་ཡིན་ལ། འདིར་ཉེས་བྱས་ཐ་དད་དུ་གསུངས་པ་འདི་དམིགས་བསལ་ཡིན་པར་རིགས་སོ། །འདིར་ཁ་ཅིག་ན་རེ། ཕྲི་བའི་གོམ་པ་རེ་རེ་ལ་ཞེས་པ་གོམ་པ་ཐ་དད་པ་ལ་དགོངས་པ་ཡིན་གྱི། ཉེས་བྱས་ཐ་དད་དུ་བསྐྱེད་པ་མ་ཡིན་ཏེ། ཉེས་བྱས་ཐ་དད་དུ་བསྐྱེད་པའི་རྒྱུ་གང་ཡང་མེད་པའི་ཕྱིར་རོ་ཞེས་ཟེར་ཏེ་ཉེས་བྱས་ཐ་དད་དུ་བསྐྱེད་པའི་རྒྱུ་ནི་བཅོམ་ལྡན་འདས་ཀྱིས་ཐ་དད་དུ་བསྐྱེད་པར་བཅས་པའི་དབང་གིས་རྣམ་པར་བཞག་སྟེ། འོད་ལྡན་ལས། ལྟུང་བ་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲངས་པས་སོ་ཞེས་སོ། །དེའི་གཞི་ལ་ནི་ཞེས་པ་ལ། སྤྱིར་ན་གཞི་སེམས་ཅན་ལས་གྱུར་པ་ལ་གཉིས་སུ་དབྱེ་སྟེ། གཞི་སེམས་ཅན་ཚོགས་པ་ཡན་ལག་ཏུ་དགོས་པ་

༼༣༦༠༽

དང་། ཚོགས་པ་ཡན་ལག་ཏུ་མི་དགོས་པའོ། །དང་པོ་ནི་སྨྱན་བྱེད་པ་དང་་་་་་ཉལ་པོ་བྱེད་པར། ཤོམ་འདུག་འགྲེང་དང་དམག་ལ་བལྟ་བ་ལ་སོགས་པ་སྟེ། དེ་དག་ནི་སེམས་ཅན་སོ་སོ་ལ་བརྟེན་ནས་དངོས་གཞིའི་ལྟུང་བ་གཅིག་ཏུ་འགྱུར་ཡང་། སྐབས་འདིའི་བརྗོད་བྱ་མ་ཡིན་ནོ། །གཉིས་པ་ནི་འདིར་བསྟན་ཏེ། སེམས་ཅན་ཚོགས་པ་ཡན་ལག་ཏུ་མི་དགོས་པ་རྣམས་ཀྱི་དབང་དུ་བྱས་ནས། སེམས་ཅན་དེའི་གཞི་ལ་བརྐུས་པ་དང་མཚོན་བཏབ་པ་དང་སྐུར་བ་བཏབ་པ་ལ་སོགས་པ་ལ་ནི་སེམས་ཅན་སོ་སོ་ལ་ལྟུང་བ་ཐ་དད་པར་འགྱུར་རོ། །ཞེས་གོང་དུ་སྦྱར་ཏེ། སྦྱོར་བའི་སྦྱོར་བའི་ཉེས་བྱས་ཐ་དད་དང་། སྦྱོར་བའི་སྦོམ་པོ་ཐ་དད་དང་། མཐར་ཐུག་གི་ཕམ་པ་ཐ་དད་དུ་བསྐྱེད་པ་ལྟ་བུའོ། །རྩ་བ་བཤད་ཟིན་ཏོ། །ད་ནི་འགྲེལ་བའི་དོན་རྣམ་པ་གསུམ་རིམ་པ་བཞིན་དུ་བཤད་པར་བྱ་སྟེ།་་་་་འདིར་འགྲེལ་ཆུང་ལས་མི་གཉིས་གསུམ་ཡན་ཆད་མང་པོ་ཞིག་གི་ནོར་ལ་དགེ་སློང་གཅིག་གིས་བརྐུས་ན་མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡང་ཡོད། ཕམ་པ་ནི་སྤྱིར་གཅིག་ཏུ་ཟད་དེ་ཞེས་བཤད་པ་ནི། ཕམ་པ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ཡིན་གྱི། འདིར་ཕམ་པ་ཐ་དད་པ་སྟེ། འགྲེལ་ཆུང་དེ་ཉིད་ལས་སྡིག་ནི་མི་དུ་ཡོད་པ་བཞིན་དུ་ཕམ་པ་རེ་རེའི་སྡིག་ཡོད་ཅེས་བཤད་པ་དང་། ཊཱི་ཀ་ལས་སེམས་ཅན་སོ་སོ་ལ་དངོས་གཞིའི་ལྟུང་བ་ཐ་དད་དོ་ཞེས་བཤད་པས་གྲུབ་བོ། །དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་པའི།་་་་་སྐབས་འདིར་ཊཱི་ཀ་ལས་བདག་པོ་དུ་མ་ལ་རྐུ་ན་སེམས་ཅན་སོ་སོ་ལས་མ་བྱིན་ལེན་གྱི་ཕམ་པར་འགྱུར་ཞིང་སྦྱོར་བའི་སྦོམ་པོ་ནི་གཅིག་ཁོ་ནར་འགྱུར་ཞེས་བཤད་པ་ནི་སྦོམ་པོ་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་པ་ཡིན་གྱི། འདིར་སྦོམ་པོ་ཐ་དད་པ་སྟེ། ཕམ་པ་ཐ་དད་ཀྱི་སྦྱོར་ལྟུང་ཡིན་པའི་ཕྱིར་དང་། འགྲེལ་ཆུང་ལས་་་་་་དེའི་གཞི་ལ་ནི་མི་དུ་ཡོད་པ་བཞིན་དུ་ཉེས་བྱས་དང་སྦོམ་པོ་རེ་རེ་ཡང་ཡོད་ཅེས་བཤད་པས་གྲུབ་བོ། །ཊཱི་ཀ་ལས། དགེ་སློང་གིས་མདའི་སྦྱོར་བ་གཅིག་གིས་མི་མང་པོ་དག་ལ་འཕངས་ན་སེམས་ཅན་སོ་སོ་ལས་སྦོམ་པོ་ཐ་དད་པར་འགྱུར་ལ། ཉེས་བྱས་ནི་གཅིག་ཁོ་ནར་འགྱུར་ཞེས་པ་ནི་སྦྱོར་བའི་སྦྱོར་བའི་ཉེས་བྱས་རྣམས་ལྡོག་མཚུངས་གཅིག་པ་ལ་དགོངས་སོ་ཞེས་རིགས་སོ། །མཐར་ཐུག་པའི་སྐབས་ནི། དེ་བྱས་ནས་རྐུ་བ་ལ་ནི་

༼༣༦༡༽

ཞེས་པ་ལ་སོགས་པ་སྟེ། འདི་ལ་གཉིས་ཏེ། དང་པོ་སྤྱིའི་དོན་ཏོ། །མ་བྱིན་ལེན་གྱི་མཐར་ཐུག་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། བྱང་རྡོར།་་་་་ཁ་ཅིག་ན་རེ་མ་བྱིན་པར་ལེན་པའི་མཐར་ཐུག་ནི། གནས་ནས་སྤགས་པ་སྟེ། རྣམ་འབྱེད་ལས། གནས་ནས་གནས་སུ་སྤོད་པར་བྱེད་པ་ན་བརྐུས་པར་བརྗོད་པར་བྱའོ། །ཇི་ལྟར་གནས་ནས་གནས་སུ་སྤོད་ཅེ་ན། གང་དུ་བཞག་པར་གྱུར་པའི་གནས་དེ་ནས་སྤགས་ཤིང་གཞན་དུ་འཇོག་པར་བྱེད་པ་སྟེ་ཞེས་གསུངས་པ་དང་། ཊཱི་ཀ་ལས་གང་ཁྲི་ལས་ལྡང་བ་ལ་སོགས་པའི་ཚེ་ན་ཉེས་བྱས་སོ། །ནོམ་པ་ན་ཉེས་པ་སྦོམ་པོའོ། །གནས་ནས་སྤགས་པ་ན་ཕམ་པར་བསྟན་ཞེས་པ་ལ་སོགས་པ་མཐར་ཐུག་གནས་སྤགས་ཡིན་པའི་གཞུང་མང་དུ་བྱུང་བས་གྲུབ་བོ་ཞེས་ཟེར་རོ། །འོ་ན་བློ་གྲོས་དུ་མས་རྐུ་བ་ཆོས་ཅན། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་མ་ཡིན་པ་མི་འཐད་པར་ཐལ། མ་བྱིན་ལེན་གྱི་མཐར་ཐུག་གནས་སྤགས་ཡིན་པའི་ཕྱིར་རོ། །འདོད་ན་ཊཱི་ཀ་ལས། རྐུན་པོ་རྣམས་བློ་གྲོས་མི་མཐུན་པ་བློ་གྲོས་དུ་མ་ཉིད་ཡིན་ན་བགོ་སྐལ་ཐོབ་ན་བརྐུས་པ་ཡིན་གྱི་གནས་སྤགས་པ་ན་བརྐུས་པ་ནི་མ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་རྫས་འདུག་པ་གནས་ནས་སྤགས་པ་དེ་འདིའི་མཐར་ཐུག་གི་ཡན་ལག་ཡིན་པར་འདོད་ན་ནི། སྔོན་སྒྲགས་ཟུར་མཁར་དུ་བྲག་འོག་ནས་ཆུ་ཆེན་པོ་རྡོལ་ཏེ་ཞིང་དང་མཁར་ཁང་ཆུ་ཡིས་ཁྱེར་བ་ལྟ་བུའམ། རེ་ཁྱིམ་དང་ཀོ་ཁྱིམ་ལྟ་བུ་མ་ཡིན་པའི་དབང་དུ་བྱས་ཏེ། བརྟན་པར་གནས་པའི་བྱེ་བྲག་ཅེས་སྨོས་སོ།་་་་་།བརྟན་པར་གནས་པའི་བྱེ་བྲག་ཞིང་དང་ཁང་ཁྱིམ་རྐུ་བ་ཆོས་ཅན། མ་བྱིན་ལེན་གྱི་མཐར་ཐུག་གྲུབ་པ་མི་སྲིད་པར་ཐལ། རྫས་འདུག་པ་གནས་ནས་སྤགས་པ་མི་སྲིད་པའི་ཕྱིར་རོ། །འདོད་ན་ས་གཞི་དང་ཁང་ཁྱིམ་དག་རྐུ་ན་ཕམ་པ་བསྐྱེད་པར་གསུངས་པ་དང་འགལ་ལོ། །ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པ་མཐར་ཐུག་གནས་སྤགས་ཡིན་པར་བཤད་པའི་གཞུང་ཐམས་ཅད་དེའི་ཚེ་ན་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་པ་ཡིན་ནོ་ཞེས་གསུངས་ཏེ། དེའང་འདིའི་མཐར་ཐུག་ཐོབ་བློ་ཡིན་པར་གསུངས་པའི་གཞུང་མང་དུ་ཡོད་པ་འདི་རྣམས་གཙོ་བོར་བྱས་པའོ། །གཉིས་པ་རང་ལུགས་བཞག་པ་ནི། མ་བྱིན་

༼༣༦༢༽

ལེན་པའི་མཐར་ཐུག་ནི་གང་མ་བྱིན་པར་བླངས་པ་དེ་ཐོབ་པའི་བློ་སྐྱེས་པ་སྟེ། ཐུབ་པའི་དགོངས་རྒྱན་ལས། བརྐུས་ནས་ཐོབ་བོ་སྙམ་སྟེ་རྣམ་པར་དབུགས་ཕྱུང་ནས་གནས་ནའོ་ཞེས་གསུངས་པ་དང་། ཊཱི་ཀ་ལས། རྐང་པའི་དྲུང་དུ་འོངས་ཀྱང་ཅི་སྲིད་དུ་སྣང་བར་མ་གྱུར་ན་དེའང་བརྐུས་པར་མི་འགྱུར་ཏེ། གྲུབ་པའི་བློ་མེད་པའི་ཕྱིར་རོ་ཞེས་གསུངས་པ་དང་། ཞུ་འགྲེལ་ལས་ཀྱང་། འོག་ཏུ་མ་ལྟུང་ན་ཡལ་ག་ལས་བྲལ་བ་ཙམ་གྱིས་ནི་མ་ཡིན་ཏེ་གྲུབ་པའི་བློ་མེད་པའི་ཕྱིར་རོ་ཞེས་བཤད་པས་ཤེས་ལ། རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་ནའོ་ཞེས་པ་དང་། འདི་ལ་བློ་གྲོས་དུ་མ་ཉིད་ན་ཐོབ་ན་བརྐུས་པ་ཡིན་ནོ་ཞེས་བཤད་དེ། ཐོབ་ན་ཞེས་གསུངས་པས་ཀྱང་ཐོབ་བློ་ཡིན་པར་ཤུགས་ཀྱིས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི། འོ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །མཐར་ཐུག་གནས་ནས་སྤགས་པའོ། །ཞེས་གསུངས་པ་དང་། འོད་ལྡན་ལས། གནས་ནས་སྤགས་པ་ཁོ་ན་ནི་བརྐུས་པ་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་ཚེ་ཐོབ་བློ་སྐྱེ་བའི་ཕྱིར་ཞེས་དགོངས་པ་ཡིན་པས་མི་འགལ་ལོ། རང་གིས་དོགས་པ་རྩོད་པ་འདི་སྐད་དུ།་་་་་གལ་ཏེ་མཐར་ཐུག་གནས་སྤགས་ཡིན་ན་ནི་གང་ཟག་གཅིག་གིས་ཕམ་པ་བཞིའི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་འདི་རུང་ཡང་། མཐར་ཐུག་ཐོབ་བློ་ཡིན་པ་ལྟར་ན་འདི་མི་རུང་། ལྟུང་བ་བསྐྱེད་པའི་རྟེན་དགེ་སློང་གཅིག་གིས་ཕམ་པ་བཞི་ཀའི་མཐར་ཐུག་དུས་གཅིག་ཏུ་གྲུབ་པ་མི་སྲིད་པར་ཐལ། དགེ་སློང་གཅིག་ཉིད་ལ་བདེ་བ་ཉམས་མྱོང་བདག་གིར་བྱེད་པའི་རྟོག་པ་དང་མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློའི་རྟོག་པ་གཉིས་ཅིག་ཅར་འཇུག་པ་མེད་པའི་ཕྱིར་རོ། །དེའང་རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་བཤད་པས་གྲུབ་བོ། །ཁྱབ་པ་མེད་ན་མ་བྱིན་ལེན་གྱི་མཐར་ཐུག་ཐོབ་བློ་ཡིན་པ་ཉམས་སོ། །འདོད་ན་འོད་ལྡན་ལས་གཅིག་ལ་མཐར་ཐུག་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་ཅིག་ཅར་རྫོགས་པ་ལ་དགོངས་པ་ཡིན་ཞེས་

༼༣༦༣༽

བཤད་དོ་ཞེ་ན། དེ་ནི་འོད་ལྡན་དུ་སྔ་རབས་པའི་འདོད་པ་བརྗོད་པ་ཡིན་གྱིས། བྱེ་བྲག་སྨྲ་བ་ལྟར་ན་མཐར་ཐུག་རིམ་གྱིས་གྲུབ་པའོ། །མཐར་ཐུག་གནས་སྤགས་ཡིན་པར་གསུངས་པ་དང་མི་འགལ་བའི་རྣམ་གྲངས་གཞན་ཡང་འོད་ལྡན་དུ་གནས་སྤགས་ཀྱི་བྱེ་བྲག་མང་དུ་ཡོད་པར་བསྟན་པའི་སྐབས་ལས་་་་་་བཙོ་བླག་མཁན་གྱི་གོས་རླུང་གིས་ཁྱེར་བ་དེ་མ་བྱིན་པར་ལེན་པ་ལྟ་བུ། ཁ་ཅིག་ནི་བསམ་པས་བཏང་བའོ།་་་་་འི་གནས་ནས་སྤགས་པ། བླའི་གྲར་བརྩོད་ཅིང་མ་བྱིན་པར་ལེན་པ་ལྟ་བུ།་་་་་ཁ་ཅིག་ཏུ་ནི་ཕམ་པ་་་་་འི་གནས་སུ་སྤགས་པའོ། །ཁ་་་་་་བརྟོད་པ་དང་ཁྱུ་ལས་བཀར་དེ་རྐུ་བ་ལྟ་བུ། ཅིག་ཏུ་ནི་མི་སྣང་བའོ།་་་་་འི་གནས་སུ་སྤགས་པ། ཁ་་་་་་གསང་སྔགས་ཀྱིས་འདྲེན་ཅིང་རྐུ་བ་ལྟ་བུ། ཅིག་ཏུ་ནི་སྣང་བ་་་་་འི་གནས་སུ་སྤགས་པའོ། །འོག་གཟུར་བརྩད་ཅིང་མ་བྱིན་པ་ལེན་པ་ལྟ་བུ།་་་་་ཁ་ཅིག་ཏུ་ནི་་་་་་ཕ་རོལ་པོའི་རེ་བ་མ་ཆད་པའི་གནས་ནས། རེ་བ་ཆད་པ་་་་་འི་གནས་སུ་སྤགས་པ། ཞེས་བྱ་བ་ལ་སོགས་པ་མཚན་ཉིད་ཇི་ལྟ་བ་བཞིན་དུ་དཔྱད་ནས་བརྗོད་པར་བྱའོ་ཞེས་་་་་་པ་ནི་གནས་ནས་ཕམ་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་གནས་སུ་སྤོག་པར་བྱེད་པ་ལྟ་བུའོ། །ཞེས་གསུངས་སོ། །གསུངས་སོ།་་་་་གཞན་ཡང་འོད་ལྡན་ལས་བརྩད་པས་རྐུ་བ་ནི་འོག་གཟུར་བརྩོད་ལ་དེར་ཕ་རོལ་གྱིས་རེ་བ་མ་ཆད་པའི་གནས་ནས་རེ་བ་ཆད་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་གནས་སུ་སྤག་པར་བྱེད་པ་དང་གལ་ཏེ་བླའི་གྲར་རྩོད་ན་དེར་ཕ་རོལ་པོ་མ་ཕམ་པའི་གནས་ནས་ཕམ་པའི་གནས་སུ་ཕྱིན་པར་བྱེད་པ་ནི་གནས་ནས་གནས་གཞན་དུ་སྤོག་པར་བྱེད་པ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པའོ། ཡན་ལག་གི་དོན་ནི། གོས་མང་པོ་ས་ལ་བཏིང་བ་ལྟ་བུ་ལ་ཁུར་དེ་བྱས་ནས་ཊཱི་ཀ་ལས་གཟོར་རྐུའོ་སྙམ་པས། རྐུ་བ་ལ་ནི་ཁུར་བརྐུས་པ་ན་ཁུར་བཏེག་སྟེ་འཕགས་ན་ཕམ་པར་འགྱུར་བའོ། །ཊཱི་ཀ་ལས་རླུང་གིས་གོས་དག་གཏོར་བར་གྱུར་པ་ནི། དགེ་སློང་གིས་ཁུར་དུ་དྲགས་ཏེ་རྐུའོ་སྙམ་པས་གོས་དེ་དག་སྡུད་པར་བྱེད་པར་ཁུར་འདྲེག་པའི་སྔ་རོལ་ཏུ་གོས་རེ་རེ་ནས་གནས་ནས་སྤོས་ཀྱང་ཕམ་པར་མི་འགྱུར་ཏེ། དེའི་ཚེ་བསྡུའོ་སྙམ་པའི་བློ་ཡོད་ཀྱི་རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །ཊཱི་ཀ་ལས། མེ་ཏོག་ལ་སོགས་པ་བཏུས་ནས་གཟོད་རྐུའོ་སྙམ་པས་བརྐུ་བ་ལ་ནི་ཕུང་པོ་བརྐུས་ན་སྟེ། ཕུང་པོ་བཏེག་སྟེ་ས་ལས་འཕགས་ན་ཕམ་པར་འགྱུར་བར་བཤད་དོ། །ཊཱི་ཀ་ལས་མེ་ཏོག་ལ་སོགས་པ་རེ་རེ་ནས་བཏོགས་

༼༣༦༤༽

པའམ་བཏུས་པའི་ཚེ་ན་ནི་བརྐུས་པ་མ་ཡིན་ཏེ། དེའི་ཚེ་ན་བཏོགས་པའི་བསམ་པ་ཡོད་པར་ཟད་ཀྱི་རྐུ་བའི་བསམ་པ་མེད་པའི་ཕྱིར་རོ་ཞེས་སོ།་་་་་བརྐུ་བྱའི་རྫས། ཆུའམ་འདམ་རྫབ་ལ་སོགས་པར་སྦྱིིངས་པ་སྟེ་བྱིང་པར་བྱས་ཏེ་རྐུ་བ་ལ་ནི་གནས་ཆུའམ་འདམ་རྫབ་ལ་སོགས་ཀྱི་སྟེང་ནས་བརྐུ་བྱ་རྫས་ཀྱི་སྟེང་བྱིང་་་་་་འགྲེལ་ཆུང་ལས་ཆུའི་གཏིང་དུ་ནོར་སོང་སྟེ་ཆུ་དྭངས་བས་སྟེང་ནས་བལྟར་སྣང་བ་ནི་སྦོམ་པོ་ཞེས་བཤད་པ། སྟེ་རྫས་མི་སྣང་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །དེ་ལ་རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ། གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་བ་ན་བརྐུས་པའོ་ཞེས་པ་འདི་མི་འཐད་དེ། དེའི་ཚེ་ན་རྐུ་བའི་བསམ་པ་མེད་པའི་ཕྱིར་རོ། །དེ་ཡང་ལུང་རྣམ་འབྱེད་ལས་ཕྱིས་རྐུའོ་སྙམ་པའི་བློས་ཞེས་གསུངས་པས་ཟོང་སྦྱིངས་པའི་ཚེ་ན་རྐུ་སེམས་མེད་པར་གྲུབ་ཅེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྣམ་འབྱེད་ལས་གསུངས་པ་དེ་ནི། ཕྱིས་རྐུའོ་སྙམ་པའི་བློས་ཞེས་བསྟན་པ་མ་ཡིན་གྱི། ཕྱིས་བསྐུར་རོ་སྙམ་པའི་བློ་ཞེས་བསྟན་པ་ཡིན་ཏེ་ལུང་རྣམ་འབྱེད་ལས་སྦྱིངས་ཏེ་རྐུ་བའི་སྐབས་དེ་ཕྱིས་དབྱུང་ངོ་སྙམ་པའི་བློས་གོས་སམ་བསམ་པ་གང་ཡིན་པ་དེ་ནི་མ་བརྐུས་པ་རྐུ་བའི་བསམ་པ་མ་ཡིན་གྱི་བརྐུས་ཟིན་པ་བསྐུར་བའི་བསམ་པའོ། །དབྱུང་ངོ་ཞེས་པ་འདི་ཨུད་་་་་་ལུང་ལས་སཾ་སྐྲྀ་ཏའི་སྐད་དུ། ཐར་ཞེས་སྐད་ཀྱི་བྱིངས་གསུངས་ཏེ། སྐད་ཀྱི་བྱིངས་དེ་ཡང་བརྐུས་པ་དང་བསྐུར་བ་དང་རྒྱ་ཆེ་བ་དང་གསུམ་ལ་འཇུག་པའི་སྒྲ་ལུང་རྣམ་འབྱེད་དུ་གསུངས་པ་དེ་ནི། ཊཱི་ཀ་ལས་་་་་་ཨུད་ཐར་ཞེས་པའི། སྐད་ཀྱི་བྱིངས་འདི་ཡང་བསྐུར་བའི་དོན་ཡིན་གྱི་རྐུ་བའི་དོན་ནི་མ་ཡིན་ནོ་ཞེས་སོ། །ཁྱེད་ཀྱི་ལུགས་ལྟར་ན།་་་་་ཟོང་སྦྱིངས་པའི་ཚེ་ན་རྐུ་སེམས་མེད་ན། ཟོང་སྦྱིངས་པར་བྱེད་པའི་ཚེ་ན་་་་་་ཆོས་ཅན་རྐུ་སེམས་མེད་པའི་ཕྱིར། མ་བྱིན་ལེན་གྱི་ལྟུང་བ་མི་བསྐྱེད་པར་ཐལ་བ་ལས། ལུང་རྣམ་འབྱེད་ལས་དགེ་སློང་གིས་ཟོང་སྦྱིངས་བའི་ཕྱིར་ཁྲི་ལས་ལྡང་བར་བྱེད་ཆུར་འཇུག་པར་བྱེད་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་པ་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །མུ་ཏིག་གི་ཆུན་པོའམ་ཤིང་སྡོང་པོ་ལྟ་བུ་དྲུད་ཅིང་བཤལ་ཏེ་རྐུ་བ་ལ་ནི་འདྲེན་བྱེད་ཀྱི་ངོས་ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་ངོས་ཕྱི་མ་ཤོས་འདས་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ཤིང་སྡོང་པོ་ལྟ་བུ་བརྐུ་

༼༣༦༥༽

བྱའི་རྫས་དེས་ཁྱབ་ཅིང་ནོན་པའི་ཁོངས་སུ་གཏོགས་པའི་མཚམས་དེ་དང་ལྡན་པ་ཉིད་ལ་ནི་མཚམས་དེ་ལས་འདས་ཀྱང་བརྐུས་པའི་མཐར་ཐུག་པ་མ་ཡིན་ནོ། །གལ་ཏེ་རྫས་དེས་ནོན་ཅིང་ཁྱབ་པའི་མཚམས་དེ་ལས་འདས་ན་བརྐུས་པ་ཡིན་ན། རྫས་དེའི་ཆ་ཕྱི་མ་ཤོས་ཁོ་ན་བརྐུས་པས་འགྱུར་ལ།་་་་་ཏེ་སྦྱོར་བ་དེའི་རྐྱེན་གྱིས་མཚམས་ལས་འདས་པ་ཕྱི་མ་ཤོས་ཁོ་ན་ལ་ཡོད་པའི་ཕྱིར། དེ་ལྟར་ན་ཤིང་སྡོང་པོ་གཅིག་ཉིད་ལྟ་བུ་ཆ་ཤས་འདྲེས་ཤིང་འབྱར་བ་དྲང་བར་བྱ་བའི་དངོས་པོ་གཅིག་ལ་ཕྱེད་བརྐུས་ཕྱེད་མ་བརྐུས་པ་འགལ་བར་འགྱུར་རོ།་་་་་འོད་ལྡན་ལས་ཆ་ནས་འདྲེས་ཤིང་འབྱར་བ་དྲང་བར་བྱ་ཞེས་པ་ནི་ཐ་སྙད་རྣམ་གཞག་ལ་ཆ་ཤས་འདྲེས་ཤིང་འབྱར་བ་ཡིན་གྱི་རིགས་པས་བརྟགས་པའི་རྣམ་གཞག་ལ་རྡུལ་ཕྲ་རབ་འདྲེས་ཤིང་འབྱར་བ་ནི་མ་ཡིན་ནོ། །བླ་མ་རྣམས་ནི་རྡུལ་ཕྲ་རབ་འདྲེས་ཤིང་འབྱར་བ་ཞེས་གསུངས་པས། རྡུལ་ཕྲ་རབ་འབྱར་བར་འདོད་པ་མུ་སྟེགས་པའི་ལུགས། རྡུལ་ཕྲ་རབ་རྣམས་བསྐོར་བ་བར་བཅས་སུ་འདོད་པ་བྱེ་བྲག་སྨྲ་བའི་ལུགས་རྡུལ་ཕྲ་རབ་རྣམས་བར་མེད་ཅིང་རེག་ལ་མ་འབྱར་བ་འདོད་པ་མདོ་སྡེ་པའི་ལུགས་ཡིན་པར་བཤད་དེ་དབུ་མ་རྒྱན་ལས། འབྱར་བའམ་ནི་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་ཞེས་སོ། །མཚམས་དེའི་མཚན་ཉིད་ཅན་ནི་གྱོང་གྲུགས་དང་ཞེས་པའོ། །་་་་་མཚམས་དེའི་མཚན་ཉིད་ནི་གྱོང་གྲུགས་དང་། གས་པ་དང་ཞེས་ཊཱི་ཀ་ལས་བཤད་ཀྱང་མཚམས་དེའི་མཚན་ཉིད་ཅན་ཡིན་པ་ལ་དགོངས་པ་སྟེ། གྱོང་གྲུགས་མཚམས་དེའི་མཚན་ཉིད་ཡིན་ན་ཧ་ཅང་ཐལ་ཆེས་ཏེ། ཆུས་བར་དུ་གཅོད་པའི་མཚམས་དེ་ཆོས་ཅན། མཚམས་མ་ཡིན་པར་ཐལ། གྱོང་གྲུགས་གཏན་ནས་མ་ཡིན་པའི་ཕྱིར། ཁྱབ་པ་མེད་ན་དེ་དེའི་མཚན་ཉིད་ཡིན་པའི་དམ་བཅའ་བུད། སྐྱེ་བ་ལྗོན་ཤིང་ལྟ་བུ་ཕྱུང་སྟེ་རྐུ་བ་ནི་རྫས་ས་ལ་བཞག་པ་རྐུ་བ་དང་འདྲ་སྟེ།་་་་་ས་ལས་འབྲེལ་མེད་དུ་མ་སོང་ན་ཊཱི་ཀ་ལས་རྩ་བ་ནས་བཏོན་པ་ཙམ་གྱིས་ནི་མ་ཡིན་ཏེ་ཞེས་སོ། །ས་ལས་འབྲེལ་མེད་དུ་བཏོན་པ་ན་བརྐུས་པའོ། །འོ་ན་རྣམ་བྱེད་ལས་ཤིང་བཏོན་ནས་ཕྱིས་བརྐུ་བར་བཤད་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། བཏོན་པ་དང་རྐུ་བ་དུས་མཉམ་པ་ལ་བཏོན་ནས་རྐུ་ཞེས་གསུངས་ཏེ་ཁ་གདངས་ནས་ཉལ་མིག་བཙུམ་ནས་རྒོད་ཅེས་ཟེར་བ་དང་འདྲའོ་ཞེས་འོད་ལྡན་ལས་བཤད་དོ། །མི་རྐུ་བ་ལ་གཉིས་ལས། རང་ལ་མི་མོས་པའི་མི་རྐུ་བ་ནི་མཐུས་འཛིན་པ་སྟེ་འོག་ནས་འཆད་དོ། །རང་ལ་མོས་

༼༣༦༦༽

པའི་མི་རྐུ་བ་ལ་གལ་ཏེ་བརྡས་རྐུ་བ་ན་ནི་བརྡ་དེ་གྲུབ་ན་བརྐུས་པའི་ཕམ་པ་བསྐྱེད་པའོ། །ལུང་རྣམ་འབྱེད་ལས་བྱ་རྐུ་བ་ལ་གཉིས་ཏེ། མངོན་སུམ་དུ་བབས་པ་རྐུ་བ་དང་སྤར་ཏེ་རྐུ་བའོ། །དང་པོ་ནི་མི་གཞན་དབང་བའི་བྱ་ལིངས་པ་རྣམས་ཀྱི་ནགས་མེས་བཏང་ནས་ནགས་ཁྲོད་ཀྱི་བྱ་རྣམས་མིག་དུད་པས་ཁྱབ་པའི་བྱ། ཁ་ཅིག་དགེ་སློང་གིས་འཆག་སའམ་དང་རའམ་སྒོ་ཁང་དག་ཏུ་བབས་པའི་བྱ་བརྐུས་ན་ཕམ་པར་འགྱུར་ཏེ། རི་དྭགས་དང་བྱ་དང་ཞེས་སྔར་བསྟན་ཏོ། །གཉིས་པ་ནི་གལ་ཏེ་བྱ་སྤར་ཏེ་རྐུ་བ་དེ་ལྟར་ན་བྱ་་་་་་འཕུར་དུ་བཅུག་སྟེ། སྤར་བ་ན་བརྐུས་པ་སྟེ་འཕུར་བ་ན་ཕམ་པ་བསྐྱེད་པའོ། །ནམ་མཁའ་མཚམས་གཞན་གྱི་བར་དུ་ཆོད་པའི་ཕྱིར། ཊཱི་ཀས་འདིར་བྱ་སྨས་པ་ནི་དཔེ་ཙམ་སྟེ། རྫས་ཐམས་ཅད་ནི་ནམ་མཁའི་མཚམས་གཞན་དུ་སོང་ན་བརྐུས་པ་ཡིན་ནོ་ཞེས་སོ། །དུད་འགྲོ་གློ་བུར་བའི་དབང་དུ་བྱས་པ་ནི་དུད་འགྲོ་རི་དྭགས་ལ་སོགས་པ་རྒྱའམ་རྙི་ལ་བཏགས་པ་ནི་བཀྲོལ་བ་ནའོ། །དུད་འགྲོ་གཉུག་མ་བའི་དབང་དུ་བྱས་པ་ནི། ར་་་་་་བརྟོད་པ་ལ་རྐུ་བ་དང་། ཞེས་པ་སྔ་མ་རྣམས་གསུང་ཡང་བརྟོད་པ་ནི་རྐུ་བའི་སྦྱོར་བ་ཡིན་ཏེ། འགྲེལ་པ་གཉིས་ཀས་དོན་འདི་ལྟར་བཤད་དེ། ལུག་ལ་སོགས་པའི་ཁྱུ་འགྲོ་བཞིན་པའི་ནང་ནས་་་་་་སྤར་ཁུང་ལ་སོགས་པའི་ནང་དུ་རྐུ་བ་པོ་དེས། ཕུར་བ་ལ་བརྟོད་ཅིང་བཞག་པས་བརྐུ་བར་བྱེད་པ་དང་ཁྱུ་ལས་བཀར་བ་གཉིས་ནི་་་་་་མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། །ཞེས་སོ།་་་་་དེ་ནི་དུད་འགྲོ་ངང་གིས་འགྲོ་བ་བརྐུས་པ་ཡིན་ནོ། །དམིགས་བསལ་ནི་ཊཱི་ཀ་ལས་གང་མཐུས་བཀྲི་དགོས་སམ་སྒྲ་ཕྱུང་སྟེ་བདའ་དགོས་པ་ཞིག་ན་ནི་དེ་མི་སྣང་བ་ཉིད་དུ་ཕྱིན་ཀྱང་བརྐུས་པ་མ་ཡིན་ཏེ་ཇི་སྲིད་དུ་བག་ཚ་བ་མེད་པའི་ཡུལ་དུ་མ་ཕྱིན་ཏམ་དབང་དུ་བྱས་པར་མ་གྱུར་གྱི་བར་དུ་བརྐུས་པ་མ་ཡིན་ནོ་ཞེས་སོ། །གོམ་པ་ཕྱིར་ནུར་བ་དང་། འབྱངས་པ་སྟེ། མདུན་ནས་རིང་དུ་སོང་བ་དང་། ལམ་ནས་གཡས་གཡོན་དུ་འབྱམས་པ་སྟེ། ལམ་གཡས་གཡོན་ནས་བརྐུ་བ་ཞེས་འགྲེལ་ཆུང་ལས་སོ།་་་་་།རྣམ་འབྱེད་ལས་གཤོང་ལས་ཐང་ལ་བྱུང་བ་དང་ཐང་ལས་གཤོང་དུ་འབབ་པ་དང་མངོན་པར་སྐབས་ཡོད་པ་ནས་ནགས་ཐིབས་པོར་འཇུག་པ་ལ་སོགས་པ་གསུངས་ཏེ། ཊཱི་ཀ་ལས་དེ་དག་ཐམས་ཅད་ནི་འབྱམ་པའི་སྒྲས་བསྡུས་པ་ཡིན་ནོ་ཞེས་སོ། །གྲུ་ནི་སྐམ་སྟེ་ཐང་ལ་ཁུར་བ་དང་། རྣམ་འབྱེད་འགྲེལ་ལས། ཡུར་པོ་ཆེ་ན་ཆུ་ཀླུང་ཆུང་ངུའོ་ཞེས་སོ། །ཆུ་འདལ་བ་ནི་འགྲེལ་ཆུང་ལས་མཚེའུ་དང་མཚོ་ལས་ཀྱང་རུང་སྟེ་ཞེས་སོ། །ཊཱི་ཀ་ལས། རྒྱུན་ཕྱོགས་ཀྱིས་སོ་ཞེས་

༼༣༦༧༽

པ་མན་ཆད་ནི་ཡུར་བོ་ཆེ་དང་ཞེས་པའི་རྒྱས་བཤད་ཡིན་ཞེས་པ་སྦས་ཏི་ལ་སོགས་པ་སྔ་མ་རྣམས་འཆད་པ་ནི་རྒྱ་ཆེ་འགྲེལ་བ་རྣམས་ཀྱི་རྒྱུས་མེད་པར་ཟད་དོ།་་་་་།ཆུ་ཀླུང་ཆེན་པོ་དག་ཏུ་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། རྒྱུན་ཕྱོགས་ཀྱིས་སོ་ཞེས་པ་ལ་སོགས་པ་སྟེ། རྒྱུན་ཕྱོགས་དང་ཐད་ཀ་དང་རྒྱུན་ལས་བཟློག་པ་དང་གསུམ་དུ་དབྱེའོ། །བླའི་གྲྭར་་་་་་ཤགས་རྒྱལ་ནའོ་ཞེས་སྔ་མ་རྣམས་གསུངས་པ། ཤགས་རྒྱལ་བ་ཙམ་གྱིས་མ་ཡིན་གྱི། ཤགས་བཀྱེ་ནས་ཞལ་ཆེ་རྒྱལ་ན་ཕམ་པ་བསྐྱེད་པ་སྟེ། འགྲེལ་ཆུང་ལས་དགེ་སློང་མི་དབང་བ་ལས་རྒྱལ་པོས་དགེ་སློང་དབང་ངོ་ཞེས་བཅད་ན་ཕམ་ཞེས་སོ། །འོག་གཟུར་ཤགས་བཀྱེ་ན་ཕ་རོལ་པོའི་ཤགས་ཀྱི་སྦྱོར་བ་ཉིད་བཏང་སྟེ་སྤྲོ་བ་ལུས་བཏང་ན་ཕམ་པ་བསྐྱེད་པའོ། །རྣམ་འབྱེད་འགྲེལ་ལས་བླའི་གྲྭ་ཞེས་བྱ་བ་ནི་རྒྱལ་པོས་བསྐོས་པའི་མིའོ། །འོག་གཟུར་ཞེས་བྱ་བ་ནི་་་་་་འོག་གཟུར་ཞེས་པ་བློན་པོ་ཡིན་ཞེས་བླ་མ་རྣམས་གསུངས་ཡང་ཡུལ་མིའི་ཚོགས་སོ་ཞེས་བཤད་དོ།་་་་་བླའི་གྲྭར་ཞལ་ཆེ་རྒྱལ་ན་ཕམ་པ་བསྐྱེད་ལ་འོག་གཟུར་ཞལ་ཆེ་རྒྱལ་ན་སྦོམ་པོ་ལས་མི་བསྐྱེད་པ་ནི། བླའི་གྲྭ་དང་འོག་གཟུར་གཉིས་ཚིག་བཙན་མི་བཙན་གྱིས་ཁྱད་པར་ཡོད་པས་ཐོབ་བློ་སྐྱེད་དཀའ་སླ་ཡོད་པའོ། །བསླབ་བྱའི་སྐབས་ནི། རྐུ་སེམས་མེད་པ་ལ་ཤོ་གམ་དུ་ཞེས་པ་ལ་སོགས་པའོ། །འདིར་ཤོ་གམ་དང་འབྲེལ་བའི་སྤྱི་དོན་ལ་བརྒྱད་ལས། དང་པོ་གང་དུ་གཞལ་བའི་གནས་ནི་ས་ཡིན་སྲུང་བ་ཡིན། གཅོད་པ་ཡིན་པ་སྟེ། གཞན་དུ་ན་རྒྱལ་པོ་ས་ལ་དབང་གི་ནམ་མཁའ་ལ་མི་དབང་བའི་ཕྱིར་དང་། མི་བསྲུངས་ན།་་་་་བསྲུངས་པའི་གླ་རྔན་མི་དབང་བའི་ཕྱིར་དང་། ཤོ་གམ་མི་གཅོད་ན།་་་་་ཤོ་གམ་སྦྱིན་མི་དགོས་པའི་ཕྱིར་རོ། ཆུ་བོ་ལ་གྲུ་བྱས་ཏེ་གཞུང་འབེབས་སུ་འགྲོ་ན་ཤོ་གམ་གཞལ་དགོས་མི་དགོས་ནི་ཡུལ་ཆོས་ཀྱི་རྗེས་སུ་བྲང་ངོ་།་་་་་།གཉིས་པ་གང་ལ་གཞལ་བའི་བདག་པོ་ནི་རྒྱལ་པོ་ཆོས་བཞི་ལྡན་ཏེ། བྱེ་བྲག་ཏུ་བཤད་པ་ལས་གང་ཞིག་ཆོས་བཞིན་དུ་བསྲུང་བ་དང་། སྐྱོབ་པ་དང་སྦེད་པ་དང་། ཀུན་འགེད་པར་བྱེད་པ་དེས་ཤོ་གམ་དབང་བ་ཡིན་ནོ་ཞེས་བཤད་དེ། རྒྱལ་པོ་གཞན་གྱི་དམག་ལས་བསྲུང་བ་དང་། རྒྱལ་པོ་རང་གི་ཡུལ་མིས་འཇོམས་པ་ལས་སྐྱོབ་པ་དང་། ཚོང་པ་ནང་གི་འཇིགས་པ་ལས་སྦེད་པ་དང་། ཡུལ་་་་་་ཀུན་འགེང་པ་ནི། ཆོས་ཀྱི་རིགས་

༼༣༦༨༽

ཚོད་དུ་ལེན་པ་སྟེ། བསྲུང་བ་ཡིན་དགོས་པའི་གཞུང་ནི།་་་་་འོད་ལྡན་ལས་སྐྱེ་དགུ་ཉོན་མོངས་་་་་་པར་འགྱུར་བ་དེ། བསྲུང་བའི་ཕྱིར། རྒྱལ་པོ་ལ་ནི་ཤོ་གམ་གཞལ། །གལ་ཏེ་དེ་ཡང་་་་་་ཆོམ་པོ་ལ་སོགས་པ། བསྲུང་བ་ཡིས། །ཉོ་ན་གླ་ནི་བུ་ལོན་་་་་་ཆགས་པ། མིན། །ཞེས་བཤད་དོ། །གསུམ་པ་གང་ལས་གཞལ་བའི་རྫས་ནི། ཉོ་ཚོང་དུ་བྱེད་པའི་ཟོང་ལས་ཏེ། འོད་ལྡན་ལས། འཇིག་རྟེན་པའི་ལུགས་ཀྱི་ཟོང་ཁོ་ན་ལ་ཤོ་གམ་བཅད་པར་རིགས་སོ་ཞེས་འཇོག་སྟེ་ཞེས་སོ། །ཁ་ཅིག་་་་་་འོད་ལྡན་ལས་ཕྱོགས་སྔར་བཀོད་པའི་རྒྱ་གར་བ། ན་རེ་ཟོང་མ་ཡིན་པ་ལ་ཡང་ཤོ་གམ་འཇལ་དགོས་ཏེ། ཕ་མ་དང་དཀོན་མཆོག་གི་ཕྱིར་ཁྱེར་བའི་རྫས་ལས་ཀྱང་ཤོ་གམ་སྦྱིན་པར་གསུངས་པ་དང་། རང་གི་འཚོ་བའི་ཡོ་བྱད་དུ་བྱ་བའི་རས་ལ་ཡང་ཁ་ཚར་བཅད་པ་་་་་་ཚོང་པ་རྣམས་ཆོམ་པོ་ལ་བརྟེན། དང་། ཆུར་སྨྱུག་པ་་་་་་དང་བ་གླང་གི་ལྕི་བས་ཁ་བསྒྱུར་བ། ལ་སོགས་པ་ལུང་རྣམ་འབྱེད་ལས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གནོད་བྱེད་བརྗོད་པ་ནི། ཁྱེད་ལྟར་ན་ཆོས་གོས་དང་བཅས་ལམ་དུ་འགྲོ་ན་ཤོ་གམ་གཞལ་དགོས་པ་དང་བཅས་ཏེ་ལམ་དུ་འགྲོ་བའི་ཉེས་པར་འགྱུར་བས། སྡོམ་བརྩོན་ལམ་དུ་མི་འཇུག་པར་ཐལ། ཆོས་གོས་མེད་ན་ཆ་ལུགས་ཉམས་པར་འགྱུར་ལ། ཆོས་གོས་ཡོད་ན་ཤོ་གམ་གཞལ་དགོས་དང་བཅས་ཏེ་ལམ་དུ་འགྲོ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །འདོད་ན་སྨན་གྱི་གཞི་ལས། ཤུལ་གྱི་སྙུན་རྒྱགས་ཀྱི་ཆེད་དུ་ཀར་ཤ་པ་ན་ཞེས་པར་གསོལ་བཀའ་སྩལ་བ་བླངས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་དཀོན་མཆོག་དང་མཁན་པོ་དང་སློབ་དཔོན་དང་ཕ་མ་དང་སྐྱེས་ཀྱི་ཕྱིར་ཁྱེར་བ་དེ་ལས་ཤོ་གམ་སྦྱིན་པར་མི་བྱ་སྟེ། ཉོ་ཚོང་བྱ་བའི་རྒྱུར་མི་ཁྱེར་བས་སོ། །ཟོང་དེ་ལ་ཟོང་དང་འདྲ་བར་བླང་བར་མི་བྱའོ་ཞེས་བཤད་དོ། །དེ་དང་མཐུན་པར་རྒྱལ་པོའི་བསྟན་ངག་ལས་ཀྱང་ངོ་།་་་་་བག་མ་བླང་བ་དང་། བཏང་བ་དང་། མཆོད་སྦྱིན་བྱ་བ་དང་། ལྷ་ལ་མཆོད་པ་དང་། རབ་ཏུ་བྱུང་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་རྫས་ནི་ཤོ་གམ་མི་བྱ་བ་ཡིན་ནོ་ཞེས་བྱུང་ངོ་། །ཞེས་འོད་ལྡན་དུ་དྲངས་སོ། །སྒྲུབ་བྱེད་གཞིག་པ་ནི་ཕ་མ་དང་དཀོན་མཆོག་གི་རྫས་ལས་ཤོ་གམ་སྦྱིན་པ་དེ་ཡང་་་་་་ཤོ་གམ་སྦྱིན་པ་བཏང་བའི་བསམ་པས་བྱིན་ན་སྦྱིན་པ་ལས་བྱུང་

༼༣༦༩༽

བའི་བསོད་ནམས་སུ་འགྱུར་བས་ཕ་མ་དང་དཀོན་མཆོག་ལ་ཕུལ་བ་དང་། བྱུང་ཙམ་དུ་འདྲ་ཞིང་ཁ་མཆུ་སྤང་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཕ་མ་ལ་སོགས་པ་དེ་དག་གི་ཟོང་ལས་སྦྱིན་པའོ། །་་་་་ཁ་ཚར་བཅད་པ་དང་། ཆུར་སྨྱུག་པ་ལ་སོགས་པ་གསུངས་པ་དེ་ཡང་རང་གི་ཆོས་གོས་ཀྱི་རྒྱུ་ཡིན་ཡང་ཉོ་ཚོང་གི་ཟོང་ཡིན་ནོ། །ཞེས་འཚོ་འཐབ་བྱེད་དུ་འོང་བ་སྤང་བའི་ཕྱིར་དང་། འོད་ལྡན་ལས་ཁ་ཚར་བཅད་པ་དང་ཆུར་སྨྱུག་པ་ལ་སོགས་པ་བྱས་པ་ལ་ཤོ་གམ་མི་གཅོད་པའི་ཡུལ་ཆོས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བཤད་དོ། །བཞི་པ་ཇི་ཙམ་གཞལ་བའི་ཚད་ནི། ཡུལ་ཆོས་ཀྱིས་འཇོག་པས་འདུལ་བ་ལུང་ལས་ཚད་གསུངས་པ་མེད་དོ། །འོད་ལྡན་ལས་ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ། རྩྭ་ཤིང་ལ་ནི་དྲུག་ཅུ་ཆ་ཡིན་ནོ། །ལྔ་པ་མ་གཞལ་བའི་ལྟུང་བ་ནི་རྐུ་སེམས་དང་རིན་ཐང་ལ་སོགས་པའི་ཡན་ལག་ཚང་ན་ཕམ་པར་འགྱུར་རོ། །དྲུག་པ་ལྡོག་མཚམས་ལྟུང་མེད་ནི། རྐུ་སེམས་མེད་ན་ཤོ་གམ་མ་གཞལ་ཡང་མ་བྱིན་ལེན་གྱི་ལྟུང་བ་རྣམ་གཞག་མི་འབྱུང་སྟེ། རྐུ་སེམས་མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཞེས་སོ། །བདུན་པ་རྒྱུར་འགྲོ་བསླབ་བྱ་ནི། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ་ཞེས་སོ། །བརྒྱད་པ་ཤོ་གམ་གྱིས་མཚོན་པའི་དོན་ནི། གྲུ་བཅས་ཀྱང་མཚོན་པ་སྟེ། འོད་ལྡན་ལས་ཤོ་གམ་གྱིས་ནི་གྲུ་བཙས་ཀྱང་མཚོན་ནས། རྣམ་པར་བཤད་པ་ཡིན་ཏེ་ཞེས་སོ། །ཡུལ་ཆོས་ཀྱིས་གྲུ་བཙས་མི་ལེན་ན་ནི་མ་གཞལ་ཡང་ཉེས་པ་མེད་དེ། འོད་ལྡན་ལས། སྦྲུམ་མ་ཟླ་བ་གཉིས་ན་བ་འབྱུང་བ་་་་་་ལ་སོགས་པ་དང་། །རབ་ཏུ་བྱུང་སྡེ་ལྔ་པོ་་་་་་དང་ཐུབ་པ་སངས་རྒྱས། དང་། །བྲམ་ཟེ་རིགས་་་་་་དང་ནི་རབ་ཏུ་བྱུང་བའི། རྟགས་ཆ་ལུགས་ཅན་་་་་་ལ། །གྲུ་བཙས་བླང་བར་མི་བྱའོ། །ཞེས་འཇིག་རྟེན་པའི་གཞུང་ལུགས་ཁུངས་སུ་དྲངས་སོ། །གཉིས་པ་ཡན་ལག་གི་དོན་ནི། ལུང་ལས། འཚོལ་དང་ལེན་དང་ཡུངས་ཆེ་ན། །རྒན་གཞོན་ཞེས་པའི་གླེང་གཞི་དང་འབྲེལ་ནས། རྐུ་སེམས་མེད་པ་ལ་ཤོ་གམ་རྐུ་བའི་ལྟུང་བ་རྣམ་གཞག་ཏུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ།

༼༣༧༠༽

་་་་་དེ་རྣམས་ལ་རྐུ་སེམས་མི་འབྱུང་བའི་རྒྱུ་མཚན་ནི་འདུ་ཤེས་འཁྲུལ་བས་བྱས་དེ་འཚོལ་དང་ཞེས་པའི་སྐབས་སུ་ཚོང་བ་ལ་ཤོ་གམ་མི་གཅོད་པའི་ཚེ་ན་ཚོང་བས་སྣོད་དུ་དགེ་སློང་གི་རྫས་བཅོལ་བ་རྣམས་ཀྱང་ཤོ་གམ་གཞལ་མི་དགོས་སུ་གྱུར་པ་ཡིན་སྙམ་དུ་འདུ་ཤེས་འཁྲུལ་བ་དང་། ལེན་དང་ཞེས་པའི་སྐབས་སུ་དགེ་སློང་ལ་ཤོ་གམ་མི་གཅོད་པའི་ཚེ་ན་དགེ་སློང་གི་སྣོད་དུ་ཚོང་བའི་རྫས་བཅོལ་བ་རྣམས་ཀྱང་ཤོ་གམ་གཞལ་མི་དགོས་སུ་གྱུར་པ་ཡིན་སྙམ་དུ་འདུ་ཤེས་འཁྲུལ་དང་། ཡུགས་ཆེན་ཞེས་པའི་སྐབས་སུ་ཤོ་གམ་གཞལ་དགོས་ཀྱི་རྫས་དེ་རྐུན་མར་ཤེར་ནས་མེད་སྙམ་པ་དང་རྒན་གཞོན་ཞེས་པའི་སྐབས་སུ་རྒན་ཤས་ཀྱི་སྣོད་དེ་ན་ཤོ་གམ་གཞལ་དགོས་ཀྱི་རྫས་མེད་སྙམ་དུ་གཞོན་ཤེས་དེ་འདུ་ཤེས་འཁྲུལ་ཏེ་དེ་ལ་རྐུ་སེམས་མེད་པའོ། །རྐུ་སེམས་མེད་ཀྱང་བསླབ་བྱའི་ཉེས་བྱས་ནི་འབྱུང་སྟེ། ཤོ་གམ་གཞལ་དགོས་པ་དང་བཅས་པ་འགྲོ་བར་མི་བྱའོ་ཞེས་སོ། །གནང་བ་ལ་གཞན་གྱིས་བཟླས་ན་གཞན་དུ་མ་བརྐུས་པ་མ་ཡིན་ཏེ་སྦོམ་པོར་འགྱུར་བ་ཡིན་ནོ། །འདི་ནི་འགྲེལ་ཆུང་ལས་ནོར་བདག་ལ་སྦྱིན་པའི་ཕྱིར་ཤོ་གམ་མ་བྱིན་ན་སྦོམ་པོའོ། །་་་་་ཤོ་གམ་གྱི་ཚད་ཙམ་ཞིག་ནོར་བདག་ལ་མི་སྦྱིན་པར། དགེ་སློང་བདག་ཉིད་བཀུར་བའི་ཕྱིར་ཤོ་གམ་མ་བྱིན་ན་ཕམ་པའོ་ཞེས་བཤད་དོ། །མ་གནང་བས་གཞན་གྱིས་བཟླ་བར་མི་བྱ་བ་ལས་བཟླས་ན་འགྲེལ་ཆུང་ལས་རིན་ཐང་ཚང་ན་ཕམ་པར་འགྱུར་ཞེས་བཤད་ཅིང་། ཊཱི་ཀ་ལས་འདི་ལ་མ་བྱིན་ལེན་གྱི་ཉེས་པ་མེད་ཀྱང་དགེ་སློང་གིས་གཞན་གྱི་ནོར་རྫས་ཁུར་ཏེ་ཕྱིན་པ་ན། ཚུལ་མ་ཡིན་པའི་ཕྱིར་བཀའ་སྟེ། འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་ཕྱིར། བསླབ་བྱའི་ཉེས་བྱས་སོ་ཞེས་བཤད་དེ། རྐུ་སེམས་ཡོད་པ་དང་མེད་པའི་དབང་དུ་བྱས་པ་སྟེ། འགྲེལ་པ་གཉིས་ཀ་ལྟར་འཐད་དོ། །དེ་ཉིད་ནི་འོག་མ་ལ་གོང་མའོ་ཞེས་པ་འོད་ལྡན་ལས་གྲོགས་པོ་རབ་འབྲིང་ཐ་མར་གྱུར་པ་ལ་ཡིད་གཅུགས་བྱ་བའང་རིམ་པ་བཞིན་དུ་བསྒྲུབ་ཅེས་བཤད་དོ། །ཊཱི་ཀ་ལས་བདག་པོ་གང་ཡིན་པ་མི་ཤེས་ན་དེ་དགེ་བསྐོས་ལ་གཏད་པ་ཉིད་དུ་བྱ་ཞེས་པ་དང་། ལུང་ལས་བདག་པོ་གང་ཡིན་ཤེས་ཀྱང་དེ་དགེ་བསྐོས་ལ་གཏད་པར་གསུངས་པ་དང་འགལ་སྙམ་ན། སྤྱིར་བཏང་ལ་ཊཱི་ཀ་ལྟར་ཡིན་ལ་དམིགས་པ་ལ་ནི་བདག་པོ་དེ་ཏིང་ངེ་འཛིན་ལ་ཞུགས་པའམ་རང་དང་ཞེ་འདྲེས་པ་ཡིན་ན། ལུང་ལས་གསུངས་པ་བཞིན་དུ་བྱ་བར་གསལ་ལོ། །ད་ནི་ཕྲན་ཚེགས་ཀྱི་སྐབས་སྟོན་ཏེ། ཡོངས་སུ་གཟུང་བ་དང་བཅས་པ་ཞེས་པ་འཇིག་རྟེན་པའི་ལྷ་ཁང་དང་སྲོག་ཤིང་གི་དབང་ཕྱུག་གི་བྱུང་བ་དང་འབྲེལ་ནས་སོ།

༼༣༧༡༽

།བདག་གིར་བྱས་པ་ཞེས་པ་དེ་སློང་གིས་རང་གི་ཆོས་གོས་ཆོམ་རྐུན་པ་ལས་ནན་གྱིས་ཕྲལ་བ་ལས་སོ།་་་་་བསླབ་བྱ་དེ་གཉིས་ཀ་དགག་བྱ་ཉེས་དམིགས་མཐུན་པའི་བསླབ་བྱ་དང་སྦྱོར་བ་རྗེས་སྒྲུབ་མཐུན་པའི་བསླབ་བྱའོ། །མི་སྙན་པ་ཞེས་པ་ནི་རྐུན་པོ་རྣམས་ཀྱིས་་་་་་གླང་པོ་ཆེ་བརྐུས་པ་དང་གསུངས་ཀྱང་མ་ཡིན་ཏེ། ཕག་བརྐུས་པ་དང་བུ་རམ་ཤིང་བརྐུས་པ་དང་སྤྲེའུའི་རོ་དང་འོལ་བས་ཤ་ཁྱེར་བའི་བྱུང་བ་དང་འབྲེལ་ནས་ཏེ། འཕྱར་ཀའི་རྒྱུ་སྤང་བའི་ཕྱིར་རོ། །རོའི་རྫས་ཞེས་པ་རྐུ་སེམས་ཡོད་ན་མི་མ་ཡིན་ལ་བརྐུས་པའི་སྦོམ་པོ་དང་མེད་ན་བསླབ་བྱའི་ཉེས་བྱས་བསྐྱེད་པའོ། །རོ་མ་རྨས་པ་ལས་བླང་བར་མི་བྱ་ཞེས་པ་ལ་ལུང་ལས་སྲིན་བུ་ཕྲེའུ་དང་གྲོག་མས་ཟོས་ཀྱང་དེའི་ཚེ་བླང་བར་བྱའོ་ཞེས་གསུངས་སོ། །བསྟི་གནས་ཉིད་དུ་ཞེས་པ་མ་བྱིན་ལེན་གྱི་ཉེས་པར་འགྱུར་རམ་སྙམ་པའི་དོགས་གཅོད་དོ། །དགེ་སློང་དང་དགེ་ཚུལ་བབ་པར་མི་འདོད་བཞིན་དུ་འབྲེལ་པས་འཁྲིད་པ་ན་དགེ་སློང་གིས་གཟུང་པར་བྱ་སྟེ། རབ་བྱུང་གི་བར་ཆད་སྤོང་བའི་དགོས་པ་ཡོད་པའི་ཕྱིར་དང་། གཞན་གྱི་མི་ནན་གྱིས་ཕྲལ་བའི་ཉེས་པར་འགྱུར་རམ་སྙམ་པའི་དོགས་པ་བཅད་པའི་ཕྱིར་ཏེ། མ་བྱིན་ལེན་གྱི་སྐབས་སུ་གསུངས་པས་གྲུབ་བོ། །འདིར་ཁ་ཅིག་ན་རེ། རབ་བྱུང་དེ་བབ་པར་འདོད་ན་ཉེ་དུ་རྣམས་དབང་ཞིང་མི་འདོད་ན་དགེ་སློང་རྣམས་དབང་སྟེ། རྫས་ཀྱི་བསམ་པའི་སྟོབས་ཀྱིས་བདག་པོར་གྱུར་པས་མ་་་་་་འབྲེལ་པས་ཁྲིད་པ་གཟུང་བ་ལ། བྱིན་ལེན་གྱི་ལྟུང་བ་མེད་པའོ། །ཟེར་ཡང་། འདི་ནི་རྐུ་སེམས་མེད་པས་ལྟུང་བ་མེད་པ་ཡིན་གྱི། རྫས་ཀྱི་བསམ་པའི་སྟོབས་ཀྱིས་བདག་པོར་འགྱུར་ན་ནི། དགེ་སློང་རང་ལ་མི་དེ་མོས་ཀྱང་རྐུ་སེམས་ཡོད་ན་བརྡས་རྐུ་བ་དང་ལྷན་ཅིག་གནས་པ་དང་། ཉེ་གནས་འབྲོས་སུ་བཅུག་པ་ལ་ལྟུང་བར་གསུངས་པ་དང་འགལ་ལོ། །ཀ་ཀ་ནི་ཞེས་པ་མགྲོན་བུ་ཉི་ཤུའམ་དེའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་ཞེས་པ་མགྲོན་བུ་བརྒྱད་ཅུའམ་དེའི་རིན་ཐང་གི་མིང་ཡིན་ནོ། །སཾ་སྐྲྀ་ཏའི་སྐད་དུ།་་་་་ཀ་ཀ་ནི་དང་ཕལ་སྐད་དུ།་་་་་པཎ་ཊི་ཀ་མིང་གི་རྣམ་གྲངས་ཡིན་ལ། མ་ཤ་ཀ་དང་པ་ཎ་མིང་གི་རྣམ་གྲངས་སོ། །སཾ་སྐྲྀ་ཏའི་སྐད་དུ།་་་་་ཀར་ཤ་པ་ན་དང་ན་ན་ཀ་མིང་གི་རྣམ་གྲངས་ཏེ། ཕལ་སྐད་དུ།་་་་་ཀ་ཧོ་ན་ཞེས་ཀྱང་ཟེར་རོ། །ཡུལ་ཁ་

༼༣༧༢༽

ཅིག་ན་ཀར་ཤ་པ་ན་གཅིག་ལ་མ་ཤ་ཀ་ཉི་ཤུ་བྱེད་ལ། ཡུལ་ཁ་ཅིག་ན་བཅུ་གཉིས་བྱེད་ན་རིན་ཐང་ཇི་ལྟར་བརྩི་ཞེ་ན་གང་དུ་རྐུ་བའི་གནས་དང་གང་གི་ཚེ་ན་རྐུ་བའི་དུས་ཀྱིས་ཀར་ཤ་པ་ན་དེའི་རིན་ཐང་བརྩི་ཞེས་སོ། །སྔར་རྣམ་བྱེད་དུ་རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ་ཞེས་པས་བརྐུ་བྱ་རྫས་ཀྱི་རིན་ཐང་བརྩི་བ་བསྟན་ལ། འདི་ནི་ཀར་ཤ་པ་ནའི་རིན་ཐང་བརྩི་བའོ། །རྐུ་བའི་གནས་དང་བརྐུས་པའི་དུས་ཀྱིས་བརྩི་ཞེས་པ་ནི་སྦྱོར་བའི་དུས་སུ་རིན་ཐང་ཚང་དགོས་པ་དང་མཐར་ཐུག་གི་དུས་སུ་རིན་ཐང་ཚང་དགོས་པ་ཕན་ཚུན་མཚོན་པའི་ཕྱིར་རོ། །ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་ཞེས་པ་དེའི་ཊཱི་ཀ་ལས་ཕམ་པར་མི་འགྱུར་རམ་སྙམ་པའི་དོགས་པ་གཅོད་དོ།་་་་་ཊཱི་ཀི་ལས་རིན་ཐང་གདབ་པར་མི་ནུས་ཏེ་དེ་ལ་རིན་ཐང་མེད་དོ་ཞེས་ཏེ། དེ་བརྐུས་ན་ཕམ་པར་འགྱུར་བ་མེད་དོ་སྙམ་དུ་སེམས་པ་དེ་བཟློག་པའི་ཕྱིར་ཞེས་བཤད་དོ། །འགྲེལ་ཆུང་གིས་ཕམ་པ་མང་པོར་འགྱུར་རམ་མ་པའི་དོགས་པ་བཅད་དོ། །འགྲེལ་པ་ལས་ཕམ་པའི་གྲངས་མང་བ་མིན་ཏེ་ཕམ་པ་ནི་གཅིག་ཅེས་བཤད་དོ། །ཊཱི་ཀ་ལས་རིན་ཐང་གདབ་པར་མི་ནུས་པ་རྐུ་བ། དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ཞེས་དང་། ཞུ་བ་ལས་རིང་བསྲེལ་བརྐུས་ན་ཅིར་འགྱུར་མཐར་འགྱུར་ཞེས་གསུངས་སོ། །ཡུལ་གང་ན་སངས་རྒྱས་ཀྱི་བསྟན་པ་མེད་པ་དེར་ནི། ཆུང་བ་ཉིད་ཀྱིས་དེར་མཆོག་པ་དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་སྦྱར་ཏེ། དེ་བརྐུས་ན་སྦོམ་པོར་འགྱུར་རོ་ཞེས་ཀྱང་སྔ་མ་རྣམས་གསུང་ངོ་། །དཔེ་བྲི་བ་ལ་ནི་ཞེས་པ་ཊཱི་ཀ་ལས་རྐུ་སེམས་ཡོད་དུ་ཟིན་ཀྱང་རེ་ཞིག་དཔེ་བྲི་བར་རྐུ་བ་ལ་ནི་ཉེས་པ་མེད་པར་བསྟན་པ་ཞེས་པ་ནི་རྐུ་སེམས་བཏགས་པ་བ་སྟེ། བཅས་ལྡན་དགེ་སློང་ལ་རྐུ་སེམས་མཚན་ཉིད་པ་ཡོད་ན་ཉེས་པ་མེད་པར་མི་རིགས་པའི་ཕྱིར་རོ། །འོ་ན་གང་ཞེ་ན། མདོ་ལ་སོགས་པའི་དཔེ་བདག་པོས་མ་ཚོར་བར་བྲི་བ་ལ་ནི་མ་བྱིན་ལེན་གྱི་ཉེས་པ་མེད་དེ། རྐུ་སེམས་མཚན་ཉིད་པ་མེད་པའི་ཕྱིར་རོ། །འགྲེལ་ཆུང་ལས་ལྷའི་ཡི་གེ་དཔེར་བརྙར་མི་སྟེར་བ་ཐུག ཐུབ་ཏུ་བླངས་ཏེ་དཔེ་བྲིས་ཏེ། སླར་བསྐྱལ་བ་ལ་ནི་ཉེས་པ་མེད་དོ། །ལྷའི་ཡི་གེ་རྐུ་སེམས་ཀྱིས་ཐལ་བྱུང་དུ་ཁྱེར་ན་ཕམ་པར་འགྱུར་ཞེས་བཤད་ཅིང་། ཞུ་བ་ལས་དགེ་སློང་གིས་གླེགས་བམ་

༼༣༧༣༽

བརྐུས་ན་ཅིར་འགྱུར། གླེགས་བམ་གྱི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་ལ། དེའི་འགྲེལ་པ་ལས། མ་ཤ་ཀ་ལྔར་ཚང་ན་ཕམ་པར་འགྱུར་བའོ་ཞེས་བཤད་དོ། །སྒྲ་མི་སྙན་གྱི་རྫས་དེ་ནི་རང་གི་རྫས་བརྐུས་པ་དང་འདྲ་སྟེ་རྐུ་སེམས་ཀྱིས་བརྐུས་ན་སྦོམ་པོའོ། །སྦོམ་པོ་འདི་བསྐྱེད་པ་ལ་ཡང་རིན་ཐང་ཚང་ནི་དགོས་ལ། བྱང་གི་སྒྲ་མི་སྙན་ན་རིང་ཐང་དང་། བྲེ་སྲང་། ཀར་ཤ་པ་ཎ་དང་། མ་ཤ་ཀ་ལ་སོགས་པ་ཚད་རྣམ་པར་བཞག་པ་མེད་པས། འདི་ལ་རིན་ཐང་རྐུན་མའི་གནས་ཀྱིས་འཇོག་པར་དོན་གྱིས་གྲུབ་སྟེ། འདི་ནི་གནས་གཞན་གྱི་རིན་ཐང་གནས་གཞན་དུ་མི་བརྩི་བའི་དམིགས་བསལ་ཡིན་ནོ་ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ནི། ཞེས་པ་འདི་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་གཞུང་འདིས་ནི་སངས་རྒྱས་རྩ་མཆོག་ཏུ་མྱ་ངན་ལས་འདས་ཏེ་སྐུ་གཤེགས་པའི་དཀོར་བརྐུས་ན་སྦོམ་པོར་བསྟན་པ་ཡིན་ཏེ། ཊཱི་ཀ་ལས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ནི་ཞེས་གསུངས་ལ། ལྷག་མེད་ཀྱི་མྱང་འདས་ནི་ཉན་ཐོས་ཀྱི་ལུགས་ཀྱིས་སངས་རྒྱས་དང་དགྲ་བཅོམ་པ་གྲོངས་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་རོ།་་་་་ཤ་ལུགས་པ་རྣམས་ན་རེ་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་སངས་རྒྱས་པ་ན་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་ལྷག་མ་མ་ལུས་པར་སྤངས་པའི་ཕྱིར་ཞེས་ཆད་དེ། ཐེག་ཆེན་ལྟར་ན་སངས་རྒྱས་ལ་ལས་ཀྱི་ལྷག་མ་དང་སྡུག་བསྔལ་སྤངས་པ་དེ་འཐད་ཀྱང་ཉན་ཐོས་ཀྱི་ལུགས་ཀྱིས་དེ་ལྟར་མ་ཡིན་ཏེ། སངས་རྒྱས་དང་དགྲ་བཅོམ་པ་མ་གྲོངས་ཀྱི་བར་དུ་ལུས་ཀྱི་ལྷག་མ་དང་སྡུག་བསྔལ་གྱི་ལྷག་མ་ལུས་པ་ལས་ལྷག་བཅས་ཀྱི་མྱང་འདས་ཡིན་ལ། ནམ་གྲོངས་པ་ན་ལས་དང་སྡུག་བསྔལ་གྱི་ལྷག་མ་མ་ལུས་པར་སྤངས་པས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ་དོན་དེ་ལྟར་ཉན་ཐོས་ཀྱི་ས་ལས་བཤད་དོ། །སངས་རྒྱས་དང་དགྲ་བཅོམ་པ་ཞལ་བཞུགས་པའི་ཆོས་གོས་ལྷུང་བཟེད་ལྟ་བུ་བརྐུས་ན་ཕམ་པ་བསྐྱེད་དེ། གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བཤད་པས་གྲུབ་བོ་ཞེས་ཟེར་རོ། །འདིར་སྦོམ་པོ་བསྐྱེད་པ་དེ་འཐད་ཀྱང་ཕམ་པ་བསྐྱེད་པ་དེ་མི་འཐད་པས། དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི་ཊཱི་ཀ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་ཏེ་དེ་བརྐུས་ན་ཕམ་པར་འགྱུར་བར་དོགས་པ་བསལ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་པ་དང་། བི་མ་ལ་མི་ཏྲའི་འགྲེལ་ཆུང་ལས་བཅོམ་ལྡན་འདས་ཉན་ཐོས་དང་རང་རྒྱལ་བའི་ནོར་བརྐུས་པ་ནི་ལྷའི་ནོར་བརྐུས་པ་དང་འདྲ་ཞེས་པ་

༼༣༧༤༽

དང་། སོ་སོ་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས་སངས་རྒྱས་ཀྱི་དཀོར་བརྐུས་ན་ནི་མི་ཕམ་སྟེ། ཡོངས་སུ་བཟུང་བ་མེད་པས་སྦོམ་པོའོ་ཞེས་བཤད་པ་དང་འགལ་ལོ། །གཞུང་ལ་བརྟེན་པའི་རིགས་པ་ཡང་། སངས་རྒྱས་ཞལ་བཞུགས་པའི་ཆོས་གོས་དང་ཉོན་ཐོས་དགྲ་བཅོམ་པའི་ཆོས་གོས་ལྟ་བུ་བརྐུས་པ་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་པར་ཐལ། རྫས་བདག་ཏུ་གཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ཡང་བདག་དང་བདག་གིར་འཛིན་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ལ་ཕྱོགས་སྔ་མས་སྨྲས་པ། སངས་རྒྱས་ཀྱིས་དོན་གྱིས་བདག་གིར་འཛིན་པ་སྤངས་ཀྱང་། ཐ་སྙད་པའི་བདག་གིར་འཛིན་པ་མ་སྤངས་ཏེ། ཀུན་དགའ་བོ་ངའི་ཆོས་གོས་དྲོས་ཤིག་ཅེས་གསུངས་ལ། ངའི་ཉན་ཐོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེ་ན། དོན་ལ་མི་གནས་ན་ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་མི་བྱེད་དེ་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེའོ་ཞེས་གསུངས་ལ། ཐ་སྙད་པ་ཙམ་གྱིས་ཕམ་པ་བསྐྱེད་པའི་ཡན་ལག་བྱེད་ན་མཐོ་ཡོར་ལ་མིར་འདུ་ཤེས་ཏེ་བསད་པ་ལ་ཕམ་པ་བསྐྱེད་པར་མགོ་མཚུངས་པར་འགྱུར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། གནས་སྐབས་གཞན་ཐོབ་པ་ཞེས་པ་དེ་རྐུ་བ་ལས་གཞན་པ་སྲོག་གཅོད་པ་ལ་སོགས་པ་རྣམས་ཀྱི་དབང་དུ་བྱས་པ་སྟེ། ལུང་ཞུ་བ་ལས་དགྲ་བཅོམ་པ་བསད་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་་་་་་མདོ་རྩ་བར། བསྡུས་པ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། མྱ་ངན་ལས་འདས་པ་ནི་ཞེས་པ་འདིས་ལྷག་བཅས་ཀྱི་མྱང་འདས་དང་། ལྷག་མེད་ཀྱི་མྱང་འདས་གཉིས་ཀ་བསྟན་ཏེ། ཊཱི་ཀ་ལས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དཀོར་ཡང་མིའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་་་་་་དེ་བརྐུས་ན་ཕམ་པར་འགྱུར་བར་དོགས་པ་བསལ་བའི་ཕྱིར། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཞེས་པ་ལ་སོགས་པས་ལྷག་བཅས་བསྟན་པར་གྲུབ་བོ། །ལྷག་མེད་ཀྱི་མྱང་འདས་ཀྱང་བསྟན་པ་ཡིན་ཏེ། ཊཱི་ཀ་ལས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ་བཞེད་དོ་ཞེས་པས་གྲུབ་བོ། །དེ་ལྟར་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་དཀོར་བརྐུས་པ་ནི་ཆོས་ཅན། བརྐུས་པའི་ཕམ་པ་མི་བསྐྱེད་དེ། རྫས་བདག་ཏུ་བཟུང་བའི་ཡན་ལག་མ་ཚང་བའི་ཕྱིར་རོ། །རྣམ་པར་དག་པའི་ལྷ་ཉིད་ཡིན་པས་དེ་ལ་བརྐུས་ན་སྦོམ་པོ་བསྐྱེད་དོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号