ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-05  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 

༼༣༧༽

རང་བཞིན་གྱི་ཁ་ན་མ་ཐོ་བ་ལུས་ངག་གི་བདུན་པོ་སྤོང་བ་ནི་གཙོ་བོ་ཡིན་ལ། ཆང་འཐུང་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ཐམས་ཅད་འཁོར་ཡིན་ཏེ། གཙོ་བོ་ཤིང་ཐོག་ཨ་མྲ་ལྟ་བུ་དང་། འཁོར་སྨྱུག་ཚལ་གྱི་རྭ་བ་ལྟ་བུ་སྟེ། འདུལ་བ་ལ་བསྟོད་པ་ལས། གང་གིས་སྟོན་པ་་་་་་བཅོམ་ལྡན་འདས། ཐུགས་རྗེ་་་་་འི་དང་ལྡན་པ། བསྟན་པ་ལ། བཅས་པའི་ཁ་ན་མ་ཐོ་བ།་་་་་།ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་་་་་་འཇིག་རྟེན་ཕ་རོལ་ཏུ། སྡུག་བསྔལ་་་་་་ཏེ་དམྱལ་བསྲུང་ལ་སོགས་པའི། གཞན་དབང་་་་་་འདུ་གྱུར་པ་འཐོབ། །སྨྱུག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་པ་དང་། རྣམ་འབྱེད་འགྲེལ་པ་ལས། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཨ་མྲའི་ཚལ་ལྟ་བུ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་མྱུག་མའི་ཚལ་ཞེས་པ་ལྟ་བུ། ཞེས་བཤད་དོ། །དགུ་པ་སོ་སོ་ཐར་པའི་སྡོམ་པའི་གནས་ཚུལ་ནི། དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་རིམ་གྱིས་མནོས་ན་གང་ཟག་དེའི་རྒྱུད་ལ་སྡོམ་པའི་གནས་ཚུལ་ཇི་ལྟ་བུ་ཞེ་ན། དཔེར་ན་་་་་་དོང་ཙེ་གཅིག་དང་གཉིས་དང་གསུམ་རྙེད་པ་བཞིན་དུའམ། ཀ་བ་གཅིག་ལ་ཐག་པ་ཐ་དད་པ་གསུམ་གྱིས་བསྡམས་པ་བཞིན་དུ། གང་ཟག་གཅིག་ལ་་་་་་དགེ་བསྙེན་དགེ་ཚུལ་དགེ་སློང་གི སྡོམ་པ་ཐ་དད་པ་གསུམ་དང་ལྡན་པ་སྟེ། ཊཱི་ཀ་ལས། ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ་ཞེས་པ་དང་། མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་བཤད་ཅིང་། མཛོད་འགྲེལ་ལས་དེ་དག་ནི་མ་འདྲེས་པ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དགེ་སློང་གི་བསླབ་པ་ཕུལ་བས་སྡོམ་པ་གསུམ་ཆར་གཏང་པར་འགྱུར་བ་ཞིག་ན་དེ་ནི་མི་འདོད་དོ་ཞེས་གསུངས་ཏེ་རྒྱས་པར་འོག་ཏུ་འཆད་དོ། །བཅུ་པ་སོ་སོ་ཐར་པའི་སྡོམ་པའི་བྱེད་ལས་ནི་གཉིས་ཏེ། ཚུལ་ཁྲིམས་དག་པའི་བྱེད་ལས་དང་། མ་དག་པའི་བྱེད་ལས་སོ། །དང་པོ་ལ་གཉིས་ལས། སྤང་བྱ་སྤོང་བའི་བྱེད་ལས་ནི། རྒྱུ་ཀུན་འབྱུང་སྤོང་བ་དང་། འབྲས་བུ་སྡུག་བསྔལ་སྤོང་བ་སྟེ། སུམ་བརྒྱ་པ་ལས། ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །ཞེས་པ་དང་། ངེས་པར་འབྱུང་བའི་ཚུལ་

༼༣༨༽

ཁྲིམས་སྡུག་བསྔལ་སྤོང་། །ཞེས་པ་གོ་རིམ་བཞིན་ནོ། །ཐོབ་བྱ་འཐོབ་པའི་བྱེད་ལས་ནི། གནས་སྐབས་སུ་ལྷ་མིའི་དཔལ་འབྱོར་འཐོབ་པ་དང་། མཐར་ཐུག་ཏུ་རྫོགས་པའི་བྱང་ཆུབ་འཐོབ་པ་སྟེ། སུམ་བརྒྱ་པ་ལས།་་་་་དཔལ་འབྱོར་ས་་་་་་ལམ་རྟེན་མཐོ་རིས། དང་མེ་ཏོག་མདའ་ཅན་འཇོམས། །ཞེས་པ་དང་། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཞེས་པ་གོ་རིམ་བཞིན་ནོ། །གཉིས་པ་ཚུལ་ཁྲིམས་མ་དག་པའི་བྱེད་ལས་ནི། ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན། སྡོམ་པའི་དགོས་པ་དྲུག་སྒྲུབ་མི་ནུས་པ་ཉིད་དུ་ཉམས་ཤིང་། ཕམ་པ་བྱུང་ཡང་འཆབ་སེམས་མ་སྐྱེས་ན་སྡོམ་པའི་དགོས་པ་དྲུག་སྒྲུབ་པར་ནུས་པ་ཅན་དུ་ཉམས་པ་སྟེ། དགོས་པ་དྲུག་ནི། བྱང་ཆུབ་མཐོ་རིས་བླངས་སྐྱེ་དང་། །ཆོས་དང་ཟང་ཟིང་ཕྱིར་བཅོས་རུང་། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ཡང་་་་་་ཕམ་པ་འཆབ་སེམས་དང་བཅས་པ་བྱུང་ན། སྡོམ་པའི་དགོས་པ་དྲུག་སྒྲུབ་མི་ནུས་པ་ནི། ཕམ་པ་འཆབ་བཅས་བྱུང་ན་བྱང་ཆུབ་ཐོབ་པའི་བྱེད་ལས་མེད་དེ། ཕམ་པ་འཆབ་བཅས་ཀྱིས་ཉམས་ན། ཊཱི་ཀ་ལས་ཕམ་པ་བྱས་པ་ནི་ཚེ་དེ་ལ་ཉོན་མོངས་པ་རྣམས་སྤོང་བ་མི་སྲིད་པས་ཞེས་པ་དང་། དེས་རྣམ་པར་གྲོལ་བ་འཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར་ཞེས་སོ། །ཕམ་པ་འཆབ་བཅས་བྱུང་ན།་་་་་མཐོ་རིས་འཐོབ་པའི་བྱེད་ལས་མེད་དེ། ལུང་གླེང་གཞི་ལས། ཚུལ་ཁྲིམས་ཉམས་པ་ངན་འགྲོ་ངན་སོང་ལོག་པར་ལྟུང་ནས་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །ཕམ་པ་འཆབ་བཅས་བྱུང་ན།་་་་་སྡོམ་པ་བླངས་ཀྱང་མི་སྐྱེ་སྟེ། འདི་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་སོ། །ཕམ་པ་འཆབ་བཅས་བྱུང་ན།་་་་་ཆོས་ཀྱི་ལོངས་སྤྱོད་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་པོ་བྱར་མེད་དེ། ཊཱི་ཀ་ལས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པ་དག་མེད་པའི་ཕྱིར་ཞེས་སོ། །ཕམ་པ་འཆབ་བཅས་བྱུང་ན། ལྟུང་བ་ཕྱིར་བཅོས་སུ་མི་རུང་བ་ཡིན་ཏེ། ཊཱི་ཀ་ལས། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ་ཞེས་སོ། །སྡོམ་པའི་དགོས་པ་དྲུག་སྒྲུབ་ནུས་པ་ནི། འཆབ་མེད་ཀྱི་ཕམ་པ་བྱུང་ཡང་། བྱང་ཆུབ་འཐོབ་པའི་བྱེད་ལས་ཡོད་དེ། འོག་མ་ནི་དགྲ་བཅོམ་པ་ཉིད་ཀྱིས་སོ་ཞེས་པས་སོ། །

༼༣༩༽

འཆབ་མེད་ཀྱི་ཕམ་པ་བྱུང་ཡང་།་་་་་མཐོ་རིས་འཐོབ་པའི་བྱེད་ལས་ཡོད་དེ། དགྲ་བཅོམ་འཐོབ་པར་གསུངས་པས་ན། གནས་སྐབས་ལྷ་མིའི་ལུས་འཐོབ་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་བྱུང་ཡང་།་་་་་སྡོམ་པ་བླངས་ན་སྐྱེ་བ་ཡིན་ཏེ། ཞུ་བ་ལས། བསླབ་པ་སྩལ་བས་བསླབ་པ་ཕུལ་ཏེ་དེ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །དེ་བྱུང་ཡང་།་་་་་ཆོས་ཀྱི་ལོངས་སྤྱོད་བྱར་ཡོད་དེ། ལུང་ཕྲན་ཚེགས་དང་མ་མོ་ལས། གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པར་བྱ་ཞེས་གསུངས་པ་དང་། མ་མོ་ལས་བསླབ་པ་སྦྱིན་པ་གསོ་སྦྱོང་གི་ནང་དུ་འོང་ན་ནི་མ་བཟློག་ཅིག་ཅེས་གསུངས་པས་སོ། །དེ་བྱུང་ཡང་།་་་་་ཟང་ཟིང་གི་ལོངས་སྤྱོད་བྱར་ཡོད་དེ། ཐམས་ཅད་དུ་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་སོ། །ལྟུང་བ་་་་་་དེ་བྱུང་ཡང་། ཕྱིར་བཅོས་སུ་རུང་བ་ཡིན་ཏེ། འཆབ་སེམས་མ་སྐྱེས་ན་ཕམ་པ་ལའང་ཕྱིར་བཅོས་སུ་རུང་བར་གསུངས་པས་ན་ལྟུང་བ་གཞན་ལ་ཕྱིར་བཅོས་སུ་རུང་བ་ལྟ་ཅི་སྨོས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་བྱེ་བྲག་ཏུ་བསྟན་པ་ལ་གཉིས། སྐབས་སྒྲུབ་པ་དང་། དངོས་ཀྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། གོ་རིམ་ངེས་པའི་རྒྱུ་མཚན་དང་། དེ་ལས་འཕྲོས་པ་འདུལ་བ་མདོར་བསྡུས་ཀྱི་སྤྱི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དང་། ལན་གདབ་པའོ། །དང་པོ་ནི།་་་་་འདུལ་བ་མདོ་རྩ་བ་འདིར་དངོས་བཅས་སྔོན་ལ་བརྩམས་པ་འདི་ལ་བརྟེན་ནས། རྒོལ་བ་པོ་ཁ་ཅིག་འདི་སྐད་དུ། མདོ་རྩ་བ་འདི་ཆོས་ཅན། རྩོམ་པའི་གོ་རིམ་ལོག་པ་ཡིན་ཏེ། རྒྱས་བཤད་སྔོན་ལ་བརྩམས་ནས་མདོར་བསྟན་ཕྱིས་བརྩམས་པས་མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་འགལ་བའི་ཕྱིར་དང་། ཡི་གེ་མང་ཤོས་སྔོན་ལ་བརྩམས་ནས་ཡི་གེ་ཉུང་ཤོས་ཕྱིས་བརྩམས་པས་སྒྲའི་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །དེ་ཡང་དངོས་ཀྱི་བཅས་པ་རྣམས་ནི་རྒྱས་བཤད་ལྟ་བུ་སྟེ། ཡི་གེ་མང་ཤོས་ཡིན་ལ། མདོར་བསྡུས་ནི་མདོར་བསྟན་ལྟ་བུ་སྟེ། ཡི་གེ་ཉུང་ཤོས་ཡིན་པར་གཞུང་གིས་གྲུབ་བོ། །ཡི་གེ་

༼༤༠༽

ཉུང་ཤོས་ཕྱི་ནས་བརྩམས་པ་འདི་ནི་སྒྲའི་བསྟན་བཅོས་ལས། གོ་རིམ་དང་པོར་བསྟན་པའི་འཐད་པ།་་་་་གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཡི་གེ་ཉུང་དང་མཆོད་པར་འོས། །དང་པོར་བསྟན་པའི་འཐད་པ་ཡིན། །ཞེས་བཤད་པ་དེ་དང་ཡི་གེ་ཉུང་ཤོས་མདོར་བསྡུས་ཕྱིས་བརྩམས་པ་འདི་མི་འཐད་དོ་ཞེ་ན། གཉིས་པ་ལན་གདབ་པ་ནི། སྒྲའི་བསྟན་བཅོས་ལས་བཤད་པ་དེ་རྒྱུ་མཚན་གཞན་མེད་པའི་དབང་དུ་བྱས་པ་ཡིན་ལ། རྩོམ་པའི་གོ་རིམ་མདོ་རྩ་བའི་འདི་ལྟར་འཐད་དེ། གལ་ཏེ་མདོར་བསྡུས་སྔོན་ལ་བརྩམས་ན་ནི། འགལ་བའི་སྐྱོན་གསུམ་སྟེ། ལུང་ལས་དངོས་བཅས་རྣམས་གསུངས་པའི་རྗེས་སུ་མདོར་བསྡུས་ཕྱིས་གསུངས་པ་དང་འགལ་ལ། མདོར་བསྡུས་འདི་ཚིག་གི་ཆ་ནས་མདོར་བསྡུས་ཡིན་ཡང་དོན་གྱི་ཆ་ནས་རྒྱས་བཤད་ཡིན་པས། མདོར་བསྡུས་སྔོན་ལ་བརྩམས་ན་དོན་གྱི་ཆ་ནས་ཏེ། དངོས་བཅས་རྣམས་ལ་གྲངས་ཀྱི་ཚད་བཟུང་ཡོད་ཅིང་། མདོར་བསྡུས་ལ་གྲངས་ཀྱི་ཚད་བཟུང་མེད་དེ་ནགས་མཐའ་མེད་ལྟ་བུ་སྟེ་རྒྱ་དང་ཚད་ངེས་མེད་པ་ཡིན་པས།་་་་་མདོར་བསྟན་རྒྱས་བཤད་ཀྱི་གོ་རིམ་དང་ཡང་འགལ་ཞིང་། མདོར་བསྡུས་སྔོན་ལ་བརྩམས་ན་བཅས་པ་རྟོགས་པའི་གོ་རིམ་དང་ཡང་འགལ་ཞིང་། དངོས་ཀྱི་བཅས་པ་སྔོན་ལ་རྟོགས་པ་ལ་བརྟེན་ནས་དེ་དང་འདྲ་བ་གཞན་ལ་སྦྱར་ཏེ། མདོར་བསྡུས་ཀྱི་བཅས་པ་ཕྱིས་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལས་འཕྲོས་པ་འདུལ་བ་མདོར་བསྡུས་ཀྱི་སྤྱི་དོན་ནི། སྐྱེས་བུའི་ལག་ན་ཞགས་པ་ཡོད་མེད་རྩོད་པ་ལ་སྐྱེས་བུ་གཞི་གྲུབ་དགོས་པ་ལྟར། མདོར་བསྡུས་སྔར་འཆད་ཕྱིས་འཆད་རྩོད་པའི་འདུལ་བ་མདོར་བསྡུས་དེ་རང་གང་ཞེ་ན། ལུང་ཕྲན་ཚེགས་ལས། སངས་རྒྱས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །དགེ་སློང་དག་ཁྱེད་ཀྱིས་ངས་

༼༤༡༽

སྔོན་གནང་བ་ཡང་མེད་བཀག་པ་ཡང་མེད་པ་གང་ཡིན་པ་དེ། གལ་ཏེ་མི་རུང་བ་བསྟན་ཅིང་རུང་བ་དང་མི་མཐུན་ན། རུང་བ་མ་ཡིན་པའི་ཕྱིར་སྤྱད་པར་མི་བྱའོ། །གལ་ཏེ་རུང་བ་བསྟན་ཅིང་མི་རུང་བ་དང་མི་མཐུན་ན། རུང་བ་ཡིན་པའི་ཕྱིར་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་སོ། །དེ་ཉིད་མདོ་རྩ་བར་མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་བསྡུས་སོ། །དེ་གཏན་ལ་འབེབས་པ་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་ཚུལ་ཁྲིམས་ཀྱི་འཇུག་ལྡོག་ལ་མཁས་པའོ། །གཉིས་པ་བསྡུས་པའི་དོན་ལ་བརྒྱད་དེ། དབྱེ་བ་ངོ་བོ་མཚན་ཉིད་ངེས་ཚིག་དང་། །གཞི་དང་རྒྱུ་མཚན་དང་ནི་སྦྱར་ཚུལ་དང་། །སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་སྟེ། །བརྒྱད་ཀྱིས་འདི་དོན་རྣམ་པར་བཤད་པར་བྱ། །དང་པོ་འདུལ་བ་མདོར་བསྡུས་ཀྱི་དབྱེ་བ་ནི། རྒྱུ་མཚན་གྱི་སྒོ་ནས་ཕྱེ་ན་དགག་སྒྲུབ་གནང་གསུམ་ལས། དགག་པའི་འདུལ་བ་མདོར་བསྡུས་ནི། འཐས་པར་གནས་པའི་བྱེ་མ་སྲོག་ཆགས་ཅན་དགེ་སློང་གི་ས་རྐོ་བ་བཀག་པ་ལྟ་བུའོ། །སྒྲུབ་པའི་འདུལ་བ་མདོར་བསྡུས་ནི། དགེ་ཚུལ་གྱིས་གསོ་སྦྱོང་བྱ་དགོས་པ་ལྟ་བུའོ། །གནང་བའི་འདུལ་བ་མདོར་བསྡུས་ནི་ཁམ་ཕོར་དུ་ཟས་ཟ་བ་གནང་བ་ལྟ་བུའོ། །ངོ་བོའི་སྒོ་ནས་ཕྱེ་ན་གཉིས་ལས། རྒྱུ་ཚོགས་དང་བཅས་པའི་འདུལ་བ་མདོར་བསྡུས་ནི། དགག་བྱ་དང་ལྡན་པའི་བྱེ་མ་དགེ་སློང་གིས་རྐོ་བ་བཀག་པ་ལྟ་བུ་སྟེ། བཅས་པའི་ངོ་བོ་དང་ཡན་ལག་ཐམས་ཅད་གསལ་ཀ་མ་བཏོད་པར་མདོར་བསྡུས་སྦྱར་བའོ། །ཡན་ལག་གི་འདུལ་བ་མདོར་བསྡུས་ནི་འཁྲིག་ཚིག་གི་ལྷག་མ་ལ་ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པར་ལུང་ལས་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པའི་ལྷག་མ་ལ་ཡང་། དེ་ཡན་ལག་ཏུ་དགོས་པར་སློབ་དཔོན་གྱིས་སྦྱར་ཏེ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །གནས་སྐབས་ཀྱི་སྒོ་ནས་ཕྱེ་ན་

༼༤༢༽

གཉིས་ཏེ། ངོ་བོ་ཉིད་ཀྱི་འདུལ་བ་མདོར་བསྡུས་དང་བྱེད་པའི་འདུལ་བ་མདོར་བསྡུས་སོ། །དེའང་གང་ཟག་གིས་སྦྱོར་མི་ཤེས་པ་དང་སྦྱོར་ཤེས་པ་སྟེ་གོ་རིམ་བཞིན་ནོ། །གཉིས་པ་འདུལ་བ་མདོར་བསྡུས་ཀྱི་ངོ་བོ་ནི། ལུང་ལས་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་འདུལ་བའི་བསླབ་པའོ། །འོ་ན་གསལ་ཀ་བཏོད་མ་བཏོད་ཀྱི་ཁྱད་པར་ཅི་ཞེ་ན། འདུལ་བའི་ལུང་གང་ཡང་རུང་བར། དགག་བྱའི་རྒྱུ་མཚན་ལ་བརྟེན་ཏེ་་་་་་ཞེས་སྨོས་དགོས་ཏེ་ཀ་བའི་གསུང་བགྲོས་དྲན་པར་བྱས། བྱ་བའི་བྱེ་བྲག་དང་སྦྱར་ནས་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་བའི་མིང་གིས་གསལ་ཀ་བཏོད་པའམ། དགོས་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་སྒྲུབ་པའི་མིང་གིས་གསལ་ཀ་བཏོད་པའམ། དགག་དགོས་མེད་པའི་རྒྱུ་མཚན་ལ་བརྟེན་ཏེ་བྱ་བའི་བྱེ་བྲག་དང་སྦྱར་ནས་ཉེས་པ་མེད་པའི་མིང་གིས་གསལ་ཀ་བཏོད་ན་གསལ་ཀ་བཏོད་པ་ཡིན་ལ། དེ་དག་ལས་གཞན་དུ་ན་གསལ་ཀ་མ་བཏོད་པ་ཉིད་ཡིན་ནོ།་་་་་འོ་ན་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་གསལ་ཀ་བཏོད་པ་ཡིན་ནམ་མ་བཏོད་པ་ཡིན། གཉིས་པ་ལྟར་ན་ལྟུང་བྱེད་དེ་མདོར་བསྡུས་ཀྱི་ལྟུང་བྱེད་ཡིན་པར་ཐལ། གསལ་ཀ་མ་བཏོད་པའི་ལྟུང་བྱེད་ཡིན་པའི་ཕྱིར་རོ། །དང་པོ་ལྟར་ན་འདུལ་བའི་ལུང་གང་ལས་ཀྱང་། མདུན་གྱི་ས་དཀར་པོ་རྐོ་ན་ལྟུང་བྱེད་དོ་ཞེས་གསུངས་པ་མེད་ཅེ་ན། ས་རྐོ་ན་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་པས་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་ཀྱང་གསལ་ཀ་བཏོད་པ་ཡིན་ནོ། །འོ་ན་དགེ་ཚུལ་གྱི་གསོ་སྦྱོང་ཡང་གསལ་ཀ་བཏོད་པ་ཡིན་པར་ཐལ། གསོ་སྦྱོང་བྱའོ་ཞེས་དངོས་སུ་གསུངས་པ་ཡིན་པའི་ཕྱིར་ཞེས་མཚུངས་སོ་ཞེ་ན། དེ་སྐད་དངོས་སུ་གསུངས་ཀྱང་དགེ་ཚུལ་གྱི་གསོ་སྦྱོང་གསལ་ཀ་དངོས་སུ་མ་བཏོད་ན་ཅི་འགལ་ཞེས་བརྗོད་དོ། །འོ་ན་ས་རྐོ་ན་ལྟུང་བྱེད་དོ་ཞེས་དངོས་སུ་གསུངས་ཀྱང་མདུན་གྱི་ས་དཀར་པོ་རྐོ་བའི་ལྟུང་བྱེད་གསལ་ཀ་མ་བཏོད་ན་ཅི་འགལ་ཞེས་མགོ་མཚུངས་སོ་ཞེས་རྒོལ་ན། ས་རྐོ་བ་བཀག་པ་དང་གསོ་སྦྱོང་བྱ་བ་ནི་དགག་པ་དང་སྒྲུབ་པ་གོ་རིམ་བཞིན་ཏེ། སྤྱི་བཀག་པས་བྱེ་བྲག་ཁེགས་པའི་ཕྱིར་དང་སྤྱི་བསྒྲུབས་པས་བྱེ་བྲག་མི་འགྲུབ་པའི་ཕྱིར་ན་མི་མཚུངས་སོ་སྙམ་མོ། །གསུམ་པ་འདུལ་བ་མདོར་བསྡུས་ཀྱི་མཚན་ཉིད་ལ།་་་་་ཚ་བ་རོང་པའི་ཞལ་ནས་འདིའི་མཚན་ཉིད་ནི་ལུང་ལ་བརྟེན་པའི་རྗེས་དཔག་ཡིན་ཟེར་རོ། །འོ་ན་འདུལ་བ་མདོར་བསྡུས་ཆོས་ཅན། བློ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར་རོ། །འདོད་ན་མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་

༼༤༣༽

དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་སོ། །བརྒྱད་ཁྲིའི་ནང་དུ་འདུལ་བ་མདོར་བསྡུས་མ་འདུས་སམ་ཅི། སྤྱིར་ན་འདུལ་བ་མདོར་བསྡུས་སྤྱིའི་མཚན་ཉིད་ནི། འདུལ་བའི་བསླབ་པ་རྣམ་པར་བཞག་པའི་བདག་ཉིད་དུ་གྲུབ་པ་གང་ཞིག་་་་་ཅེས་པས་བཅས་པ་བཏགས་པ་སེལ་ལོ། །ལུང་ལས་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའོ།་་་་་ཞེས་པས་དངོས་ཀྱི་བཅས་པ་སེལ་ལོ། །བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་གསུངས་པ་ཡང་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་འདུལ་བ་ཡིན་མོད་ཀྱི་བཅས་པ་མཚན་ཉིད་པ་མ་ཡིན་ནོ། །དེ་ནི་སྐབས་འདིའི་མཚན་ཉིད་ཀྱི་ཟུར་སྔ་མས་རྣམ་པར་བཅད་དོ། །དགེ་ཚུལ་གྱི་གསོ་སྦྱོང་ནི་གང་ཟག་བྱེ་བྲག་གིས་གསལ་ཀ་མ་བཏོད་པ་ཡིན་མོད་ཀྱི། དེ་ཡང་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པའི་ནང་དུ་འདུས་ཏེ། གང་ཟག་དེའི་བྱ་བ་བྱེ་བྲག་གིས་གསལ་ཀ་མ་བཏོད་པ་ཉིད་ཡིན་པའི་ཕྱིར་རོ།་་་་་འདུལ་བ་མདོར་བསྡུས་བྱེ་བྲག་སོ་སོའི་མཚན་ཉིན་ནི། སྤྱི་མཚན་ཉིད་དེ་ལ་དེ་ཅུང་ཟད་ཁ་བསྐངས་པ་སྟེ། གང་ཞིག་ཅེས་སྨོས་པ་དེ་ལ་དགག་བྱའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང་། དགོས་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་དང་། དགག་དགོས་མེད་པའི་རྒྱུ་མཚན་གྱི་འབྲེལ་ཡུལ་གང་ཞིག་ཅེས་ཁ་བསྐང་སྟེ། །དགག་སྒྲུབ་གནང་གསུམ་གྱི་མདོར་བསྡུས་ཀྱི་མཚན་ཉིད་དུ་གོ་རིམ་བཞིན་དུ་སྦྱར་རོ། །བཅས་པའི་བདག་ཉིད་དུ་གནས་པ་གང་ཞིག་དང་། ཡན་ལག་གི་བདག་ཉིད་དུ་གནས་པ་གང་ཞིག་ཅེས་ཁ་བསྐང་སྟེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་དང་། ཡན་ལག་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །གང་ཟག་གིས་སྦྱོར་མ་ཤེས་པ་གང་ཞིག་དང་། གང་ཟག་གིས་སྦྱོར་ཤེས་པ་གང་ཞིག་ཅེས་ཁ་བསྐང་སྟེ། ངོ་བོ་ཉིད་ཀྱི་མདོར་བསྡུས་དང་། བྱེད་པའི་མདོར་བསྡུས་ཀྱི་མཚན་ཉིད་དུ་སྦྱར་རོ། །བཞི་པ་་་་་་འདུལ་བ་མདོར་བསྡུས་འདི་ལ་སྔ་མ་རྣམས་ནི་རུང་མཐུན་ཞེས་ཟེར་རོ། །འོ་ན་ས་རྐོར་མི་རུང་བ་དང་མཐུན་པ་སྟེ་དགག་བྱ་དང་ལྡན་པའི་བྱེ་མ་རྐོར་མི་རུང་བ་དེ་ཆོས་ཅན། རུང་མཐུན་མ་ཡིན་པར་ཐལ། མི་རུང་མཐུན་ཡིན་པའི་ཕྱིར་རོ། །འདོད་ན་རུང་མཐུན་ཡིན་པར་འདོད་པ་ཉམས་སོ་ཞེས་པའི་རྩོད་པ་ཡོད་དོ། །མིང་ལ་ཁྱབ་

༼༤༤༽

ཆེ་ཁྱབ་ཆུང་བརྩི་བ་མཁས་པའི་རྣམ་གཞག་མ་ཡིན་མོད་ཀྱི། འོན་ཀྱང་མིང་དོན་འགལ་བ་ལས་མ་འགལ་ན་ལེགས་སོ། །འདུལ་བ་མདོར་བསྡུས་ཀྱི་ངེས་ཚིག་ནི། ཚུལ་ཁྲིམས་སྟོན་པས་ན་འདུལ་བ། གསལ་ཀ་བཏོད་པ་ལ་ལྟོས་ནས་ཚིག་མདོར་བསྡུས་པས་ན་མདོར་བསྡུས་ཞེས་བྱ་སྟེ། ལུང་དང་རང་གི་རྣམ་བཤད་དང་ཊཱི་ཀ་ལས་མདོར་བསྡུས་ཞེས་མིང་བཏགས་་་་་་ཏེ་ལུང་ལས་འདི་ལ་མིང་མདོར་བསྡུས་ཞེས་གསུངས་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས་དེ་ནི་འདུལ་བ་མདོར་བསྡུས་པ་བརྗོད་པར་བྱ་སྟེ་ཞེས་གསུངས།ཤིང་། འོད་ལྡན་རྩ་བ་ལས་ཀྱང་འདུལ་བ་མདོར་བསྡུས་ཞེས་བྱ་སྒྲོན་མ་དང་། འདྲ་བ་གཞན་འདིར་བདེ་བར་གཤེགས་པས་གསུངས་ཞེས་སོ། །ལྔ་པ་གཞི་གང་ལ་མདོར་བསྡུས་སྦྱར་བ་ནི། སྤྱིའི་ཚུལ་གྱིས་ནི་གནང་བཀག་མཛད་ལ། བྱ་བ་བྱེ་བྲག་དང་སྦྱར་ནས་གནང་བཀག་མ་མཛད་པའི་གཞི་ལ་སྦྱར་ཏེ། འོད་ལྡན་རྩ་བ་ལས། གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་སྦྱར། །ཞེས་སོ། །དྲུག་པ་རྒྱུ་མཚན་གང་གིས་སྦྱར་བ་ལ་གསུམ་སྟེ། དགག་བྱའི་རྒྱུ་མཚན་དང་། དགོས་པའི་རྒྱུ་མཚན་དང་། དགག་དགོས་མེད་པའི་རྒྱུ་མཚན་ནོ། །དང་པོ་ལ་བཞི་ལས། དང་པོ་དགག་བྱ་ངོས་གཟུང་བ་ནི། འདིར་དགག་བྱ་གང་ཞེ་ན། ཉེས་སྐྱོན་གང་ཞིག་འདུལ་བའི་ཚུལ་ཁྲིམས་སུ་བཅའ་བའི་སྒོ་ནས་དགག་པར་བྱ་བ་སྟེ། དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་གེགས་ཀྱི་བྱེ་བྲག་གོ །དགག་བྱ་ལ་ཕྱེ་ན་གཉིས་ཏེ། སྤྱིའི་དགག་བྱ་དང་། སྒོས་ཀྱི་དགག་བྱའོ། །དང་པོ་ནི། ཚོད་ཡོངས་སུ་མི་ཤེས་པ་དང་། ཧ་ཅང་ཐལ་པར་འགྱུར་བ་དང་། དེའི་རིགས་དང་ལྡན་པ་དང་གསུམ་སྟེ། སྒོས་ཀྱི་དགག་བྱ་ལ་ཐུག་པར་འགྱུར་མི་འགྱུར་གྱི་ཚོད་མི་ཤེས་པ་དང་། བཅས་པའི་རྒྱ་རལ་ཏེ་ཧ་ཅང་ཐལ་བར་འགྱུར་བ་དང་། བྱ་བ་དེ་ལ་གནས་སྐབས་དེ་ན་སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་བྱ་བ་དེ་ལ་དགག་བྱ་དེ་ཡོད་པའི་རིགས་ཅན་ཡིན་པའོ། །དེ་དག་གང་ནས་བཤད་ན་འོད་ལྡན་ལས། མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་རིགས་དང་ལྡན་པ་ཉིད་ཡིན་པས་ཞེས་སོ། །དེ་དག་ནི་་་་་་བཅས་པའི་ས་མཚམས་འཛིན་བྱེད་དུ་འགྱུར་བ་ཤས་ཆེ་བས་སོ། །བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་ཀྱང་བྱའོ།་་་་་ཞེས་གསུངས། སྲོག་གཅོད་ཕམ་པ་ལ་ཕམ་པ་ལ་སོགས་པ་སྐབས་ཁ་ཅིག་ཏུ་ནི་སྒོས་ཀྱི་དགག་བྱས་ཀྱང་བཅས་པའི་ས་མཚམས་འཛིན་པ་ཡོད་དེ་འོག་ཏུ་འཆད་དོ། །གཉིས་པ་སྒོས་ཀྱི་དགག་བྱ་ནི། བྱ་བ་དེ་འབྲེལ་གྱི་དགག་བྱ་ཞེས་ཀྱང་བྱ་སྟེ། ས་རྐོས་པས་སྲོག་ཆགས་ལ་གནོད་པ་དང་། དོན་དང་བྱ་བ་མང་བ་

༼༤༥༽

དང་། གཞན་མ་དད་པ་སྐྱེ་བ་ལྟ་བུའོ། །འོག་ཏུ་རྣམ་འབྱེད་འཆད་པ་ན་རང་རང་གི་སྐབས་སུ་འཆད་དོ། །གཉིས་པ་སྤྱིའི་དགག་བྱ་དང་སྒོས་ཀྱི་དགག་བྱ་གཅིག་གམ་ཐ་དད་བསམ་པ་ནི། ཀ་བའི་ཞལ་ནས་སྤྱིའི་དགག་བྱ་དང་སྒོས་ཀྱི་དགག་བྱ་ངོ་བོ་གཅིག་སྟེ་ཟངས་དང་ཟངས་ཀྱི་བུམ་པ་ངོ་བོ་གཅིག་པ་བཞིན་ནོ།་་་་་སྤྱིའི་དགག་བྱ་དགེ་སློང་གིས་ཚོད་ཡོངས་སུ་མི་ཤེས་པ་དེ་དང་སྒོས་ཀྱི་དགག་བྱ་ཁྱིམ་པ་ལ་སོགས་པ་གཞན་མ་དད་པ་སྐྱེ་བ་དེ་ཆོས་ཅན། ངོ་བོ་ཐ་དད་པ་ཡིན་ཏེ། གང་ཟག་ཤེས་རྒྱུད་ཐ་དད་ཀྱི་བློའི་ཆོས་ཐ་དད་པ་ཡིན་པའི་ཕྱིར་རོ། །སྤྱིའི་དགག་བྱ་དགེ་སློང་གིས་ཚོད་ཡོངས་སུ་མི་ཤེས་པ་དེ་དང་དེ་ལ་བརྟེན་ནས་སྒོས་ཀྱི་དགག་བྱ་དགེ་སློང་ཆང་གིས་མྱོས་པ་ལྟ་བུ་ཆོས་ཅན། ཐ་དད་པ་ཡིན་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་རོ། །ཧ་ཅང་ཐལ་འགྱུར་ལ་སོགས་པ་དང་སྒོས་ཀྱི་དགག་བྱ་ཡང་ངོ་བོ་ཐ་དད་དོ། །གསུམ་པ་དགག་བྱ་གང་གིས་བཅས་པ་ཤེས་པར་བྱེད་པ་ནི། དམིགས་བསལ་ལས་གཞན་པའི་སྐབས་སུ་སྤྱིར་བཏང་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་འབྲེལ་བ་རྣམས་ལ་ནི། སྒོས་ཀྱི་དགག་བྱས་བཅས་པ་ཤེས་པར་བྱེད་དེ། བཅས་པ་རྣམ་འཇོག་གི་སྒོས་ཀྱི་དགག་བྱ་དང་བཅས་པ་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དཔེར་ན་་་་་་སྲོག་གཅོད་ཀྱི་ཕམ་པའི་སྒོས་ཀྱི་དགག་བྱ། མིའི་སྲོག་ཆད་ན་ཕམ་པ་བསྐྱེད་ལ་མ་ཆད་ན་མི་བསྐྱེད་པ་བཞིན་ནོ། །དམིགས་བསལ་ནི་བརྡེག་པའི་ལྟུང་བྱེད་རྙོག་མ་ཅན་གྱི་སེམས་ཡན་ལག་ཏུ་དགོས་པས།་་་་་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཡང་། རྩྭ་ཉག་མ་གཅིག་གིས་བརྡེགས་པ་ལྟ་བུའི་གནས་སྐབས་དེར་ལུས་སྲོག་ལ་མ་གནོད་ཀྱང་སྤྱིར་གཞན་ལ་བརྡེགས་ནས་ལུས་སྲོག་ལ་གནོད་པའི་རིགས་ཅན་ཡིན་པས།་་་་་སྤྱིའི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ། སྒོས་ཀྱི་དགག་བྱ་ལུས་སྲོག་ལ་གནོད་པར་འགྱུར་བར་མི་ལྟོས་སོ།་་་་་རྩྭ་ཉག་མ་གཅིག་བརྡེགས་པ་ལྟ་བུ་ལ། ལུས་སྲོག་ལ་གནོད་པ་མེད་པས་སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་བརྡེགས་ན་ལུས་སྲོག་ལ་གནོད་པ་དེའི་རིགས་ཅན་ཡིན་པ་ཡོད་པ་སྟེ། སྤྱིའི་དགག་བྱ་ཡོད་པས་བརྡེག་པའི་ལྟུང་བྱེད་བསྐྱེད་པའོ། །དམིགས་བསལ་ལས་གཞན་པའི་སྐབས་སུ་སྤྱིར་བཏང་ལ་བཅས་པའི་ཁ་ན་མ་ཐོ་བ་དང་འབྲེལ་པ་ནམས་ལ་ནི། སྤྱིའི་དགག་བྱས་བཅས་པ་ཤེས་པར་བྱེད་དེ། བཅས་པ་རྣམ་འཇོག་གི་སྤྱིའི་དགག་བྱ་དང་བཅས་པ་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། དཔེར་ན་དགེ་སློང་གིས་མཆོད་རྟེན་གྱི་རྩྭ་བརྔ་བ་ལྟ་་་་་་རྩྭ་བརྔས་པ་

༼༤༦༽

ངེས་གལ་ཏེ་སྲོག་ཆགས་ལ་གནོད་པར་མ་གྱུར་ན། སྒོས་ཀྱི་དགག་བྱ་མེད་ཀྱང་སྤྱིར་སྐྱེ་བ་བཅད་ན་སྲོག་ཆགས་ལ་གནོད་པའི་རིགས་ཅན་ཡིན་པ་ཡོད་པ་སྟེ། སྤྱིའི་དགག་བྱ་ཡོད་པས་སྐྱེ་བ་གཅོད་པའི་ལྟུང་བྱེད་བསྐྱེད་པའོ། བུའོ། །དམིགས་བསལ་ནི། གནས་མལ་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཡང་། སྒོས་ཀྱི་དགག་བྱས་བཅས་པའི་ས་མཚམས་བཟུང་སྟེ། གནས་མལ་མ་བསྡུས་པའི་སྒོས་ཀྱི་དགག་བྱ།་་་་་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་བསྐྱེད་ལ་མ་གྱུར་ན་་་་་་སྐབས་དེ་ཉིད་ཀྱི་ལྟུང་བྱེད། མི་བསྐྱེད་པར་གསུངས་པས་སོ། །བཞི་པ་དགག་བྱ་དང་དགག་བཅས་ལ་འབྲེལ་པ་ཡོད་མེད་བསྟན་པ་ནི། དེ་གཉིས་་་་་་ཤ་མིའི་ཞལ་ནས་དགག་བྱ་དང་དགག་བཅས་ངོ་བོ་གཅིག་པ་ཡིན་གསུངས་ཀྱང་མི་རིགས་ཏེ་དགག་བྱ་དང་དགག་བཅས། ནི་བདག་གཅིག་པའི་འབྲེལ་པ་མ་ཡིན་ཏེ། སྐྱོན་དང་སྐྱོན་མེད་ཡིན་པའི་ཕྱིར་ཏེ། དགག་བྱ་དེ་སྐྱོན་ཡིན་ལ། སངས་རྒྱས་ཀྱི་གསུང་ནི་སྐྱོན་མེད་ཡིན་པས།་་་་་བཅས་པ་ནི་སྐྱོན་མེད་པ་སྟེ་སངས་རྒྱས་ཀྱི་གསུང་གིས་མཚམས་རྣམ་པར་བཞག་པ་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བའི་འབྲེལ་པ་ཡོད་ན། དགག་བྱ་ལས་དགག་བཅས་བྱུང་ངམ། དགག་བཅས་ལས་དགག་བྱ་བྱུང་། གཉིས་་་་་་སྲོག་ཆགས་ལ་གནོད་པ་འགོག་པའི་ཆེད་དུ་ས་རྐོ་བ་བཀག་པ་ལྟ་བུ། པ་ལྟར་ན་དགག་བྱ་འགོག་པའི་ཆེད་དུ་དགག་བཅས་མཛད་པ་ཆོས་ཅན། དགག་བཅས་དེ་དགག་བྱ་འགོག་བྱེད་མ་ཡིན་པར་ཐལ། འདོད་ན་ཆོས་ཅན་དང་འགལ་ལོ།་་་་་དགག་བཅས་ལས་དགག་བྱ་བྱུང་བའི་ཕྱིར་རོ། །དང་པོ་ལྟར་ན། དགག་པ་མདོར་བསྡུས་སྦྱོར་བའི་གཞི་ལ་དགག་བཅས་ཡོད་པར་སྒྲུབ་པ་ལ་དགག་བྱ་ཡོད་པ་རྟགས་སུ་བཀོད་པ་ཆོས་ཅན། རྟགས་ཁྱབ་མེད་པ་ཡིན་པར་ཐལ། འབྲས་བུ་ཡོད་པར་སྒྲུབ་པ་ལ་རྒྱུ་ཡོད་པ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར་ཏེ། བང་བ་ན་མྱུ་གུ་ཡོད་པར་སྒྲུབ་པ་ལ་ས་བོན་ཡོད་པ་རྟགས་སུ་བཀོད་པ་བཞིན་ནོ། །འདོད་ན་ནི་དགག་བྱ་ཡོད་པ་རྟགས་སུ་བཀོད་པ་དེས་རྟགས་ཀྱི་གོ་མ་ཆོད་པས་མདོར་བསྡུས་ཀྱི་དགག་བཅས་མི་རྟོགས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་འབྲེལ་པ་མེད་ན་ནི། ཆོས་ཅན་དང་ཐལ་འགྱུར་སྔར་བཞིན་བརྗོད་ལ། རྟགས་ཁྱབ་མེད་པ་ཡིན་པར་ཐལ། རྟགས་དང་ཆོས་ལ་འབྲེལ་པ་གཏན་ནས་མེད་པའི་ཕྱིར་ཏེ། དཔེར་ན་ས་ཕྱོགས་ན་རྟ་ཡོད་པར་སྒྲུབ་པ་ལ་གླང་པོ་ཡོད་པ་རྟགས་སུ་བཀོད་པ་བཞིན་ནོ། །འདོད་ན་་་་་་དཔེར་ན་བྱེ་བྲག་སྨྲ་བའི་ལུགས་ཀྱིས་

༼༤༧༽

འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་བཞི་པོ་རྣམ་པར་བཞག་འཇོག་ཡིན་པ་བཞིན། མདོར་བསྡུས་ཀྱི་དགག་བཅས་མི་རྟོགས་པའི་སྐྱོན་དུ་འགྱུར་རོ། །ཡང་སྔར་བཞིན་ནོ། །འོ་ན་གང་ཞེ་ན། དགག་བྱ་དང་དགག་བཅས་ལ་ངོ་བོ་ལྟོས་པ་དེ་བྱུང་གི་འབྲེལ་བ་་་་་་སྟེ་ས་བོན་ལས་མྱུ་གུ་བྱུང་བ་ལྟ་བུའི་དེ་བྱུང་གི་འབྲེལ་པ། མེད་ཀྱང་རྣམ་པར་བཞག་འཇོག་གི་འབྲེལ་པ་ཡོད་དེ། བཅས་པ་རྣམ་འཇོག་གི་དགག་བྱ་ལ་ལྟོས་ནས་བཅས་པ་རྣམ་པར་བཞག་ཅིང་། བཅས་པ་ལ་ལྟོས་ནས་བཅས་པ་རྣམ་འཇོག་གི་དགག་བྱ་ཞེས་རྣམ་པར་བཞག་གོ །དེས་ན་དགག་བྱ་ཙམ་པོ་ལ་བཅས་པས་མ་ཁྱབ་ཀྱང་། བཅས་པ་རྣམ་འཇོག་གི་དགག་བྱ་ཡོད་པ་ལ་བཅས་པ་ཡོད་པས་ཁྱབ་བོ་ཞེས་གསུངས་སོ། །བཅས་པ་རྣམ་འཇོག་གི་དགག་བྱའི་རྒྱུ་མཚན་དགག་པའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ། །གཉིས་པ་དགོས་པའི་རྒྱུ་མཚན་ནི། དངོས་སམ་བརྒྱུད་པས་རང་གཞན་གྱི་རྒྱུད་ལ་ལམ་གོང་མ་སྐྱེ་བའི་རྒྱུར་འགྱུར་བ་སྟེ། འདུལ་བ་ལ་བསྟོད་པ་ལས། སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་ཆུབ་གང་བརྙེས་་་་་་པ་དག་ཐུབ་་་་་་པའི་སློབ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་་་་་་པ་ཤཱ་རིའི་བུ་ལ་སོགས་པ་ཡོན་ཏན་ལྡན་པ་རྣམས། །དེའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་་་་་་དགོས་པའི་རྒྱུ་མཚན་ནི་ལམ་གོང་མའི་རྒྱུར་འགྱུར་བ་དེ་ཡིན་པར། རྒྱུའི་ཆ་ནས་གསུངས་པ་དང་། ལུང་ལས་ལམ་གྱི་འབྲས་བུ་དགྲ་བཅོམ་པ་ཐོབ་པའི་ཚེ། དགོས་པ་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་འབྲས་བུའི་ཆ་ནས་གསུངས་སོ། །དགོས་པའི་རྒྱུ་མཚན་ནི། སྒྲུབ་པའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ།་་་་་ཆོས་གོས་སྲ་བརྐྱང་གདིང་བ་ཆོས་ཅན་སྒྲུབ་པའི་བཅས་པ་ཡིན་པར་ཐལ། དགོས་པ་ཡོད་པའི་ཕྱིར་རོ། །དེ་ཡང་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པས་སོ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། དགོས་པ་དེ་ཙམ་ཞིག་ཡོད་ཀྱང་དེ་ནི་བཅས་པ་རྣམ་འཇོག་གི་དགོས་པའི་རྒྱུ་མཚན་མ་ཡིན་པས་སྒྲུབ་པའི་བཅས་པ་ཡིན་པར་ཐལ་བར་མི་འགྱུར་རོ། །གསུམ་པ་དགག་དགོས་མེད་པའི་རྒྱུ་མཚན་ནི། སྔར་གྱི་དགག་བྱ་དང་དགོས་པ་དེ་དག་གང་ཡང་མེད་པ་སྟེ། གནང་བའི་མདོར་བསྡུས་སྦྱོར་བའི་སྒྲུབ་བྱེད་དུ་སྦྱར་རོ། །བདུན་་་་་་བཅོམ་ལྡན་འདས་ཀྱིས་བཅས་པ་མ་མཛད་པའི་དུས་ཀྱི་དགག་དགོས་གང་ཡང་མེད་པ་ལ་ནི་གནང་བའི་བཅས་པས་མ་ཁྱབ་སྟེ། གཞི་དེ་གནང་བའི་ཡུལ་ལ་གང་ཟག་ཅིག་དགོས་སོ། །གལ་ཏེ་ཆོས་གོས་

༼༤༨༽

སྲ་བརྐྱང་གདིང་བ་གནང་བའི་བཅས་པ་ཆོས་ཅན། དགག་དགོས་གང་ཡང་མེད་པར་ཐལ། གནང་བའི་བཅས་པ་ཡིན་པའི་ཕྱིར་རོ། །འདོད་ན་ཆོས་ཅན་སྔར་བཞིན་ནོ། །སྲ་བརྐྱང་གི་ཕན་ཡོན་མེད་པར་ཐལ། དགག་བྱ་དང་དགོས་པ་གང་ཡང་མེད་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །འདོད་ན་ལུང་ལས་སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པའོ་ཞེ་ན། གནང་བ་བཅས་པའི་སྒྲུབ་བྱེད་དུ་དགག་དགོས་གང་ཡང་མེད་པ་རྟགས་སུ་བཀོད་པ་ན་བསྒྲུབ་བྱའི་ཆོས་ལ་རྟགས་ཀྱིས་མ་ཁྱབ་ཀྱང་སྐྱོན་མ་ཡིན་ཏེ། དཔེར་ན་མེ་ཡོད་པ་ལ་དུ་བ་ཡོད་པས་མ་ཁྱབ་ཀྱང་འབྲས་བུའི་རྟགས་ཀྱི་སྐྱོན་མ་ཡིན་པ་བཞིན་ནོ། པ་མདོར་བསྡུས་སྦྱོར་བའི་ཚུལ་ལ། དགག་པ་མདོར་བསྡུས་ནི། ཊཱི་ཀ་ལས། ཉལ་བ་དང་འགྲོ་བས་བཤད་པ་དང་གཅི་བ་མི་བྱ་བ་ཉིད་དང་། ཉལ་བ་དང་འགྲོ་བས་ཟས་བཟའ་བར་མི་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་དགག་པའི་རྣམ་པ་ཡིན་ལ། ཞེས་བཤད་དོ། །སྒྲུབ་པ་མདོར་བསྡུས་ནི། སུམ་བརྒྱ་པ་ལས། གལ་ཏེ་དངོས་སུ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །དགག་དབྱེ་དག་པ་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་བཤད་དོ། །གནང་བ་མདོར་བསྡུས་ནི། ཊཱི་ཀ་ལས། ཚྭ་དང་བསྲེས་པའི་རྒུན་ཆུ་བཏུང་བར་བྱ་བ་ཉིད་དང་། ཁམ་ཕོར་དག་ཏུ་ཟས་བཟའ་བར་བྱ་བ་ཉིད་ཅེས་བྱ་བ་ལ་སོགས་པ་དག་ནི་རྗེས་སུ་གནང་བའི་རྣམ་པ་ཡིན་ཏེ། ཞེས་བཤད་དོ། །འདི་ལྟར་ཡང་སྦྱར་ཏེ། དགག་པ་མདོར་བསྡུས་ནི་སྲོག་ཆགས་ལ་གནོད་པ་ལ་སོགས་པའི།་་་་་དགག་བྱ་དང་ལྡན་པའི་བྱེ་མ་འཐས་པར་གནས་པ་བཅས་ལྡན་དགེ་སློང་གི་ས་རྐོ་བ་ཆོས་ཅན། མི་རུང་བ་ཡིན་ཏེ། བཅས་པའི་རྟེན་ཅན་གྱིས་སྲོག་ཆགས་ལ་གནོད། དོན་དང་བྱ་བ་མང་། གཞན་མ་དད་པ་སྐྱེ་བའི་དགག་བྱ་ཡོད་པའི་ཕྱིར་དཔེར་ན་ས་རྐོ་བ་བཞིན་ནོ། །འོ་ན་ལུང་རྣམ་འབྱེད་ལས། བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་ནི་་་་་་སྲོག་ཆགས་ལ་གནོད་པ་ལ་སོགས་པའི། དགག་བྱ་དང་མི་ལྡན་པའི་བྱེ་མ་རྐོ་བ་ལ་དགོངས་པའོ། །སྒྲུབ་པ་མདོར་བསྡུས་ནི།་་་་་གསོ་སྦྱོང་གི་བྱེ་བྲག་འགའ་ཞིག་ཆོས་ཅན། དགེ་ཚུལ་གྱིས་བསྒྲུབ་དགོས་ཡིན་ཏེ། དགེ་ཚུལ་གྱི་ཆོས་དག་པ་དང་། ཚུལ་ཁྲིམས་དག་པའི་དགོས་པ་ཡོད་པའི་ཕྱིར་རོ། །དཔེར་ན་དགེ་ཚུལ་གྱི་དགག་དབྱེ་བཞིན་ནོ། །གནང་བ་མདོར་བསྡུས་ནི།་་་་་དགེ་སློང་གཅིག་གིས་ཁམ་ཕོར་ཐ་མལ་པའི་ནང་དུ་ཟས་ཟ་བ་ཆོས་ཅན། སྣོད་ཀྱི་ཆ་ནས་ཉེས་པ་མི་འབྱུང་སྟེ། སྣོད་ཀྱི་

༼༤༩༽

ཆ་ནས་དགག་དགོས་གང་ཡང་མེད་པའི་ཕྱིར་རོ། །དཔེར་ན་ཡོལ་གོར་དུ་ཟ་བ་བཞིན་ནོ།་་་་་དེས་ན་དགེ་སློང་གཉིས་ཀྱིས་ཁམ་ཕོར་གཅིག་ཏུ་ཟས་ཟ་བ་དང་། གསེར་དངུལ་གྱིས་སྤྲས་པ་ལ་སོགས་པའི་ཁམ་ཕོར་དུ་དགེ་སློང་གཅིག་གིས་ཟས་ཟ་ན་ཉེས་བྱས་སོ། །འོ་ན་མདོར་བསྡུས་ཀྱི་བཅས་པ་ལས་འདས་ན་ཅིར་འགྱུར་ཞེ་ན། བྱང་བརྩོན་ན་རེ། འདུལ་བ་མདོར་བསྡུས་ཀྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་ཞེས་ཟེར་རོ། །དེ་ནི་ཊཱི་ཀ་ལས། འདུལ་བ་མདོར་བསྡུས་པ་ལས་ཉེས་བྱས་སུ་གསུངས་པ་ཡིན་པའི་ཕྱིར་ཞེས་པ་དང་རྣམ་འབྱེད་འགྲེལ་ལས་ཀྱང་འདུལ་བ་མདོར་བསྡུས་པ་ལས་འདྲ་བར་གསུངས་པའི་ཕྱིར་ཉེས་བྱས་སུ་ལྟ་བར་བྱའོ་ཞེས་པ་དང་ཞུ་འབྲེལ་ལས་ཀྱང་ཉེས་བྱས་སུ་བརྗོད་དོ་ཞེས་བྱ་བ་ནི་འདུལ་བ་མདོར་བསྡུས་པ་ལས་མ་བརྟགས་པ་ཉིད་ཡིན་པར་གསུངས་པའི་ཕྱིར་རོ་ཞེས་པ་ལ་བརྟེན་པར་འོང་སྟེ་འོན་ཀྱང་ཉེས་བྱས་སུ་གསུངས་པ་ལས་མཚོན་པ་ཙམ་དུ་ཟད་དེ།་་་་་བམ་པོ་ལྔ་བཅུ་པ་ལས། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་དེ་དག་གར་བསྡུ་ཞེ་ན། དེ་དག་རུང་བ་མ་ཡིན་པར་བསྡུ་སྟེ། དགེ་སློང་གིས་དེ་དག་བསྟེན་ཅིང་སྤྱད་དུ་མི་རུང་སྟེ། དེ་དག་བསྟེན་ཅིང་སྤྱད་ན་གཞི་ཇི་ལྟ་བ་ལས་་་་་་དགེ་སློང་གཉིས་ཀྱིས་ཁམ་ཕོར་གཅིག་ཏུ་ཟས་ཟ་ན་ཉེས་བྱས་སོ། །གསེར་དངུལ་གྱིས་སྤྲས་པ་ལ་སོགས་པའི་ཁམ་ཕོར་དུ་དགེ་སློང་གཅིག་གིས་ཟས་ཟ་ན་ཡང་སྣོད་ཀྱི་ཆ་ནས་ཉེས་བྱས་སོ། །ལྟུང་བ་སྡེ་ལྔའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་རོ་ཞེས་སོ། །བརྒྱད་པ་སྔར་བཅས་རྗེས་བཅས་གང་ཡིན་བརྟག་པ་ནི། དངོས་བཅས་དང་རང་རང་གི་མདོར་བསྡུས་གཉིས་དུས་མཉམ་དུ་བཅས་ན་སྔར་བཅས་ཡིན་ལ། དངོས་བཅས་མཛད་པ་ན་མདོར་བསྡུས་མ་བཅས་ཤིང་། སངས་རྒྱས་མྱ་ངན་ལས་འདའ་ཁའི་ཚེ་ན་མདོར་བསྡུས་གསར་དུ་བཅས་པ་ནི་རྗེས་བཅས་ཡིན་ནོ། །དེ་གཏན་ལ་དབབ་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། སྔ་རབས་པ།་་་་་ཁ་ཅིག་ན་རེ་འདུལ་བ་མདོར་བསྡུས་ཐམས་ཅད་སྔར་བཅས་ཡིན་ཏེ། སྡིག་ཅན་དགོན་པ་པས་སྤྲ་མོ་ལ་ལོག་པར་ཞུགས་པའི་ཚེ་ན་་་་་་དུད་འགྲོ་ལ་མི་ཚངས་པར་སྤྱོད་པའི་ཕམ་པ་བྱུང་ཞིང་། དེའི་ཚེ་ན་དུད་འགྲོ་ལ་གསལ་ཀ་མ་བཏོད་པའི། མདོར་བསྡུས་ཀྱི་ཕམ་པ་བྱུང་བའི་ཕྱིར་མདོར་བསྡུས་ཀྱི་བཅས་པ་མཛད་ཟིན་པར་གྲུབ་བོ། །དེའང་སྡིག་ཅན་དགོན་པ་པའི་ཕམ་པ་དེ་ནི། གསལ་ཀ་མ་བཏོད་པའི་ཕམ་པ་སྟེ།་་་་་མདོར་བསྡུས་ཀྱི་ཕམ་པ་ཡིན་པར་གང་གིས་གྲུབ་ན། སྡིག་ཅན་དགོན་པ་པས་སྤྲ་མོ་ལ་ལོག་པར་ཞུགས་པའི་ཕམ་པ་དེ་ནི་དུད་འགྲོ་ལ་མི་ཚངས་པར་སྤྱོད་པའི་ཕམ་པ་ཡིན་ལ། སྡིག་ཅན་དགོན་

༼༥༠༽

པ་པས་སྤྲ་མོ་ལ་ལོག་པར་ཞུགས་པ་དེའི་ཚེ་ན། དུད་འགྲོ་ལ་གསལ་ཀ་མ་བཏོད་པའི་ཕྱིར་ཏེ། དེའང་་་་་་དེས་སྤྲ་མོ་ལ་ཞུགས་པའི། གླེང་གཞི་དེ་ཉིད་ལ་བརྟེན་ནས་་་་་་དེའི་རྗེས་སུ། དུས་ཕྱིས་དུད་འགྲོ་ལ་གསལ་ཀ་བཏོད་དེ་ལུང་ལས། ཐ་ན་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཕམ་པར་གྱུར་ཞེས།་་་་་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་མི་འཐད་དེ་མདོར་བསྡུས་སྔར་བཅས་ཡིན་ན་ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་འདུལ་བ་རྒྱས་པར་བསྟན་ན། མདོར་བསྡུས་ཏེ་མ་བསྟན་པས་ཞེས་གསུངས་པ་དང་འགལ་ལོ། །སྡིག་ཅན་དགོན་པ་པའི་ཕམ་པ་དེ་མདོར་བསྡུས་ཀྱི་ཕམ་པ་ཡིན་ཞེས་ཟེར་བ་དེ་ཡང་མི་འཐད་དེ། ཕམ་པ་དེ་ནི་དངོས་བཅས་ལས་འདས་པའི་ཕམ་པ་ཡིན་གྱི་མདོར་བསྡུས་ཀྱི་ཕམ་པ་མ་ཡིན་ཏེ། སྔར་བཟང་བྱིན་ལ་བརྟེན་ནས་དགེ་སློང་གིས་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་རོ་ཞེས་མི་ཚངས་པར་སྤྱོད་པའི་མིང་གིས་གསལ་ཀ་བཏོད་དེ་བཀག་ཟིན་པའི་ཁོངས་སུ་གཏོགས་པའི་ཕྱིར་རོ།་་་་་སྡིག་ཅན་དགོན་པ་བས་སྤྲ་མོ་ལ་ལོག་པར་ཞུགས་པའི་ཕམ་པ་ཆོས་ཅན། ཕམ་པ་དེ་གསལ་ཀ་བཏོད་པའི་ཕམ་པ་ཡིན་ཏེ། སྔར་བཟང་བྱིན་ལ་བརྟེན་ནས་དགེ་སློང་གིས་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའི་ཕྱིར་རོ། །འོ་ན་དགེ་ཚུལ་གྱི་གསོ་སྦྱོང་ཆོས་ཅན། གསོ་སྦྱོང་དུ་གསལ་ཀ་བཏོད་པར་ཐལ། གསོ་སྦྱོང་བྱའོ་ཞེས་དངོས་སུ་གསུངས་པའི་ཕྱིར་ཞེ་ན། དེ་སྐད་དངོས་སུ་གསུངས་ཀྱང་དགེ་ཚུལ་གྱི་གསོ་སྦྱོང་བྱའོ་ཞེས་གསལ་ཀ་མ་བཏོད་པའོ་ཞེས་བརྗོད་དེ། །འོ་ན་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་ཞེས་དངོས་སུ་གསུངས་ཀྱང་། དེའི་ཚེ་དུད་འགྲོ་ལ་མི་ཚངས་པར་སྤྱོད་ན་ཕམ་པར་འགྱུར་ཞེས་གསལ་ཀ་མ་བཏོད་པའོ་ཞེས་མགོ་མཚུངས་སོ་ཞེས་རྒོལ་ན། དེའི་ལན་ནི་ངོ་བོའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་རང་ལུགས་གཞག་པ་ནི། འདུལ་པ་མདོར་བསྡུས་ཐམས་ཅད་རྗེས་བཅས་ཡིན་ཏེ། དངོས་བཅས་རྣམས་མཛད་ཟིན་པའི་རྗེས་སུ་སངས་རྒྱས་མྱ་ངན་ལས་འདའ་ཁའི་ཚེ་ཞལ་ཆེམས་ཀྱི་ཚུལ་དུ་བཅས་པའི་ཕྱིར་ཏེ། སྔར་དྲངས་པའི་ལུང་དེས་གྲུབ་བོ། །གསུམ་པ་རྩོད་པ་སྤང་བ་ནི། ཁ་་་་་་ཤ་མི། ཅིག་ན་རེ། རྒྱུ་ཚོགས་དང་བཅས་པའི་མདོར་བསྡུས་རྗེས་བཅས་ཡིན་ཡང་། ཡན་ལག་གི་མདོར་བསྡུས་སྔར་བཅས་ཡིན་ཏེ། དེ་ལྟར་མ་ཡིན་ན་སྐྱོན་ཡོད་

༼༥༡༽

དེ། དངོས་བཅས་མཛད་ནས་མདོར་བསྡུས་མ་གསུངས་པའི་བར་སྐབས་དེར་ལྟུང་བ་འདིའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ། འཆར་ཀ་ལྟ་བུ་དགེ་སློང་གཅིག་གིས་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པ་ན་འདུག་འགྲེང་བྱས་པ་ལ་དབེན་པ་ན་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དམ་མི་བསྐྱེད་བརྟག བསྐྱེད་ན་དགེ་སློང་གིས་བུད་མེད་རྫུ་འཕྲུལ་ཅན་དང་དབེན་པར་འདུག་འགྲེང་བྱས་པ་ཆོས་ཅན། དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ། བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་དང་དབེན་པར་འདུག་འགྲེང་བྱས་པ་ལ་ཆགས་པ་རྒྱུར་འགྱུར་གྱི་དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པའི་ཕྱིར་ཞེས་པའི་སྐྱོན་ཡོད་ལ། ལྟུང་བྱེད་མི་བསྐྱེད་ན་ཡན་ལག་ཚང་ཡང་མི་བསྐྱེད་དམ་མ་ཚང་ནས་མི་བསྐྱེད། སྔ་མ་ལྟར་ན་་་་་་ཆོས་ཅན་སྔར་བཞིན། དབེན་པར་འདུག་འགྲེང་གི་ལྟུང་བྱེད་བསྐྱེད་པ་མི་སྲིད་པར་ཐལ། རང་གི་ཡན་ལག་མ་ཚང་ན་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་ཅིང་ཡན་ལག་ཚང་ཡང་དབེན་པར་འདུག་འགྲེང་གི་ལྟུང་བྱེད་མི་བསྐྱེད་པའི་ཕྱིར་ཏེ། རྟགས་ཟུར་ཕྱི་མ་ཁས་བླངས་སོ། །ཕྱི་མ་ལྟར་ན་ཡན་ལག་གང་མ་ཚང་། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དགོས་པ་ལ་དེ་མ་ཚང་ངོ་ཞེ་ན། དབེན་པར་འདུག་འགྲེང་གི་ལྟུང་བྱེད་བསྐྱེད་པ་ལ། ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པར་དངོས་སུ་ནི་མ་གསུངས་ལ། དེའི་ཚེ་ན་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་སྦྱར་དུ་མེད་དེ། དེའི་ཚེ་ན་ཁྱེད་ལྟར་ན་ཡན་ལག་མདོར་བསྡུས་མ་བཅས་པའི་ཕྱིར་རོ་ཞེ་ན། དེའི་སྐྱོན་མེད་དེ། སྔར་གཞིར་བཞག་པ་དེ་ལ་དབེན་པར་འདུག་འགྲེང་གི་ལྟུང་བྱེད་འདི་གཉིས་ཀྱི་ཡན་ལག་མ་ཚང་བ་ཅུང་ཟད་ཀྱང་མེད་པས་དབེན་པར་འདུག་འགྲེང་གི་ལྟུང་བྱེད་རྫོགས་པར་བསྐྱེད་དོ་ཞེས་བརྗོད་དོ། །ཁྱེད་ཀྱི་སྔར་གྱི་ཐལ་འགྱུར་དེ་ལ་བརྟགས་ཏེ། བཅས་པ་རྣམ་འཇོག་གི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཞེས་གང་ཟེར། སྔ་མ་ལྟར་ན་སྔར་གྱི་རྟགས་དེ་ལ་ཁྱབ་པ་མེད་དོ། །ཕྱི་མ་ལྟར་ན་འདོད་པ་ཡིན་ཏེ། དེར་མ་ཟད།་་་་་བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པ་ལ་བཅས་

༼༥༢༽

པ་རྫོགས་པར་སྲིད་ལ། བྱ་བ་དེ་འབྲེལ་གྱི་དགག་བྱ་གཏན་ནས་མེད་ཀྱང་བཅས་པ་རྫོགས་པར་སྲིད་དེ། དགེ་སློང་གིས་དགེ་སློང་ལ་རྩྭ་ཉག་མ་གཅིག་གིས་བརྡེག་ན་ལུས་སྲོག་ལ་གནོད་པའི་དགག་བྱ་མ་རྫོགས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པ་དང་། སྐྱོན་ནས་སྨྲ་བ་ལ་མི་དགའ་བའི་བསམ་པ་གཏན་ནས་མ་སྐྱེས་ཀྱང་ལྟུང་བྱེད་རྫོགས་པར་བསྐྱེད་པ་བཞིན་ནོ། །རྩོད་སྤོང་གི་་་་་རྣམ་གྲངས་གཞན་ཡང་དངོས་བཅས་མཛད་ནས་མདོར་བསྡུས་པ་མ་གསུངས་པའི་བར་སྐབས་དེར་བཅས་ལྡན་དགེ་སློང་གིས་ས་རྐོ་ན་ལྟུང་བྱེད་བསྐྱེད་པ་ལྟར་དགེ་སློང་གིས་དགག་བྱ་དང་ལྡན་པའི་བྱེ་མ་བརྐོས་ན་ལྟུང་བ་བསྐྱེད་པའི་བཅས་པ་ཡོད་མེད་ཅེས་འདྲི་ཞིང་།་་་་་དང་པོ་ལྟར་ན་བྱེ་མ་རྐོ་བ་ལ་ལྟུང་བྱེད་བསྐྱེད་པའི་དངོས་བཅས་མེད་ཅིང་དེའི་ཚེ་ན་མདོར་བསྡུས་ཀྱི་བཅས་པ་མཛད་མ་ཟིན་པ་དང་འགལ་ལོ། །གཉིས་པ་ལྟར་ན་བཅོས་ལྡན་དགེ་སློང་གིས་དགག་བྱ་དང་ལྡན་པའི་བྱེ་མ་རྐོ་བ་དེ་ལ་དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ། དགག་བྱ་དང་ལྡན་པའི་བྱེ་མ་བརྐོས་ཀྱང་ལྟུང་བར་མ་བཅས་པའི་ཕྱིར། ཞེས་བརྗོད་པ་ན་ཕ་རོལ་པོ་ན་རེ་བཅས་པ་རྣམ་འཇོག་གི་དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་ཡོད་ཀྱང་བཅས་པ་མེད་པར་ཐལ་ཟེར། དང་པོ་ལྟར་ན་ཁྱབ་པ་མ་གྲུབ་ཅིང་། གཉིས་པ་ལྟར་ན་འདོད་པ་ཡིན་ཏེ། ལས་དང་པོ་པས་དགག་བྱ་དང་ལྡན་པའི་བྱ་བ་བྱས་པ་བཞིན་ནོ་ཞེས་ཟེར་ན། འོ་ན་སྔར་གྱི་ཐལ་འགྱུར་དེ་ལ་ཡང་བརྟགས་ཏེ་བཅས་པ་རྣམ་འཇོག་གི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཟེར་རམ། བྱ་བ་དེ་འབྲེལ་གྱི་དགག་བྱ་མ་རྫོགས་པ་ལ་བཅས་པ་རྫོགས་པར་ཐལ་ཟེར་ཞེས་སྔར་བཞིན་བརྗོད་ཅིང་། བརྟག་པ་མཚུངས་པས་ཀྱང་ལན་གདབ་ཏུ་རུང་ངོ་། །རྩོད་པ་གཞན་ཡང་་་་་་དངོས་བཅས་མཛད་ནས་མདོར་བསྡུས་མ་གསུངས་པའི། བར་སྐབས་དེར་ཕམ་པ་དང་པོ་མ་གཏོགས་པའི་ལྟུང་བ་བསྐྱེད་པ་ལ་བསླབ་པའི་ཡན་ལག་མི་དགོས་པར་ཐལ།་་་་་འདོད་ན་ནི་བར་སྐབས་དེར་ཡན་ལག་གཞན་ཚང་ན་ཁྱིམ་པས་རྐུ་ན་ཡང་རྐུ་བའི་ཕམ་པ་བསྐྱེད་རུང་དུ་ཐལ། རྐུ་བའི་ཕམ་པ་བསྐྱེད་པ་ལ་བསླབ་པའི་ཡན་ལག་མི་དགོས་ཤིང་། དེ་ལས་གཞན་པའི་ཡན་ལག་ཚང་བའི་ཕྱིར་རོ། །བསླབ་པའི་ཡན་ལག་གསལ་ཀ་བཏོད་དེ་མ་གསུངས་ཤིང་ཡན་ལག་མདོར་བསྡུས་སྔར་བཅས་མ་ཡིན་པའི་ཕྱིར་ཞེ་ན་གསལ་ཀ་བཏོད་དེ་མ་གསུངས་པའི་རྟགས་མ་གྲུབ་སྟེ། སོ་སོ་ཐར་པ་ལས་ཡང་་་་་་ཕམ་པ་དང་པོའི་སྐབས་ནས། དགེ་སློང་གང་ཞེས་དགེ་སློང་གི་ལྟུང་བ་སྡེ་ལྔ་ལ་སྤྱིར་གསུངས་པའི་ཕྱིར་རོ། །དེ་་་་་་ཡང་དགེ་སློང་གང་ཞེས་པའི་ལུང་།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号