ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༨༧༽

འདི་ལན་ཅིག་བརྗོད་པ་སྟེ། ལུང་གཞིའི་དགོངས་པའོ། །ལུང་ཕྲན་ཚེགས་ལས། དགེ་བསྙེན་མ་དང་དགེ་ཚུལ་མའི་ཆོ་གའི་སྐབས་ནས་བསླབ་པ་བརྗོད་པའི་མཇུག་ཐོགས་སུ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་མར་གཟུང་དུ་གསོལ་ཞེས་བཤད་ཅིང་། བསླབ་པ་བརྗོད་པ་ལན་གསུམ་སྨྲ་བར་བྱ་སྟེ་ཞེས་བཤད་སྣང་སྟེ། ལུང་ཡི་གེ་ཉམས་པ་ཡིན་ནོ་ཞེས་རིགས་སོ། །འགྲེལ་ཆུང་ལས་བསླབ་པ་བརྗོད་པ་ལན་གསུམ་གྱི་བར་དུ་བཟླས་ཞེས་བཤད་སྣང་སྟེ་དེའི་རྗེས་སུ་མི་འབྲང་ངོ་། །དགེ་འདུན་ལ་ཞུ་བ་ནི། རང་གིས་དགེ་བསྙེན་ཉིད་དུ་ཞེས་པ་ནས། དག་ན་ཞུ་བར་བྱའོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་རབ་ཏུ་འབྱིན་པའི་ཞུ་བ་བྱས་པའི།་་་་་དགོས་པའི་དོན་ལ་གཉིས། དངོས་ཀྱི་དགོས་པ་དང་། བརྒྱུད་པའི་དགོས་པའོ། །དང་པོ་ནི་་་་་་དགེ་འདུན་ལ་མ་ཞུས་པར་རབ་ཏུ་བྱུང་ན་མ་ཞུས་པའི་ཉེས་བྱས་འབྱུང་བ་ལས་ཞུས་བས། མ་ཞུས་པའི་ཉེས་བྱས་ཁེགས་པའོ། །གཉིས་པ་ལ་དྲུག་སྟེ། བདག་རབ་ཏུ་འབྱིན་པ་དགེ་འདུན་ལ་ཞུས་ནས་བདག་གིས་ཁ་ན་མ་ཐོ་བ་ལ་འཇུག་པར་མི་རིགས་སྙམ་དུ།་་་་་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང་། རབ་ཏུ་འབྱིན་པ་དགེ་འདུན་ལ་ཞུ་དགོས་པར་བཅས་ཏེ་དགེ་འདུན་ལ་རག་ལས་པར་མཛད་པས།་་་་་རབ་ཏུ་བྱུང་བ་དེ་དགེ་འདུན་ལ་གུས་པར་འགྱུར་བ་དང་། ཚོགས་པ་གཅིག་པ་་་་་དགེ་འདུན་དང་རབ་ཏུ་བྱུང་བ་སྟེ་ཕན་ཚུན་བསམ་པ་ལ་ལྟོས་པ་དང་བཅས་པར་འགྱུར་བ་དང་། ཕ་མས་འབེབས་པ་ལ་སོགས་པ་ལ་དགེ་འདུན་རྣམས་ཀྱིས།་་་་་བར་ཆད་མཐོང་ན་འདྲེན་པར་འགྱུར་བ་དང་། དགེ་འདུན་ལ་ཞུ་མི་དགོས་པར་ལྐོག་ཏུ་རབ་ཏུ་བྱུང་ན་ལག་རྡུམ་ལ་སོགས་པ་ཅི་ཡང་རུང་བ་ཐུག་ཐུབ་ཏུ་རབ་ཏུ་ཕྱུང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་དོགས་ཡོད་པ་ལས་དགེ་འདུན་ལ་ཚོགས་སུ་ཞུ་དགོས་པར་བཅས་པས།་་་་་བསྟན་པ་ལ་རྨ་མི་འབྱིན་པ་དང་།་་་་་ལུང་གི་གླེང་གཞི་ལས་ཤཱཀྱའི་བུ་རྐུན་མ་རྣམས་ཀྱི་ནང་དུ་ཅིའི་ཕྱིར་རབ་ཏུ་བྱུང་ཞེས་ཟེར་བ་ལྟ་བུ། སྐུར་བའི་ཚིག་སྤོང་བའོ།་་་་་དགེ་འདུན་ལ་ཞུ་བ་ནི་རྐུན་མ་ཞེས་སྐུར་བ་འདེབས་པ་སྤང་བའི་ཕྱིར་རོ། །ཞེས་གཞི་འགྲེལ་ལས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་ཞུ་བ་ནི་ཆོས་གསུམ་ལྡན་ལ་ཞུ་བ་སྟེ། དགེ་སློང་བཞི་ཡན་ཆད་ཀྱི་གྲངས་ཚང་བ་་་་་་སྟེ་དགེ་འདུན་ལ་ཞེས་པ་དང་། བཞིར་མ་ཚང་ན་དགེ་འདུན་ཉིད་མ་ཡིན་པའི་ཕྱིར་རོ། །དང་། ས་རང་བཞིན་དུ་གནས་པ་དང་།་་་་་གཞན་དུ་ན་ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པའི་ཕྱིར་རོ། །ཐོས་པའི་ཉེ་འཁོར་ན་གནས་པའོ།་་་་་གཞན་དུ་ན་རང་ཚིག་དོན་མེད་དུ་

༼༨༨༽

འགྱུར་བའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་ཞུ་བ་ནི་ཆོས་དགུ་ལྡན་གྱིས་ཞུ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་དང་།་་་་་སྤྱིར་བསྟན་ལས་དགེ་སློང་བསྙེན་པར་རྫོགས་པ་ཅན་ཞེས་པའི་གནད་ཀྱིས་སོ། །མཚན་མཐུན་པ་དང་། ལྟ་བ་མཐུན་པ་དང་།་་་་་སྤྱིར་བསྟན་ལས་མཚན་དང་ལྟ་བ་ཁས་བླངས་པ་དག་གིས་ནི་ཞེས་པའི་གནད་ཀྱིས་སོ། །ཐ་སྙད་གསུམ་དང་ལྡན་པ་དང་།་་་་་རིག་པའི་ཡུལ་དེ་སྦྲུལ་སྟག་ལ་སོགས་པར་བསྒྱུར་ན་ནི་སྤྱིར་བསྟན་གྱི་ཊཱི་ཀ་ལས་རེག་པ་ལ་སོགས་པ་དག་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་ཅེས་ལྟུང་བ་དངོས་གཞི་རྫོགས་པར་མི་སྐྱེད་པར་བཤད་པའི་གནས་ཀྱིས། ལུས་ཐ་མལ་པར་གནས་པ་དང་། ས་རང་བཞིན་དུ་གནས་པ་་་་་་སྟེ་གཞན་དུ་སྤོ་མགུ་སྤྱོད་པ་ལ་སོགས་པས་ཁྱད་པར་ཅན་གྱི་སྤྱོད་པ་སྤང་དགོས་པའི་ཕྱིར་དང་། དགེ་འདུན་ལ་ལྟོས་པའི་མཚམས་ཀྱི་ནང་ན་གནས་པ་་་་་་སྟེ་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །ཞེས་སོ། །དང་། མཁན་པོར་ཕྱོགས་པ་དེ་ལས་གཞན་ཡིན་པ་་་་་་མཁན་པོ་རང་གིས་ཞུ་བའི་དགེ་སློང་ལ་གཏད་ཅེས་གསུངས་པས་ཤེས་ཏེ་གཏོད་པར་བྱེད་པ་པོ་དང་གཏད་པའི་ཡུལ་ཐ་དད་པའི་ཕྱིར་རོ། །དང་། ཞུ་བའི་ཆོ་ག་ཤེས་པའོ།་་་་་གཞན་དུ་སྐབས་དོན་གྱི་བྱ་བ་མི་འགྲུབ་པའི་ཕྱིར་རོ། །ཐ་སྙད་གསུམ་ལྡན་ནི། སྨྲ་ཤེས་པ་དང་། དོན་གོ་བ་དང་། ཤེས་པ་རང་བཞིན་དུ་གནས་་་་་་སྤྱིར་བསྟན་ལས་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་པའི་གནད་ཀྱིས་སོ། པའོ། །དགུ་པོ་དེ་དག་གི་དང་པོ་དྲུག་ནི་དགེ་སློང་ཆོས་དྲུག་ལྡན་ཞེས་སྟེ། ཆོ་ག་རྣམ་གཞག་གི་སྐབས་སུ་དགེ་སློང་ཆོས་དྲུག་ལྡན་ཞེས་འོག་ནས་འབྱུང་བ་རྣམས་སུ་ཡང་དྲུག་པོ་དེ་རྣམས་སྦྱར་རོ། །གསུམ་པ་དངོས་པོ་གང་ཞུ་བ་ནི་གསུམ་ལས། རབ་ཏུ་འབྱུང་བར་འདོད་པ་སྟེ་ཆོ་ག་ལས། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་ཞེས་སོ། །བར་ཆད་དང་མི་ལྡན་པ་སྟེ། དག་ན་ཞུ་བར་བྱའོ་ཞེས་སོ། །མངོན་སུམ་ན་ཡོད་པ་སྟེ། ཆོ་ག་ལས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི་ཞེས་གསུངས་ཏེ། འདི་ཞེས་བྱ་བའི་སྒྲ་མངོན་སུམ་ན་ཡོད་པ་ལ་འཇུག་གི རྒྱང་རིང་པོ་ན་ཡོད་པ་ལ་མི་འཇུག་པའི་ཕྱིར་རོ། །འཕྲིན་གྱིས་རབ་ཏུ་འབྱིན་ན་གང་ཟག་དེ་མངོན་སུམ་ན་ཡོད་པ་མ་ཡིན་པ་སྟེ་དམིགས་བསལ་ཡིན་ནོ། །བཞི་པ་ཆོ་ག་གང་གིས་ཞུ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་མཁན་པོས་ཞུ་བ་པོ་ལ་གཏད་པ་དང་ཅི་ཡོངས་སུ་དག་གམ་ཞེས་འདྲི་ཞིང་ལན་གདབ་པ་དང་། དགེ་འདུན་ལ་ཕྱག་འཚལ་དུ་བཅུག་ནས་སྤྱོད་ལམ་བསྟེན་དུ་འཇུག་པའོ། །

༼༨༩༽

དངོས་གཞི་སྔགས་ལན་གཅིག་གིས་ཞུ་བའོ། །མཇུག་དགེ་འདུན་གྱིས་་་་་་གལ་ཏེ་ཡོངས་སུ་དག་ནའོ་ཞེས། ལན་གདབ་པའོ། །གནས་ཁང་སོ་སོ་ན་འཁོད་པ་ཞེས་པ་ནི་འགྲེལ་ཆུང་ལས། དགེ་སློང་།་་་་་ལ་ལ་ཞིག་་་་་་སྡོམ་པ་འབོགས་པའི་གནས་དེར། མ་འོངས་ན་ཡང་གནས་གང་ལ་འདུག་པར་གནས་གནས་སུ་དྲི་ཞེས་པ་ལ་བརྟེན་ནས། གནས་ཁང་སོ་སོ་ན་འཁོད་པ་དགེ་འདུན་དུ་མ་ལོངས་པ་ལ་ཡང་ཞུ་ཞེས་ཁ་ཅིག་་་་་་ཚ་བ་རོང་། ཟེར་རོ། །དེ་ནི་མ་ཡིན་ཏེ་་་་་་གཞུང་བཞི་དང་འགལ་ལོ། །དེ་ཡང་འདི་ཉིད་ལས། དགེ་འདུན་ལ་ཞུ་ཞེས་པ་དང་། ལུང་དང་ཀརྨ་ཤ་ཏཾ་ལས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་་་་་་གསུངས་ཀྱི་ཆ་དང་ལྡན་པ་རྣམས་གསན་དུ་གསོལ་ཞེས་མ་གསུངས། པ་དང་། ཊཱི་ཀ་ལས། དགེ་འདུན་དུ་གྱུར་པའི་དགེ་སློང་དག་རང་རང་གི་གནས་ཁང་དག་ན་གནས་པའི་ཚེ་གནས་ཁང་སོ་སོར་སོང་སྟེ་དེ་དག་གི་མདུན་དུ་ཞུར་ཡང་རུང་ངོ་ཞེས་བཤད་པ་དང་འགལ་ལོ། །མཁན་པོར་གསོལ་ཞེས་པ་འདིའི་སྤྱིའི་དོན་ལ་གཉིས་ལས་དང་པོ་མཁན་པོར་གསོལ་བའི་དགོས་པ་ནི། མཁན་པོར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་གསོལ་བ་གདབ་པ་ནི། མཁན་པོར་འོས་ཤིང་རང་གི་བསླབ་ཚིགས་དེ་ཉིད་ཀྱི་མཁན་པོར་གྱུར་ཟིན་པ་དང་མ་འབྲེལ་བ་ལའོ། །གཉིས་པ་རྟེན་གང་གིས་གསོལ་བ་གདབ་པ་ནི། རབ་ཏུ་འབྱུང་བར་འདོད་པའམ། བསྙེན་རྫོགས་ལེན་པར་འདོད་པས་སོ། །གསུམ་པ་རྣམ་པ་ཅི་ཞིག་ཏུ་གསོལ་བ་གདབ་པ་ནི། མཁན་པོ་ཉིད་དུ་སྟེ། དེ་ཡང་སཾ་སྐྲྀ་ཏའི་སྐད་དུ་ཨུ་པ་དྷྱ་ཞེས་པ་སྐད་ཀྱི་བྱིངས་ཡིན་ཏེ། དེ་ནི་མཁན་པོ་ཙམ་པོ་ལ་འཇུག་གོ །ཨུ་པ་དྷ་ཞེས་པ་དེ་ལ་སྒྲའི་རྐྱེན་བྱིན་པས། ཨུ་་་་་་ཉེ་བར། པ་དྷ་་་་་་འཛིན་ར། ཨུ་པ་་་་་་ཉེ་བར། ཡ་ཧ་་་་་་སྦྱོར་བ་སྟེ། ཉེ་བར།་་་་་ཨུ་པ་དེ་་་་་་ལུང་འབོགས་པ། ཤ་ཏི་ཞེས་པ་སྟེ། ཉེ་བར་འཛིན། ཉེ་བར་སྦྱོར། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱའོ། །བཞི་པ་ཆོ་ག་གང་གིས་གསོལ་བ་གདབ་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ་གོ་སླའོ། །སྐྲ་དང་ཁ་སྤུ་བྲེགས་ཞེས་པ་འདིའི་སྤྱིའི་དོན་ལ་གཉིས་ལས། དང་པོ་སྐྲ་བྲེགས་པའི་དགོས་པ་ནི་བཞི་སྟེ། ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་དང་། དོན་དང་བྱ་བ་ཉུང་བ་དང་། །ང་རྒྱལ་དང་རྒྱགས་པ་གཞོམ་པ་དང་། །སྲོག་ཆགས་ལ་གནོད་པ་སྤོང་

༼༩༠༽

བ་སྟེ། གཞི་འགྲེལ་ལས། སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་། མི་བྲལ་བར་བྱ་བའི་ཕྱིར་ཞེས་སོ། །རྣམ་འབྱེད་ལས་་་་་དགེ་སློང་མ་རྣམས་ཀྱིས་རྟ་བགད་བྱས་པ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མས་སྨྲས་པ། ཕུ་ནུ་མོ་དག་སྐྲ་ནི་བྲེགས་ཤིང་། མཆན་ཁུང་རལ་བུ་ཅན་དག་ཡིན་ན་་་་་་བདག་ཅན་གད་མོ། དགོད་དུ་ཅི་ཡོད་ཅེས་པ་དང་། གཞི་འགྲེལ་ལས། གཙུག་ཕུད་བྲེགས་པས་ཉེ་དུ་རྣམས་ཀྱི་གྲལ་ནས་ཕྱུང་བའི་ཕྱིར་ཏེ། འཇིག་རྟེན་ན་སྨད་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་། ཐ་མ་ནི་དོན་གྱིས་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་གི་འདྲེག་པ་ནི་རབ་ཏུ་འབྱུང་བར་འདོད་པ་དེའིའོ། །གཉིས་པ་དངོས་པོ་གང་འདྲེག་པ་ནི་སྐྲ་དང་ཁ་སྤུ་ཡིན་ཞིང་ཚད་ལས་ལྷག་པའོ། །གསུམ་པ་རྟེན་གང་གིས་བྲེགས་པ་ནི་མཁན་པོའམ་དེས་བསྐོས་པས་འདྲེག་སྟེ། ཊཱི་ཀ་ལས་་་་་་མཁན་པོས་སྐྲ་དང་ཁ་སྤུ་བྲེགས་པར་བྱའོ། །མཁན་པོས་བསྐོས་པའི་འདྲེག་མཁན་གྱིས་སྐྲ་དང་ཁ་སྤུ་དག་འདྲེག་པར་བྱེད་ན་ཡང་ཉེས་པ་མེད་དེ་ཞེས། བཤད་དོ། །བཞི་པ་ཚུལ་ཇི་ལྟར་བྲེགས་པ་ནི་བ་ལང་གི་སྤུ་འདྲ་བར་ཚན་པས་མི་འདྲེག་པ་ལ་སོགས་པའོ། །ཆོས་གོས་བྱིན་པའི་དགོས་པ་ཡང་་་་་་ཁྲེལ་ཡོད་ཀྱི་བསམ་པ་སྐྱེ་བ་ལ་སོགས་པ། དེ་དག་ཅི་རིགས་སུ་གནས་སོ། །ཊཱི་ཀ་ལས་མཁན་པོ་རང་གིས་དེ་ལ་གོས་དེ་དག་བསྐོན་པར་བྱ་ཞེས་སོ། །སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་ཅེས་པ་འདིའི་སྤྱིའི་དོན་ལ་གཉིས་ལས། དང་པོ་རབ་ཏུ་བྱུང་བ་བར་མའི་དགེ་བ་བྱིན་པའི་དགོས་པ་ནི། བསླབ་པའི་ཚིགས་ལས་འདས་པའི་ཉེས་པ་ཁེགས་པ་དང་། དགེ་ཚུལ་གྱི་སྡོམ་པའི་སྣོད་དུ་རུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལས་བླང་བ་ནི། མཁན་པོ་ལས་བླང་སྟེ། ཊཱི་ཀ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ་ཞེས་སོ། །གཉིས་པ་རྟེན་གང་གིས་བླང་བ་ནི་ལུས་དང་བསམ་པ་ཕུན་སུམ་ཚོགས་པས་སོ། །གསུམ་པ་དངོས་པོ་གང་བླང་བ་ནི། བར་མའི་དགེ་བ་་་་་་ཁྱིམ་པའི་རྟགས་སྤང་བ་ཉམས་པ་དང་། རབ་ཏུ་བྱུང་བའི་རྟགས་བླང་པ་ཉམས་པ་དང་། བླ་མར་གསོལ་བ་གདབ་པ་ཉམས་པ་སྟེ། སྤང་བྱ་གསུམ་སྤོང་བ་བླང་ཞེས་སྔ་མ་རྣམས་གསུང་ཡང་བླ་མར་གསོལ་བ་བཏབ་པ་ཉམས་པ་སྤོང་བ་ནི་

༼༩༡༽

སྔར་མཁན་པོར་གསོལ་བའི་སྐབས་སུ་ཐོབ་སྟེ། འོད་ལྡན་ལས། མཁན་པོར་གསོལ་བའི་སྐབས་སུ།་་་་་བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་གང་གིས་གསོལ་བ་བཏབ་པ་སྔོན་དུ་བཏང་ནས་ཁས་ལེན་པ་སྟེ་དེ་ཡོངས་སུ་གཏོང་བ་ནི་་་་་་བླ་མར་གསོལ་བ་གདབ་པ། ཉམས་པ་ཞེས་བྱའོ་ཞེས་གསུངས་སོ། །འདིར་ནི་ཤཱཀྱའི་རྒྱལ་པོའི་རྗེས་སུ་འབྱུང་བར་ཁས་ལེན་ཅིང་ཁྱིམ་པའི་རྟགས་སྤོང་བ་དང་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་སྟེ་དེ་ལྟར་ཆོ་ག་ལས་བཤད་དོ། །བཞི་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ་གོ་སླའོ། །གོ་རིམ་གྱི་རྣམ་པ་གཞན་ཉེ་བར་བསྟན་པའི་ཕྱིར། མཁན་པོར་གསོལ་བའི་འོག་སྐྲ་དང་ཁ་སྤུ་བྲེགས་པ་དང་གོས་ངུར་སྨྲིག་བྱིན་པའི་གོང་དུ་ཡང་རབ་ཏུ་དབྱུང་དུ་རུང་ངོ་། །ཊཱི་ཀ་ལས། རྒྱ་གར་གྱི་འདུལ་འཛིན།་་་་་ཁ་ཅིག་ན་རེ་དཔེར་ན་དགེ་ཚུལ་ཉིད་རབ་ཏུ་དབྱུང་བ་ཁོ་ན་ལ་བྱེད་པ་དེ་བཞིན་དུ། སྐྲ་དང་ཁ་སྤུ་བྲེགས་པ་དང་ངུར་སྨྲིག་བྱིན་ཞིང་བསྐོན་པ་ཡང་རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པས། དེའི་ཕྱིར་མཁན་པོར་གསོལ་བའི་མོད་ཁོ་ན་ལ་་་་་་སྐྲ་དང་ཁ་སྤུ་མ་བྲེགས་པ་གོས་དཀར་བོ་གྱོན་བཞིན་པ་ལ། རབ་ཏུ་འབྱུང་བར་བྱ་ཞིང་། ཕྱིས་སྐྲ་དང་ཁ་སྤུ་འདྲེག་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ་ཞེས་བཤད་དོ།་་་་་ཊཱི་ཀ་གཞན་གྱི་འདོད་ཚུལ། དེ་ལ་བརྟེན་ནས་བོད་ཁ་ཅིག་ཀྱང་གོ་རིམ་དེ་ཁོ་ན་བཞིན་བྱ་སྟེ། དེ་ལས།་་་་་གཞན་དུ་ན་་་་་་སྐྲ་བྲེགས་ཆོས་གོས་བསྐོན་ཟིན་ནས་གཟོད་རབ་ཏུ་འབྱིན་ན་རབ་ཏུ་འབྱུང་བའི། ཆོ་ག་ལས་ཁྱིམ་པའི་རྟགས་སྤོང་ངོ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ཞེས་་་་་་ཁྱིམ་པའི་ཆ་ལུགས། ད་གཟོད་སྤོང་བ་་་་་་དང་རབ་བྱུང་གི་ཆ་ལུགས། ད་གཟོད་ལེན་པའི་ཚིག་ཏུ་བྱུང་བས་སྒྲ་དོན་འགལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་་་་་་སོག ན་རེ་དེ་ནི་མི་འཐད་དེ། གནོད་བྱེད་བརྗོད་པ་ན། ལུང་གཞི་ལས་སྐྲ་བྲེགས་ཤིང་ཆོས་གོས་བསྐོན་ནས་དེའི་འོག་ཏུ་རབ་ཏུ་བྱུང་བར་གསུངས་པ་དང་འགལ་ཞིང་། གོ་རིམ་དེ་ལས་བཟློག་པ་ལྟར་ན་གཙུག་ཕུད་གཞག་པ་དོན་མེད་དུ་ཐལ། གཙུག་ཕུད་འཇོག་པ་ནི་རབ་ཏུ་འབྱུང་བར་ངེས་མ་ངེས་བརྟག་པ་ཡིན་པ་ལ་རབ་ཏུ་བྱུང་ཟིན་པའི་ཕྱིར་རོ། །སྒྲུབ་བྱེད་གཞིག་པ་ནི། གཞན་གྱི་སྒྲུབ་བྱེད་འདི་སྐད་དུ་སྐྲ་འདྲེག་པ་དང་ཆོས་གོས་ངུར་སྨྲིག་བྱིན་ཞིང་བསྐོན་པ་འདི་ཆོས་ཅན། རབ་ཏུ་བྱུང་ཟིན་པའི་རྗེས་སུ་བྱ་བ་

༼༩༢༽

ཡིན་ཏེ། རབ་ཏུ་བྱུང་བ་ཁོ་ནའི་ཚུལ་ཡིན་པའི་ཕྱིར་ཟེར་བ་དེའང་མི་འཐད་དེ། འོ་ན་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པའི་ཚེ་ན་ཆོས་གོས་སྣམ་སྦྱར་བྱིན་གྱིས་རློབ་པ་དེ་ཆོས་ཅན། བསྙེན་པར་རྫོགས་ཟིན་པའི་རྗེས་སུ་བྱ་བ་ཡིན་པར་ཐལ། བསྙེན་པར་རྫོགས་པ་ཁོ་ནའི་ཚུལ་ཡིན་པའི་ཕྱིར་ཞེས་མཚུངས་སོ། །རྟགས་མ་གྲུབ་ན་དེར་ཡང་ངོ་། །རབ་ཏུ་འབྱུང་བའི་ཆོ་ག་ལས། སྤོང་ངོ་ལེན་ཏོ་ཞེས་ད་གཟོད་སྤོང་བ་དང་ད་གཟོད་ལེན་པའི་ཚིག་ཏུ་གསུངས་པ་དང་མི་འགལ་ཏེ། བསམ་པའི་སྒོ་ནས་ད་གཟོད་ཁྱིམ་པའི་རྟགས་སྤོང་ཞིང་རབ་བྱུང་གི་རྟགས་ལེན་པའི་དམ་བཅའ་ད་གཟོད་ལེན་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རབ་བྱུང་མ་ཟིན་པར་ཁྱིམ་པ་ལ་ཆོས་གོས་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པར་འགྱུར་བའི་ཕྱིར། རབ་ཏུ་བྱུང་ཟིན་ནས་ཆོས་གོས་བསྐོན་པའི་ལུགས་འདི་འཐད་དོ་ཞེ་ན། རབ་ཏུ་མ་ཕྱུང་བར་ཁྱིམ་པ་ལ་ཆོས་གོས་བསྐོན་ཡང་སྐབས་འདིར་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ཉེས་པར་མི་འགྱུར་ཏེ་དམིགས་བསལ་ཡིན་པའི་ཕྱིར་རོ། །གོ་རིམ་གྱི་རྣམ་གྲངས་གཞན་རབ་ཏུ་བྱུང་ཟིན་ནས་སྐྲ་དང་ཁ་སྤུ་འདྲེག་པའི་ལུགས་ལྟར་བྱས་ཀྱང་། གཙུག་ཕུད་བཞག་པ་དོན་མེད་དུ་མི་འགྱུར་ཏེ། རབ་ཏུ་བྱུང་ཟིན་ཡང་དགེ་ཚུལ་བྱེད་པར་ངེས་མ་ངེས་བརྟག་པའི་དགོས་པ་ཡོད་པའི་ཕྱིར་རོ་ཞེས་གསུང་ངོ་། །རང་ལུགས་ནི་རབ་ཏུ་དབྱུང་བ་དང་རབ་བྱུང་གི་ཆ་ལུགས་བྱིན་པ་འདི་གཉིས་ལ་གོ་རིམ་སྔ་ཕྱི་ངེས་པ་མེད་དེ། གསོལ་བའི་འོག་ཏུ་ཡང་རུང་ངོ་། །ཞེས་རྣམ་གྲངས་ཀྱི་ཚིག་ཏུ་གསུངས་པའི་ཕྱིར་རོ། །འགྲེལ་ཆུང་ལས། མཁན་པོར་གསོལ་བའི་འོག་དང་སྐབས་འདི་གཉིས་གང་དུ་བྱས་ཀྱང་ཉེས་པ་མེད་དོ་ཞེས་སོ། །ཊཱི་ཀ་ལས། དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་ངང་ཚུལ་གང་ལ་ཡོད་པའི་དགེ་སློང་དེ་ལ་གཏད་པར་བྱའོ་ཞེས་སོ། །དེའི་དོན་ནི་ཊཱི་ཀ་ལས་དགེ་སློང་དེ་དགེ་ཚུལ་གྱི་སྡོམ་པ་བྱིན་པར་ནུས་ནའོ་ཞེས་སོ། །འོ་ན་ངང་ཚུལ་གང་ལ་ཡོད་པ་ཞེས་ལུང་ལས་མ་གསུངས་ཀྱང་། ཊཱི་ཀ་ལས་ངང་ཚུལ་གང་ལ་ཡོད་པ་ཞེས་སྨོས་པ་དེ་རང་བཟོའི་སྐྱོན་དུ་འགྱུར་རོ་ཞེ་ན། ཊཱི་ཀ་ལས་ངང་ཚུལ་ཅན་གྱི་རྐྱེན་གྱི་གཞིས་དེ་སྟོན་ཞེས་གསུངས་ཏེ། ངང་ཚུལ་ཅན་ཞེས་ལུང་ལས་དངོས་སུ་མ་གསུངས་ཀྱང་ངང་ཚུལ་ཅན་ཞེས་པའི་སྒྲའི་རྐྱེན་སྟེར་བའི་གཞི་ལུང་ལས་

༼༩༣༽

གསུངས་པས་རང་བཟོའི་སྐྱོན་མེད་ཅེས་བསྟན་པའོ། །དགེ་ཚུལ་གྱི་སྡོམ་པ་བྱིན་པའི་དངོས་གཞིའི་ཆོ་ག་ནི། དག་ན་ཉེ་བར་བསྒྲུབ་པར་བྱ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི་དགེ་ཚུལ་གྱི་སྡོམ་པ་འཐོབ་པ་དང་། བསྙེན་རྫོགས་ཀྱི་སྣོད་དུ་རུང་བ་དང་། ཚིགས་ལས་འདས་པའི་ཉེས་བྱས་ཁེགས་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བླང་བ་ནི། མཁན་སློབ་དང་ཞུ་བའི་ཡུལ་་་་་་དད་པའི། དགེ་འདུན་དང་བཅས་པ་ལ་བླང་སྟེ། དེ་ཡང་མཁན་པོ་དང་སློབ་དཔོན་གྱི་མཚན་ཉིད་ནི་སྐབས་འོག་ཏུ་འཆད་དོ། །དད་པའི།་་་་་དགེ་འདུན་ནི། དགེ་སློང་ཚུལ་ཁྲིམས་དག་ཅིང་མཚན་མཐུན་ལྟ་བ་མཐུན། །ཐ་སྙད་གསུམ་དང་ལྡན་ཞིང་ཐ་མལ་ལུས་སུ་གནས། །ས་གཞན་གནས་མིན་་་་་་ཆོས་དྲུག་ལྡན་པ། དེ་དག་འདུག་པའི་སྤྱོད་ལམ་མཐུན། །བཞིར་ལོངས་དགེ་འདུན་ཚོགས་པ་གཅིག་ཏུ་འདུས་པར་གྱུར་པའོ།་་་་་ལ་ལ་ཁྱམས་ན་འདུག་ཅིང་ལ་ལ་སྒད་ས་ན་འདུག་པ་ལྟ་བུ་མ་ཡིན་པའོ། །དེ་ཡང་རབ་ཏུ་འབྱུང་བའི་ཞུ་བ་བྱེད་པའི་དུས་ན། ཞུ་བའི་ཡུལ་དགེ་འདུན་དགེ་སློང་བཞིར་ལོངས་དང་། ཞུ་བ་པོ་དགེ་སློང་གཅིག་སྟེ། དགེ་སློང་ལྔ་ཡན་ཆད་དོ། །དངོས་གཞིའི་དུས་ན་དགེ་འདུན་ལ་སྐྱབས་སུ་འགྲོ་བའི་རྟེན་དགེ་སློང་བཞི་ཡན་ཆད་དོ། །དེ་ཡང་མཁན་པོ་དང་དགེ་འདུན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་གྱི། དེ་དག་མེད་ཀྱང་རྒྱུ་གཞན་ཚང་ན་དགེ་ཚུལ་གྱི་སྡོམ་པ་སྐྱེའོ། །སློབ་དཔོན་མེད་ན་ནི་མི་སྐྱེ་སྟེ། ཊཱི་ཀ་ལས། དགེ་ཚུལ་གྱི་སྡོམ་པ་ནི་མཁན་པོ་ལས་གཞན་སློབ་དཔོན་ལས་འཐོབ་པ་ཁོ་ན་ཡིན་ནོ་ཞེས་སོ། །གཉིས་པ་རྟེན་གང་གིས་བླང་བ་ལ་བཞི་ལས། དང་པོ་ལུས་ཕུན་སུམ་ཚོགས་པ་ནི། དངོས་པོའམ་བསམ་པའི་སྒོ་ནས་ནར་སོན་པ་དང་། ལུས་ལ་བརྟེན་པའི་བར་ཆད་མཐའ་དག་དང་བྲལ་བའོ། །དེ་ལ་དངོས་པོའི་སྒོ་ནས་ནར་སོན་པ་ནི། མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ཏེ་ལོ་བདུན་ལོན་ཅིང་བྱ་རོག་སྐྲོད་ནུས་པའོ།་་་་་སྒྲ་གཅན་ཟིན་གྱིས་མའི་མངལ་དུ་ལོ་དྲུག་བཞུགས་པ་དེ་བུ་ཆུང་སྐྱེས་ནས་ལོ་གཅིག་ན་མངལ་ཟླ་དང་བཅས་ནས་ལོ་བདུན་ལོན་པ་དང་། རྒན་པོ་སྐྱེས་ནི་མའི་མངལ་དུ་ལོ་དྲུག་ཅུ་གནས་པ་ལྟ་བུ་ནི་ཚད་ལས་འདས་པའོ། །འོ་ན་ལོ་བདུན་མ་ལོན་པ་ལ་དགེ་ཚུལ་གྱི་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། ཁ་ཅིག་ན་རེ་དེ་ལ་དགེ་ཚུལ་གྱི་


༼༩༤༽

སྡོམ་པ་སྐྱེ་བ་ཡིན་ཏེ། ཊཱི་ཀ་ལས། དེ་ནི་སྐྱེ་བའི་ཆོས་ཉིད་ཀྱིས་རབ་ཏུ་དབྱུང་བར་མི་འོས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར། ཞེས་མཚམས་སྦྱར་ནས། རྒན་ཆེས་པ་དང་གཞོན་ཆེས་དང་། ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ་ལོ་བདུན་མ་ལོན་པ་ལ་མ་ལོན་པར་འདུ་ཤེས་པས་དགེ་ཚུལ་གྱི་སྡོམ་པ་ལེན་པ་ཆོས་ཅན། སྡོམ་པ་མི་སྐྱེ་བར་ཐལ། ལོ་ཉི་ཤུ་མ་ལོན་པ་ལ་ནི་དགེ་སློང་གི་སྡོམ་པ་མི་སྐྱེ་བར་དངོས་སུ་གསུངས་ལ། དེ་དང་རང་སའི་ངེས་གཟུང་གི་ལོ་གྲངས་མ་ལོན་པའི་སྒོ་ནས་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཊཱི་ཀ་ལས། དེ་ནི་སྐྱེ་བའི་ཆོས་ཉིད་ཀྱིས་ཞེས་བཤད་པ་དེ་ནི་ལག་རྡུམ་ལ་སོགས་པ་ཕལ་ཆེ་བ་རྣམས་ལ་སྡོམ་པ་སྐྱེ་བ་ལ་དགོངས་ནས་དེ་སྐད་གསུངས་པའོ། །བསམ་པའི་སྒོ་ནས་ནར་སོན་པ་ནི་ལོ་བདུན་ལོན་པ་ཉིད་དུ་འདུ་ཤེས་པའོ། །གཉིས་པ་བསམ་པ་ཕུན་སུམ་ཚོགས་པ་ནི་རྒྱུའི་ཀུན་སློང་དང་དུས་ཀྱི་ཀུན་སློང་སྟེ་སྔར་བཤད་ཟིན་ཏོ། །གསུམ་པ་ཆ་ལུགས་ཕུན་སུམ་ཚོགས་པ་ནི་སྐྲ་བྲེགས་ཤིང་ཆོས་གོས་དང་ལྷུང་བཟེད་རུང་ཞིང་ཚད་དང་ལྡན་པ་ཡོད་པ་སྟེ། གདིང་བ་དང་ཆུ་ཚགས་ཚིག་གིས་བྱིན་ཡང་རུང་ངོ་། །བཞི་པ་ཚིགས་སྔ་མ་སྔོན་དུ་སོང་བ་ནི་དགེ་བསྙེན་གྱི་སྡོམ་པ་དང་རབ་ཏུ་བྱུང་བ་བར་མའི་དགེ་བ་བླངས་པ་དང་ལྡན་པའོ། །གསུམ་པ་དངོས་པོ་གང་བླང་བ་ནི་དགེ་ཚུལ་གྱི་སྡོམ་པ་སྟེ་སྐབས་ཀྱིས་གྲུབ་བོ། །བཞི་པ་ཆོ་ག་ཇི་ལྟ་བུས་བླང་བ་ནི་སྦྱོར་དངོས་མཇུག་གསུམ་སྟེ། ཀརྨ་ཤ་ཏཾ་ལས་ཤེས་པར་བྱའོ། །ཡན་ལག་གི་དོན་ནི། དག་ན་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའོ། །ཐུན་མོང་བ་བླ་མ་རྣམས་ཀྱི་རྣམ་པར་བཞག་པ་ནི། དེ་ནི་སློབ་དཔོན་ཡིན་ནོ། །ཞེས་པ་ལ་སོགས་པས་བསྟན་ཏོ། །འདིའི་སྤྱིའི་དོན་ལ་གཉིས་ལས་དང་པོ་དགོས་པའི་དོན་ནི་བླ་མ་འདི་རྣམས་ལ་བརྟེན་ནས་དངོས་སམ་བརྒྱུད་པས་བརྗོད་བྱ་བསླབ་པ་གསུམ་རྫོགས་པར་འགྱུར་བ་དང་།་་་་་མཁན་པོ་གཉིས་དང་སྡོམ་པ་འབོགས་པའི་སློབ་དཔོན་གསུམ་སྟེ། མཁན་སློབ་ལྔ་པོ་དེས་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་གའི་མཐུན་རྐྱེན་དུ་འགྱུར་བ་སྟེ། བླ་མ་ལྔ་པོ་དེས་དངོས་སུ་ཚུལ་ཁྲིམས་ཀྱི་མཐུན་རྐྱེན་བྱེད་ཅིང་། ཚུལ་ཁྲིམས་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར་རོ། །གནས་ཀྱི་བླ་མས་ཀྱང་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་གའི་མཐུན་རྐྱེན་དུ་འགྱུར་ཏེ། གནས་ཀྱི་བླ་མ་ལ་བརྟེན་ནས་སློབ་


༼༩༥༽

མའི་ཚུལ་ཁྲིམས་མི་ཉམས་ཤིང་བརྟེན་པར་འགྱུར་ལ་ཚུལ་ཁྲིམས་ལ་བརྟེན་ནས་སེམས་དང་ཤེས་རབ་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར་རོ། །ཀློག་པའི་སློབ་དཔོན་གྱིས་ཀྱང་དངོས་སམ་བརྒྱུད་པའི་སྒོ་ནས་བསླབ་པ་གསུམ་གའི་མཐུན་རྐྱེན་དུ་འགྱུར་བ་སྟེ། སྤང་བྱ་ངོ་ཤེས་པའི་སྒོ་ནས་ཚུལ་ཁྲིམས་མི་ཉམས་པའི་མཐུན་རྐྱེན་སྒྲུབ་ཅིང་། ཐོས་པའི་ཤེས་རབ་དངོས་སུ་བསྐྱེད་ལ་ཏིང་ངེ་འཛིན་གྱི་གདམས་ངག་བསྐྱེད་པ་དེ་ཡང་ཀློག་པའི་སློབ་དཔོན་ཡིན་ལ་གདམས་ངག་དེ་ལ་བརྟེན་ནས་སེམས་ཀྱི་བསླབ་པ་འབྱུང་རུང་ཡིན་པའི་ཕྱིར་རོ། །རྗོད་བྱེད་སྡེ་སྣོད་གསུམ་དང་ལྡན་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་བརྒྱད་ལས། དང་པོ་དབྱེ་བ་ནི། ལུང་གཞི་ལས་སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ་ཞེས་གསུངས་པས། སྐབས་འདིར་བླ་མ་བདུན་དུ་དབྱེ་སྟེ། རབ་ཏུ་འབྱིན་པར་བྱེད་པའི་མཁན་པོ་དང་བསྙེན་པར་རྫོགས་པར་བྱེད་པའི་མཁན་པོ་དང་། དགེ་ཚུལ་གྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པའི་སློབ་དཔོན་ནོ། །གཉིས་པ་བསྡུ་བ་ནི། དེ་ཐམས་ཅད་མཁན་པོ་དང་། སློབ་དཔོན་གཉིས་སུ་འདུས་སོ། །གསུམ་པ་མཚན་ཉིད་ལ་གཉིས་ཏེ། བླ་མ་སྤྱིའི་མཚན་ཉིད་དང་། སོ་སོའི་མཚན་ཉིད་དོ། །དང་པོ་ནི་རང་གི་སློབ་མ་ལ་ལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་ཉིད་དུ་གནས་པའོ། །གཉིས་པ་ལ་གཉིས་ཏེ། བླ་མ་བྱར་རུང་བའི་མཚན་ཉིད་བླ་མ་ཡིན་པའི་མཚན་ཉིད་དོ། །དང་པོ་ནི། མཁན་པོ་བྱར་རུང་དང་གནས་ཀྱི་སློབ་དཔོན་བྱར་རུང་མཚན་ཉིད་འདྲ་སྟེ། བཙུན་ཞིང་བརྟན་པའི་ཡན་ལག་དང་ལྡན་པ། མཁས་ཤིང་ཕན་འདོགས་པའི་ཡན་ལག་དང་ལྡན་པ་སྟེ་རྒྱས་པར་འོག་ཏུ་འཆད་དོ། །དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ཆོ་ག་ལེགས་པར་ཤེས་པ་སྟེ་ཆོས་བདུན་དང་ལྡན་ན་དགེ་ཚུལ་གྱི་སློབ་དཔོན་བྱར་རུང་ངོ་། །དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ་བར་ཆད་འདྲི་བའི་ཆོ་ག་ལེགས་པར་ཤེས་པ་སྟེ་ཆོས་བདུན་དང་ལྡན་ན་གསང་སྟེ་སྟོན་པའི་སློབ་དཔོན་བྱར་རུང་སྟེ། དེ་ཡང་བསྐོ་བའི་ཚེ་ན་ནི་ཆོས་བཅོ་ལྔ་ཚང་བ་དེ་དགོས་སོ།་་་་་བསྐོ་བའི་ཡུལ་ཐུན་མོང་གི་ཆོས་བཅུ་བཞི་སྤོང་བའི་ཞལ་ཏ་བའི་སྐབས་སུ་འཆད་པར་འགྱུར་ལ་དེའི་མཁན་པོ་དང་དེའི་ལས་ཀྱི་སློབ་དཔོན་ཉིད་དུ་ཕྱོགས་པ་མིན་པ་སྟེ་བཅོ་ལྔའོ། །ལས་ཀྱི་ཁ་སྐོང་བར་འོས་ཤིང་ལས་ཀྱི་ཆོ་ག་ལེགས་པར་ཤེས་པ་དང་ཆོས་དེ་གཉིས་དང་ལྡན་ན་ལས་


༼༩༦༽

ཀྱི་སློབ་དཔོན་བྱར་རུང་ངོ་། །ཀློག་པའི་སློབ་དཔོན་བྱར་རུང་བ་ནི། རབ་བྱུང་སྡེ་ལྔ་རང་རང་གི་སྡོམ་པ་དག་པ་དང་། ས་རང་བཞིན་དུ་གནས་པ་དང་། ལྟ་བ་མཐུན་པ་དང་། མཚན་མཐུན་པ་དང་། རང་གི་བསླབ་བྱའི་ཆོས་དེ་ལེགས་པར་ཤེས་པ་སྟེ་ཆོས་ལྔ་དང་ལྡན་ནའོ།་་་་་ཆོས་དེ་མི་ཤེས་པ་ལ་བཀླག་ལུང་ཞུར་རུང་བ་ཡང་ཡོད། །གཉིས་པ་བླ་མ་ཡིན་པའི་མཚན་ཉིད་ནི། བླ་མར་གྱུར་པའི་དུས་འོག་ནས་འཆད་པར་འགྱུར་བ་དེ་ཉིད་ཡིན་ནོ། །བཞི་པ་གྲངས་ངེས་པ་ནི།་་་་་སེམས་པ་སྐྱེད་པའི་བླ་མ་ལ་སོགས་པ། ཐེག་པ་གཞན་ལ་བརྟེན་པའི་བླ་མ་གཞན་དག་ཀྱང་བཤད་མོད་ཀྱི། འདིར་འདུལ་བ་ནས་བཤད་པའི་བླ་མ་བདུན་དུ་གྲངས་ངེས་ཞེས་སྔ་མ་རྣམས་འཆད་དོ། །འོན་ཀྱང་འདུལ་བ་ནས་བཤད་པའི་མཁན་སློབ་བདུན་དུ་གྲངས་ངེས་པ་མ་ཡིན་ཏེ། ལུང་གཞི་ལས། སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་ཅེས།་་་་་དགེ་བསྙེན་གྱི་སྡོམ་པ་འབོགས་པའི་སློབ་དཔོན་གསུངས་པ་དང་། རབ་ཏུ་འབྱིན་པའི་མཁན་མོ་དང་། གནས་པ་ཁོ་ན་ལའོ་ཞེས་པས།་་་་་དགེ་སློབ་མའི་མཁན་མོ་དང་། བསྙེན་རྫོགས་བྱེད་པའི་མཁན་མོ་སྟེ་བུད་མེད་ལ་མཁན་མོ་གསུམ་ཡོད་པའི་ཕྱིར་དང་། དགེ་སློབ་མའི་ལས་བྱེད་པ་མོ་ལ་སོགས་པ་ཡང་སློབ་དཔོན་མ་ཉིད་ཡིན་པར་རིག་པའི་ཕྱིར་རོ། །དེས་ན་འདིར་བླ་མ་བདུན་དུ་ཕྱེ་བ་ནི། བླ་མ་རྣམས་ཀྱི་རྣམ་གཞག་བསྟན་པའི་སྐབས་འདིའི་ལུང་གཞི་ལས་བླ་མ་བདུན་དུ་གསུངས་པས། དེ་ཙམ་ཞིག་འདིར་བསྟན་པ་ཡིན་ནོ། །ལྔ་པ་གོ་རིམ་ངེས་པ་ནི། མཁན་པོ་གཉིས་སྔོན་དུ་བསྟན་པའི་རྒྱུ་མཚན་ནི་སྔར་བཤད་ཟིན་ལ། སློབ་དཔོན་ལྔ་གོ་རིམ་འདི་ལྟར་བསྟན་པ་ནི་སློབ་མར་འགྱུར་བའི་ཡུལ་དེ་ལ་ལྟོས་ནས་བྱ་བ་ལ་འཇུག་པའི་གོ་རིམ་བསྟན་པའོ།་་་་་དགེ་ཚུལ་གྱི་སྡོམ་པ་ཕོག་ནས་གསང་སྟེ་སྟོན་པས་བར་ཆད་འདྲི། དེ་ནས་དགེ་སློང་གི་སྡོམ་པ་བྱིན་པའི་ལས་བྱེད། སྡོམ་པ་དེ་བྱིན་ནས་དེའི་མཚན་མོའི་མཐའ་ལ་གནས་མེད་ཀྱི་ཉེས་པ་འགགས། དེའི་རྗེས་སུ་སྡེ་སྣོད་ཀྱི་ཆོས་སློབ་པས་སློབ་དཔོན་ལྔ་གོ་རིམ་དེ་ལྟར་བསྟན་ཏོ །གལ་ཏེ་གསང་སྟེ་སྟོན་པ་བས་ལས་བྱེད་པའི་བྱ་བ་སྔོན་དུ་འགྲོ་སྟེ། ལས་བྱེད་པས་གསང་སྟེ་སྟོན་པ་འཚོ་ལ་བའི་ཆོ་ག་སྔོན་དུ་འགྲོ་བའི་ཕྱིར་རོ་སྙམ་ན། དེའི་སྐྱོན་མེད་དེ་ཡུལ་དེ་ལ་ལྟོས་ནས་ཞེས་བརྗོད་པའི་ཕྱིར་རོ། །དྲུག་པ་འདི་རྣམས་བླ་མར་བཞག་པའི་འཐད་པ་ནི། དེ་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་ནི་གཙོ་ཆེར་དད་པའི་དགེ་འདུན་ལས་འཐོབ་པ་ཡིན་ཡང་དེ་བླ་མར་མི་


༼༩༧༽

འགྱུར་ལ། གསང་སྟེ་སྟོན་པ་མེད་ཀྱང་སྡོམ་པ་འཐོབ་པས་སྡོམ་པ་སྐྱེ་བ་ལ་གསང་སྟེ་སྟོན་པ་ངེས་གཟུང་གི་ཡན་ལག་མ་ཡིན་ཡང་དེའི་སློབ་དཔོན་དུ་བཞག་པ་ནི་རྒྱུ་མཚན་ཅི། སྤྱིར་ན་མཁན་པོ་ལ་སོགས་པ་འདི་རྣམས་བླ་མར་གཞག་པའི་རྒྱུ་མཚན་ཅི་ཞེ་ན། རང་གི་སློབ་མ་ཉིད་དུ་ཉེ་བར་ཕྱོགས་པ་ལ་ངག་ལས་ཁྱད་པར་ཅན་གྱི་སྒོ་ནས་དམ་པ་ཆོས་ཀྱིས་དངོས་སུ་ཕན་འདོགས་ཁྱད་པར་ཅན་གྱི་བྱ་བ་བསྒྲུབ་པའི་ཕྱིར་ཏེ།་་་་་གནས་ཀྱི་སློབ་དཔོན་ཡང་གནས་སུ་བཟུང་བའི་ཆོ་ག་ངག་གི་ལས་ཁྱད་པར་ཅན་གྱི་སྒོ་ནས་ཡིན་པས་དེ་ལ་མ་ཁྱབ་པའི་སྐྱོན་མེད་དོ། །དད་པའི་དགེ་འདུན་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་ངག་ཏུ་བརྗོད་དགོས་ཀྱང་ངག་གི་ལས་ཙམ་པོ་ཡིན་གྱི་ངག་གི་ལས་ཁྱད་པར་ཅན་མ་ཡིན་ནོ། །རབ་ཏུ་འབྱིན་པའི་ཞུ་བ་བྱེད་པའི་ཚིག་ལས་ཁྱད་པར་ཅན་ཡིན་ན་ཡང་བརྒྱུད་ནས་ཕན་འདོགས་པ་ཙམ་ཡིན་གྱི་དངོས་སུ་ཕན་འདོགས་པ་མ་ཡིན་པས་དད་དགེ་དང་ཞུ་བྱེད་ལ་ཁྱབ་ཆེས་པའི་སྐྱོན་མེད་དོ། །གཙོ་བོར་ན་སངས་རྒྱས་ཀྱིས་དེ་ལྟར་བཅས་པའི་དབང་གིས་སོ། །བདུན་པ་བླ་མར་གྱུར་པའི་དུས་ནི་གཉིས་ལས། དང་པོ་མཁན་པོར་གྱུར་པའི་དུས་ནི། མཁན་པོར་གསོལ་བའི་སྔགས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་ན་དེར་གྱུར་ཏོ། །འོ་ན་ལེན་པ་པོས་རང་རང་གི་སྐབས་ཀྱི་སྡོམ་པ་མ་ཐོབ་པ་ནས་མཁན་པོར་གྱུར་པ་དེ་རྒྱུ་མཚན་ཅི་ཞེ་ན། མཁན་པོ་གཉེར་ཆེ་བས་དོག་ཏུ་བཅས་པ་སྟེ། དེ་གཉེར་ཆེ་བའི་སྒྲུབ་བྱེད་ནི། སྤྲུལ་བ་རབ་ཏུ་བྱུང་བའི་སྐབས་ཀྱི།་་་་་ལུང་གཞི་ལས། དགེ་སློང་དག་བཤན་པ་བྱེད་དུ་བཅུག་པ་ནི་སླའི་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་ངོ་ཞེས་གསུངས་ཤིང་།་་་་་སྤངས་པ་ལ་སྟོབས་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་དགེ་སློང་དག་བཤན་པའི་གནས་སུ་བཏང་བ་ནི་སླའི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་འདོམས་པར་མི་བྱེད་རྗེས་སུ་སྟོན་པར་མི་བྱེད་པ་ནི་མི་རུང་ངོ་ཞེས་གསུངས་སོ། །ལུང་ཕྲན་ཚེགས་ལས། དགེ་སློང་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པ་བྱས་ནས་གདམས་ངག་མི་བྱིན་ཞིང་རྗེས་སུ་མ་བསྟན་པ་བས་ནི།་་་་་རང་ཉིད། བཤན་པ་བྱེད་ཀྱང་སླའོ་ཞེས་གསུངས་ཏེ། མཁན་པོ་ཚུལ་བཞིན་དུ་མི་བྱེད་པའི་ཉེས་དམིགས་སོ། །མཁན་པོ་ཚུལ་བཞིན་དུ་བྱེད་ན་ནི་ཕན་ཡོན་ཆེ་སྟེ། མཁན་པོ་མཐོང་མ་ཐག་ཏུ་སྟན་པས་ལྡང་བར་བྱའོ་ཞེས་པའི་སྐབས་ཀྱི།་་་་་ལུང་ཕྲན་ཚེགས་ལས། མཁན་པོ།་་་་་གང་ལ་བརྟེན་ནས་རབ་ཏུ་བྱུང་བའི་གང་ཟག་དེས། མཁན་པོ་་་་་་གང་


༼༩༨༽

ཟག་དེ་ལ་ཇི་སྲིད་འཚོའི་བར་དུ་ཡང་། ཆོས་གོས་བསོད་སྙོམས་སྨན་དང་ཡོ་བྱད་གང་དག་གིས། །མཁན་པོའི་དྲིན་ལན་གླན་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་པས། དེ་ཙམ་དུ་དྲིན་ཆེ་བ་ཉིད་ཀྱིས་སེམས་ཅན་ལ་ཕན་བཏགས་པ་ཡིན་པའི་ཕྱིར་ན་བསོད་ནམས་ཆེན་པོ་འཐོབ་པའོ།་་་་་མདོ་མཛངས་བླུན་ལས། དཔེར་ན་ལོང་བ་བརྒྱའི་མིག་སྨན་པ་མཁས་པས་ཕྱེ་སྟེ་མཐོང་བར་བྱས་པ་དང་། མི་བརྒྱའི་མིག་དབྱུང་བ་ལ་ཐུག་པ་ལས་མིག་དབྱུང་བ་དེ་དག་ལས་ཐར་པར་བྱས་ན། འདི་གཉིས་ཀྱི་བསོད་ནམས་ནི་དཔག་ཏུ་མེད་མོད་ཀྱི་འོན་ཏེ་གཞན་རབ་ཏུ་བྱུང་ངམ་བདག་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ། །ཁ་ཅིག་གིས་རིན་ཆེན་སྣ་བདུན་ལ་བྱས་པའི་མཆོད་རྟེན་མཐོ་ཁྱད་སུམ་ཅུ་རྩ་གསུམ་གནམ་ལ་ཐུག་པར་བྱས་པའི་བསོད་ནམས་ཀྱིས་ཀྱང་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ་ཞེས་གསུངས་སོ། །གཉིས་པ་སློབ་དཔོན་དུ་གྱུར་པའི་དུས་ནི། སློབ་དཔོན་ལྔ་ལས་དགེ་ཚུལ་གྱི་སློབ་དཔོན་དང་ལས་བྱེད་པའི་སློབ་དཔོན་དུ་གྱུར་པའི་དུས་ནི། རང་རང་གི་སློབ་མའི་རྒྱུད་ལ་སྡོམ་པ་སྐྱེས་པ་དང་སྐད་ཅིག་དུས་མཉམ་དུ་དེར་གྱུར་ཏོ། །གནས་ཀྱི་སློབ་དཔོན་དུ་གྱུར་པའི་དུས་ནི། གནས་པར་འོས་པས་གནས་སུ་འོས་པ་ལ་གནས་སུ་བཟུང་བའི་ཆོ་ག་བྱས་ནས་དེ་དང་མཚམས་གཅིག་གི་ཁོངས་སུ་གནས་ཏེ་མཚན་མོ་མཐའི་སྐད་ཅིག་འདས་པ་ན་དེར་གྱུར་ཏོ། །ཀློག་པའི་སློབ་དཔོན་དུ་གྱུར་པའི་དུས་ནི་སངས་རྒྱས་ཀྱི་བཀའ་འམ་དེ་གཏན་ལ་འབེབས་པའི་བསྟན་བཅོས་ཡིན། ཚིགས་སུ་བཅད་པའམ་ལྷུག་པ་ཚིག་བཞི་ཡན་ཆད་དུ་ལོངས་པ་ཡིན། སྔར་ཤེས་ལས་གཞན་ཡིན་པ་དེ། ཕན་ཚུན་བསླབ་པའི་བསམ་པས་ལན་གསུམ་བཟླས་ན་དེར་གྱུར་ཏོ། །གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པའི་དུས་ངོས་གཟུང་བ་འདི་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ་སློབ་མའི་རྒྱུད་ལ་དགེ་སློང་གི་སྡོམ་པ་སྐྱེས་པ་ན། གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་སྟེ། སྡོམ་པ་ཐོབ་པ་ན་ལེན་པ་པོའི་དོན་གྲུབ་པ་ཉིད་ཡིན་ལ། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་གསུངས་པས་གྲུབ་བོ་ཟེར་རོ། །དེ་ནི་གཞུང་བཞི་དང་འགལ་ཏེ།་་་་་གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས་མ་ཐག་པའི་དུས་ཉིད་ན་ཆོས་ཅན། གསང་སྟེ་སྟོན་པ་སློབ་དཔོན་དུ་གྱུར་པ་མ་ཡིན་པར་ཐལ། སློབ་མའི་རྒྱུད་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་སྐྱེས་པའི་ཕྱིར་ཁྱབ་པ་ཁས་བླངས་སོ། །འདོད་ན། ལུང་ལྔ་ཚན་པ་ལས། གསང་


༼༩༩༽

སྟེ་སྟོན་པའི་སློབ་དཔོན་གང་ཞེ་ན། གངས་གིས་བསྙེན་པར་རྫོགས་པར་བྱེད་པའི་ཚེ་གསང་སྟེ་སྟོན་པའོ་ཞེས་གསུངས་པ་དང་། རང་གི་རྣམ་བཤད་ལས། བརྗོད་པ་མ་རྫོགས་པ་ཉིད་ལ་ཆ་གསུམ་པ་འདི་ལ་འཇུག་པ་ན་གྲུབ་པ་ཉིད་འབྱུང་བ་ཡིན་ཏེ།་་་་་ཕལ་ཆེར་བྱས་ན་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །མཚམས་བཅད་པ་ལ་སོགས་པ་ཐམས་ཅད་ལ་ཆོ་ག་འདི་བལྟ་བར་བྱའོ། །དེ་ལྟར་ན་གསང་སྟེ་སྟོན་པ་ལ་གསང་སྟེ་བསྟན་པ་མ་རྫོགས་པའི་སློབ་དཔོན་ཉིད་ཅེས་བཤད་པ་དང་།་་་་་བར་ཆད་རྣམས་དྲིས་ཚར་ཀྱང་འོང་བ་མ་ཞུས་པས་གསང་སྟེ་སྟོན་པའི་བྱ་བ་མ་རྫོགས་པ་ལ་སློབ་དཔོན་ཉིད་དུ་འགྱུར་ཞེས་བསྟན། གསང་སྟེ་སྟོན་པ་ནི་བར་ཆད་དྲིས་པའི་དོན་གྱིས་སློབ་དཔོན་ཉིད་དུ་འགྱུར་བ་ཡིན་ལ།་་་་་ཊཱི་ཀ་ལས། དོན་གང་གིས་སློབ་དཔོན་ཉིད་དུ་འགྱུར་བའི་དོན་དེ་ཡོངས་སུ་མཐར་ཐུག་པར་གྱུར་ན་སྟེ། དོན་དགོས་པ་དེ་གྲུབ་པ་ཡོངས་སུ་རྫོགས་ནའོ་ཞེས་བཤད་པ་དང་། འགྲེལ་ཆུང་ལས། བར་ཆད་འདྲི་བའི་ལས་བྱས་་་་་་བྱ་བ་བྱས། ཟིན་ནས་གསང་སྟེ་སྟོན་པའི་སློབ་དཔོན་དུ་འགྱུར་ཞེས་བཤད་པ་་་་་་འགྱུར་ཞེས་པས་གྱུར་པ་མཚོན། དེ་རྣམས་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། ལྐོག་ཏུ་བར་ཆད་རྣམས་དྲིས་པ་ན་གསང་སྟེ་སྟོན་པ་སློབ་དཔོན་དུ་གྱུར་པ་ཡིན་ཏེ། སྔར་གྱི་གཞུང་བཞི་པོ་དེ་དག་གིས་གྲུབ་ལ། གསང་སྟེ་སྟོན་པ་སློབ་དཔོན་དུ་འགྱུར་བའི་བྱ་བ་བྱས་པའི་དོན་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །གསང་སྟེ་སྟོན་པས་འོང་བ་ཞུ་བའི་བྱ་བ་མ་བྱས་ཀྱང་ལྐོག་ཏུ་བར་ཆད་དྲིས་ཟིན་པའི་ཚེ་ན། གསང་སྟེ་སྟོན་པའི་བྱ་བ་བྱས་པའི་དོན་གྲུབ་པ་ཉིད་ཡིན་ཏེ། གསང་སྟེ་སྟོན་པའི་བྱ་བ་ཕལ་ཆེར་བྱས་ན་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི།་་་་་གསུམ་ལས་རྩོད་སྤང་དང་པོ། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས་མ་ཐག་པའི་དུས་ཉིད་ན་ཆོས་ཅན། དོན་གྲུབ་པ་ཡིན་པར་ཐལ། སློབ་དཔོན་དུ་གྱུར་པ་ཡིན་པའི་ཕྱིར་རོ། །རྟགས་ཁས་བླངས། ཁྱབ་པ་གཞུང་གིས་གྲུབ་སྟེ། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་པས་སོ། །འདོད་ན་དེའི་ཚེ་ན་ལེན་པ་པོས་སྡོམ་པ་མ་ཐོབ་པས་ལེན་པ་པོའི་དོན་མ་གྲུབ་པར་འདུག་པས་བསལ་ལོ་ཞེ་ན། སློབ་དཔོན་དུ་འགྱུར་བའི་བྱ་བ་བྱས་པའི་དོན་གྲུབ་པར་ཐལ་ཟེར་རམ། སློབ་མའི་རྒྱུད་ལ་སྡོམ་པ་སྐྱེས་པའི་དོན་གྲུབ་པར་ཐལ། དང་པོ་ལྟར་ན་འདོད་ཅིང་། གཉིས་པ་ལྟར་ན་ཁྱབ་པ་མེད་དོ། །


༼༡༠༠༽

རྩོད་པ་གཉིས་པ།་་་་་གསང་སྟེ་སྟོན་པ་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་སློབ་དཔོན་མ་ཡིན་པར་ཐལ། ལེན་པ་པོས་སྐབས་དོན་གྱི་སྡོམ་པ་མ་ཐོབ་ཀྱང་སློབ་དཔོན་དང་གྱུར་པ་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། མཁན་པོ་ཆོས་ཅན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་མཁན་པོ་མ་ཡིན་པར་ཐལ། ལེན་པ་པོས་སྡོམ་པ་མ་ཐོབ་ཀྱང་མཁན་པོར་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་མཚུངས་སོ།་་་་་བར་ཆད་དྲིས་པ་ན་གསང་སྟེ་སྟོན་པ་སློབ་དཔོན་དུ་གྱུར་ན། དེའི་ཚེ་བསྙེན་རྫོགས་ལེན་པ་པོ་བློ་ལོག་སྟེ་ཚེ་རིལ་གྱིས་དགེ་ཚུལ་ཉིད་དུ་གནས་པ་ལ་ཡང་གསང་སྟེ་སྟོན་པའི་སློབ་དཔོན་ཡོད་པར་འགྱུར་རོ་ཞེ་ན། འདོད་པ་ཡིན་ཏེ། དཔེར་ན་བསྙེན་རྫོགས་ཀྱི་མཁན་པོར་གསོལ་ཏེ་མཁན་པོ་དེར་གྱུར་པ་ན། བསྙེན་རྫོགས་ལེན་པ་པོ་བློ་ལོག་སྟེ་ཚེ་རིལ་གྱིས་དགེ་ཚུལ་ཉིད་དུ་གནས་པ་ལ་ཡང་བསྙེན་རྫོགས་ཀྱི་མཁན་པོར་གསོལ་བ་བཏབ་པའི་མཁན་པོ་ཡོད་པ་ཉིད་བཞིན་ནོ། །དེ་བཞིན་དུ་དགེ་ཚུལ་གྱི་མཁན་པོར་གསོལ་ཏེ་མཁན་པོ་དེར་གྱུར་པ་ན། རབ་བྱུང་ནོད་པ་པོ་བློ་ལོག་སྟེ་ཚེ་རིལ་གྱིས་དགེ་བསྙེན་ཉིད་དུ་གནས་པའི་ཁྱིམ་པ་ལ་ཡང་མཁན་པོ་ཡོད་ཅེས་རིགས་སོ། །སྐབས་འདིར་ཁ་ཅིག་ན་རེ་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་གྲུབ་པ་ཉིད་ཅེས་པ་འདི་གསང་སྟེ་སྟོན་པའི་འགྱུར་དུས་རྒྱས་བཤད་ཀྱི་གཞུང་ཡིན་དགོས་སོ་དེ་ལྟར་མ་ཡིན་ན་གསང་སྟེ་སྟོན་པའི་འགྱུར་དུས་རྒྱས་བཤད་ཆད་ནས་མེད་པར་ཐལ་ཟེར་ཡང་། འདི་ལ་འགྱུར་དུས་རྒྱས་བཤད་མ་གསུངས་ཏེ། རྫུན་སྨྲ་ཕམ་པ་ལུང་ཕྲན་ཚེགས་ཀྱི་སྐབས་མ་གསུངས་པ་བཞིན་ནོ། །རྩོད་པ་གསུམ་པ།་་་་་གསང་སྟེ་སྟོན་པས་བར་ཆད་འདྲི་བ་དེ་ཆོས་ཅན། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་འདྲི་བ་མ་ཡིན་པར་ཐལ། བར་ཆད་འདྲི་བའི་ཚེ་ན་གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན། གསང་སྟེ་སྟོན་པའི་སློབ་དཔོན་དུ་གྱུར་པ་དེ་བར་ཆད་དྲིས་པ་ལ་ལྟོས་པ་ཉམས་སོ། །འདོད་ན་ཀརྨ་ཤ་ཏཾ་དང་ལས་གཞིའི།་་་་་ཊཱི་ཀ་ལས། གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་ཞེས་བཤད་དོ་ཞེ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་བཏགས་པ་སྟེ། ཀརྨ་ཤ་ཏཾ་དང་ཊཱི་ཀ་ལས། ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་དྲི་ཞེས་བཤད་པ་བཞིན་ནོ། །བརྒྱད་པ་མཚན་ནས་སྨོས་པའི་རིམ་པ་ནི་གཞུང་དུ་གོ་བར་འགྱུར་རོ། །གཉིས་པ་ཡན་ལག་གི་དོན་ལ། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གཉིས་རྫོགས་པ་ན་གྲུབ་པ་ཉིད་དོ། །ཆ་གསུམ་པ་ལ་འཇུག་པ་ན་གྲུབ་ཟིན་པ་ཉིད་དོ་ཞེས་དོན་དེ་ལྟར་ཊཱི་ཀ་ལས་བཤད་པ་དེ་


༼༡༠༡༽

ལེགས་སོ།་་་་་ཊཱི་ཀ་ལས་དགེ་ཚུལ་གྱི་སྡོམ་པ་ཞེས་བྱ་བ་དེ་གྲུབ་པའི་དུས་དེ་ཡང་གང་ཡིན་པར་ཤེས་པར་བྱ་ཞེ་ན་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་ཞེས་བྱ་བའི་འོག་ཏུ་སློབ་དཔོན་གྱིས་ཞེས་བྱ་བའི་བརྗོད་པའི་གོང་དུ་ཞེས་བྱ་བའི་ཐ་ཚིག་སྟེ་ཞེས་བྱ་བ་དང་འགྲེལ་ཆུང་ལས་བརྗོད་པ་ཐ་མ་ལན་ཅིག་གི་ཚིག་གསུམ་གཉིས་ནི་རྫོགས་གསུམ་ཆ་ལུས་ཀྱང་སློབ་དཔོན་དུ་གྱུར་ཏེ། དེའི་རྒྱུ་མཚན་ནི། ཊཱི་ཀ་ལས་བརྗོད་པ་ཐ་མ་ཡོངས་སུ་མ་རྫོགས་མོད་ཀྱི་འོན་ཀྱང་ཆ་གསུམ་པའི་དོན་ལས་མ་ལུས་པས་གྲུབ་པ་ཉིད་དེ། ཁྱབ་ཕལ་ཆེར་བྱས་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དཔེར་ན་གཞན་བརྗོད་པའི་དུས་ན་ཞེས་པ་འདི་ལ་དཔེ་གང་ལེན། དོན་དུ་གང་འཇོག་ཅེ་ན། དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་དེ་དཔེ། དགེ་སློང་གི་སྡོམ་པ་སྐྱེས་པ་དེ་དོན་ཞེས་བརྗོད་དོ།་་་་་རྒྱ་གསུང་ངོ་། །ཚ་རོང་པ་ན་རེ།་་་་་འོ་ན་བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ་ཞེས་པ་དེས་་་་་་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་དང་དགེ་སློང་གི་སྡོམ་པ་སྐྱེས་པ། གཉིས་ཀ་གསལ་བར་བསྟན་ནམ་མ་བསྟན། དང་པོ་ལྟར་ན་དགེ་སློང་གི་སྡོམ་པ་སྐྱེས་པ་ཡང་གསལ་བར་བསྟན་ཟིན་པས་་་་་་དགེ་ཚུལ་གྱི་སྡོམ་པ་སྐྱེས་པའི། དཔེས་མཚོན་མི་དགོས་པར་འགྱུར་རོ། །གཉིས་པ་ལྟར་ན།་་་་་དགེ་ཚུལ་གྱི་སྡོམ་པ་སྐྱེས་པའི། དཔེ་དེ་ཉིད་ཀྱང་གསལ་བར་མ་གྲུབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། དེའི་སྐྱོན་མེད་དེ། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལེན་པའི་ཆོ་ག་བརྗོད་པ་ན་སློབ་དཔོན་དུ་གྱུར་པའི་དུས་གསལ་མི་གསལ་གྱི་ཁྱད་པར་ཡོད་པའི་ཕྱིར་རོ།་་་་་དེའང་དགེ་ཚུལ་གྱི་སྡོམ་པ་ལེན་པའི་ཚེ་ན་སྔར་ནི་བཙུན་པས་གཟུང་དུ་གསོལ་ཞེས་བརྗོད་པ་ལས། བརྗོད་པ་ཐ་མའི་ཆ་གསུམ་པ་ལ་ནི་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་བརྗོད་དགོས་པས། དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་པའི་དུས་ནི་གསལ་བར་གྲུབ་ཅིང་། དགེ་སློང་གི་སྡོམ་པ་ལེན་ན་ནི་དེ་ལྟ་བུའི་ཞལ་གསལ་གང་ཡང་མེད་པའི་ཕྱིར། །དགེ་ཚུལ་གྱི་སྐབས།་་་་་འདིར་དགེ་ཚུལ་གྱི་སྡོམ་པ་དངོས་གཞིའི་ཆོ་ག་ལ་གསུམ་སྟེ། སྐྱབས་འགྲོའི་ཆ་་་་་་སྟེ་སྐྱབས་སུ་མཆི་ཞེས་པ། དང་། བདག་བརྗོད་ཀྱི་ཆ་་་་་་སྟེ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ། དང་། གཞན་བརྗོད་ཀྱི་ཆ་་་་་་སྟེ་བཙུན་པའམ་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་སོ། དེ་ལྟར་ཆ་གསུམ་ལས། དཔེར་ན་གཞན་བརྗོད་པ་སྟེ་སྔར་བཙུན་པས་ཞེས་བརྗོད་པ་ལས་གཞན། སློབ་དཔོན་གྱིས་ཞེས་བརྗོད་པའི་དུས་ན་དགེ་ཚུལ་གྱི་སྡོམ་པ་སྐྱེས་པ་ཉིད་དང་དགེ་ཚུལ་གྱི་སློབ་དཔོན་དུ་གྱུར་པ་ཉིད་དེ། དཔེ་དེ་བཞིན་དུ་་་་་་སྔོན་གྱི་ཆོ་གའི་སྐབས་སུ་ནི་ལས་བྱེད་པ་པོ་སློབ་དཔོན་དུ་མི་


༼༡༠༢༽

འགྱུར་བས། ད་ལྟར་གྱི་ཆོ་གས་དགེ་སློང་བྱེད་པ་ན་ལས་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་འཇུག་ན་དགེ་སློང་གི་སྡོམ་པ་སྐྱེས་པ་ཉིད་དང་། ལས་བྱེད་པ་སློབ་དཔོན་དུ་གྱུར་པ་ཉིད་དོ་ཞེས་་་་་་དགེ་ཚུལ་གྱི་སྐབས་ཀྱི། དཔེས་མཚོན་ནས་བསྟན་ཏོ། །མཁན་་་་་་འོ་ན་མཁན་པོར་གྱུར་པ་དེ་དོན་གྲུབ་པ་ལ་ལྟོས་སམ་མི་ལྟོས། དང་པོ་ལྟར་ན། ཊཱི་ཀ་ལས་མཁན་པོ་ཉིད་ཀྱང་དོན་གྲུབ་ན་གྱུར་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན། པོའི་དོན་ཏོ་ཞེས་པ་ཊཱི་ཀ་ལས་ཁས་བླངས་པའི་བདག་ཉིད་ཀྱིས་མཁན་པོའི་དོན་གྲུབ་པ་ཉིད་དེ་ཞེས་གསུངས་སོ།་་་་་སྙམ་ན་དོན་གྲུབ་པ་ལ་གཉིས་སུ་དབྱེ་སྟེ་སློབ་མའི་དགོས་པ་གྲུབ་པའི་དོན་གྲུབ་པ་ལ་མི་ལྟོས་ལ། ཁས་བླངས་པའི་བདག་ཉིད་ཀྱི་དོན་གྲུབ་པ་ལ་ནི་ལྟོས་པའོ། །གནས་སྦྱིན་པ་ནི་ཞག་གཅིག་ཅེས་པ་ཊཱི་ཀ་ལས་ཞག་གཅིག་ཅེས་བྱ་བ་ནི་ཉིན་མཚན་གཅིག་གོ་ཞེས་བཤད་ཀྱང་། ཉིན་མོའི་ཆ་ནི་མཚོན་པ་ཙམ་ཡིན་གྱི་ངེས་གཟུང་དུ་དགོས་པ་ནི་མ་ཡིན་ཏེ། རང་གི་རྣམ་བཤད་ལས། གནས་ཀྱི་སློབ་དཔོན་ནི་གང་ཡིན་ཞེ་ན། གང་ཞིག་གང་དང་ཉེ་བར་མཚན་མོ་གཅིག་ཀྱང་གནས་པས་གནས་སུ་འགྱུར་ཞེས་བཤད་དོ། །མཐར་ཐུག་ནའོ་ཞེས་མཚན་མོ་མཐའི་སྐད་ཅིག་གམ་སྐྱ་རེངས་ཤར་བ་ལ་ལྟོས་སྙམ་ན་འདིའི་མཐར་ཐུག་ནི་ཞག་གཅིག་གི་མཐར་ཐུག་མཚན་མོ་མཐའི་སྐད་ཅིག་ཉིད་ཡིན་ལ། སྐྱ་རེངས་ཤར་ན་ནི་སློབ་དཔོན་དུ་གྱུར་པ་ཉིད་དོ་ཞེས་རིགས་ཏེ། འཆད་འབྲལ་ལ་སོགས་པ་ཞག་འདས་པ་ཡན་ལག་ཏུ་དགོས་པ་རྣམས་དང་ཚུལ་འདྲའོ་ཞེས་རིགས་སོ། །འོ་ན་ཊཱི་ཀ་ལས། གནས་སྦྱིན་པའི་སློབ་དཔོན་ཉིད་ནི་སྐྱ་རེངས་འཆར་བའི་དུས་ན་སློབ་དཔོན་ཉིད་དུ་གྱུར་པ་ཡིན་ནོ། །ཞེས་བཤད་ཅིང་། འགྲེལ་ཆུང་ལས་ནི། གནས་བཅས་པའི་སྔགས་བྱས་ནས་དེའི་ནུབ་མོ་ཉིང་མཚམས་གཅིག་གི་ནང་དུ་ལྷན་ཅིག་ཏུ་གནས་ལ་ཞག་ལོན་ཏེ་སྐྱ་རེངས་ང་ན་སློབ་དཔོན་དུ་འགྱུར་ཞེས་བཤད་པས་གཞུང་དེ་གཉིས་དང་འགལ་ལོ་ཞེ་ན། སྔ་མ་ནི་སྐྱ་རེངས་ཤར་བ་ལ་སྐྱ་རེངས་འཆར་བའི་སྒྲས་བརྗོད་པ་དང་། ཕྱི་མ་ནི་སློབ་དཔོན་དུ་གྱུར་པ་ལ་སློབ་དཔོན་དུ་འགྱུར་བའི་སྒྲས་བརྗོད་པ་ཡིན་ནོ་ཞེས་རིགས་སོ། །ཀློག་པ་ནི་ཚིགས་སུ་བཅད་པ་ཞེས་མཚོན་པ་ཙམ་སྟེ། གཞི་འགྲེལ་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་དང་དེ་ཙམ་གྱི་གཞུང་ལྷུག་པ་རྐྱང་པ་ཡན་ཆད་ཅེས་བཤད་དོ། །ལན་གསུམ་བཟླས་


༼༡༠༣༽

ཞེས་པ་ལ་འགྲེལ་ཆུང་ལས་ཀློག་པའི་སློབ་དཔོན་ནི། གཉིས་ཀས་སློབ་དཔོན་དང་སློབ་མར་འདུ་ཤེས་བཞག་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་གཅིག་ལོབས་པར་མཁན་པོས་སྨྲས་པ་ལ་སློབ་མས་བསླབས་ཏེ་ཙོག་པུར་འདུག་ལ། ལན་གསུམ་དུ་བཟླས་ན་སློབ་དཔོན་དུ་འགྱུར་ཞེས་སོ། །ཊཱི་ཀ་ལས་ཀྱང་། ཀློག་པའི་སློབ་དཔོན་གྱིས་སྨྲས་ལ་ཟློས་པར་བྱེད་པས་རྗེས་སུ་ཟློས་པ་ནི་གཟུང་བ་ཡིན་ནོ་ཞེས་བཤད་དོ།་་་་་།ལན་གསུམ་བཟླས་ནའོ་ཞེས་པ་ལ། འོ་ན་ལུང་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་གཟུང་བའོ། །ཞེས་གསུངས་ཀྱི་ལན་གསུམ་བཟླས་ན་ཞེས་མ་གསུངས་པ་ལ་ལན་གསུམ་བཟླས་ནའོ་ཞེས་སྨོས་པ་འགལ་ལོ་ཞེ་ན། མ་ཡིན་ཏེ་་་་་་གཟུང་བའོ་ཞེས་གསུངས་པ་དེ་ཡང་ཀློག་པའི་བསམ་པས་ལན་གསུམ་བཟླས་པ་ལ་ཟེར་བ་ཡིན་ཏེ། འཇིག་རྟེན་ན་བུ་ཕའི་གཟུགས་འཛིན་ཞེས་བརྗོད་པ་བཞིན་ནོ། །ཕའི་གཟུགས་འཛིན་པ་ཡང་རོལ་པང་གིས་བཏེག་སྟེ་སྡོད་པ་ལ་མི་ཟེར་གྱིས་ཕའི་སྤྱོད་ཚུལ་ལེགས་པར་སྐྱོང་བ་ལ་ཟེར་རོ། །དེ་བཞིན་དུ་གཟུང་བའི་ཞེས་པ་དེ་ཡང་ལན་གསུམ་བཟླས་པའོ། །བཟླས་ཞེས་པ་འདི་ནི་རྒྱ་གར་གྱི་འདུལ་བ་ལུང་གི་དཔེ་ཕལ་ཆེ་བ་ན་མེད་ཀྱང་ཡུལ་བཅོམ་བརླག་ཏུ་བསྡུ་བ་བྱས་པ་ནས་གསུངས་པས་རང་བཟོའི་སྐྱོན་མེད་དོ། །ཊཱི་ཀ་ལས་སློབ་དཔོན་གྱིས་ཇི་སྐད་མདོར་བྲིས་པའི་ཚིག་འདི་ནི་བཅོམ་བརླག་པའི་གཞུང་ལས་བྱུང་ངོ་ཞེས་བཤད་དོ། །གཞུང་དེ་ནི་བྱེ་བྲག་བཤད་མཚོ་ཡིན་ནོ་ཞེས་སྔ་རབས་པ་རྣམས་འཆད་ཀྱང་། དེ་མ་ཡིན་ཏེ། ཞུ་འགྲེལ་ལས་ཀློག་པ་ནི་ཚིགས་སུ་བཅད་པ་གཅིག་ལན་གསུམ་བཟླས་པས་སོ་ཞེས་བྱ་བ་བཅོམ་བརླག་པ་ལས་བྱུང་བའི་ལུང་རྙེད་པ་བཞིན་ནོ་ཞེས་བཤད་ཅིང་། དེ་ལྟར་གཞི་འགྲེལ་ལས་ཀྱང་བཤད་དོ།་་་་་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་པའི་གསུངས་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་བཅད་ཙམ་ཡང་ལན་གསུམ་བཟླས་ཏེ་གཟུང་བ་ཡིན་ནོ་ཞེས་འབྱུང་བ་ད་ལྟར་གྱི་གཙུག་ལག་ལས་ཀྱང་སྟེ་དེ་ལྟར་འབྱུང་ཞེས། དེང་སང་གི་ལུང་གཞི་ལས། ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་བཟླས་ཏེ་གཟུང་བ་ཡིན་ནོ་ཞེས་བཤད་དོ།་་་་་སྐབས་འདིའི་བོད་ཀྱི་ལུང་འདི་ནི་བཅོམ་བརླག་པའི་ལུང་ལས་བརྒྱུད་པའི་རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་བར་མངོན་ནོ། །ཕྱི་ན་ལན་གསུམ་བཟླས་ན་ཡང་སློབ་དཔོན་དུ་འགྱུར་རམ་ཞེ་ན་ཀློག་པའི་བསམ་པ་མེད་པས་ཚིགས་སུ་བཅད་པ་ལན་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号