ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༧༠༽

པོ་དང་ལྡན་པའི་སྡོམ་པ་སྐྱེ་བ་དང་མི་སྐྱེ་བ་སྟེ། གནས་པ་ལའོ་ཞེས་པའི་ཊཱི་ཀ་ལས། མཁན་པོ་ཉིད་དུ་གནས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ཡོད་ཀྱི་མི་གནས་པ་ལ་མེད་དོ་ཞེས་པ་དང་། དེའི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དག་ནི་གཞན་ལ་རག་ལས་པའི་ཕྱིར་དང་། མཁན་པོ་དང་འབྲེལ་བའི་ཕྱིར་ཞེས་སོ། །འོ་ན་ཞུ་བའི་སྐབས་ལས་མཁན་པོ་མེད་ཀྱང་སྡོམ་པ་སྐྱེ་བར་བཤད་པ་དང་འགལ་ཞེ་ན། འགལ་སྤོང་ཞིབ་པར་འོག་ཏུ་འཆད་དོ། །བར་ཆད་དྲིས་ནས་སྐབས་དབྱེ་བ་ནི། སྐབས་དབྱེའོ་ཞེས་ཁྱད་པར་གྱི་གཞིར་བྱས་ཏེ། ཁྱད་པར་གྱི་ཆོས་ལ་བཞི་ལས། དང་པོ་རྟེན་གང་གིས་སྐབས་དབྱེ་བ་ནི་དང་པོའི་མཁན་པོ་ཉིད་ཀྱིས་སྐབས་དབྱེའོ། །དང་པོའི་མཁན་པོ་ནི་དགེ་ཚུལ་གྱི་མཁན་པོ་སྟེ་ཊཱི་ཀ་ལས། དགེ་ཚུལ་གྱི་མཁན་པོ་ཉིད་ནི་གཞན་གྱི་མཁན་པོ་ཉིད་པས་དང་པོ་ཡིན་པའི་ཕྱིར་ཞེས་སོ། །དེའི་ཚེ་ན་མཁན་པོར་གྱུར་མ་ཟིན་ཡང་དང་པོའི་མཁན་པོ་ཞེས་བརྗོད་པ་འགལ་ཞེ་ན། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་སྟེ། མཁན་པོ་བྱེད་པར་འགྱུར་བ་ལ་མཁན་པོ་ཞེས་བརྗོད་པའོ། །གཉིས་པ་བྱ་བ་ཅི་ཞིག་བསྒྲུབས་ནས་སྐབས་དབྱེ་བ་ནི་བར་ཆད་དྲིས་ནས་སྐབས་དབྱེའོ། །གསུམ་པ་ཡུལ་གང་ལ་སྐབས་དབྱེ་བ་ནི་ཡོངས་སུ་དག་པ་ལ་སྐབས་དབྱེའོ།་་་་་ཡོངས་སུ་མ་དག་ན་སྐབས་མི་དབྱེའོ་ཞེས་ཤུགས་ཀྱིས་བསྟན་ཏེ་བར་ཆད་དང་ལྡན་ནོ་ཟེར་ན་ལུང་གཞི་ལས། འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ་ཞེས་གསུངས། བཞི་པ་ཚུལ་ཇི་ལྟར་སྐབས་དབྱེ་བ་ནི། ཁོ་བོས་ཁྱོད་རབ་ཏུ་དབྱུང་བར་བྱའོ་ཞེས་སྐབས་དབྱེའོ། །ལེན་པ་པོ་ཡོངས་སུ་དག་ན་ཡང་བདག་ཉིད་ལ་འཁོར་སྐྱོང་བའི་ནུས་པ་མེད་ན་ནི་སྐབས་མི་དབྱེ་སྟེ། སྤྲུལ་པའི་གླེང་གཞིས་ཤེས་སོ། །དེ་ཡང་མཁན་པོ་དགོན་པ་བ་དེས་གདམས་ངག་དང་རྗེས་སུ་བསྟན་པ་བྱེད་པ་མི་འོང་ནས་སྨྲས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་ཡལ་བར་བོར་བ་ནི་མི་རུང་བས་འདི་ཡང་དམྱལ་བར་འགྲོ་བར་འགྱུར་ལ། ཁོ་བོ་ཡང་ལྷུང་བ་དང་བཅས་པར་འགྱུར་བས་ཁོ་བློས་འདི་རབ་ཏུ་མི་འབྱིན་ཏོ། །ཞེས་བཤད་པས་ཤེས་སོ།་་་་་ཡོངས་སུ་དག་པ་དང་འཁོར་སྐྱོང་བའི་ནུས་པ་ཡོད་པ་སྟེ། དེ་གཉིས་ཚོགས་ན་ནི་སྐབས་དབྱེའོ། །སྡོམ་པ་རྣམས་སྦྱིན་པའི་གོ་རིམ་བསྟན་པ་ནི། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དང་དགེ་སློང་ཉིད་དག་གི་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་་་་་་སྡོམ་པ་གསུམ་རིམ་པ་བཞིན་དུ་བླངས་པའི། དགོས་པའི་དོན་ནི། ཚིགས་ལས་འདས་པའི་ལྟུང་བ་མི་འབྱུང་བ་

༼༧༡༽

དང་། སྡོམ་པ་བརྟན་པར་འགྱུར་བའོ། །དེ་ལ་གཉིས་ཏེ། གཉེན་པོ་གོམས་པའི་སྒོ་ནས་བརྟན་པ་དང་། བསྟན་པ་རིམ་གྱིས་མི་སྤོང་བའི་སྒོ་ནས་བརྟན་པའོ། །དང་པོ་ནི་མདོ་སྡེ་་་་་་དྲིན་ལན་བསབ་པ། ལས་ཁྲིམས་གསུམ་པོ་རིམ་གྱིས་མནོས་ན་རིམ་གྱིས་ཆོས་ཀྱི་རོ་བྲོ་བ་ཐོབ་ཅིང་མོས་པ་བརྟན་པ་མི་ཤིགས་པར་འགྱུར་རོ་ཞེས་སོ། །གཉིས་པ་ནི། དགེ་སློང་གི་བསླབ་པ་ཕུལ་ཡང་དགེ་ཚུལ་ལ་སོགས་པའི་བསླབ་པ་མི་སྤོང་བ་སྟེ། བདག་ཁྱིམ་པའམ་དགེ་ཚུལ་ལམ་ཞེས་སོ། །གཉིས་པ་བསྡུས་པའི་དོན་ལ་གསུམ་ལས། དང་པོ་སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་རུང་མི་རུང་གི་དོན་ནི་སྡོམ་པ་ལེན་པ་པོ་ཁྱིམ་པ་ལོ་ཉི་ཤུ་ལོན་པ་ལ་ནི་སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་རུང་སྟེ། ལུང་ཕྲན་ཚེགས་ལས་ཡོ་བྱད་དྲུག་རྙེད་ནས་རབ་ཏུ་འབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པས་ཤེས་ཏེ། གཞན་དུ་ན་ཡོ་བྱད་དྲུག་ཚང་བ་དོན་མེད་པའི་ཕྱིར་་་་་་ཏེ་དགེ་བསྙེན་གྱི་མཇུག་ཐོགས་སུ་དགེ་ཚུལ་མི་བྱེད་ན་མཐང་གོས་ལ་སོགས་པ་དོན་མེད་ཅིང་དགེ་ཚུལ་གྱི་མཇུག་ཐོགས་སུ་དགེ་སློང་མི་བྱེད་ན་སྣམ་སྦྱར་དོན་མེད་པའི་ཕྱིར། རོ། །ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་གྱིས་སྡོམ་པ་ནོད་པ་དང་བུད་མེད་ཀྱིས་སྡོམ་པ་ནོད་པ་ལ་ནི། སྡོམ་གསུམ་སྔ་མའི་མཇུག་ཐོགས་སུ་ཕྱི་མ་མི་རུང་སྟེ། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་ན།་་་་་དགེ་བསྙེན་ཉིད་ལ་ཟླ་བ་བཞི་གནས་དགོས་པའི་ཕྱིར་དང་། དགེ་ཚུལ་མའི་མཇུག་ཐོགས་སུ་བསྙེན་རྫོགས་བྱས་ན་ཚིགས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་ཏེ་གོ་རིམ་བཞིན་་་་་་ལུང་གཞི་ལས་ཟླ་བ་བཞིའི་བར་དུ་གནས་པ་སྤྱད་ན་རབ་ཏུ་འབྱུང་བར་བྱའོ་ཞེས་གསུངས་པ་དང་ཊཱི་ཀ་ལས་དགེ་ཚུལ་མ་ནི་དགེ་སློང་མ་མ་བྱས་ཀྱི་བར་དུ་བསྙེན་པར་རྫོགས་པར་མི་རུང་བའི་ཕྱིར་ཞེས་སོ། །དགེ་སློང་གི་སྡོམ་ལེན་གྱིས་ལོ་ཉི་ཤུ་མ་ལོན་པའམ་ལོ་བཅུ་གཉིས་མ་ལོན་པ་ཡང་དེ་བཞིན་ནོ། ནོ། །གཉིས་པ་བསླབ་ཚིགས་སྔ་མ་མེད་པ་ལ་ཕྱི་མ་སྐྱེ་མི་སྐྱེའི་དོན་ལ་གཉིས་ལས། དང་པོ་རང་ལུགས་བཞག་པ་ནི། ཚིགས་སྔ་མ་མེད་ཀྱང་རྒྱུ་གཞན་ཚང་ན་ཚིགས་ཕྱི་མའི་སྡོམ་པ་སྐྱེ་སྟེ། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དེ་ཞེས་གསུངས་པ་དང་། ཊཱི་ཀ་ལས་ཀྱང་། ཉེས་བྱས་ཙམ་དུ་ཟད་ཀྱི་དེ་ལ་ནི་སྡོམ་པ་སྐྱེའོ་ཞེས་པ་དང་། གོ་རིམ།་་་་་དེ་ནི་རྣམ་པར་བཞག་པ་བསྟན་པ་ཡིན་གྱི་འབྱུང་བའི་རྒྱུ་བསྟན་པ་ནི་མ་ཡིན་ཏེ། ཞེས་ཀྱང་ཊཱི་ཀ་ལས་བཤད་པས་ཤེས་

༼༧༢༽

སོ། །གཉིས་པ་གཞན་ལུགས་དགག་པ་ནི། འདིར་ཁ་ཅིག་ན་རེ་གཞན་དེ་ལྟར་ཡིན་ཡང་རབ་ཏུ་བྱུང་བ་བར་མ་མེད་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མི་སྐྱེ་སྟེ། ཊཱི་ཀ་ལས་དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ཁོ་ན་ལ་བྱེད་ཅེས་པ་དང་། རིགས་པས་ཀྱང་རབ་ཏུ་མ་བྱུང་བ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྐྱེ་ན་ནི། རབ་ཏུ་མ་བྱུང་བར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མནོས་ན། དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དེ་ཁྱིམ་པའི་སྡོམ་པ་ཡིན་ནམ་རབ་ཏུ་བྱུང་བའི་སྡོམ་པ་ཡིན། སྔ་མ་ལྟར་ན་་་་་་རབ་ཏུ་བྱུང་བ་སྡེ་ལྔ་ཞེས་གསུངས་པའི། གཞུང་དང་འགལ་ལ། ཕྱི་མ་ལྟར་ན་རྒྱུ་རབ་ཏུ་བྱུང་བ་མ་བྱས་པར་འབྲས་བུ་རབ་ཏུ་བྱུང་བའི་སྡོམ་པ་སྐྱེས་ན་རྒྱུ་འབྲས་འཆོལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་དག་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དེ་ཞེས་པ་དང་། གླེང་གཞིའི་སྡོམས་ལས། རབ་ཏུ་མ་བྱུང་བསྙེན་པར་རྫོགས་ཞེས་གསུངས་པ་དང་། དེའི་སྡོམས་བཤད་ལས་བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི་བསྙེན་པར་རྫོགས་མོད་ཀྱི་བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པ་འགྱུར་རོ་ཞེས་རབ་ཏུ་བྱུང་བ་མ་བྱས་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་གསུངས་པས། དགེ་ཚུལ་གྱི་སྡོམ་པ་སྐྱེ་བ་ལྟ་ཅི་སྨོས།་་་་་སྐབས་འདིའི་ཊཱི་ཀར་ལུང་དྲངས་པ་ལས་བཙུན་པ་ཁྱིམ་པ་རབ་ཏུ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་ཞེས་སོ། །ཞུ་བའི་སྐབས་ཀྱི་ཊཱི་ཀར་ལུང་དྲངས་པ་ལས་བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་ཞེས་བཤད་དོ། །སྔ་མ་དགག་ཚིག་ཡི་གེ་ཆད་པའོ། །སོག་ན་རེ་ཕྱི་མ་དགག་ཚིག་ཡི་གེ་ལྷག་པའོ་ཞེས་ཟེར་བ་ལུང་གླེང་གཞི་ཁུངས་སུ་དྲངས་མ་ཐག་དེ་དང་འགལ་ལོ། །རིགས་པས་ཡང་རབ་ཏུ་བྱུང་བ་ནི་མཁན་པོ་ཁོ་ན་ལས་འཐོབ་ལ། མཁན་པོ་མེད་པ་ལ་སྡོམ་པ་སྐྱེ་བར་གསུངས་པས་གནོད་དོ། །དེ་ཡང་ཊཱི་ཀ་ལས། རབ་ཏུ་འབྱུང་བ་ནི་མཁན་པོ་ཁོ་ན་ལས་འགྱུར་ལ་ཞེས་པ་དང་། མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་སོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས་དགེ་ཚུལ་ཉིད་རབ་ཏུ་བྱུང་བ་ཁོ་ན་ལ་བྱེད་ཅེས་པ་དེ་ཉེས་མེད་ཀྱི་ཆོ་གའི་གོ་རིམ་ཙམ་བསྟན་པ་ཡིན་ལ། སྔར་རབ་ཏུ་བྱུང་བ་མ་བྱས་པ་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་སྐྱེ་ན་ནི། རྒྱུ་འབྲས་འཆོལ་བར་འགྱུར་ཞེས་ཁྱེད་ཟེར་ཡང་། རྒྱུ་འབྲས་འཆོལ་བར་མི་འགྱུར་

༼༧༣༽

ཏེ། རབ་ཏུ་བྱུང་བ་བར་མ་ཉིད་ལ་ཡང་མཚུངས་པས་སོ།་་་་་དེ་ཡང་སྔར་རབ་ཏུ་བྱུང་བ་མ་བྱས་པ་ལ་རབ་བྱུང་བར་མ་སྐྱེ་བ་འགལ་ཞེ་ན་མཚུངས་སོ། །གལ་ཏེ་སྔར་རབ་ཏུ་བྱུང་བ་མ་བྱས་ཀྱང་ད་ལྟར་རབ་བྱུང་བླངས་པས་རབ་ཏུ་བླང་བ་བར་མ་སྐྱེའོ་ཞེ་ན། སྔར་རབ་ཏུ་བྱུང་བ་མ་བྱས་ཀྱང་། ད་ལྟར་དགེ་ཚུལ་གྱི་སྡོམ་པ་བླངས་པས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་སྐྱེའོ་ཞེས་མཚུངས་བའོ། །གསུམ་པ་གང་ཟག་གཅིག་ལ་སྡོམ་པ་གསུམ་ཇི་ལྟར་གནས་ཚུལ་ནི་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ། དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གསུམ་རིམ་གྱིས་བླངས་ན་སྡོམ་པ་སྔ་མ་ལས་ཕྱི་མར་གནས་གྱུར་པ་སྟེ་ན་ཆོད་ཀྱི་གནས་སྐབས་གསུམ་བཞིན་ནོ། །དེ་དང་མཐུན་པར་ལུང་ཞུ་བའི་འགྲེལ་པ་ལས་གཞོན་ནུ་དང་དར་ལ་བབ་པ་དང་རྒན་པོ་ཉིད་བཞིན་དུ་རུབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་ཉིད་དང་། བསྙེན་པར་རྫོགས་པའི་གནས་སྐབས་རྣམས་ནི་རྟེན་ཐ་དད་པར་བྱེད་པ་ཉིད་མ་ཡིན་ཞེས་བཤད་དོ་ཞེ་ན། གཞུང་དེ་ནི་རྟེན་གང་ཟག་གི་རྒྱུད་ཐ་དད་པ་མ་ཡིན་ཞེས་བསྟན་པ་ཡིན་་་་་་གྱི་སྡོམ་པ་གསུམ་གནས་གྱུར་པ་མ་ཡིན། ཏེ་གཞན་དུ་ན་མཛོད་འགྲེལ་ལས། སྡོམ་པ་གསུམ་པོ་རྫས་ཐ་དད་པ་མ་འདྲེས་པ།་་་་་དེ་ལྟར་མ་ཡིན་་་་་་ཏེ་རྫས་དེ་གཅིག ན་དགེ་སློང་གི་བསླབ་པ་ཕུལ་བས་སྡོམ་པ་གསུམ་ཆར་གཏོང་བར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ། །དེ་ལྟ་བས་ན་སྡོམ་པ་དེ་དག་ནི་ཐ་དད་པ་ཁོ་ནའོ་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རང་ལུགས་བཞག་པ་ནི། མདོ་སྡེ་པའི་ལུགས་ཀྱིས་སྡོམ་པའི་ངོ་བོ་སེམས་པ་ཡིན་པར་འདོད་པ་ལྟར་ན་གང་ཟག་གཅིག་ལ་སེམས་པ་གསུམ་རྫས་ཐ་དད་དུས་མཉམ་དུ་ཡོད་པ་མི་སྲིད་ལ།་་་་་བྱེ་བྲག་སྨྲ་བ་ལྟར་ན་སྡོམ་པ་གསུམ་རིམ་གྱིས་མནོས་པ་ན་་་་་་དཔེར་ན་ཀ་བ་གཅིག་ལ་ཐག་པ་ཐ་དད་པ་གསུམ་གྱིས་བསྡམས་པ་བཞིན་དུ་གང་ཟག་གཅིག་ལ་སྡོམ་པ་ཐ་དད་པ་གསུམ་གྱིས་བསྡམས་པ་ཡིན་པས། དགེ་སློང་གཅིག་གི་རྒྱུད་ལ་སྡོམ་པ་རྫས་ཐ་དད་གསུམ་དང་ལྡན་པ་སྟེ། ཊཱི་ཀ་ལས། ཚིགས་ཕྱི་མ་དེར་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ་ཞེས་གསུངས་པ་དང་། མཛོད་ལས་གང་ཟག་གཅིག་ལ་སྡོམ་པ་གསུམ་པ་རྫས། །ཐ་དད་དེ་དག་འགལ་བ་མེད་གསུངས་སོ། །མཛོད་འགྲེལ་ལས། དོང་ཙེ་གཅིག་དང་གཉིས་ཞེས་བྱ་བ་བཞིན་དུ་སྡོམ་པ་གསུམ་པ།་་་་་ཐ་དད་དེ་དག་ནི་མ་འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་པ་སྤོང་བ་་་་་་རྣམ་

༼༧༤༽

རིག་མིན་གཟུགས། གསུམ་ནས་་་་་་དེའི། ལྷག་མ་མ་བྱིན་ལེན་སྤང་བ་ལ་སོགས་པ།་་་་་རྣམས་ཀྱང་དེ་དང་འདྲའོ་ཞེས་སོ། །མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ།་་་་་ལས་ཀྱང་དགེ་སློང་གི་རྒྱུད་གཅིག་ལ་སྲོག་གཅོད་པ་སྤོང་བ་་་་་་རྣམ་རིག་མིན་གཟུགས། གསུམ་ཡོད་ལ་ཞེས་སོ། །གསུམ་པ་ཧ་ཅང་ཐལ་བ་སྤང་བ་ནི། ཁ་ཅིག་་་་་་བྱང་རྡོར། ན་རེ་སྡོམ་པ་གསུམ་ལྡན་གྱི་དགེ་སློང་གཅིག་གིས་མི་གཅིག་བསད་པ་ལ་ཡང་ཉེས་པ་གསུམ་འབྱུང་སྟེ། སྡོམ་པ་ཐ་དད་གསུམ་དང་འགལ་བར་བྱས་པའི་ཕྱིར་རོ། །དེ་ཡང་་་་་་དགེ་སློང་གི་སྡོམ་པ་དང་འགལ་བས། ཕམ་པ་དང་།་་་་་དགེ་ཚུལ་གྱི་སྡོམ་པ་དང་འགལ་བས། ཕམ་པ་དང་འདྲ་བའི་ཉེས་བྱས་དང་། བསོད་་་་་་དགེ་བསྙེན་གྱི་སྡོམ་པ་དང་འགལ་བས། ནམས་མ་ཡིན་པ་དང་གསུམ་འབྱུང་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་གསོད་བྱེད་གང་ཟག་གཅིག་གིས་སྲོག་ཆགས་གཅིག་བསད་ན་སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར་རོ་ཞེས་གསུངས་པས་གནོད་དེ། ཉེས་པ་གསུམ་བཅས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །དགེ་སློང་གི་སྡོམ་པ་ཐོབ་པ་ན་སྡོམ་པ་སྔ་མ་གཉིས་ཀྱི་རྒྱུན་བག་ལ་ཞ་བའི་ཕྱིར་སྡོམ་པ་སྔ་མ་གཉིས་ཀྱི་ཆ་ནས་ཉེས་པ་ལོགས་ཤིག་ཏུ་མི་འབྱུང་སྟེ། དཔེར་ན་ཉི་མ་ཤར་བ་ན་ཟླ་བ་དང་སྐར་མའི་འོད་བག་ལ་ཞ་བའི་ཕྱིར། སྐར་མ་ལ་སོགས་པའི།་་་་་འོད་དེ་གཉིས་ཀྱི་ཆ་ནས་གྲིབ་མ་ལོགས་ཤིག་ཏུ་མི་འབྱུང་བ་བཞིན་ནོ།་་་་་རྣམ་གྲངས་གཞན་ཡང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་ལྡན་གྱིས་མི་གཅིག་བསད་ན་ཁྱེད་ལྟར་ན་ཉེས་བྱས་ཀྱི་དངོས་གཞི་དང་ཕམ་པའི་དངོས་གཞི་གཉིས་བསྐྱེད་པར་འགྱུར་ལ། གསོད་བྱེད་གཅིག་གིས་སྲོག་ཆགས་གཅིག་བསད་ན་ལུང་རྣམ་འབྱེད་ཀྱི་འགྲེལ་བ་ལས་སྲོག་ཆགས་གཅིག་བསད་པར་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པའི་ཕྱིར་རོ་ཞེས་གསུངས་པ་དང་འགལ་ལོ། །ཡན་ལག་གི་དོན་ནི། དགེ་བསྙེན་ཉིད་དང་ཞེས་པ་འདི་ལ་གསུམ་ལས། དང་པོ་དགེ་བསྙེན་གྱི་དབྱེ་བ་ནི། ཉན་ཐོས་ཀྱི་གཞུང་ནས་བཤད་ཚོད་ཀྱི་དགེ་བསྙེན་བདུན་ཡོད་པ་ལས། མིང་ཆེན་གྱི་མདོ་དང་། མཛོད་འགྲེལ་ལས་ལྔ་གསུངས་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། སྣ་་་་་་སྲོག་གཅོད་པའི་ཕྱོགས་གཅིག་སྤོང་བ་ཕལ་ཆེར་སྤོང་བ་དང་ཐམས་ཅད་སྤོང་བ་དང་ཉིན་མཚན་དང་ཟླ་བའམ་ལོ་གཅིག་སྲོག་གཅོད་པ་སྤོང་བའི་སྡོམ་པ་བརྒྱ་གསུངས། གཅིག་སྤྱོད་པའི་དང་། ཕྱོགས་གཅིག་སྤྱོད་པའི་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་སུ་རྫོགས་པར་སྤྱོད་

༼༧༥༽

པའི་དགེ་བསྙེན་ཞེས་གསུངས་པ་དང་། ཚངས་པར་སྤྱོད་པའི་དགེ་བསྙེན་དང་། གོ་མིའི་དགེ་བསྙེན་དང་བདུན་ནོ། །དེ་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནི། སྡོམ་པ་མ་བླངས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་གནས་པའོ། །མིང་ཆེན་འདི་ལྟར་ཁྱིམ་པ་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུའང་སྨྲས་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ། །ཞེས་མིང་ཆེན་གྱི་མདོར་གསུངས་པ་མཛོད་འགྲེལ་དུ་དྲངས་སོ།་་་་་འདིར་མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་ཁོ་ནས་དགེ་བསྙེན་དུ་འགྱུར་རམ་ཞེ་ན།་་་་་བྱེ་བྲག་ཏུ་སྨྲ་བ། ཉི་འོག་པ་རྣམས་ན་རེ་སྡོམ་པ་མེད་ཀྱང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་བ་་་་་་བྱེ་བྲག་ཏུ་སྨྲ། རྣམས་ན་རེ་སྡོམ་པ་མེད་པར་་་་་་དགེ་བསྙེན་དུ། མི་འགྱུར་རོ་ཞེས་ཟེར་རོ་དེ་་་་་་ལྟར་ན་སྐྱབས་སུ་འགྲོ་བ་ལ་གནས་པ་ཡང་སངས་རྒྱས་ཀྱི་འཁོར་རྣམ་པ་བཞི་ལ་མ་གཏོགས་པར་ཐལ་བར་འགྱུར་རོ་ཞེ་ན་དཔྱད་དགོས་སོ། ཞེའོ། །ཕྱོགས་གཅིག་སྤྱོད་པའི་དགེ་བསྙེན་ནི་ཉེས་པའི་རྩ་བ་བཞི་ཆང་དང་ལྔ་ལས་གང་ཡང་རུང་བ་གཉིས་བསྲུང་བའོ། །ཕལ་ཆེར་སྤྱོད་པའི་དགེ་བསྙེན་ནི་ལྔ་པོ་དེ་དག་ལས་གང་ཡང་རུང་བ་གསུམ་མམ་བཞི་བསྲུང་བའོ། །མཛོད་ཊཱིཀ་རྒྱལ་སྲས་མ་ལས་གཉིས་སྤངས་པ་ནི་ཕྱོགས་གཅིག་སྤྱོད་པ་ཡིན་ནོ། །སྣ་གཅིག་སྤྱོད་པ་ལ་སོགས་པ་གསུམ་པོ་དེ་དག་ནི་གསུམ་མམ་བཞི་སྤངས་པ་ནི་ཕལ་ཆེར་སྤྱོད་པ་ཡིན་ནོ་ཞེས་བཤད་དོ། །མཛད་ཊཱི་ཀ་གང་སྤེལ་ལས་ཕྱོགས་གཅིག་སྤྱད་པ་ནི་གཉིས་སམ་གསུམ་བསྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་བཞི་བསྲུང་བའོ་ཞེས་བཤད་ཀྱང་སྔ་མ་ལྟར་གཟུང་སྟེ་ལྔ་དགོས་པ་ལ་གསུམ་ཚང་ན་ཕལ་ཆེར་ཚང་བ་ཡིན་པའི་ཕྱིར་རོ།་་་་་སྣ་གཅིག་སྤྱོད་པ་ལ་སོགས་པ་གསུམ་པོ་དེ་དག་ནི་བྱེ་བྲག་སྨྲ་བ་ལྟར་ན། དང་པོ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ནས་བར་དུ་ཉམས་ཏེ་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བ་ཡིན་གྱི་ལེན་པའི་ཚེ་ཉིད་ན་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་ན་ཡན་ལག་ངེས་པའི་ཕྱིར་སྡོམ་པ་མི་སྐྱེ་སྟེ། བར་མའི་དགེ་བ་ཙམ་དུ་འདོད་དོ། །མདོ་སྡེ་པ་ལྟར་ན་ཡན་ལག་ངེས་པ་ལ་ཡང་སྡོམ་པ་སྐྱེ་བར་འདོད་ཅིང་། ལེན་པའི་ཚེ་ཉིད་ནས་སྣ་གཅིག་བསྲུང་བ་ལ་སོགས་པ་བླངས་པས་སྣ་གཅིག་བསྲུང་བའམ་ཕལ་ཆེར་བསྲུང་བའི་སྡོམ་པ་ཐོབ་པར་འདོད་དོ། །མདོ་སྡེ་པ།་་་་་དེ་དང་མཐུན་པར་་་་་་སེམས་ཙམ་པའི་ལུགས་ཀྱིས་ཀྱང་། འཕགས་པ་ཐོགས་མེད་ཀྱི་རྣམ་

༼༧༦༽

པར་གཏན་ལ་དབབ་པ་བསྡུ་བ་ལས།་་་་་སྲོག་གཅོད་པ་ཕྱོགས་གཅིག་སྤོང་བ་དང་། ཕལ་ཆེར་སྤོང་བ་དང་། ཐམས་ཅད་སྤོང་བ་དང་། ཉིན་མཚན་དང་ཟླ་བའམ་ལོ་གཅིག་སྲོག་གཅོད་སྤོང་བ་ལ་སོགས་པ། དགེ་བསྙེན་གྱི་སྡོམ་པ་བརྒྱ་ཐམ་པ་གསུངས་ཏེ། དེ་ཡང་སྣ་གཅིག་སྤྱོད་པ་ལ་སོགས་པ་རྣམས་ཀྱི་བྱེ་བྲག་གི་དབྱེ་བ་ལ་སོགས་པ་ཡིན་ནོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ནི་དགེ་བསྙེན་གྱི་བསླབ་པ་ལྔ་ཆར་ཚང་བས་ཡོངས་སུ་རྫོགས་པ་སྟེ། མི་ཚངས་སྤྱོད་ཙམ་པོ་མི་བསྲུང་ཡང་ལོག་གཡེམ་བསྲུང་བའོ། །ཚངས་པར་སྤྱོད་པའི་དགེ་བསྙེན་ནི།་་་་་ཡང་ཡང་ཟ་ར་གི་ནེ། ལུང་རྣམ་འབྱེད་ལས་རབ་ཏུ་འབྱུང་མི་ནུས་ན་ལྔ་པ་ཚངས་པར་སྤྱོད་པའི་བསླབ་པའི་གཞི་ལོང་ཞིག་ཅེས་གསུངས་སོ། །དེའི་་་་་་ལུང་འགྲེལ་པ་ལས་མི་ཚངས་པར་སྤྱོད་པ་གཏན་སྤངས་པ་ཡིན་པས་ལྔ་པ་ཚངས་པར་སྤྱོད་པ་ཞེས་བྱ་སྟེ། ཁྱིམ་སྤངས་པའི་དགེ་བསྙེན་བསླབ་པའི་གཞི་ལྔ་བླངས་པ་ཡིན་ཞེས་པ་དང་། ཊཱི་ཀ་་་་་་ཚངས་པར་སྤྱོད་པ་ལ་གནས་པ་དང་ཞེས་པའི། ལས་ཀྱང་། ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་པའི་ཆོས་ལས་ཕྱིར་བཟློག་པའོ་ཞེས་སོ། །གོ་མིའི་དགེ་བསྙེན་ནི་ཐུབ་པའི་དགོངས་པའི་རྒྱན་ལས་གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་འཚོའི་བར་དུ་ལེན་པ་ནི་གོ་མིའི་སྡོམ་པ་ཡིན་ནོ་ཞེས་བྱ་བ་ནི་གདམས་ངག་གོ་ཞེས་བཤད་དོ། སྡོམ་པ་བརྒྱད་པའི་འགྲེལ་པ་ལས་ཀྱང་། བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པ་ནི་གོ་མིའི་སྡོམ་པ་བླངས་པ་ཡིན་ནོ་ཞེས་བཤད་ཅིང་། དེ་ལྟར་སློབ་དཔོན་མཆེ་བའི་སྡེས་ཀྱང་བཤད་དོ། །དེ་ཡང་ཐམས་ཅད་ཡོད་སྨྲའི་སྡེ་བ་ལ་ནི་གོ་མི་མེད་ལ་ཕལ་ཆེན་སྡེ་བ་ལ་པུནྱ་ཤྲཱི་ཡོད་ཅེས་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་གསུང་ཞིང་། གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཀྱང་བྱུང་ངོ་།་་་་་གོ་མི་ཞེས་པ་བཙུན་པའི་མིང་སྟེ་བསྙེན་གནས་ཀྱི་སྡོམ་པ་ནི་ཁྱིམ་པའི་སྡོམ་པ་ཡིན་ཡང་། སྡོམ་པ་བརྟན་པའི་ཡན་ལག་ཏུ་བཙུན་པའི་ཆ་ལུགས་བྱས་པས་གོ་མི་ཞེས་བཏགས་ཏེ། བཙུན་པ་བཏགས་པ་བའོ། །གལ་ཏེ་དགེ་བསྙེན་བརྒྱད་ཡོད་པར་རིགས་ཏེ། མདོ་སྡེ་ལས། ནམ་འཚོའི་བར་གྱི་ཁྲིམས་མ་མནོས་ཀྱང་ཡན་ལག་བརྒྱད་པ་མནོས་པ་དེ་ལ་ཡང་དགེ་བསྙེན་ཞེས་བྱའོ་ཞེས་གསུངས་སོ་ཞེ་ན། དེ་ནི་མིང་དགེ་བསྙེན་ཞེས་བཏགས་ཀྱང་དོན་དགེ་བསྙེན་རང་མཚན་པ་མ་ཡིན་ཏེ། མཛོད་ལས། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི་ཞེས་

༼༧༧༽

དགེ་བསྙེན་ལས་གཞན་ལ་ཡང་བསྙེན་གནས་ཡོད་ཅེས་དེ་དགེ་བསྙེན་ལས་གཞན་ཡིན་པར་གསུངས་པ་དང་། བསྙེན་གནས་ནི་བཤན་པ་ལ་སོགས་པ་དག་གིས་ཀྱང་འཐོབ་ལ། དེ་དག་ནི་དགེ་བསྙེན་ཡིན་པར་མི་རིགས་ལ་སངས་རྒྱས་ཀྱི་འཁོར་རྣམ་བཞིར་གཏོགས་པར་མི་རིགས་པའི་ཕྱིར་རོ།་་་་་འོ་ན་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་བཞིན་དུ་དགེ་བསྙེན་ཉིད་མ་ཡིན་ན། སོ་སོ་ཐར་པའི་སྡོམ་པ་དང་ལྡན་ཡང་སངས་རྒྱས་ཀྱི་འཁོར་རྣམ་བཞིར་མ་གཏོགས་པར་ཐལ་བར་འགྱུར་ལ། གསུམ་ལ་སྐྱབས་སུ་འགྲོ་ཡང་འཁོར་རྣམ་བཞིར་མ་གཏོགས་སམ་ཞེ་ན་དཔྱད་དགོས་སོ། །དེ་ལྟར་ན་ཉན་ཐོས་ཀྱི་གྲུབ་མཐའ་ཙམ་ལ་ལྟོས་ནས་དགེ་བསྙེན་བདུན་ཡིན་ལ། ཁྱད་པར་དུ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་དགེ་བསྙེན་མཚན་ཉིད་པ་ནི་ལྔ་པ་དང་དྲུག་པ་སྟེ། དགེ་བསྙེན་དེ་གཉིས་ཁོ་ན་ཡིན་ལ། སྐབས་འདིར་བླང་བ་ནི་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་སྟེ་གཞི་དང་ཀརྨ་ཤ་ཏཾ་ལས་བསླབ་པ་་་་་་མི་ཚངས་པར་སྤྱོད་པ་སྤངས་ཏེ་ཞེས་མ་གསུངས་ཀྱི་འདོད་པས་ལོག་པར་གཡེམ་པ་དང་ཞེས། བརྗོད་པའི་ཆོ་གས་ཤེས་སོ།་་་་་འདི་རབ་ཏུ་བྱུང་བའི་སྔོན་འགྲོར་ཚངས་པར་སྤྱོད་པའི་དགེ་བསྙེན་མི་བྱེད་པར་ཆུང་མ་མི་སྤོང་བའི་དགེ་བསྙེན་གྱི་སྡོམ་པ་བྱིན་པའི་རྒྱུ་མཚན་ཅིའི་ཕྱིར་སྙམ་ན་བསྟན་པ་ལ་རིམ་གྱིས་འཇུག་པར་བྱ་བའི་ཕྱིར་དང་། ཚངས་སྤྱོད་སྲུང་མ་ནུས་ཏེ་བསླབ་པ་ཕུལ་ན་ཡང་དགེ་བསྙེན་གྱི་སྡོམ་པ་ལ་བརྟེན་ཅིང་བསྟན་པ་རིམ་གྱིས་མི་སྤོང་བར་བྱ་བའི་ཕྱིར་རོ། །གཉིས་པ་དགེ་བསྙེན་གྱི་ངོ་བོ་ལ། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་ངོ་བོ་ནི། སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་ལྔ་སྤོང་བ་ཡང་དག་པར་བླངས་པ་ནི་དགེ་བསྙེན་ཡིན་ནོ་ཞེས་སོ། །གསུམ་པ་དགེ་བསྙེན་གྱི་སྒྲ་བཤད་ནི། ཨུ་པ་སི་ཀ་ཞེས་ཏེ། ཨུ་པ་ནི་ཉེ་བའམ་བསྙེན་པ་ཡིན་ལ། སི་ཀ་ནི་དགེ་བ་ཡིན་པས་དགེ་བསྙེན་ཞེས་བྱ་སྟེ། གཞི་འགྲེལ་ལས། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་ཕྱིར་དང་བསླབ་པའི་གཞི་ཇི་སྐད་གསུངས་པ་དག་སྲུང་བར་བྱེད་པའི་ཕྱིར་རོ་ཞེས་སོ། །དགེ་ཚུལ་ཉིད་དང་ཞེས་པ་འདི་ལ་གསུམ་ལས། དང་པོ་དགེ་ཚུལ་གྱི་དབྱེ་བ་ནི་མཚན་གྱི་སྒོ་ནས་ཕྱེ་ན་དགེ་ཚུལ་ཕ་མ་གཉིས་ཏེ། དགེ་ཚུལ་གཉིས་ཀྱིས་ཀྱང་ངོ་ཞེས་པ་དང་། སྤྱིར་བསྟན་གྱི།་་་་་ཊཱི་ཀ་ལས། དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག་ཅེས་སོ། །གཉིས་པ་དགེ་ཚུལ་གྱི་ངོ་བོ་ནི། སྤང་བྱ་བཅུ་སྤོང་བའི་སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་བཅུ་སྤོང་བ་ཡང་དག་

༼༧༨༽

པར་བླངས་པས་ནི་དགེ་ཚུལ་ཡིན་ནོ། །གསུམ་པ་དགེ་ཚུལ་གྱི་སྒྲ་བཤད་ནི། པཎྜི་ཏ་ཛྙཱ་ན་ཤྲཱིའི་ཞལ་ནས་་་་་་དགེ་ཚུལ་རྒྱ་གར་གྱི་སྐད་ཤྲ་མ་ཎེ་ར་ཞེས་ཟེར་ཙི་ལུ་ཞེས་ཀྱང་ཟེར་བས། སཾ་སྐྲྀ་ཏའི་སྐད་དུ་ཤྲ་མ་ཎ་ལ་ཨེ་ར་ག་ཙ་ཏི་ཞེས་སྒྲའི་རྐྱེན་བྱིན་པས། མིག་མཆི་མས་གང་བ་དང་འདྲ་བས་ན་དགེ་ཚུལ་ཞེས་བྱ་སྟེ། མིག་མཆི་མས་གང་བ་དེས་ཐག་ཉེ་བ་མཐོང་ཡང་ཐག་རིང་བ་མི་མཐོང་བ་ལྟར། དགེ་ཚུལ་ཡང་་་་་་ཐག་ཉེ་བ་མཐོང་བ་དང་འདྲ་བར། རང་གི་བསླབ་པ་སྟོན་པའི་འདུལ་བ་ཉན་དུ་རུང་ཡང་། ཐག་རིང་བ་མི་མཐོང་བ་དང་འདྲ་བར།་་་་་དགེ་འདུན་དང་འབྲེལ་བའི་ལས་ཆོག་རྣམས་སྤྱིར་བཏང་ལ་ཐོས་སུ་མི་རུང་བས་ན་་་་་་ཤྲ་མ་ཎེ་ར་ཞེས་བྱ་སྟེ། དགེ་ཚུལ་ཞེས་བྱའོ། །ཕལ་སྐད་དུ་ཙི་ལུ་ཞེས་པ་གཡོག་པོ་ཞེས་པ་སྟེ། བླ་མའི་བྱ་བ་ལ་ངལ་ཞིང་དུབ་པའི་དོན་གྱིས་ན་དགེ་ཚུལ་ཞེས་བྱའོ། །དགེ་སློང་ཉིད་དག་གིས་ཞེས་པ་འདི་ལ་གསུམ་ལས། དང་པོ་དགེ་སློང་གི་དབྱེ་བ་ནི། རྣམ་འབྱེད་ལས། མིང་གི་དགེ་སློང་དང་། ཁས་ཆེ་བའི་དང་། སློང་བའི་དང་། ཉོན་མོངས་པ་བཅོམ་པའི་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་དང་ལྔར་ཕྱེ་སྟེ། དགེ་སློང་བཏགས་པ་བ་་་་་་གསུམ། དང་མཚན་ཉིད་པ་་་་་་གཉིས་ཏེ། ཅི་རིགས་པའོ། །མཚན་གྱི་སྒོ་ནས་ཕྱེ་ན་དགེ་སློང་ཕ་མ་གཉིས་ཏེ། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་དང་ཞེས་སོ། །གཉིས་པ་དགེ་སློང་གི་ངོ་བོ་ནི། སྤོང་བ་བདུན་འཁོར་དང་བཅས་པ་སྤང་བྱ་མཐའ་དག་སྤོང་བའི་སྡོམ་པ་དང་ལྡན་པའི་གང་ཟག་སྟེ། ཊཱི་ཀ་ལས། སྤོང་བ་བདུན་འཁོར་དང་བཅས་པ་ཞེས་པ་དང་། མཛོད་འགྲེལ་ལས།་་་་་ཡིད་ལས་གཞན། ལུས་དང་ངག་གི་ལས་སྤང་བར་བྱ་བ་ཐམས་ཅད་སྤོང་བ་ཡང་དག་པར་བླངས་པ་ནི་དགེ་སློང་ཡིན་ཞེས་སོ། །གསུམ་པ་དགེ་སློང་གི་སྒྲ་བཤད་ནི། བིཀྵུ་ཞེས་པའི་སྒྲ་ལས་དྲངས་ན་་་་་་དོན་དམ་པའི། དགེ་བ་མྱ་ངན་ལས་འདས་པའི་དོན་འཚོལ་ཞིང་ཆོས་དང་ལྡན་པའི་བསོད་སྙོམས་སློང་བས་ན་དགེ་སློང་ཞེས་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་བཞེད་དོ། །མདོ་སྡེ་་་་་་དྲན་པ་ཉེར་གཞག་དང་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ལས་ནི། དགེ་བ་སློང་དང་ཟས་སློང་དང་། །ཉེ་བར་ཞི་དང་ཆགས་སྤངས་དང་། །ལེགས་པར་འཚོ་དང་ལམ་ཞུགས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ཡིན། །ཞེས་རྣམ་པ་བདུན་གསུངས་སོ། །སྔ་མ་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་ཕྱི་མ་མི་བྱའོ། །འོ་ན་

༼༧༩༽

དགེ་བསྙེན་དང་དགེ་ཚུལ་ལ་བསྙེན་པར་རྫོགས་པའི་སྒྲ་མི་རིགས་སོ་ཞེ་ན། སྒྲ་ཡངས་དོག་གཉིས་ལས། སྒྲ་དོག་པའི་དབང་དུ་བྱས་ན་ལུང་རྣམ་འབྱེད་ལས། རྫོགས་པར་བསྙེན་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མ་བསྙེན་པའོ་ཞེས་གསུངས་པས་བསྙེན་པར་རྫོགས་པའི་སྒྲ་དགེ་སློང་ཕ་མ་ཁོ་ན་ལ་འཇུག་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ན་དགེ་བསྙེན་དང་དགེ་ཚུལ་ལ་ཡང་བསྙེན་པར་རྫོགས་པའི་སྒྲ་འཇུག་སྟེ། ཊཱི་ཀ་ལས།་་་་་བསྙེན་པར་རྫོགས་ཞེས། རྫོགས་པ་ཞེས་བྱ་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་དངོས་པོ་ལ་བྱ་སྟེ། མྱ་ངན་ལས་འདས་པ་ཡང་དེ་ལྟ་བུའི་རང་བཞིན་ཡིན་ནོ། །བསྙེན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཡིན་ཏེ་དེའི་ཕྱིར་བསམ་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་གསུངས་པས། རྫོགས་པ་མྱ་ངན་ལས་འདས་པ་ལ་བསྙེན་པ་ནི་དགེ་བསྙེན་དང་དགེ་ཚུལ་ཡང་ཡིན་པའི་ཕྱིར་རོ།་་་་་།དེ་བཞིན་དུ་དགེ་སློང་གི་སྒྲ་ལ་ཡངས་དོག་གཉིས་ཏེ། སྒྲ་དོག་པའི་དབང་དུ་བྱས་ན་དགེ་སློང་གི་སྒྲ་ནི་དགེ་ཚུལ་ལ་སོགས་པ་ལ་མི་འཇུག་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ན་རབ་ཏུ་བྱུང་བ་སྡེ་ལྔ་ཆར་ལ་དགེ་སློང་གི་སྒྲ་འཇུག་སྟེ། དགེ་སློང་ངལ་བ་མི་ཕུལ་ཞེས་པའི་སྐབས་ཀྱི་རང་གི་རྣམ་བཤད་ལས། ཆོས་འདི་པའི་རབ་ཏུ་བྱུང་བ་རྣམས་ལ་དགེ་སློང་གི་ཚིག་རྣམ་པར་གནས་སོ། །དེ་བས་ན་དགེ་ཚུལ་ལ་ཡང་འདི་བྱའོ་ཞེས་གསུངས་ཏེ། འདི་བྱའོ་ཞེས་པ་ནི་དགེ་སློང་གི་ཚིག་འདི་བྱའོ་ཞེས་པ་དང་ངལ་བ་མི་ཕུལ་བ་འདི་བྱའོ་ཞེས་བསྟན་པ་དང་། འགྲེལ་ཆུང་ལས། སངས་རྒྱས་ཀྱི་ཆོས་ལ་ལྟ་བའི་དགེ་སློང་ལྔ་ཞེས་སོ། །དགེ་བསྙེན་གྱི་སྡོམ་པའི་ཆོ་ག་ཞར་བྱུང་དང་བཅས་ཏེ་བསྟན་པ་ནི། སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་དགེ་བསྙེན་ཉིད་དང་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ཏེ། སྐབས་དོན་དགེ་བསྙེན་གྱི་སྤྱི་དོན་དང་། ཐུན་མོང་བ་སྐྱབས་འགྲོའི་སྤྱི་དོན་ཏོ། །དང་པོ་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། ལེན་པ་པོ།་་་་་དགེ་བསྙེན་གྱི་སྡོམ་པ་འཐོབ་པ་དང་། འབོག་པ་པོ།་་་་་ཚིགས་ལས་འདས་པའི་ཉེས་པ་ཁེགས་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བླང་བ་ནི། རང་དགེ་བསྙེན་ཙམ་པོར་སྡོད་ན་དགེ་བསྙེན་གྱི་སྡོམ་ལྡན་ལ་བླངས་ཀྱང་འཐོབ་སྟེ། དགེ་བསྙེན་གྱི་སྡོམ་པ་བརྒྱད་པའི་འགྲེལ་པ་ལས། སྡོམ་གནས་ཞེས་བྱ་བ་ནི་དགེ་བསྙེན་གྱི་སྡོམ་པ་

༼༨༠༽

ལ་གནས་པ་རྣམས་ཡིན་གྱི་ཞེས་བཤད་དོ །འོན་ཀྱང་སྐབས་འདིར་ནི་མཁན་པོར་འོས་པ་ལས་བླང་སྟེ། རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས་ཞེས་གསུངས་སོ། །གཉིས་པ་རྟེན་གང་གིས་བླང་བ་ནི་གླིང་གསུམ་གྱི་སྐྱེས་པའམ་བུད་མེད་ཕ་མ་བསད་པ་ལ་སོགས་ཀྱི་བར་ཆད་དང་བྲལ་བ་དང་། ལེན་འདོད་ལ་སོགས་པ་བསམ་པ་ཕུན་སུམ་ཚོགས་པས་བླང་ངོ་། །གསུམ་པ་དངོས་པོ་གང་བླང་པ་ནི་དགེ་བསྙེན་གྱི་སྡོམ་པའོ། །བཞི་པ་ཆོ་ག་གང་གིས་བླང་བ་ནི། སྦྱོར་དངོས་རྗེས་གསུམ་སྟེ་ཀརྨ་ཤ་ཏཾ་དུ་བལྟའོ། །གཉིས་པ་ཐུན་མོང་བ་སྐྱབས་འགྲོའི་སྤྱི་དོན་ལ་གཉིས་ཏེ། དགོས་པའི་དོན་དང་། བསྡུས་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། དགོས་པ་ངོས་བཟུང་བ་དང་། རྩོད་པ་སྤང་བ་དང་། འཕྲོས་པའི་དོན་ཏོ། །དང་པོ་ནི། སྐྱབས་འགྲོའི་ཕན་ཡོན་བརྒྱད་ལ་སོགས་པ་ཡང་སྐབས་གཞན་ནས་བཤད་ལ། སྐབས་འདིར་ནི་སྐྱབས་འགྲོའི་དགོས་པ་དེ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྐྱེ་བ་སྟེ། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས། སྐྱབས་སུ་འགྲོ་བས་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་སྒྲུབ་པར་བྱེད་དེ་ཞེས་བཤད་དོ། །འོ་ན་དེས་་་་་་སྐྱབས་སུ་འགྲོ་བ། མྱང་འདས་ཀྱི་བསམ་པ།་་་་་དེ་ཇི་ལྟར་སྒྲུབ་སྙམ་ན། ཊཱི་ཀ་ལས། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ལམ་ཉེ་བར་སྟོན་པར་མཛད་པ་ལ་ཡང་དག་པར་བརྟེན་པར་བྱེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་ཡང་དག་པར་བརྟེན་པར་བྱེད། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་འདིས་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ཟླ་གྲོགས་ལ་ཡང་དག་པར་བརྟེན་པར་བྱེད་པའི་ཕྱིར་ཏེ། ཞེས་སོ། །དཔེར་ན་་་་་་ཡུལ་གཞན་གྱི་ཚོང་དུས་སུ། འགྲོ་བའི་ལམ་དཔོན་དང་། ཐོབ་བྱའི་དོན་ཚོང་ཁེ་དང་། ཟླ་གྲོགས་ཡོད་པ་ལ་བརྟེན་ནས་ཚོང་ཁེ་ལེན་འདོད་ཀྱི་བསམ་པ་སྐྱེ་བ་བཞིན་ནོ།་་་་་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་དཔོན་སངས་རྒྱས་དང་། ཐོབ་བྱའི་དོན་མྱ་ངན་ལས་འདས་པ་དང་། ཟླ་གྲོགས་དགེ་འདུན་ལ་བརྟེན་ནས་མྱ་ངན་ལས་འདས་པ་ཐོབ་འོང་བར་འདུག་སྙམ་སྟེ། མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བསམ་པ་སྐྱེ་བ་ཡིན། གཉིས་བརྩོད་པ་སྤང་བ་ལ་གཉིས་ལས། དང་པོ། གཞུང་ནང་འགལ་གྱི་སྐྱོན་སྤོང་བ་ནི། ཊཱི་ཀ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་ནི་སུ་ཡང་སྐྱབས་སུ་འགྲོ་བ་སྒྲུབ་པར་

༼༨༡༽

མི་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ། །ཞེ་ན།་་་་་ཊཱི་ཀ་ལས། སྐྱབས་འགྲོ་ལ་བརྟེན་ནས་མྱ་ངན་ལས་འདས་པའི་བསམ་པ་སྐྱེ་བར་གསུངས་པ་ནི། སྐྱབས་འགྲོ་ཙམ་པོ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བསམ་པ་སྐྱེ་ཞེས་བསྟན་པ་ཡིན་ལ། ངེས་འབྱུང་གི་སྐྱབས་འགྲོ་ལ་ནི་མྱ་ངན་ལས་འདས་པའི་བསམ་པ་རྒྱུར་དགོས་ཏེ། མྱ་ངན་ལས་འདས་པའི་བསམ་པ་མེད་པར་ནི། སུ་ཡང་ངེས་འབྱུང་གི་སྐྱབས་སུ་འགྲོ་བ་སྒྲུབ་པར་མི་བྱེད་དོ་ཞེས་དགོངས་པའོ། །གཉིས་པ་སྐྱབས་འགྲོ་མེད་པའི་ཆོ་གས་སྡོམ་པ་མི་སྐྱེ་བར་ཐལ་བ་སྤང་བ་ནི། སྡེ་བཟང་གི་ཚོགས་དྲུག་ཅུ་སྐྱབས་འགྲོ་ཁས་བླངས་ཀྱི་བསྙེན་པར་རྫོགས་པ་ལས་གཞན།་་་་་ད་ལྟར་གྱི་ཆོ་གས་དགེ་སློང་གི་སྡོམ་པ་ལེན་པ་ཆོས་ཅན། སྡོམ་པ་མི་སྐྱེ་བར་ཐལ། སྐྱབས་འགྲོ་མེད་པའི་ཕྱིར་་་་་་གཞི་འགྲེལ་ལས་འདིར་བསྙེན་པར་རྫོགས་པའི་སྐབས་སུ་སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་བརྗོད་མི་དགོས་སོ། ཞེ་ན། ཁྱབ་པ་མ་གྲུབ་སྟེ། སྐྱབས་འགྲོ་དངོས་མེད་ཀྱང་སྐྱབས་འགྲོའི་དོད་གསོལ་བ་འདེབས་པ་ཡོད་པ་ལ་བརྟེན་ནས་སྡོམ་པ་སྐྱེའོ། །ཆོ་ག་ལས་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ་ལོ་ཞེས་དགེ་འདུན་ལ་གསོལ་བ་བཏབ་ཅིང་། བསྙེན་པར་རྫོགས་པ་མཛད་དུ་གསོལ་ཞེས་ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ལ་བསྙེན་པར་མཛད་དུ་གསོལ་ཞེས་ཆོས་ལ་གསོལ་བ་བཏབ་པའོ། །ཊཱི་ཀ་ལས་མྱ་ངན་ལས་འདས་པ་དང་ཉེ་བར་གྱུར་པ་ནི་བསྙེན་པར་རྫོགས་པ་ཡིན་ནོ་ཞེས་སོ།་་་་་།འབྲས་བུ་ཆོས་ལ་གསོལ་བ་བཏབ་པས་རྒྱུ་སངས་རྒྱས་དང་དགེ་འདུན་ལ་ཡང་སྐྱབས་སུ་ཕྱིན་པར་འགྱུར་ཏེ། འབྲས་བུས་རྒྱུ་ཤེས་པ་ཡང་ངག་གི་གཏན་ཚིགས་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་འཕྲོས་པའི་དོན་ནི། མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བསམ་པ་མེད་པར་སྡོམ་པ་བླངས་ན་སྡོམ་པ་སྐྱེའམ་མི་སྐྱེ་ཞེ་ན། འདི་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་་་་་་བྱང་རྡོར། ན་རེ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་ན་སྡོམ་པ་མི་སྐྱེ་སྟེ། ཊཱི་ཀ་ལས་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་ཞེས་བཤད་པས་ཤེས་སོ་ཟེར་རོ། །དེ་དང་མཐུན་པའི་གཞུང་མང་པོ་མཐོང་སྟེ། རང་གི་རྣམ་བཤད་ལས་མྱ་ངན་ལས་འདས་པའི་བསམ་པ་

༼༨༢༽

བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་ནི་མ་ཡིན་ཏེ། ཞེས་པ་དང་། དེ་དང་མཐུན་པར་གཞི་འགྲེལ་ལས་ཀྱང་བཤད་ཅིང་། དྲི་བ་རྒྱ་ཆེར་འགྲེལ་ལས་ཀྱང་། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་སྐྱེ་བ་ནི་མེད་དོ་ཞེས་པ་དང་། ཕྲན་ཚེགས་འགྲེལ་པ་ལས་ཀྱང་། ཐར་པའི་བསམ་པའི་སྒོ་ནས་སྡོམ་པ་འཐོབ་པ་ཡིན་ལ། ཐར་པའི་བསམ་པ་མེད་པར་སྡོམ་པ་མི་འཐོབ་ཅེས་བཤད་དོ། །འདོད་ཚུལ་དེ་དག་དགག་པ་ལ་གཉིས་ཏེ། དམ་བཅའ་དགག་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ནི། ལུང་གཞི་ནས། ཀུན་དགའ་བོའི་ཚ་བོ་བྱིས་པ་གཉིས་དང་། ཕྲན་ཚེགས་ནས་མཛེས་དགའ་བོ་དང་། རྣམ་འབྱེད་ནས་འཆར་ཀ་དང་ཉེ་སྡེ་སྟེ། གང་ཟག་དེ་རྣམས་ལ་ཆོས་ཅན། སྡོམ་པ་མ་སྐྱེས་པར་ཐལ། སྡོམ་པ་ལེན་དུས་ན་མྱ་ངན་ལས་འདས་པའི་བསམ་པ་མེད་པའི་ཕྱིར་ཏེ། དང་པོ་གཉིས་ལྟོ་ཕྱིར་རབ་ཏུ་བྱུང་བ་དང་དེའི་འོག་མ་གཉིས་ངོ་མ་བཟློག་པར་རབ་ཏུ་བྱུང་བ་དང་། ཉེ་སྡེ་སྲོག་བྱོལ་ལ་རབ་ཏུ་བྱུང་བའི་ཕྱིར་ཏེ། རྟགས་ལུང་གིས་གྲུབ་ཅིང་། ཁྱབ་པ་ཁས་བླངས་སོ། །འདོད་ན་རབ་བྱུང་གི་ཆ་ལུགས་ཅན་སྡོམ་པ་མེད་པས་དགྲ་བཅོམ་པ་ཐོབ་པར་མི་རིགས་པ་ལས་དེ་ཐམས་ཅད་ཀྱིས་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་དང་འགལ་ལོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཀྱང་། བདག་ཁྱིམ་འདི་ན་གནས་ནས་དཀའ་བས་འཚོ་བར་འགྱུར་བས། བདག་རབ་ཏུ་བྱུང་ལ་ཚེགས་ཆུང་ངུས་འཚོ་བར་བྱ་ཞིང་། ཇི་སྲིད་འཚོའི་བར་དུ་ཚངས་པའི་སྤྱོད་པ་སྤྱད་པར་བྱའོ། །སྙམ་ནས་དེ་ལྟར་རབ་ཏུ་བྱུང་བ་ནི་་་་་་འཇིགས་སྐྱོབ་ཀྱི་དྲི་མས་གོས་པས། གཅིག་ཏུ་ཡོངས་སུ་དག་པ་ནི་མ་ཡིན་ཞིང་། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པར་ཡང་བརྗོད་པར་མི་བྱའོ་ཞེས་གསུངས་པ་དང་འགལ་ལོ། །དེང་སང་གི་རབ་བྱུང་རྣམས་ཆོས་ཅན། ཕལ་ཆེར་ལ་སྡོམ་པ་མ་སྐྱེས་པར་ཐལ། ཕལ་ཆེར་ལ་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པའི་ཕྱིར་རོ།་་་་་ཕུ་གསུམ་པ་རྣམས་ནི་ཤིང་ཐུ་འཕྲོ་དང་། མདའ་གསུམ་པ་རྣམས་ནི་རྨོ་རྐོ་བྱེད་འཕྲོ་སྟེ་བསམ་པ་ཐམ་མེ་ཐོམ་མེ་ལ་རབ་ཏུ་བྱུང་བའི་ཕྱིར་རོ་གསུང་ངོ་། །དེང་སང་རབ་བྱུང་ཕལ་ཆེར་ལ་སྡོམ་པ་མ་སྐྱེས་པར་འདོད་ན་ནི།་་་་་དགེ་འདུན་ལ་སྐུར་བ་འདེབས་པ་ཧ་ཅང་ཐལ་ཆེས་ཤིང་། དེང་སང་སངས་རྒྱས་ཀྱི་བསྟན་པ་མི་གནས་པར་ཐལ་བ་ལས། དེང་སང་ལུང་གི་དུས་སངས་རྒྱས་ཀྱི་བསྟན་པ་གནས་

༼༨༣༽

པའི་དུས་ཡིན་པ་དང་འགལ་ལོ་ཞེས་་་་་་ཤ་སྦས་ལ་སོགས་པ། གསུང་ངོ་། །གཉིས་པ་ནི་མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་ཞེས་གསུངས་པ་དེ་ཐམས་ཅད་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཞེས་བསྟན་པ་སྟེ། མདོ་རྩ་འགྲེལ་དུ་སྡོམ་པ་སྐྱེ་མི་སྐྱེའི་བཤད་པ་ཐམས་ཅད་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གསུངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མནོས་ན་ངེས་འབྱུང་གི་སྡོམ་པ་མི་སྐྱེ་ཡང་སྡོམ་པ་ཙམ་པོ་ཞིག་ནི་སྐྱེ་སྟེ་སྔར་གྱི་གཞུང་དེ་དག་གིས་གྲུབ་བོ། །འོ་ན་དང་པོ་འཇིགས་སྐྱོབ་ཀྱི་སྡོམ་པའམ་ལེགས་སྨོན་གྱི་སྡོམ་པ་ཐོབ་པའི་གང་ཟག་དེ་ལ་ཕྱིས་ངེས་འབྱུང་གི་བསམ་པ་སྐྱེས་ན། བསམ་པ་གནས་གྱུར་པས་སྡོམ་པ་གནས་གྱུར་ཏམ་མ་གྱུར་སྙམ་ན། སྡོམ་པ་གནས་གྱུར་ཏེ། ལུང་གཞི་ལས་ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན་ཞེས་གསུངས་པ་དང་། ལུང་ལས་མཛེས་དགའ་བོ་དང་ཀུན་དགའ་བོའི་ཚ་བོའི་བྱུང་བས་ཤེས་སོ།་་་་་འཇིགས་སྐྱོབ་ཀྱི་བསམ་པ་དང་ལེགས་སྨོན་གྱི་བསམ་པ་དང་ངེས་འབྱུང་གི་བསམ་པ་དང་གསུམ་པོ་བསམ་པ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་གྱུར་ཏེ། དགྲ་བཅོམ་ཐོབ་པར་གསུངས་ཀྱི། སྡོམ་པ་ལན་གསུམ་བླངས་པར་ནི་མ་གསུངས་པས་སོ། །དེ་ལྟར་སྡོམ་པ་ཐོབ་པ་དེ་བྱིན་པ་ལེན་པའི་ཚུལ་གྱིས་འཐོབ་པ་ཡིན་ནམ། ཟློས་པར་བྱེད་པའི་རྗེས་སུ་བཟླས་པ་ལས་འཐོབ་པ་ཡིན་ཞེ་ན། ཕྱི་མ་ལྟར་ཡིན་་་་་་དེ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་ཕྱིར་རོ། །དེ་ཡང་མར་མེ་གཅིག་ལས་མར་མེ་བརྒྱ་སྟོང་འབྱུང་བ་བཞིན་ཡིན། གྱི། སྔ་མ་ལྟར་ནི་མ་ཡིན་ཏེ། ཊཱི་ཀ་ལས། བྱིན་པ་བླང་བ་ལྟ་བུ་ནི་མ་ཡིན་ཏེ། སྡོམ་པ་ནི་རང་གི་སེམས་ལ་རག་ལས་པའི་ཕྱིར་རོ། །ཞེས་སོ། །གཞན་དུ་ན་སློབ་མས་སྡོམ་པ་ཐོབ་པ་ན་འབོགས་པ་པོ་ལ་སྡོམ་པ་མེད་པར་ཐལ་བར་འགྱུར་ཏེ། ཊཱི་ཀ་ལས། དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་དག་ནི་རེ་རེར་ཟད་པའི་ཕྱིར་ཞེས་སོ། །གཉིས་པ་བསྡུས་པའི་དོན་ལ་བདུན་ལས། དང་པོ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྟེ། དེ་དག་ལ་གྲུབ་མཐའི་འདོད་ལུགས་མང་ཡང་། བྱེ་བྲག་སྨྲ་བའི་ལུགས་ཀྱིས། སངས་རྒྱས་ནི་སྔོན་ཐོག་མ་མེད་པའི་དུས་ནས་དབང་པོ་རྣོན་པོའི་རིགས་སུ་འོངས་

༼༨༤༽

པ་བསྐལ་བ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པའི་སོ་སོའི་སྐྱེ་བོ་དེས་མཚན་མོ་གཅིག་ལ་སྲོད་ལ་བདུད་བཏུལ། ནམ་གུང་ལ་བསམ་གཏན་བཞི་པ་ལ་མཉམ་པར་བཞག་སྟེ། ཐོ་རངས་སངས་རྒྱས་པ་དེའི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་སངས་རྒྱས་ཡིན་པར་འདོད་དོ། །རྒྱལ་བུ་དོན་གྲུབ་ལྟ་བུ་ཚེ་དེ་ཉིད་ལ་འཚང་རྒྱ་བ།་་་་་སྐྱེ་བ་མཐའ་མའི་བྱང་ཆུབ་སེམས་དཔའ་དེ་སོ་སོའི་སྐྱེ་བོ་ཡིན་པར་ནི། མཛོད་ལས། འཕགས་པ་མིན་་་་་་ཏེ་སོ་སོ་སྐྱེ་བོ་ཡིན། ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་་་་་་ཕུལ་ན། ནི་་་་་་བསོད་ནམས། གཞལ་དུ་མེད་པར་འགྱུར། །ཞེས་སོ། །ཆོས་ནི་མྱ་ངན་ལས་འདས་པ་སྟེ། འགོག་པའི་བདེན་པ་རྫས་སུ་གྲུབ་པར་འདོད་ཅིང་། དགེ་འདུན་ནི་ཞུགས་འབྲས་བརྒྱད་ཀྱི་ཡེ་ཤེས་སོ། །སངས་རྒྱས་དང་དགེ་འདུན་གཉིས་ཀའི་གཟུགས་སྐུ་ནི་སྔ་ཕྱིའི་ཁྱད་པར་དུ་གྱུར་པ་མེད་པའི་ཕྱིར་སྐྱབས་གནས་མ་ཡིན་ནོ་ཞེས་སོ། །དེ་དག་་་་་་སེམས་ཙམ་པའི་ལུགས་ཀྱིས་སངས་རྒྱས་ནི་སེམས་གཟུང་འཛིན་གཉིས་ཀྱིས་དབེན་པ་རྣམ་རིག་ཙམ་གྱི་སྐུ་གསུམ་མོ། །ཆོས་ནི་སངས་རྒྱས་དེའི་རྒྱུད་ལ་ཡོད་པའི་ཡོན་ཏན་གྱི་ཆོས་རྣམས་སོ། །དགེ་འདུན་ནི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ནས་ས་བཅུ་རྒྱུན་མཐའ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་འགྲོ། དབུ་མ་པའི་ལུགས་ཀྱིས་སངས་རྒྱས་ཆོས་ཀྱི་སྐུ་དང་། དོན་དམ་པའི་ཆོས་དང་། དགེ་འདུན་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ་ཞེས་གསུངས་སོ། །འོན་ཀྱང་། ནི་མཛོད་ལས། གང་དག་དཀོན་ཅོག་་་་་་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་་་་་་དང་དགེ་འདུན་་་་་་རང་རང་གི་བྱེད་པའི་ཆོས།་་་་་ཡེ་ཤེས་དང་། སངས་རྒྱས་ནི།་་་་་མི་སློབ་པ་དང་དགེ་འདུན་སློབ་པ་དང་མི་སློབ་པ་་་་་་གཉིས་ཀ་དང་་་་་་སློབ་པ་རྒྱུན་ཞུགས་ལ་སོགས་པ་དང་མི་སློབ་དགྲ་བཅོམ་པའོ། །ཆོས་ནི་འདུས་མ་བྱས།་་་་་མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །མདོ་སྡེ་པ་ནི་གཞན་སྔ་མ་དང་འདྲ་ལ་ཆོས་རྫས་སུ་མི་འདོད་ཅིང་། སངས་རྒྱས་དང་དགེ་འདུན་གཉིས་ཀྱི་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་གཉིས་ཀ་ལ་སྐྱབས་སུ་འགྲོ་སྟེ་དེ་ལྟར་མཛོད་འགྲེལ་ལས་བཤད་དོ། །སྐབས་འདིར་ནི་བྱེ་བྲག་སྨྲ་བའི་གཞུང་ལུགས་ལྟར་གཟུང་ངོ་། །གཉིས་པ་གང་གིས་སྐྱབས་སུ་འགྲོ་བའི་རྟེན་ནི། སྤྱིར་ན་འཇིགས་པ་ལས་ཐར་བར་འདོད་པའི་འགྲོ་བ་གང་ཡང་རུང་བ་སྟེ། སྐབས་འདིར་ནི་དགེ་བསྙེན་གྱི་རྟེན་དུ་རུང་བའོ། །གསུམ་པ་སྐྱབས་འགྲོའི་ངོ་བོ་ནི། བྱེ་བྲག་སྨྲ་བ་

༼༨༥༽

ལྟར་ན། ངག་གི་རྣམ་པར་རིག་བྱེད་འཁོར་དང་བཅས་པ་སྟེ། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ཀྱི་རང་བཞིན་ཅི་ཞེ་ན་ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་པ་དང་། མཛོད་ཀྱི་འགྲེལ་བཤད་་་་་་གང་སྤེལ་ལས། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི། ནོད་པའི་དུས་ཀྱི་དབང་དུ་བྱས་ནས་ཡིན་ཏེ། ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། སེམས་ཀྱིས་ཀུན་ནས་བསླང་པའི་ཚིག་གིས་སྐྱབས་སུ་འགྲོ་ཡི། སེམས་མེད་པར་ནི་མ་ཡིན་ནོ་ཞེས་སོ། །བཞི་པ་ཆོ་ག་གང་གིས་སྐྱབས་འགྲོ་བླང་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ཕྱག་མཆོད་དང་། དངོས་གཞི་རྗེས་ཟློས་ལན་གསུམ་དང་། མཇུག་བསླབ་བྱ་བཤད་པ་དང་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བའོ། །ལྔ་པ་སྐྱབས་འགྲོ་སྐྱེ་བའི་རྒྱུ་ནི། ལུས་ཀྱི་རྟེན་འགྲོ་བ་གང་ཡང་རུང་བ། བསམ་པའི་རྟེན་འཇིགས་པ་ལས་ཐར་བར་འདོད་ཅིང་སྐྱབས་གནས་ཤེས་པ། བརྡ་སྤྲོད་པའི་ཆོ་གའི་རིག་བྱེད་དང་གསུམ་ལས་སྐྱེའོ། །དྲུག་པ་སྐྱབས་འགྲོའི་བསླབ་བྱ་ནི། བརྒྱད་དེ། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མཆོད་སྤང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མཐུན་འཇུག་སྤང་བ་སྟེ།་་་་་དཀོན་མཆོག་གསུམ་པོ། སོ་སོའི་བསླབ་བྱ་གསུམ་མོ།་་་་་དཀོན་མཚོག་གསུམ་པོ། །ཐུན་མོང་གི་བསླབ་བྱ་ལྔ་སྟེ། ལུས་སྲོག་བྱ་དགའི་ཆེད་དུ་ཡང་དཀོན་མཆོག་གསུམ་མི་སྤང་བ་དང་། ན་ཚ་ལ་སོགས་པའི་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བསྟེན་པ་མ་གཏོགས་པའི་ཐབས་གཞན་མི་བཙལ་བ་དང་། དུས་དང་དུས་སུ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། དུས་རྟག་ཏུ་སྐྱབས་འགྲོ་ལ་བརྩོན་པར་བྱ་ཞིང་། ཐ་ན་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་འགྲོ་བྱ་བ་དང་། ཕྱོགས་གང་དུ་འགྲོ་ཡང་ཕྱོགས་དེའི་སྐྱབས་གནས་ལ་ཁྱད་པར་དུ་ཡང་སྐྱབས་སུ་འགྲོ་བ་ལ་བསླབ་བོ་ཞེས་གསུང་ངོ་། །བདུན་པ་སྐྱབས་འགྲོའི་ཕན་ཡོན་ནི་བརྒྱད་དེ། ནང་པ་སངས་རྒྱས་པར་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་རུང་བ་དང་། ཚེ་རབས་སུ་བསགས་པའི་སྡིག་པ་

༼༨༦༽

རྣམས་ཟད་ཅིང་བསྲབས་པར་འགྱུར་བ་དང་། ངན་སོང་དང་ལོག་པར་ལྟུང་བར་མི་སྐྱེ་བ་དང་། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་། བསོད་ནམས་རྒྱ་ཆེན་པོ་འཐོབ་་་་་་སྟེ་སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བས་གཞལ་མི་འགྱུར། །ཞེས་སློབ་དཔོན་དཔའ་བོས་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་ལས་བཤད། པ་དང་། མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་བའོ། །གཉིས་པ་ཡན་ལག་གི་དོན་ནི། སྐྱབས་སུ་འགྲོ་བ་ཁས་བླང་པའི་ཚིག་གིས་དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླངས་པའི་ཚིག་གི་འགོ་རྩོམ་པ་དང་ཞེས་པ་འདི་ནི་གཞན་གྱི་འདོད་པ་ལ་ཟུར་ཟ་བ་སྟེ། རྒྱ་གར་གྱི་འདུལ་འཛིན་ཁ་ཅིག་ན་རེ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པའི་ཆོ་ག་ལ། སྐྱབས་འགྲོ་ཉི་ཚེ་ལན་གསུམ་བརྗོད་ནས། དེའི་འོག་ཏུ་དགེ་བསྙེན་་་་་་གཟུང་དུ་གསོལ། དུའམ་དགེ་ཚུལ་དུ་གཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་ཅེས་ཟེར་ཏེ། ཊཱི་ཀ་ལས། དེ་ནི་འཁྲུལ་པ་ཡིན་པར་རིག་པར་བྱའོ་ཞེས་བཤད་དོ། །ལུང་གཞི་ལས། སྐྱབས་འགྲོ་དང་གཟུང་དུ་གསོལ་སྤེལ་ཞིང་། ལན་གསུམ་བརྗོད་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །འོན་ཀྱང་གཞན་ཞེ་འདོད་དེ་དང་མཐུན་པར་ལུང་ཕྲན་ཚེགས་ལས། དགེ་བསྙེན་མ་དང་དགེ་ཚུལ་མའི་ཆོ་གའི་སྐབས་ནས་བཤད་སྣང་སྟེ། འོན་ཀྱང་ལུང་གཞི་དང་མདོ་རྩ་འགྲེལ་ལས་སྐྱབས་འགྲོ་དང་གཟུང་དུ་གསོལ་སྤེལ་བ་འདི་ཆོ་ག་རྣམ་དག་ཡིན་ནོ། །དེའི་འོག་ཏུ་ཞེས་པ་འདི་ཡང་གཞན་གྱི་འདོད་པ་ལ་ཟུར་ཟ་བ་སྟེ། སྔར་སྐྱབས་འགྲོ་ལན་གསུམ་བྱས་ནས་གཟུང་དུ་གསོལ་ལན་གསུམ་བྱེད་པའི་ལུགས་ལྟར་ན་བསླབ་པ་བརྗོད་པའི་འོག་ཏུ་གཟུང་དུ་གསོལ་བརྗོད་པར་འདོད་པ་དེ་དགག་པའི་ཕྱིར་རོ། །བསླབ་པ་བརྗོད་པ་ནི་དགེ་བསྙེན་རྣམས་ཀྱི་ནི་ལྔའོ། །དགེ་ཚུལ་རྣམས་ཀྱི་ནི་བཅུའོ་ཞེས་ཊཱི་ཀ་ལས་སོ། །ཁས་བླངས་པའི་ཚུལ་གྱིས་བྱའོ་ཞེས་པ་འདིར། སྲོག་གཅོད་པར་མི་བྱའོ་ཞེས་དགག་ཚིག་ཏུ་བརྗོད་དམ། སྲོག་གཅོད་པ་སྤངས་ཏེ་ཞེས་སྒྲུབ་ཚིག་བརྗོད་ཅེ་ན། མི་བྱ་བ་ནི་རེ་ཞིག་མི་བྱ་བ་ལ་ཡང་འཇུག་སྟེ་གཏན་སྤངས་སུ་གོ་བའི་ངེས་པ་མེད་པས། སྲོག་གཅོད་པ་སྤངས་ཏེ་ཞེས་བརྗོད་པའོ། །བསླབ་པ་བརྗོད་པ་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号