ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 དེ་བཞིན་དུ་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས། ཤིན་ཏུ་དགའ་བའི་བསྟན་པ་འདི་ལ་ནི། །ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱིས་ལ། །འབྲས་བུ་ཡོད་པའི་མཆོག་ཏུ་འགྱུར་གྱིས་ཞེས། །ཐུགས་རྗེ་ཅན་གྱིས་དེ་སྐད་བསྟན་པའང་མཛད། །ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱུར་ནས། །འབྲས་བུ་ཐམས་ཅད་ཐོབ་པར་གྱུར་ཡང་ནི། །ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །འོན་ཀྱང་འབྲས་བུ་ཐོབ་པ་ཐོབ་འགྱུར་བ། །ཀྱེ་མ་མི་མཆོག་ཐུགས་རྗེ་ལྡན་པ་ཡིས། །རྒྱལ་བས་རིགས་པ་ཤིན་ཏུ་ལེགས་བཤད་ཅེས། །དེ་དག་ངོ་མཚར་ཆེ་བ་སྐྱེ་བར་འགྱུར། །ཞེས་གསུངས་པ་དང་། དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེས། གཟུགས་ལ་གནས་པར་མི་བྱའོ། །ཚོར་བ་ལ་མ་ཡིན། འདུ་ཤེས་ལ་མ་ཡིན། འདུ་བྱེད་རྣམས་ལ་མ་ཡིན། རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལ་མ་ཡིན། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་མ་ཡིན། རང་སངས་རྒྱས་ཉིད་ལ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། ཚོགས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་པའོ།།  །།འདིར་སྨྲས་པ། དུས་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་མྱུ་གུ་ལ་སོགས་པ་དག་དུས་འགའ་ཞིག་ལ་ལྟོས་ནས་ནི་འབྱུང་ཞིང་སྐྱེ་བར་འགྱུར་ལ། དུས་ཀྱི་ཁྱད་པར་འགའ་ཞིག་ལ་ལྟོས་ནས་ནི་འཇིག་ཅིང་རྣམ་པར་འཇིག་པར་འགྱུར་གྱི། རྒྱུ་དང་རྐྱེན་གྱི་ཚོགས་པ་ཡོད་ཀྱང་ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ནོ། །དེའི་ཕྱིར་དུས་ཡོད་པ་ཉིད་དེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་འབྱུང་བ་དང་འཇིག་པ་དག་ཉིད་ཡོད་ན་ནི། དུས་འབྱུང་བ་དང་འཇིག་པའི་རྒྱུ་ཉིད་དུ་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར། །འཇིག་པ་འབྱུང་བ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །ཞེས་གསུངས་ཏེ། འདིར་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་པར་གྱུར་ན། ཕན་ཚུན་མེད་པར་ཡོད་པའམ། ལྷན་ཅིག་ཡོད་པར་འགྱུར་བ་ཞིག་ན། རྣམ་པར་དཔྱད་པ་ན་གཉི་ག་ལྟར་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལ་འཇིག་པ་རྣམ་པར་འཇིག་པ་ཇི་ལྟར་འབྱུང་བ་སྟེ་སྐྱེ་བ་མེད་པར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །སྐྱེ་བ་མེད་པར་འཆི་བར་འགྱུར། །འཇིག་པ་འབྱུང་བ་མེད་པར་མེད། །ཅེས་གསུངས་ཏེ། འཇིག་པ་རྣམ་པར་འཇིག་པ་ནི་འབྱུང་བ་མེད་པར་ཇི་ལྟ་བུར་ན་ཡོད་པར་འགྱུར། ཇི་ལྟ་བུར་ན་ཞེས་བྱ་བ་འདིས་ནི་གཏན་མི་སྲིད་པར་གྲགས་པ་སྟོན་པར་བྱེད་པའོ། །ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །ཡང་གལ་ཏེ་འབྱུང་བ་མེད་པར་འཇིག་པ་ཡོད་པར་འགྱུར་ན་ཉེས་པ་ཅིར་འགྱུར་ཞེ་ན། བརྗོད་པ། སྐྱེ་བ་མེད་པར་འཆི་བར་འགྱུར་ཏེ། མ་སྐྱེས་པ་འཆི་བར་འགྱུར་ན། མ་སྐྱེས་པར་ནི་འཆི་བར་ཡང་མ་མཐོང་ངོ་། །དེའི་ཕྱིར་འཇིག་པ་འབྱུང་བ་མེད་པར་ཡོད་པར་མི་འོས་སོ། །འདིར་ཚིགས་སུ་བཅད་པའི་ཕྱེད་གོང་མས་ནི་དམ་བཅས་པ་ཡིན་ལ། རྐང་པ་བར་མས་ནི་ཐལ་བ་བསྒྲུབས་པ་ཡིན་ཞིང་། ཐ་མས་ནི་མཇུག་བསྡུས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་འབྱུང་བ་མེད་པར་འཇིག་པར་མི་རིགས་སོ་ཞེས་བསྟན་ནས། ད་ནི་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་བ་སྐྱེ་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་སྟེ་དུས་གཅིག་ཏུ་ཅིག་ཅར་ཡོད་པར་འགྱུར་ན་ནི། དེ་ལྟར་ན་འཆི་བ་དང་སྐྱེ་བ་དུས་གཅིག་པར་འགྱུར་ན། ཕན་ཚུན་འགལ་བ་དེ་གཉིས་ནི་སྣང་བ་དང་མུན་པ་ལྟར་དུས་གཅིག་གི་ཚེ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འཇིག་པ་ནི་འབྱུང་བ་དང་ལྷན་ཅིག་ཏུ་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཚེ་དེ་ལྟར་འཇིག་པ་འབྱུང་བ་མེད་པར་རམ། ལྷན་ཅིག་ཏུ་ཡང་གྲུབ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འབྱུང་བ་ཡང་འཇིག་པ་མེད་པར་རམ། ལྷན་ཅིག་ཏུ་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །འབྱུང་བ་ནི་འཇིག་པ་མེད་པར་མི་རིགས་པ་ཉིད་དེ། གང་གི་ཕྱིར་དངོས་པོ་འབྱུང་བའི་ཆོས་ཅན་སྐྱེ་བའི་ཆོས་ཅན་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཐམས་ཅད་ཀྱི་ཚེ་ཡོད་པ་ཡིན་ཏེ། དངོས་པོ་ཐམས་ཅད་དུས་ཀུན་དུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་བཤད་དོ། །གང་གི་ཚེ་དེ་ལྟར་དངོས་པོ་ཐམས་ཅད་རྟག་ཏུ་མི་རྟག་པ་དང་རྗེས་སུ་འབྲེལ་པ་དེའི་ཚེ་གང་འཇིག་པ་དང་བྲལ་བར་གྱུར་པའི། གནས་སྐབས་དེ་འགའ་ཡང་ཡོད་པར་ག་ལ་འགྱུར། དེའི་ཕྱིར་འཇིག་པ་མེད་པར་འབྱུང་བ་སྲིད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འབྱུང་བ་འཇིག་པ་མེད་པར་ཡོད་པ་མ་ཡིན་ནོ། །འདི་དག་གི་དཔྱད་པ་ལྷག་མ་ནི་འདུས་བྱས་བརྟག་པར་དཔྱད་ཟིན་པའི་ཕྱིར་ཡང་རྣམ་པར་མི་དཔྱད་དོ། །གང་ཞིག་འཇིག་པ་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་སྐྱེ་བ་བཞིན་ནོ་ཞེས་སྒྲུབ་བྱེད་བཀོད་པ་རྗེས་སུ་བརྗོད་ནས། ཐ་མའི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་དག་གིས་མ་ངེས་པར་སྨྲ་བ་དེས་ནི་མི་རིགས་པ་སྨྲས་པ་ཡིན་ཏེ། དེའི་འཇིག་པ་ཡང་སྐྱེ་བའི་རྐྱེན་ཅན་ཡིན་པ་ཉིད་ཀྱིས་རྒྱུ་དང་བཅས་པའི་ཕྱིར་དང་། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་ན། མ་ངེས་པ་ཉིད་མེད་པའི་ཕྱིར་རོ། །གང་ཡང་དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་ནི་མ་བྱུང་བ་ལས་བྱུང་བ་སྐྱེ་བ་ཞེས་བྱ་སྟེ། དེའི་ཕྱིར་རྫས་སུ་ཡོད་པ་རྣམས་ནི་སྐྱེ་བར་གྲུབ་པའི་ཕྱིར་ཐ་སྙད་དུ་ཡང་དཔེ་མེད་པ་ཡིན་ནོ་ཞེས་བསྟན་པ་དེ་ཡང་མི་རིགས་ཏེ། གཟུགས་བརྙན་ལ་སོགས་པ་རྫས་སུ་མེད་པ་རྣམས་རྒྱུ་དང་བཅས་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །སློབ་དཔོན་གྱི་ཞལ་སྔ་ནས་ཇི་སྐད་དུ། གང་དག་རྒྱུ་ལས་འབྱུང་འགྱུར་ཞིང་། །གང་དག་དེ་མེད་པས་མེད་པ། །དེ་དག་གཟུགས་བརྙན་དང་མཚུངས་པར། །གསལ་བ་ཇི་ལྟ་བུར་མི་བཞེད། །ཅེས་གསུངས་སོ། །དེའི་ཕྱིར་ཐ་སྙད་དུ་དཔེ་མ་གྲུབ་པ་ག་ལ་ཡོད། གལ་ཏེ་ཡང་གང་དངོས་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་མི་ནུས་པ་དེ་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྨྲ་ན་ནི། སྔོན་པོ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཇི་སྐད་དུ། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེའི་ཕྱིར་མིང་ཙམ་ཉིད་ཀྱང་ཡིན། །ཞེས་གསུངས་སོ། །གཞན་ཡང་གང་གི་གནས་སྐབས་ཀྱི་ཁྱད་པར་སྐྱེ་བར་འགྱུར་བ། དབུ་མ་པ་རྣམས་ལ་ནི་དངོས་པོའི་རང་གི་ངོ་བོ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དཔེ་མ་གྲུབ་པར་བརྗོད་པ་ནི་མི་རིགས་པ་ཉིད་དོ། །གང་ཡང་འཇིག་པ་ནི་རྒྱུ་དང་བཅས་པ་མ་ཡིན་ཏེ། འཇིག་པ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་དཔེར་ན་འདུས་མ་བྱས་བཞིན་ནོ་ཞེས་སྨྲ་སྟེ། དེ་སྐད་སྨྲ་བ་དེ་ལ་ནི་གཏན་ཚིགས་འདིས་འགལ་བ་ཆེན་པོ་འདྲེན་པ་ཡིན་ནོ། །ཇི་ལྟར་གཏན་ཚིགས་འདིས་འཇིག་པ་ལ་རྒྱུ་མེད་པར་སྒྲུབ་པར་བྱེད་པ་དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པ་ཡང་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་གིས་བསྡུས་པ་ལ་སོགས་པ་ཐམས་ཅད་ཀྱང་འགལ་བར་བྱེད་པས་འདི་ནི་མི་རིགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པ་ནི་ཡུལ་གྱི་རང་གི་ངོ་བོ་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དང་མི་ལྡན་པའི་ཕྱིར་འདུས་མ་བྱས་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་བཀག་པའི་ཕྱིར་འདི་ལ་མི་འདོད་པ་ཆེན་པོ་གྲུབ་པར་འགྱུར་བས་འདི་གཟུང་བར་མི་བྱའོ། །ད་ནི་ཇི་ལྟར་འབྱུང་བ་འཇིག་པ་དང་ལྷན་ཅིག་གྲུབ་པ་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པར་གྱུར་ན་ནི། དེའི་ཚེ་སྐྱེ་བ་དང་འཆི་བ་དག་དུས་གཅིག་པ་ཉིད་དུ་འགྱུར་ན་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འབྱུང་བ་དང་འཇིག་པ་དག་ལྷན་ཅིག་པ་ཉིད་དུ་གྲུབ་པ་ཡང་ཡོད་པ་མ་ཡིན་ནོ། །ཅི་སྟེ་སྐྱེ་བ་དང་འཆི་བ་དག་ལྷན་ཅིག་གི་ངོ་བོའམ་ཐ་དད་པའི་ངོ་བོར་གྲུབ་པ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་འབྱུང་བ་དང་འཇིག་པ་དག་ཡོད་དེ། བརྗོད་པར་བྱ་བ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་བཞིན་ནོ་སྙམ་ན། བརྗོད་པར་བྱ་སྟེ། གལ་ཏེ་བརྗོད་པར་བྱ་བ་ཉིད་ཀྱིས་དེ་དག་གྲུབ་པར་འདོད་ན་ནི། མོ་གཤམ་གྱི་བུ་ཡང་འདོད་པར་བྱའོ། །གཞན་ཡང་། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་གྲུབ་པ་ཇི་ལྟར་ཡོད། །གང་ལས་འབྱུང་བ་དང་འཇིག་པ་དག་འགྲུབ་པར་འགྱུར་བ་ལྷན་ཅིག་པ་ཉིད་དང་ལྷན་ཅིག་པ་ཉིད་མ་ཡིན་པ་ལས་མ་གཏོགས་པ་ཕྱོགས་གཞན་ནི་མེད་དོ། །བརྗོད་དུ་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ་སྙམ་ན། བརྗོད་དུ་མེད་པ་ཞེས་བྱ་བ་འདི་ཅི་ཞིག་གལ་ཏེ་འདྲེས་པར་གྱུར་པ་ཡིན་ན་དེ་ནི་མི་འཐད་དེ། སོ་སོར་མ་གྲུབ་པ་དག་ལ་འདྲེས་པར་གྱུར་པ་མེད་པའི་ཕྱིར་རོ། །བརྗོད་དུ་མེད་པ་ནི་ངེས་པར་གཟུང་དུ་མེད་པའི་རང་བཞིན་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་ངེས་པར་གཟུང་དུ་མེད་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལ་སོགས་པ་ལྟར་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་དེ་ལྟར་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དག་གི་རྒྱུ་དུས་ཀྱང་མེད་དོ་ཞེས་བྱ་བར་གྲུབ་བོ། །གཞན་ཡང་འདི་ན་འབྱུང་བ་དང་འཇིག་པ་དེ་དག་རྟོག་པ་ན་དངོས་པོ་ཟད་པའི་ཆོས་ཅན་ནམ། མ་ཟད་པའི་ཆོས་ཅན་ཞིག་ལ་རྟོག་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བྱ་བར་བསྟན་པའི་ཕྱིར། ཟད་ལ་འབྱུང་བ་ཡོད་མ་ཡིན། །མ་ཟད་པ་ལའང་འབྱུང་བ་མེད། །ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལའང་འཇིག་པ་མེད། །ཅེས་བྱ་བ་གསུངས་སོ། །དེ་ལ་ཟད་པ་སྟེ་དངོས་པོ་ཟད་པའི་ཆོས་ཅན་ལ་ནི་འགལ་བའི་ཆོས་ཡོད་པས་འབྱུང་བ་རིགས་པ་མ་ཡིན་ནོ། །དངོས་པོའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་མ་ཟད་པ་ལ་ཡང་འབྱུང་བ་རིགས་པ་མ་ཡིན་ཏེ། །བོང་བུའི་རྭ་བཞིན་ནོ། །དེ་བཞིན་དུ། ཟད་པ་ལ་འཇིག་པ་ཡོད་པ་མ་ཡིན་ཏེ་ཟད་པའི་ཆོས་ཅན་ནི་མེད་པ་ཡིན་ཏེ། དེ་ལ་རྟེན་མེད་པའི་ཕྱིར་འཇིག་པ་མི་རིགས་སོ། །དེ་བཞིན་དུ་མ་ཟད་པ་ལའང་འཇིག་པ་མེད་དེ། མ་ཟད་པའི་ཆོས་ཅན་གྱི་དངོས་པོ་ནི་དངོས་པོའི་མཚན་ཉིད་དང་མི་མཐུན་པ་ཡིན་ན། ཡོད་པ་མ་ཡིན་པ་དེ་ལ་འཇིག་པ་ཡོད་པར་ག་ལ་འགྱུར། འབྱུང་བ་དང་འཇིག་པ་གང་དག་དངོས་པོ་ཟད་པ་དང་། མ་ཟད་པའི་ཆོས་ཅན་ལ་མི་སྲིད་པ་དེ་དག་ནི། ཡོད་པ་མ་ཡིན་པ་ཉིད་དེ། དེའི་ཕྱིར་འབྱུང་བ་དང་། འཇིག་པ་དག་མེད་དོ། །འདིར་སྨྲས་པ། དངོས་པོ་རྣམས་ཀྱི་འབྱུང་བ་དང་། །འཇིག་པ་ནི་ཡོད་པ་ཉིད་དེ། དེ་དག་གི་རྟེན་ཆོས་ཅན་ཡོད་པའི་ཕྱིར་རོ། །འདིར་འབྱུང་བ་དང་། འཇིག་པ་དག་ནི་དངོས་པོ་ལ་བརྟེན་པ་ཡིན་ལ། དངོས་པོ་དེ་ཡང་རེ་ཞིག་ཡོད་པ་ཡིན་ནོ། །དེ་ཡོད་པས་དེ་ལ་བརྟེན་པའི་ཆོས་དག་ཀྱང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་དངོས་པོ་ཡོད་ན་ནི། །དངོས་པོ་ལ་བརྟེན་པའི་ཆོས་དེ་གཉིས་ཡོད་པར་འགྱུར་ན། གང་གི་ཚེ་དངོས་པོ་ཡོད་པ་མ་ཡིན་པ་དེའི་ཚེ། དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །ཡང་ཅིའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་ཞེ་ན། འདི་ལྟར། འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །འབྱུང་བ་དང་འཇིག་པ་དག་ནི་དངོས་པོའི་མཚན་ཉིད་དུ་གྱུར་བ་ཡིན་ན། དེ་དག་ནི་བཀག་པ་ཡིན་ནོ། །གང་གི་ཚེ་བཀག་པ་དེའི་ཚེ་དངོས་པོའི་མཚན་ཉིད་འབྱུང་བ་དང་འཇིག་པ་མེད་པར་དངོས་པོའི་མཚན་ཉིད་དང་མི་མཐུན་པ་ཡོད་པར་ག་ལ་འགྱུར། དངོས་པོ་མེད་ན་ནི་འབྱུང་བ་དང་། འཇིག་པ་དག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་དག་ནི་འབྱུང་བ་དང་འཇིག་པ་དག་ཡོད་པ་ཡིན་ཏེ། དངོས་པོའི་ཆོས་ཡོད་པའི་ཕྱིར་རོ། །འདིར་གང་ཡོད་པ་མ་ཡིན་པ་དེ་ལ་ནི་དངོས་པོའི་ཆོས་མེད་དེ། དཔེར་ན་སྦལ་པའི་རལ་པ་བཞིན་ནོ། །འབྱུང་བ་དང་འཇིག་པ་གཉིས་ནི་དངོས་པོའི་ཆོས་ཀྱང་ཡིན་ནོ། །དེའི་ཕྱིར་དེ་དག་ཡོད་དོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་འགའ་ཞིག་ལ་དོན་དམ་པར་འབྱུང་བ་དང་འཇིག་པ་དག་ཡོད་ན་ནི། དེ་དངོས་པོ་ཞེས་བྱ་བར་བརྗོད་པར་རིགས་པར་འགྱུར་ན། དེ་དག་ནི་མེད་དེ། དེའི་ཕྱིར། འབྱུང་དང་འཇིག་པ་མེད་ན་ནི། །དངོས་པོ་ཡོད་པ་མ་ཡིན་ནོ་སྟེ། དངོས་པོ་ནི་འབྱུང་བ་དང་འཇིག་པ་ཡོད་ན་ཡོད་པ་ཉིད་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་མེད་ན་ནི་གཏན་ཚིགས་མ་གྲུབ་པའི་དོན་ཉིད་ཡིན་ནོ། །དེ་བཞིན་དུ། དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན་ཏེ། རྟེན་མེད་པས་བརྟེན་པ་མ་གྲུབ་བོ་ཞེས་བྱ་བར་དགོངས་པ་ཡིན་ནོ་ཞེས་ཕྱེད་གོང་མ་ཕྱེད་འོག་མར་བྱས་ནས་རྣམ་པར་འཆད་དོ། །གཞན་ཡང་འདིར་འབྱུང་བ་དང་འཇིག་པ་དེ་དག་རྟོག་པ་ན་དངོས་པོ་སྟོང་པའམ། མི་སྟོང་པ་ལ་རྟོག་གྲང་ན། །གཉི་ག་ལྟར་ཡང་མི་འཐད་དོ། །ཞེས་བསྟན་པའི་ཕྱིར་རོ། །སྟོང་ལ་འབྱུང་དང་འཇིག་པ་དག་འཐད་པ་ཉིད་ནི་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། རྟེན་མེད་པའི་ཕྱིར་ནམ་མཁའི་རི་མོ་བཞིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་བཞིན་དུ། མི་སྟོང་ལ་ཡང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །མི་སྟོང་པ་ལ་ཡོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། རྟེན་མེད་པས་འབྱུང་བ་དང་འཇིག་པ་འཐད་པ་ཡིན་ནོ། །གཞན་ཡང་། གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་ན། དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་ཡོད་པ་ཞིག་ན། གཉི་ག་ལྟར་ཡང་མི་འཐད་དོ་ཞེས་གསུངས་པ་ནི། འབྱུང་བ་དང་ནི་འཇིག་པ་དག །གཅིག་པ་ཉིད་ནི་མི་འཐད་དོ། །སྣང་བ་དང་མུན་པ་ལྟར་ཕན་ཚུན་འགལ་བ་དག་ནི་གཅིག་ཉིད་དུ་མི་འཐད་པའི་ཕྱིར་རོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །གཉི་ག་ཕན་ཚུན་མི་འཁྲུལ་པའི་ཕྱིར་རོ། །འབྱུང་བ་དང་བྲལ་བ་ལ་ནི་འཇིག་པ་མི་རིགས་ལ། འཇིག་པ་དང་བྲལ་བ་ལ་ནི་འབྱུང་བ་མ་མཐོང་སྟེ། དེ་ལྟར་ན་གཉི་ག་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །ཅི་སྟེ་ཞིབ་མོར་བརྟགས་པ་འདིས་ཅི་ཞིག་བྱ། གང་གི་ཕྱིར་སྐྱེ་བོ་བ་གླང་རྫི་དང་བུད་མེད་ཡན་ཆད་ཀྱིས་འབྱུང་བ་དང་འཇིག་པ་མཐོང་བ་དེའི་ཕྱིར་འབྱུང་བ་དང་འཇིག་པ་དག་ཡོད་པ་ཡིན་ཏེ། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ནི་བལྟ་བར་མི་ནུས་སོ་སྙམ་ན། གལ་ཏེ་དེ་ལྟར། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འདི་ནི་མ་ངེས་པ་ཡིན་ཏེ། །གང་དང་གང་འཇིག་རྟེན་པས་མཐོང་བ་དེ་དང་དེ་ཡོད་པ་ཉིད་ནི་མ་ཡིན་ནོ། །འདི་ལྟར་སྐྱེ་བོ་བ་གླང་རྫི་དང་བུད་མེད་ཡན་ཆད་ཀྱིས་ཡོད་པ་མ་ཡིན་ཡང་། དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། རྨི་ལམ་དང་། མགལ་མེའི་འཁོར་ལོ་དང་། སྨིག་རྒྱུའི་ཆུ་ལ་སོགས་པ། མཐོང་ཞིང་། དབང་པོ་ལ་གནོད་པར་གྱུར་པ་ལས་རབ་རིབ་ཅན་གྱི་སྐྲ་ཤད་དང་། སྦྲང་མ་དང་སྦྲང་བུ་མཆུ་རིངས་དག་མཐོང་བ་ཡིན་ཏེ། དེ་བཞིན་དུ་འབྱུང་བ་དང་འཇིག་པ་དག་ཀྱང་མེད་བཞིན་དུ་མི་ཤེས་པའི་གཏི་མུག་གི་རབ་རིབ་ཅན་གྱི་བློའི་མིག་ལྡོངས་པར་བྱས་པས་མཐོང་བ་ཡིན་ནོ་ཞེས་བཤད་པ། འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་བྱ་བའོ། །ཅི་སྟེ་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ཅན་འདི་དག་གཏི་མུག་ཁོ་ནས་མཐོང་བ་ཡིན་ནོ་ཞེས་བྱ་བ་འདི་དེ་ལྟར་ཅིས་ངེས་ཤེ་ན། འདི་ནི་དེ་ལྟར་རིགས་པས་ངེས་པ་ཡིན་ནོ། །འདིར་རིགས་པ་གང་ཡིན་ཞེ་ན། འདིར་གལ་ཏེ་དངོས་པོ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། དེ་ངེས་པར་དངོས་པོའམ་དངོས་པོ་མེད་པ་ལས་སྐྱེ་བ་ཞིག་ཡིན། དེ་བཞིན་དུ་གལ་ཏེ་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། དེ་ཡང་དངོས་པོའམ་དངོས་པོ་མེད་པ་ལས་སྐྱེ་བ་ཞིག་ཡིན་གྲང་ན། གཉིས་ཆར་གཉི་ག་ལྟར་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །རེ་ཞིག་དངོས་པོ་སྟེ་ཡང་དག་པར་འབྱུང་བ་ཞེས་བྱ་བ་ནི་དངོས་པོ་སྟེ་ཡང་དག་པར་འབྱུང་བ་ལས་སྐྱེ་བ་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་དུས་གཅིག་པ་མེད་པའི་ཕྱིར་དང་། སྐྱེ་བ་རྙེད་ཟིན་པའི་སྐྱེ་བ་ལ་ཡང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་པོ་ནི་དངོས་པོ་མེད་པ་ལས་ཀྱང་མི་སྐྱེའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འཇིག་ཅིང་རྣམ་པར་འཇིག་པ་ཡིན་ལ། དེ་ཡང་དངོས་པོ་དང་འགལ་བ་ཡིན་ཏེ། དངོས་པོ་དང་འགལ་བ་དེའི་ཕྱིར་དེ་ལས་དངོས་པོ་ཇི་ལྟར་འབྱུང་བར་འགྱུར། གལ་ཏེ་འགྱུར་ན་ནི་མོ་གཤམ་གྱི་བུ་མོ་ལས་ཀྱང་བུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དངོས་པོ་ནི་དངོས་པོ་མེད་པ་ལས་ཀྱང་འབྱུང་བ་མ་ཡིན་ནོ། །ད་ནི་དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལས་མི་འབྱུང་སྟེ། དངོས་པོ་མེད་པ་ནི་དངོས་པོ་ལོག་པའི་རང་བཞིན་ཅན་ཡིན་ཏེ། དེའི་ཕྱིར་དེ་ལ་འབྲས་བུ་སྐྱེད་པའི་ནུས་པ་ག་ལ་ཡོད། གལ་ཏེ་ཡོད་ན་ནི་མྱ་ངན་ལས་འདས་པ་ལ་ཡང་འབྲས་བུ་སྐྱེད་པའི་མཐུ་ཡོད་པར་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་ལས་དངོས་པོ་མེད་པ་འབྱུང་བར་འགྱུར་ན་ནི། དེའི་ཚེ་མོ་གཤམ་གྱི་བུ་མོ་ལས་ཀྱང་བུ་སྐྱེ་བར་འགྱུར་ན། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་མེད་པ་ནི། དངོས་པོ་མེད་པ་ལས་ཀྱང་འབྱུང་བ་མ་ཡིན་ནོ། །ད་ནི་དངོས་པོ་མེད་པ་དངོས་པོ་ལས་ཀྱང་མི་འབྱུང་སྟེ། དངོས་པོ་མེད་པ་ནི་དངོས་པོ་དང་འགལ་བ་ཡིན་ན། དེ་ཇི་ལྟར་དངོས་པོ་ལས་འབྱུང་བར་འགྱུར། གལ་ཏེ་འགྱུར་ན་ནི་སྒྲོན་མ་ལས་ཀྱང་མུན་པ་འབྱུང་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པ་དེའི་ཕྱིར་གཏི་མུག་ཉིད་ཀྱིས་མཐོང་བ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །རྣམ་པ་གཅིག་ཏུ་ན་ཕྱོགས་སྔ་མ་འདི་གཞན་ཡིན་ནོ། །འདི་ལྟར་འདིར་གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་ན་ནི། དེ་དག་དངོས་པོ་ལ་བརྟེན་པའམ། དངོས་པོ་མེད་པ་ལ་བརྟེན་པར་འགྱུར་བ་ཞིག་ན། དངོས་པོ་དང་དངོས་པོ་མེད་པ་དེ་གཉིས་ནི་རྣམ་པར་དཔྱད་པ་ན། ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ་དེའི་ཕྱིར་རྟེན་མེད་པས་འབྱུང་བ་དང་འཇིག་པ་དགག་ལ་ཡོད། དེའི་ཕྱིར། འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་མ་ཡིན། །ཞེས་བྱ་བར་ཤེས་པར་བྱའོ། །དངོས་པོ་དང་དངོས་པོ་མེད་པ་གཉིས་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །ཞེས་གསུངས་ཏེ། འདིའི་དོན་ནི་གོང་མ་བཞིན་ནོ། །གཞན་ཡང་གལ་ཏེ་དངོས་པོ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། དེ་སྐྱེ་ཞིང་ཟད་པ་དང་ལྡན་པས་འབྱུང་བ་དང་འཇིག་པར་འགྱུར་ན། དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། བོང་བུའི་རྭ་ལྟར་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །མ་སྐྱེས་པ་ཉིད་མ་གྲུབ་བོ་ཞེ་ན། མ་གྲུབ་པ་མ་ཡིན་ཏེ། འདི་ལྟར། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ན། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །འདི་ནི་རབ་ཏུ་བྱེད་པ་དང་པོར་རྣམ་པར་བཤད་ཟིན་པའི་ཕྱིར་ཡང་མི་བཤད་དོ། །གང་གི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་རྣམ་པ་དག་གིས་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་ཇི་ལྟར་སྐྱེ་བར་འགྱུར་ཏེ། ཇི་ལྟར་ཡང་སྐྱེ་བར་མི་འགྱུར་བ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དངོས་པོ་སྐྱེ་བ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དེ་ལྟར་གདོན་མི་ཟ་བར་ཁས་བླང་པར་བྱའོ། །དེ་ལྟ་མ་ཡིན་ན་ནི། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ། གང་གི་ཕྱིར། དངོས་པོ་དེ་ནི། རྟག་དང་མི་རྟག་འགྱུར་ཕྱིར་རོ། །གང་ཞིག་དངོས་པོའི་རྣམ་པར་གཞག་པ་ཇི་སྐད་བཤད་པ་ལས་འདས་ནས་དངོས་པོར་ལྟ་བ་ཁས་ལེན་པ་དེ་ནི་གདོན་མི་ཟ་བར་གསུང་རབ་དང་ཤིན་ཏུ་འགལ་བ་རྟག་པ་དང་ཆད་པར་ལྟ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དངོས་པོ་དེ་བརྟགས་པ་ན་རྟག་པའམ་མི་རྟག་པ་ཞིག་ཏུ་འགྱུར་གྲང་། གལ་ཏེ་རྟག་པ་ཡིན་ན་ནི་དེའི་ཚེ་ངེས་པར་རྟག་པར་སྨྲ་བར་འགྱུར་ལ། འོན་ཏེ་མི་རྟག་པ་ཡིན་ན་ནི་དེའི་ཚེ་ངེས་པར་ཆད་པར་སྨྲ་བར་འགྱུར་རོ། །འདིར་སྨྲས་པ། དངོས་པོ་ཡོད་པར་ཁས་བླངས་ཀྱང་། །ཆད་པར་མི་འགྱུར་རྟག་མི་འགྱུར། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །རྒྱུ་དང་འབྲས་བུའི་འབྱུང་བ་དང་འཇིག་པའི་རྒྱུན་གང་ཡིན་པ་དེ་ནི་ཁོ་བོ་ཅག་གི་སྲིད་པ་སྟེ་འཁོར་བ་ཡིན་ནོ། །དེ་ལ་གལ་ཏེ་རྒྱུ་འགགས་ཤིང་དེའི་རྒྱུ་ཅན་གྱི་འབྲས་བུ་མི་སྐྱེ་ན་ནི། དེའི་ཚེ་ཆད་པར་འགྱུར་ལ། གལ་ཏེ་རྒྱུ་མི་འགག་ཅིང་རང་གི་ངོ་བོས་གནས་ན་ནི། དེའི་ཚེ་རྟག་པར་ཐལ་བར་ཡང་འགྱུར་ན་དེ་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཁས་བླངས་སུ་ཟིན་ཀྱང་རྟག་པ་དང་ཆད་པར་ལྟ་བར་ཐལ་བ་ཡོད་པ་མ་ཡིན་ནོ། །འདུ་བྱེད་རྣམས་ཀྱི་འབྱུང་བ་དང་། འཇིག་པའི་རྒྱུན་རྒྱུ་དང་འབྲས་བུ་རྣམ་པར་མ་ཆད་པར་རིམ་པར་འབྱུང་བ་གང་ཡིན་པ་དེ་ཉིད་འཁོར་བ་ཡིན་ཏེ། དེའི་ཕྱིར་ཁོ་བོ་ཅག་ལ་ཉེས་པ་འདི་ཡོད་པ་མ་ཡིན་ནོ། །བརྗོད་པར་བྱ་སྟེ། གལ་ཏེ་འབྲས་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་གྱུར་ན། །དེ་ལྟ་ན་ཡང་། འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །མ་ཡིན་ནམ། གང་རྒྱུའི་སྐད་ཅིག་མ་འབྲས་བུ་བསྐྱེད་པར་བྱ་བ་ལ་རྒྱུར་གྱུར་ནས་འགག་པ། རྒྱུའི་སྐད་ཅིག་མ་འཇིག་པ་དང་ལྡན་པ་དེ་ཡང་མི་སྐྱེ་བའི་ཕྱིར་ཆད་པར་ལྟ་བར་འགྱུར་རོ། །ཁྱོད་ལ་སྐྱོན་འདིར་ཇི་ལྟར་མི་འགྱུར་ཞེ་ན། དངོས་པོ་ཁས་ལེན་པ་ལ་ཉེས་པ་འདིར་འགྱུར་གྱི། ངས་ནི་དངོས་པོ་ཁས་མ་བླངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །གང་དུ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བཤད་པ་དེར་ཡང་ཁོ་བོས་ཚུལ་འདིས་དངོས་པོ་རྣམས་རང་བཞིན་མེད་པར་བསྟན་པ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ། དངོས་པོ་རང་གི་ངོ་བོ་ཡོད་ན་ནི་ས་བོན་དང་མྱུ་གུ་དག་གཞན་ཉིད་དུ་ཇི་ལྟར་མི་འགྱུར། དེའི་ཕྱིར་ཐལ་བ་འདི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་དངོས་པོ་ཡོད་པར་ཁས་ལེན་ན་རྒྱུ་ཡང་སྐྱེ་བ་མེད་པའི་ཕྱིར་ཆད་པར་ལྟ་བར་ཐལ་བར་འགྱུར་བ་བརྗོད་ནས། ད་ནི་རྟག་པའི་ཉེས་པར་ཐལ་བར་བརྗོད་པའི་ཕྱིར། དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྒྱུ་རང་བཞིན་གྱིས་ཡོད་པར་གྱུར་ན་ནི། དེ་ཕྱིས་ཡོད་པ་མ་ཡིན་པར་མི་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྟག་པར་ལྟ་བར་ཐལ་བ་སོ་ན་འདུག་གོ །གཞན་ཡང་། མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །གལ་ཏེ་ཡང་རྒྱུ་དང་འབྲས་བུ་དག་གི་འབྱུང་བ་དང་འཇིག་པའི་རྒྱུན་འཇུག་པས་རྟག་པ་དང་ཆད་པར་ལྟ་བར་ཐལ་བ་སྤོང་བར་བྱེད་མོད་ཀྱི། དེ་ལྟ་ན་ཡང་གང་དུ་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་བ་མྱ་ངན་ལས་འདས་པ་དེར་ནི་ངེས་པར་ཆད་པར་ལྟ་བར་འགྱུར་ན། བཅོམ་ལྡན་འདས་ཀྱིས་ནི་ཆད་པར་ལྟ་བ་སྤང་བར་བྱ་བ་གསུངས་སོ། །རྣམ་པ་དེ་ལྟ་བུ་ནི་ཆད་པར་ལྟ་བ་ཡིན་པར་མི་འགྱུར་རོ་ཞེ་ན། ཁྱོད་ལ་གཞན་ཡང་ཅིའི་ཕྱིར་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་དུས་སུ་དངོས་པོ་རྣམ་པར་ཆད་པ་ལ་དམིགས་པ་ལྟར། དངོས་པོ་རྣམ་པར་ཆད་པ་ལ་དམིགས་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །གང་ཡང་། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་སྨྲས་པ་དེ་ཡང་མི་འཐད་དེ། ཇི་ལྟར་ཞེ་ན། འདིར་སྲིད་པ་ཐ་མ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན་ལ། དང་པོ་ནི་འགྲོ་བ་ཉིང་མཚམས་སྦྱོར་བའི་མཚན་ཉིད་ཅན་ནོ། །དེ་ལ་སྲིད་པ་ཐ་མ་འགག་བཞིན་པ་ནི་རྒྱུ་ཉིད་དུ་གནས་པ་ཡིན་ལ། སྐྱེ་བའི་མཚན་ཉིད་ཅན་སྲིད་པ་དང་པོ་ནི་འབྲས་བུའི་ངོ་བོར་གནས་པ་ཡིན་ཏེ། སྲིད་པ་དེ་གཉིས་ལ་འཁོར་བ་ཞེས་མིང་དུ་བཏགས་པ་ཡིན་ནོ། །འདིར་འདི་དཔྱད་པར་བྱ་བ་སྟེ། གང་ལས་རྒྱུ་དང་འབྲས་བུའི་རྒྱུན་གྱིས་འཁོར་བར་འགྱུར་བ། སྲིད་པ་དང་པོ་འབྲས་བུའི་ངོ་བོ་ཉིད་དུ་རྣམ་པར་གནས་པ་གང་ཡིན་པ་དེ་ཅི་སྲིད་པ་ཐ་མ་འགགས་པའམ། འོན་ཏེ་མ་འགགས་པའམ་དེ་སྟེ་འགག་བཞིན་པ་ན་སྐྱེ་གྲང་། རྣམ་པར་དཔྱད་ན་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐ་མ་འགགས་པར་གྱུར་པ་ན། །སྲིད་པ་དང་པོ་རིགས་མི་འགྱུར། །ཐ་མ་འགགས་པར་མ་གྱུར་ཚེ། །སྲིད་པ་དང་པོ་རིགས་མི་འགྱུར། །ཞེས་གསུངས་སོ། །དེ་ལ་གལ་ཏེ་སྲིད་པ་ཐ་མ་འགགས་པ་ནི་སྲིད་པ་དང་པོ་སྐྱེའོ་ཞེས་རྟོག་ན་ནི། དེའི་ཚེ་རྒྱུ་མེད་པར་འགྱུར་ཞིང་། ས་བོན་ཚེག་པ་ལས་ཀྱང་མྱུ་གུ་སྐྱེ་བར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཐ་མ་འགགས་པ་ན་སྲིད་པ་དང་པོ་མི་རིགས་སོ། །ད་ནི་སྲིད་པ་ཐ་མ་མ་འགགས་པ་ན་ཡང་སྲིད་པ་དང་པོ་རིགས་པར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ནི་རྒྱུ་མེད་པ་དང་། སེམས་ཅན་གཅིག་ལ་ངོ་བོ་གཉིས་ཡོད་པ་དང་། སྔོན་མེད་པའི་སེམས་ཅན་འབྱུང་བ་དང་། སྔ་མ་རྟག་པ་ཉིད་དང་། ས་བོན་མ་ཞིག་པ་ལ་མྱུ་གུ་སྐྱེ་བར་འགྱུར་ན། དེ་དག་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར། ཐ་མ་འགགས་པར་མ་གྱུར་ཚེ། །སྲིད་པ་དང་པོ་རིགས་མི་འགྱུར་རོ། །ད་ནི་སྲིད་པ་ཐ་མ་འགག་བཞིན་པ་ན་ཡང་ཇི་ལྟར་སྲིད་པ་དང་པོ་མི་འཐད་པ་དེ་ལྟར་བསྟན་པའི་ཕྱིར། གལ་ཏེ་ཐ་མ་འགག་བཞིན་ན། །དང་པོ་སྐྱེ་བར་འགྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང་། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །ཞེས་གསུངས་སོ། །དེ་ལ་འགག་བཞིན་པ་ནི་ད་ལྟར་བ་སྟེ། ད་ལྟར་བའི་རྐྱེན་གྱི་མཐའ་ཅན་གྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེ་བར་འགྱུར་བ་ཞེས་བྱ་བས་ཀྱང་ད་ལྟར་བ་ཉིད་བརྗོད་དེ། ད་ལྟར་བའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར་རོ། །ཡང་ན་འགག་བཞིན་པ་ནི་འགག་པའི་བྱ་བ་བྱེད་པ་པོ་ཡིན་ལ། སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཡང་སྐྱེ་བའི་བྱ་བ་བྱེད་པ་པོ་ཡིན་ཏེ། དེ་དག་དུས་གཅིག་པར་འདོད་པ་ན་ཅིག་ཅར་དུ་ཡོད་པར་འགྱུར་རོ། །དེའི་ཕྱིར་འགག་བཞིན་པ་ནི་སྲིད་པ་གཅིག་ཏུ་འགྱུར་ཞིང་། སྐྱེ་བཞིན་པ་ཡང་གཞན་དུ་འགྱུར་བས། སྲིད་པ་གཉིས་དུས་གཅིག་པ་ཉིད་དུ་འགྱུར་ན། གཅིག་ལ་ཅིག་ཅར་གཉིས་ཡོད་པ་ཡང་མ་ཡིན་པས་འདི་ནི་མི་རིགས་སོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་རྣམ་པར་དཔྱད་པའི་ཚུལ་གྱིས། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་ཏུ་ཡང་རིགས་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་པ། །དེ་ལ་སྐྱེ་བའང་འབྱུང་འགྱུར་རམ། །འང་གི་སྒྲ་ནི་བསྡུ་བའི་དོན་དུ་སྟེ། དེ་དག་སོ་སོ་སོ་སོར་འཇོག་པར་བྱེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་ཐ་མ་འགགས་པ་ན་སྲིད་པ་དང་པོ་འབྱུང་བ་མ་ཡིན་ཞིང་། ཐ་མ་མ་འགགས་པར་སྲིད་པ་དང་པོ་འབྱུང་བ་མ་ཡིན་ལ། སྲིད་པ་ཐ་མ་དང་ལྷན་ཅིག་སྟེ་དུས་གཅིག་ཏུ་ཡང་སྲིད་པ་དང་པོ་འབྱུང་བ་མ་ཡིན་ན། ད་ནི། ཕུང་པོ་གང་ལ་འཆི་འགྱུར་བ། །དེ་ལ་སྐྱེ་བའང་འབྱུང་འགྱུར་རམ། །ཕུང་པོ་གང་དག་ལ་གནས་པ་འཆི་བར་འགྱུར་བ་དེ་དག་ཉིད་ལ་སྐྱེ་བ་ཞེས་བྱ་བ་འདི་ནི་ཤིན་ཏུ་འགལ་བ་ཡིན་ནོ། །འདི་ལྟར་འཆི་བཞིན་པ་ནི་སྐྱེ་བར་མ་མཐོང་ངོ་། །དེའི་ཕྱིར། དེ་ལྟར་དུས་གསུམ་དག་ཏུ་ཡང་། །སྲིད་པའི་རྒྱུན་ནི་མི་རིགས་ན། །གང་གི་ཕྱིར་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་། འགག་བཞིན་པ་ནི་སྲིད་པ་དང་པོ་ཡོད་པ་མ་ཡིན་པ་དེའི་ཕྱིར། དུས་གསུམ་ཆར་དུ་ཡང་སྲིད་པའི་རྒྱུན་ཡོད་པ་མ་ཡིན་ནོ། །དུས་གསུམ་དག་ཏུ་གང་མེད་པ། །དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །གང་ཞིག་དུས་གསུམ་དག་ཏུ་ཡོད་པ་མ་ཡིན་པ་དེ་བདག་ཉིད་གཞན་གྱིས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སྲིད་པའི་རྒྱུན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུ་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་གང་སྨྲས་པ་དེ་ནི་མི་རིགས་པ་སྨྲས་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པར་ཁས་ལེན་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བ་དེ་ཉིད་བཟློག་པར་དཀའ་བ་ཡིན་ནོ། །དེའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་དོ་ཞེས་བྱ་བར་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཅེས་བྱ་བ་དང་། དེ་བཞིན་དུ། སྐྱེ་བ་དང་ནི་འཆི་འགྱུར་ཡང་། །སྐྱེ་བ་མེད་ཅིང་འཆི་མེད་པར། །གང་གིས་ཤེས་པར་གྱུར་བ་ཡིས། །ཏིང་འཛིན་འདི་ནི་རྙེད་མི་དཀའ། །ཞེས་གསུངས་པ་དང་། དེ་བཞིན་དུ། གང་དག་བསམ་ཡས་ཆོས་རྣམས་འདི་ཤེས་པ། །མི་རྣམས་དེ་དག་རྟག་ཏུ་བདེ་བ་ཡིན། །ཆོས་དང་ཆོས་མིན་རྣམ་རྟོག་མེད་པ་སྟེ། །ཐམས་ཅད་སེམས་ཀྱི་སྤྲོས་པས་ཕྱེ་བ་ཡིན། །ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་བཤིག །བྱིས་པ་གང་དང་སེམས་ཀྱི་དབང་སོང་པ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། །ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།།  །།འདིར་སྨྲས་པ། སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ། །འདི་ན་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་པ་གསུམ་མམ་བདུན་དུ་བར་ཆད་མེད་པའི་ཚུལ་གྱིས་བརྩོན་པ། བསོད་ནམས་བྱ་བ་རྩོམ་པ་ཕུལ་དུ་དབྱུང་དུ་མེད་པ། འགྲོ་བ་ལ་ཕན་པ་འབྱུང་བའི་བྱ་བ་གཅིག་པུའི་མཚན་ཉིད་ཅན་རྣམ་པ་སྣ་ཚོགས་པ་དེ་དང་དེ་དག་གིས་འགྲོ་བ། བུ་གཅིག་པ་ཕངས་པ་བས་ཀྱང་ཆེས་ལྷག་པ་མ་ལུས་པ་རྗེས་སུ་འཛིན་པ་ལྷུར་མཛད་པ། ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པ། འཁྲུངས་པའི་གནས་དེ་དང་དེར་ས་དང་ཆུ་དང་མེ་དང་རླུང་དང་། སྨན་གྱི་ལྗོན་ཤིང་ཐུན་མོང་བ་ལྟར་བདག་ཉིད་ཀྱང་འགྲོ་བ་རྣམས་ཀྱི་རང་གི་འདོད་པས་ལོངས་སྤྱད་པར་བྱ་བར་གྱུར་པར་མཛད་པས་དུས་རིང་མོ་ཞིག་གིས་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པ་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་བཅོམ་ལྡན་འདས་དེ་ཉིད་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་དེ་ལྟར་མ་ལུས་པར་མཁྱེན་ཞིང་ཐུགས་སུ་ཆུད་པ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །དེའི་ཕྱིར་གལ་ཏེ་སྲིད་པའི་རྒྱུན་མེད་ན་ནི། དེའི་ཚེ་དེ་བཞིན་གཤེགས་པ་ཡང་ཡོད་པར་མི་འགྱུར་ཏེ། སྐྱེ་བ་གཅིག་གིས་ནི་དེ་བཞིན་གཤེགས་པ་ཉིད་བརྙེས་པར་མི་དཔྱོད་དོ། །དེའི་ཕྱིར་སྲིད་པའི་རྒྱུན་ཡོད་པ་ཉིད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ་ཞེས་སྨྲའོ། །བརྗོད་པར་བྱ་སྟེ། གང་གི་མི་ཤེས་པ་ཤིན་ཏུ་ཆེན་པོ་འཐས་པའི་སྣང་བ་རྣམ་པ་སྣ་ཚོགས་པ་དེ་ལྟ་བུ་དག་གིས་བཟློག་ཏུ་ཟིན་ཀྱང་ཤིན་ཏུ་ཡུན་རིང་པོར་གོམས་པས་ད་རུང་ཡང་མི་ཟློག་ཅིང་མི་འཇིག་པ། ཁྱོད་ཀྱིས་མི་ཤེས་པ་ཤིན་ཏུ་ཆེན་པོ་འདི་ཉིད་སྲིད་པའི་རྒྱུན་རྣམ་པར་ཆད་པ་མེད་པར་འཇུག་པ་དང་། ཆེས་རིང་བར་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་འདིར་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་རང་བཞིན་གྱིས་ཡོད་ན་ནི། དེའི་ཚེ་དུས་རིང་པོས་མངོན་པར་གྲུབ་པའི་ཕྱིར་སྲིད་པའི་རྒྱུན་ཡོད་པར་འགྱུར་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་དངོས་པོའི་རང་བཞིན་དུ་དམིགས་པ་ཡང་མ་ཡིན་ཏེ། ཁྱོད་ཀྱི་མ་རིག་པའི་རབ་རིབ་ཆེན་པོས་བློ་གྲོས་ཀྱི་མིག་ཉམས་པ་ཉིད་ཀྱིས་ཟླ་བ་གཉིས་ལ་སོགས་པ་ལྟར་ལོག་པར་དེ་བཞིན་གཤེགས་པ་ཞེས་བྱ་བར་དམིགས་པ་འབའ་ཞིག་ཏུ་ཟད་དོ། །གང་གི་ཚེ་དེ་ལྟར་དེ་བཞིན་གཤེགས་པ་ཉིད་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེའི་ཚེ་དེའི་སྲིད་པའི་རྒྱུན་ཡོད་པར་ག་ལ་འགྱུར། ཇི་ལྟར་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་པ་དེ་ལྟར་བསྟན་པའི་ཕྱིར། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་ན་ནི། དེ་ཕུང་པོའི་རང་བཞིན་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཕུང་པོ་ལྔའི་རང་བཞིན་ནམ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བའི་ཕུང་པོ་ལྔའི་རང་བཞིན་ནམ། དེ་གཉིས་ལས་ཐ་དད་པར་འགྱུར་བ་ཞིག་ན། སྔ་མའི་ཕུང་པོ་ལྔ་པོ་ཉིད། སེམས་ཅན་དུ་གདགས་པའི་རྒྱུ་ཡིན་པས་རྣམ་པར་དཔྱད་པ་འདིར་བཟུང་གི ཕྱི་མ་དག་ནི་མ་ཡིན་ཏེ། འདི་དག་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་དང་། སྔ་མའི་ཁོངས་སུ་འདུས་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལྔ་ལས་ཐ་དད་པ་ཡིན་ན་ནི། དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་ཡོད་པའམ། ཕུང་པོ་དེ་དག་ལ་དེ་ཡོད་པའམ། ལྷ་སྦྱིན་ནོར་དང་ལྡན་པ་ལྟར་དེ་བཞིན་གཤེགས་པ་དེ་ཕུང་པོ་དང་ལྡན་པར་འགྱུར་གྲང་ན། རྣམ་པ་ཐམས་ཅད་དུ་དཔྱད་པ་ན་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་ཕུང་པོ་ཉིད་ནི་དེ་བཞིན་གཤེགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བཤད་པ་དང་། ཉེར་ལེན་གང་དེ་སངས་རྒྱས་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བ་འདིར་ཡང་སྦྱར་བར་བྱ་ལ། དེ་བཞིན་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བཤད་པ་དང་། གལ་ཏེ་ཕུང་པོ་སངས་རྒྱས་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་འདིར་ཡང་སྦྱར་བར་བྱའོ། །དེ་ལྟར་ན་རེ་ཞིག་ཕུང་པོ་དེ་བཞིན་གཤེགས་པ་མ་ཡིན་ནོ། །ད་ནི་དེ་བཞིན་གཤེགས་པ་ལ་ཕུང་པོ་དག་ལས་གཞན་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བར་བྱེད་རྒྱུ་ལས་མི་འབྱུང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །ཅེས་བཤད་པ་དེ་བཞིན་དུ། འདིར་ཡང་། གལ་ཏེ་ཉེར་ལེན་སངས་རྒྱས་གཞན། །ཉེར་ལེན་མེད་པར་འབྱུང་བར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །ཉེ་བར་ལེན་རྒྱུ་ལས་མི་འབྱུང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །ཅེས་བྱ་བར་སྦྱར་བར་བྱའོ། །དེ་བཞིན་དུ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བར་ཡང་སྦྱར་བར་བྱའོ། །ཕུང་པོ་ལ་སོགས་པ་དག་དང་། དེ་བཞིན་གཤེགས་པ་ལ་གཞན་ཉིད་མེད་པའི་ཕྱིར་ན། དེ་བཞིན་གཤེགས་པ་ལ་ཕུང་པོ་དག་ཡོད་པ་མི་འཐད་ཅིང་། ཕུང་པོ་དག་ལ་དེ་བཞིན་གཤེགས་པ་ཡོད་པ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ནོ། །ཕྱོགས་གཉིས་ཀྱི་རྣམ་པར་བཤད་པ་འདི་ནི། འདིར་བདག་ཕུང་པོ་ལ་མེད་ཕུང་འདི་དག །བདག་ལ་ཡོད་པ་མ་ཡིན་གང་གི་ཕྱིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་གོ །ཞེས་དབུ་མ་ལ་འཇུག་པ་ལས་བཤད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་ཇི་ལྟར་མ་ཡིན་པ་དེ་ལྟར་ནི། བདག་འདོད་གཟུགས་ལྡན་མ་ཡིན་གང་གི་ཕྱིར། །བདག་མེད་དེ་ཕྱིར་ལྡན་དོན་དང་འབྲེལ་མིན། །ཐ་དད་ཕྱུགས་ལྡན་ཐ་མི་དད་གཟུགས་ལྡན། །དེ་ཉིད་གཞན་དུ་བདག་མེད་དངོས་མེད་ཕྱིར། །ཞེས་དེ་ཉིད་དུ་བཤད་ཟིན་ཏོ། །དངོས་སུ་ན་ཕྱོགས་ལྔ་པོ་དེ་དག་དེ་ཉིད་དང་གཞན་ཉིད་ཀྱི་ཕྱོགས་ཉིད་ཀྱི་ནང་དུ་འདུས་མོད་ཀྱི། འཇིག་ཚོགས་ལ་ལྟ་བའི་འཇུག་པ་ལ་ལྟོས་ནས་ཕྱོགས་ལྔ་པོ་སློབ་དཔོན་གྱིས་གསུངས་སོ་ཞེས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་གང་ཞིག་དེ་ལྟར་ཕུང་པོ་དག་ལ་རྣམ་པ་ལྔས་དཔྱད་པ་ན་ཡོད་པ་མ་ཡིན་པ་དེ་བདག་ཉིད་གང་གིས་ཡོད་པར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པར་གཟིགས་ཤིང་། སློབ་དཔོན་གྱིས། དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་ཏེ། དེ་ནི་འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་གཤེགས་པ་མེད་པའི་ཕྱིར་ན་སྲིད་པའི་རྒྱུན་ཡང་མེད་དོ་ཞེས་བྱ་བར་གྲུབ་བོ། །འདིར་ཁ་ཅིག་ན་རེ། ཇི་སྐད་བཤད་པའི་ཉེས་པར་ཐལ་བར་འགྱུར་བས་དེ་ཕུང་པོ་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཀྱང་མི་སྨྲ་ལ། ཕུང་པོ་ལས་ཐ་དད་པར་ཡང་མ་ཡིན་ཞིང་། རི་གངས་ཅན་ལ་ཤིང་གི་ཚོགས་ལྟར་དེ་བཞིན་གཤེགས་པ་ལ་ཕུང་པོ་དག་ཡོད་པར་ཡང་མི་སྨྲ་ལ། ནགས་ཁྲོད་ན་སེང་གེ་ལྟར་ཕུང་པོ་དག་ལ་དེ་བཞིན་གཤེགས་པ་ཡོད་པ་ཡང་མ་ཡིན་ཞིང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཚན་དང་ལྡན་པ་ལྟར། དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པར་ཡང་མི་སྨྲ་སྟེ། གཅིག་ཉིད་དང་གཞན་ཉིད་ཁས་བླངས་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཞིག་རྣམ་པར་འཇོག་པ་ཡིན་ཏེ། དེའི་ཕྱིར་ཚུལ་འདི་ནི་ཁོ་བོ་ཅག་ལ་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་སྨྲའི། འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་རང་བཞིན་ལས་ཡོད་མིན། །རང་བཞིན་ལས་ནི་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཞིག་ཕུང་པོ་ལ་བརྟེན་ནས་འདོགས་ན། འོ་ན་ནི་ཕུང་པོ་ལ་བརྟེན་ནས་བརྟགས་པའི་གཟུགས་བརྙན་ལྟར་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཞེས་བྱ་བར་འགྱུར་རོ། །གང་ཞིག་དེ་ལྟར་རང་བཞིན་ལས་ཏེ་རང་གི་ངོ་བོས་མེད་ཅིང་། རང་བཞིན་ལས་ཡོད་པ་མ་ཡིན་པ་དེ་ཇི་ལྟར་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར། ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ཅན་གྱི་མོ་གཤམ་གྱི་བུ་ནི། གཞན་གྱི་དངོས་པོ་ལ་ལྟོས་ནས་ཡོད་པར་མི་རིགས་སོ། །ཅི་སྟེ་ཇི་ལྟར་གཟུགས་བརྙན་རང་བཞིན་ལས་ཡོད་པ་མ་ཡིན་ཡང་། བཞིན་དང་མེ་ལོང་ལ་སོགས་པ་གཞན་གྱི་དངོས་པོ་ལ་ལྟོས་ནས་ཡོད་པར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་རང་བཞིན་ལས་ཡོད་པ་མ་ཡིན་ཡང་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར་རོ་སྙམ་ན། དེ་ལྟ་ན་ཡང་། གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་བདག་ཉིད་དུ་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །གལ་ཏེ་གཟུགས་བརྙན་ལྟར་གཞན་གྱི་དངོས་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འདོད་ན་ནི། དེ་ལྟ་ན་དེ་བཞིན་གཤེགས་པ་དེ་གཟུགས་བརྙན་ལྟར་བདག་ཉིད་ཅེས་བྱ་བར་མི་འཐད་ཅིང་། རང་བཞིན་ཞེས་བྱ་བར་མི་རིགས་ཏེ། བདག་ཉིད་ཀྱི་སྒྲ་འདི་ནི་རང་བཞིན་གྱི་རྣམ་གྲངས་ཡིན་ནོ། །གང་ཞིག་གཟུགས་བརྙན་ལྟར་བདག་ཉིད་མེད་ཅིང་རང་བཞིན་མེད་པ་དེ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར་ཏེ། ཕྱིན་ཅི་མ་ལོག་པའི་ལམ་ནས་གཤེགས་པར་ཇི་ལྟར་འགྱུར་ཞེས་བྱ་བར་དགོངས་པའོ། །གཞན་ཡང་། གལ་ཏེ་འདི་ནི་དེ་བཞིན་གཤེགས་པ་ལ་རང་བཞིན་འགའ་ཞིག་ཡོད་ན་ནི། དེའི་ཚེ་དེའི་རང་བཞིན་ལ་ལྟོས་ནས་ཕུང་པོའི་རང་བཞིན་གཞན་གྱི་དངོས་པོར་འགྱུར་ལ། གཞན་གྱི་དངོས་པོ་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། གང་གི་ཚེ་དེ་བཞིན་གཤེགས་པ་ལ་རང་བཞིན་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་ཕུང་པོ་རྣམས་གཞན་ཉིད་དུ་ག་ལ་འགྱུར་ཞེས་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་རང་བཞིན་ཡོད་མིན་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །གང་གི་ཚེ་དེ་ལྟར་རང་བཞིན་དང་གཞན་གྱི་དངོས་པོ་དག་མེད་པ་དེའི་ཚེ། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང་། །དངོས་པོ་ཡིན་ན་རང་བཞིན་གཞན་གྱི་དངོས་པོར་འགྱུར་གྱི། གང་ཞིག་དེ་བཞིན་གཤེགས་པ་ཞེས་བྱ་བར་རྣམ་པར་གཞག་པ་དེ་གཉིས་ལས་མ་གཏོགས་པའི་དངོས་པོ་གཞན་དེ་གང་ཞིག་ཡོད། དེའི་ཕྱིར་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་དོ། །གཞན་ཡང་། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོད་བརྟེན་འགྱུར་ཞིང་། །བརྟེན་ནས་དེ་ལས་འགྱུར་ལ་རག །གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཞིག་ཕུང་པོ་དག་ལ་བརྟེན་ནས་འདོགས་སོ་སྙམ་དུ་སེམས་ན་ནི། དེ་ལ་གལ་ཏེ་ཕུང་པོ་རྣམས་ལ་མ་བརྟེན་པར་ཏེ་མ་བཟུང་བར་སྔར་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་ཅིང་ཕུང་པོ་ལ་བརྟེན་ནས་གྱུར་པ་དེའི་ཚེ་རིགས་ཏེ། འདི་ལྟར་སྔར་ནོར་ལས་ཐ་དད་པར་གྲུབ་པའི་ལྷ་སྦྱིན་ནི་ནོར་ལེན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ཕུང་པོ་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཞིག་ཡོད་ན་ནི། དེ་ད་གཟོད་ཕུང་པོ་དག་ལ་བརྟེན་པར་འགྱུར་ཞིང་། ཕུང་པོ་དེ་དག་ལ་བརྟེན་ནས་འགྱུར་ལ་རག་ན། རྣམ་པ་ཐམས་ཅད་དུ་དཔྱད་པ་ན། ཕུང་པོ་རྣམས་ལ་མ་བརྟེན་པར། དེ་བཞིན་གཤེགས་པ་འགའ་ཡང་མེད་དེ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་མ་བརྟེན་ཡོད་མིན་ན། །དེ་ནི་ཇི་ལྟར་ཉེར་ལེན་འགྱུར། །ཡོད་པ་མ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཕུང་པོ་ཅུང་ཟད་ཀྱང་མི་ལེན་པ་དེའི་ཚེ། ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བར་མི་འཐད་དོ། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཉེ་བར་ལེན་པའི་སྔ་རོལ་དུ་མེད་པས་ཅུང་ཟད་ཀྱང་མི་ལེན་པ་དེའི་ཚེ་སུས་ཀྱང་ཉེ་བར་མ་བླངས་པས་དེའི་ཉེ་བར་ལེན་པ་ཡང་ཉེ་བར་ལེན་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེ་བར་བླངས་པ་མ་ཡིན་པར། །ཉེ་བར་ལེན་པར་ཅིས་མི་འགྱུར། །ཞེས་བྱ་བ་གསུངས་སོ། །གང་གི་ཚེ་དེ་ལྟར་སུས་ཀྱང་མ་བླངས་པའི་ཕྱིར་ཉེ་བར་ལེན་པ་ཉེ་བར་ལེན་པར་མི་འགྱུར་བ་དེའི་ཚེ་ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །ཅེས་བྱ་བ་གསུངས་སོ། །དེའི་ཕྱིར་དེ་ལྟར། ཇི་སྐད་བཤད་པའི་ཚུལ་གྱིས། རྣམ་པ་ལྔས་ནི་བཙལ་བྱས་ནས། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པར་ཇི་ལྟར་གདགས། །དེ་བཞིན་གཤེགས་པ་གང་ཞིག་དཔྱད་ཅིང་བཙལ་བར་བྱས་པ་ན། གང་ཞིག་ཕུང་པོ་དག་ལས་དེ་ཉིད་དེ་གཅིག་ཏུ་མེད་ཅིང་། ཕུང་པོ་དག་ལས་གཞན་ཉིད་དུ་སྟེ་ཐ་དད་པ་ཉིད་དུ་མེད་ལ། གང་ཞིག་དེ་ཉིད་དང་གཞན་ཉིད་དུ་མེད་པས་རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་རྣམ་པ་ལྔས་བཙལ་བ་ན་མེད་ཅིང་གཏན་ཡོད་པ་མ་ཡིན་པའི་དེ་བཞིན་གཤེགས་པ་དེ་ཉེ་བར་ལེན་པས་ཇི་ལྟར་གདགས་པར་ནུས། དེའི་ཕྱིར་ཡང་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་དོ། །རྣམ་པར་དཔྱད་པ་འདིས་དེ་བཞིན་གཤེགས་པ་ཁོ་ན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་། གང་ཞིག་ཉེ་བར་བླངས་པ་དེ། །དེ་ནི་རང་བཞིན་ལས་ཡོད་མིན། །གང་ཞིག་ཉེ་བར་བླངས་པ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཕུང་པོ་ལྔ་པོ་དེ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དང་། ཕུང་པོ་བརྟག་པར་རྒྱས་པར་འགག་པའི་ཕྱིར་རོ། །ཅི་སྟེ་ཡང་ཉེ་བར་བླང་བའི་རང་བཞིན་ལས་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་། རྒྱུ་དང་རྐྱེན་གྱི་བདག་ཉིད་ཅན་གཞན་གྱི་དངོས་པོ་ལས་ཡོད་པར་འགྱུར་རོ་སྙམ་ན། དེ་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར། བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །ཞེས་གསུངས་ཏེ། མོ་གཤམ་གྱི་བུ་བདག་གི་དངོས་པོ་ལས་ཡོད་པ་མ་ཡིན་པ་དེ་ནི་གཞན་གྱི་དངོས་པོས་གདགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཉེ་བར་བླངས་པ་ཡང་མེད་དོ། །རྣམ་པ་གཅིག་ཏུ་ན། གང་ཞིག་ཉེ་བར་བླངས་པ་དེ། །དེ་ནི་རང་བཞིན་ལས་ཡོད་མིན་ཏེ། ཉེ་བར་ལེན་པ་པོ་ལ་ལྟོས་པའི་ཕྱིར་དང་། ཉེ་བར་ལེན་པ་པོ་ལ་མ་ལྟོས་པ་ལ་ཉེ་བར་བླང་པ་ཉིད་མེད་པའི་ཕྱིར་རང་གི་ངོ་བོས་གྲུབ་པའི་ཉེ་བར་བླང་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་གལ་ཏེ་ཉེ་བར་བླང་བ་ཉེ་བར་ལེན་པ་པོ་ལ་མ་ལྟོས་པའི་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་ན། འོ་ན་ནི་དེ་ལྟ་ན་ཉེ་བར་ལེན་པ་པོ་ལ་ལྟོས་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་། བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །ཉེ་བར་བླང་བ་གང་ཞིག་བདག་གི་དངོས་པོ་ལས་མ་གྲུབ་ཅིང་ཡོད་པ་མ་ཡིན་པའི་རང་བཞིན་དེ་ཉེ་བར་ལེན་པ་པོ་གཞན་གྱི་དངོས་པོ་ལས་ཡོད་པར་ཇི་ལྟར་འགྱུར། དེའི་ཕྱིར་ཉེ་བར་བླང་བ་ཡང་མེད་དོ་ཞེས་བྱ་བའོ། །ད་ནི་ཇི་ལྟར་རབ་ཏུ་བསྒྲུབས་པའི་དོན་ཉིད་ཉེ་བར་བསྟན་པའི་ཕྱིར། དེ་ལྟར་ཉེར་བླངས་ཉེར་ལེན་པོ། །རྣམ་པ་ཀུན་ཀྱིས་སྟོང་པ་ཡིན། །ཞེས་གསུངས་ཏེ། རྣམ་པ་ཐམས་ཅད་ཀྱིས་དཔྱད་པ་ན། ཉེ་བར་བླངས་པ་སྟོང་པ་སྟེ་རང་བཞིན་མེད་ཅིང་ཉེ་བར་ལེན་པ་པོ་སྟོང་ཞིང་རང་བཞིན་དང་བྲལ་བ་ཡིན་ནོ། །ད་ནི་ཉེ་བར་བླངས་པ་དེ། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འཐད་པར་འགྱུར། །ཡོད་པ་མ་ཡིན་པའི་ཉེ་བར་བླངས་པས་ཡོད་པ་མ་ཡིན་པའི་དེ་བཞིན་གཤེགས་པ་འདོགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་ཕུང་པོ་དག་ལ་བརྟེན་ནས་དེ་བཞིན་གཤེགས་པ་འདོགས་སོ་ཞེས་བྱ་བ་ནི་འཐད་པ་མ་ཡིན་ནོ། །འདིར་སྨྲས་པ། ཨེ་མ་མ་ལ་ཁོ་བོ་ཅག་གི་རེ་ཐག་བཅད་དོ། །འདི་ལྟར་གང་ཁོ་བོ་ཅག་ནི་གཟེགས་ཟན་དང་རྐང་མིག་དང་། ཕྱོགས་ཀྱི་གོས་ཅན་དང་། རྒྱལ་དཔོག་པ་ལ་སོགས་པ་རང་གི་རྣམ་པར་རྟོག་པས་བརྟགས་པའི་ལྟ་བ་ངན་པའི་ལྕུག་མ་ཤིན་ཏུ་སྲིན་ཏེའི་དྲྭ་བས་གཏུམས་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་ཕྱིན་ཅི་མ་ལོག་པ་ལས་ཉམས་པ། འཁོར་བའི་འབྲོག་དགོན་པའི་ལམ་ཤིན་ཏུ་བགྲོད་པར་དཀའ་བས་མ་བརྒལ་པ། མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་བསྟན་པར་མངོན་པར་རློམ་པ་དག་ལ་དགའ་བ་སྤངས་ནས། དེ་བཞིན་གཤེགས་པའི་ཉི་མ་གཞན་མུ་སྟེགས་པའི་གཞུང་ལུགས་ཀྱི་མུན་པ་མ་ལུས་པར་སེལ་བར་མཛད་པ། མཐོ་རིས་དང་བྱང་གྲོལ་དང་མཐུན་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ། དམ་པའི་ཆོས་སྟོན་པའི་འོད་ཟེར་ཤིན་ཏུ་གསལ་བས་ཕྱོགས་ཀྱི་ངོས་མ་ལུས་པར་ཁྱབ་པར་མཛད་པ། གདུལ་བྱ་རྣམ་པ་སྣ་ཚོགས་པའི་བློའི་པདྨའི་ཚོགས་ཁ་འབྱེད་པ་ལྷུར་མཛད་པ། དངོས་པོའི་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟར་གནས་པ་བཞིན་བསྟན་པའི་སྣོད་དུ་གྱུར་པ་རྣམས་ཀྱི་དྲི་མ་མེད་པའི་མིག་གཅིག་པུར་གྱུར་པ། འགྲོ་བ་མཐའ་དག་གི་ཟླ་མེད་པའི་སྐྱབས་སུ་གྱུར་པ། སྟོབས་བཅུ་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དཀྱིལ་འཁོར་དྲི་མ་མེད་པ་མངའ་བ་ལ་སྐྱབས་སུ་སོང་ཞིང་ཐར་པ་དོན་དུ་གཉེར་བ་ཡིན་ན། ད་ལྟ་ནི། དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་པར་སྨྲས་པས་ཁོ་བོ་ཅག་གི་ཐར་པའི་རེ་ཐག་བཅད་པ་ཡིན་ནོ། །དེ་ཕྱིར་དེ་བཞིན་གཤེགས་པའི་རྩི་སྨན་ཆེན་པོའི་ལྗོན་ཤིང་རྩད་ནས་འདོན་པ་ཁྱོད་དང་བརྩད་པས་ཆོག་གོ །བརྗོད་པར་བྱ་སྟེ། འདིར་ཁྱོད་ལྟ་བུའི་སྐྱེ་བོ་ལ། ཁོ་བོ་ཅག་གི་རེ་ཐག་ཆད་པ་ཡིན་ནོ། །འདིར་ལྟར་གང་ཁྱོད་ནི་ཐར་པ་འདོད་པས་གཞན་མུ་སྟེགས་པའི་གཞུང་ལུགས་དག་དོར་ནས་ཕྱིན་ཅི་མ་ལོག་པར་སྟོན་པ་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ཡང་བདག་མེད་པའི་སེང་གེའི་སྒྲ་མཆོག་ཏུ་ཟབ་པ་མུ་སྟེགས་ཅན་གྱི་སྨྲ་བ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་མི་བཟོད་པ་ན། རང་གི་ལྷག་པར་མོས་པས་བཀྲེན་པ་ཉིད་ཀྱིས་ལམ་ལྟ་བ་ངན་པ་སྣ་ཚོགས་པའི་སྦྲུལ་གྱིས་དཀྲུགས་པ། སྐྱེ་བོ་ཕྱིན་ཅི་ལོག་ཏུ་གྱུར་པས་རྗེས་སུ་བགྲོད་པ། འཁོར་བའི་འབྲོག་དགོན་པ་མི་ཟད་པ་དང་རྗེས་སུ་མཐུན་པ་དེ་ཉིད་ནས་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ནམ་ཡང་བདག་དང་ཕུང་པོ་རྣམས་ཡོད་པ་ཉིད་དུ་མི་གསུང་ངོ་། །ཇི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་སོ། །ཁོ་བོ་ཅག་ནི་གང་ལས་ཁོ་བོ་ཅག་ལ་དེ་སྐད་དུ་སྐུར་པ་བཏབ་པས་བྱས་པའི་ཉེས་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་དེ་བཞིན་གཤེགས་པ་སྤྲོས་པ་མེད་པ་དག་ཉིད་དུ་མི་སྨྲའོ། །གཞན་ཡང་དེ་བཞིན་གཤེགས་པ་རང་བཞིན་མེད་པར་སྟོན་ཞིང་ཕྱིན་ཅི་མ་ལོག་པའི་དོན་བརྗོད་པར་འདོད་པས་ནི། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །འདི་དག་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་མ་བརྗོད་ན་རྟོགས་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གནས་པའི་རང་བཞིན་རྟོགས་པར་མི་ནུས་ཏེ། དེའི་ཕྱིར་ཁོ་བོ་ཅག་ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཐ་སྙད་ཀྱི་དོན་དུ་གདུལ་བྱའི་སྐྱེ་བོའི་ངོར་ལྟག་པར་སྒྲོ་བཏགས་ནས་སྟོང་པ་ཞེས་ཀྱང་སྨྲ་ལ་མི་སྟོང་པ་ཞེས་བྱ་བ་དང་། སྟོང་པ་ཡང་ཡིན་ལ་མི་སྟོང་པ་ཡང་ཡིན་ཞེས་བྱ་བ་དང་། སྟོང་པ་ཡང་མ་ཡིན་ལ་མི་སྟོང་པ་ཡང་མ་ཡིན་པ་ཞེས་ཀྱང་སྨྲའོ། །དེ་ཉིད་ཀྱི་ཕྱིར། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དགོངས་པ་གང་གིས་སྟོང་པ་ཉིད་ལ་སོགས་པ་བསྟན་པ་དེ་ནི་བདག་བརྟགས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཇི་སྐད་དུ་མདོ་ལས། ཁྱོད་ཀྱིས་འགྲོ་འདི་སྒྱུ་མ་ལྟ་བུ་དང་། །ཟློས་གར་ལྟ་དང་རྨི་ལམ་ལྟ་བུ་དང་། །བདག་མེད་སེམས་ཅན་མེད་ཅིང་སྲོག་འགྲོ་མེད། །ཆོས་རྣམས་སྨིག་རྒྱུ་ཆུ་ཟླ་ལྟ་བུར་མཁྱེན། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ན་འགྲོ་བ་འཁྱམ་འགྱུར་བ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྟོགས་པ་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་སྤྲོས་པ་མེད་པ་ལ་མངའ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སྟོང་པ་ཉིད་ལ་སོགས་པ་བཞི་པོ་མི་མངའ་བ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །འདིར། བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་བསྟན་པ་ཡིན་ནོ། །འདི་ལྟ་སྟེ། འཇིག་རྟེན་རྟག་གོ །འཇིག་རྟེན་མི་རྟག་གོ །འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ །འཇིག་རྟེན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་བཞི་ཚན་དང་པོའོ། །འཇིག་རྟེན་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། འཇིག་རྟེན་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན། འཇིག་རྟེན་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཉིས་པའོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་དོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མེད་དོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན་ནོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་གསུམ་པའོ། །ལུས་དེ་སྲོག་ཡིན། སྲོག་དེ་ལུས་ཡིན། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ཞེས་བྱ་བ་སྟེ། དངོས་པོ་བཅུ་བཞི་པོ་འདི་དག་ནི་བརྡ་སྤྲད་པར་བྱ་བ་མ་ཡིན་པས་ལུང་དུ་མ་བསྟན་པའི་དངོས་པོ་ཞེས་བྱའོ། །དེ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་ལ་སོགས་པ་བཞི་པོ་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཞི་ཞིང་ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཇི་ལྟར་མི་མངའ་བ་དེ་བཞིན་དུ། རྟག་པ་དང་མི་རྟག་པ་ལ་སོགས་པ་བཞི་ཡང་དེ་ལ་མི་མངའོ། །མི་མངའ་བ་ཉིད་ཀྱི་ཕྱིར་མོ་གཤམ་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལྟར་འཇིག་རྟེན་ལ་བཞི་པོ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པ་ཡིན་ནོ། །བཞི་པོ་འདི་དག་དེ་བཞིན་གཤེགས་པ་ལ་ཇི་ལྟར་མི་མངའ་བ་དེ་བཞིན་དུ་མཐའ་ཡོད་པ་དང་མཐའ་མེད་པ་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་ལ་མི་མངའོ། །ད་ནི་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་རྟོག་པ་བཞི་པོ་ཡང་འཇུག་པ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་གཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །ཅེས་གསུངས་ཏེ། གང་གིས་མངོན་པར་ཞེན་པ་ཆེན་པོས་དེ་བཞིན་གཤེགས་པ་ཡོད་དོ་ཞེས་བྱ་བར་འཛིན་པ་ཆེན་པོས་སྟུག་པོས་བཟུང་ཞིང་ཡོངས་སུ་རྟོག་པ་བསྐྱེད་པ་དེ་ནི་ངེས་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་དེ་གྲོངས་ནས་དུས་ཕྱིས་མེད་ཅིང་དེ་བཞིན་གཤེགས་པ་རྒྱུན་ཆད་ལ་དེ་བཞིན་གཤེགས་པ་མི་བདོག་པ་ཡིན་ནོ་ཞེས་རྟོག་པར་བྱེད་དོ། །དེ་ལྟར་རྟོག་པ་དེ་ལ་ནི་ལྟ་བར་བྱས་པར་འགྱུར་རོ། །གང་གི་ལྟར་ན་རང་བཞིན་གྱིས་སྟོང་པའི་ཕྱིར་གནས་སྐབས་འགའ་ཡང་དེ་བཞིན་གཤེགས་པ་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱོགས་ལ་ནི། རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །ནམ་མཁའ་ལ་རི་མོའི་གཟུགས་རྟོག་པ་ལྟར་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཞི་ཞིང་། རང་བཞིན་མེད་པ་སྤྲོས་པ་ཐམས་ཅད་ལས་འདས་པ་ལས་བློ་ཞན་པ་ཉིད་ཀྱིས་རྟག་པ་དང་མི་རྟག་པ་ལ་སོགས་པ་སྟེ། རྟག་པ་དང་མི་རྟག་པ་དང་། ཡོད་པ་དང་མེད་པ་དང་། སྟོང་པ་དང་མི་སྟོང་པ་དང་། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མི་མཁྱེན་པ་ལ་སོགས་པར་རྟོག་པ་དང་། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །སྤྲོས་པ་ནི་དངོས་པོའི་རྒྱུ་ཅན་ཡིན་ན། དེ་བཞིན་གཤེགས་པ་དངོས་པོ་མེད་པ་ལ་སྤྲོས་པ་རྣམས་འཇུག་པ་ག་ལ་ཡོད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྤྲོས་པ་ལས་འདས་པ་ཡིན་ནོ། །སྐྱེ་བ་མེད་པའི་རང་བཞིན་ཡིན་པས་རང་བཞིན་གཞན་དུ་མི་འགྲོ་བའི་ཕྱིར་ཟད་པ་མེད་པའོ། །གང་དག་རྣམ་པར་རྟོག་པ་ལོག་པ་དེ་རང་གིས་བརྟགས་པའི་དྲི་མས་སེམས་དྲི་མ་ཅན་དུ་བྱས་པས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཁྱད་པར་རྣམ་པ་སྣ་ཚོགས་པ་དག་གིས་དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་དེ་ལྟ་བུ་དེ་སྤྲོས་པར་བྱེད་པ་དེ་དག་ལ་ནི་རང་གི་སྤྲོས་པ་དག་གིས་ཉམས་པར་གྱུར་པས། དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྐོག་ཏུ་གྱུར་པར་གནས་པར་འགྱུར་རོ། །དེའི་ཕྱིར་རོ་དང་འདྲ་བ་དེ་དག་གིས་གསུང་རབ་འདི་ལ་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་ཏེ། དམུས་ལོང་གིས་ཉི་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པ་བརྟག་པ་འདིར་སེམས་ཅན་གྱི་འཇིག་རྟེན་བརྟག་པ་བྱས་པ་ཡིན་ནོ། །སེམས་ཅན་གྱི་འཇིག་རྟེན་འདི་ཇི་ལྟར་རང་བཞིན་མེད་པ་དེ་ལྟར། སྣོད་ཀྱི་འཇིག་རྟེན་ཡང་རང་བཞིན་མེད་པ་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡིས་རང་བཞིན་མེད། །ཅེས་བྱ་བ་གསུངས་ཏེ། འགྲོ་བ་ཇི་ལྟར་རང་བཞིན་མེད་པ་ཡིན་པ་དེ་ལྟར་ནི་རྐྱེན་བརྟགས་པ་ལ་སོགས་པ་དག་གིས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །འདི་ནི་དེ་བཞིན་དང་དེ་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །ཞེས་གསུངས་སོ། །བཅོམ་ལྡན་འདས་མ་ལས་ཀྱང་། དེ་ནས་ལྷའི་བུ་དེ་དག་གིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་ཡིན་གྱི་སྒྱུ་མ་མ་ཡིན་ནམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག་དེ་ལྟར་ན་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ལྟར་ན་རྨི་ལམ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རྒྱུན་དུ་ཞུགས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དགྲ་བཅོམ་པའི་འབྲས་བུ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རང་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །རང་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་གལ་ཏེ་མྱ་ངན་ལས་འདས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་གཞན་འགའ་ཞིག་ཡོད་ན་ཡང་། དེ་ཡང་བདག་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའོ། །དེ་ལྟར་ན་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའི་འགྲེལ་པའོ།།  །།འདིར་སྨྲས་པ། །སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ། དེའི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་ཉོན་མོངས་པ་རྣམས་ལས་ནི་ལས་འབྱུང་ཞིང་། ལས་དང་ཉོན་མོངས་པའི་རྒྱུ་ཅན་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་ཉེ་བར་ཞི་བ་སྐྱེ་བར་འབྱུང་ལ། དེ་ཡང་སྲིད་པའི་རྒྱུ་ཉིད་དུ་རྟོག་གོ །རྒྱུན་དུ་བསྙད་དོ། །དེའི་གཙོ་བོའི་རྒྱུ་ནི་ཉོན་མོངས་པ་རྣམས་ཡིན་ཏེ། ཉོན་མོངས་པ་སྤངས་པ་དག་ལ་དེ་མེད་པའི་ཕྱིར་རོ། །ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དེ་རྣམས་ནི་ཡོད་པ་ཡིན་ཏེ། དེའི་ཕྱིར་འབྲས་བུར་འགྱུར་བ་སྲིད་པའི་རྒྱུན་ཡང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་དེའི་རྒྱུར་གྱུར་པ་ཉོན་མོངས་པ་དག་ཡོད་ན་ནི། སྲིད་པའི་རྒྱུན་ཡང་ཡོད་པར་འགྱུར་ན། ཡོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་དུ་འབྱུང་། །ཀུན་ཏུ་རྟོག་པ་ནི་རྟོག་པའོ། །ཀུན་ཏུ་རྟོག་པ་ལས་འབྱུང་བས་ན་ཀུན་ཏུ་རྟོག་པ་ལས་འབྱུང་བའོ། །འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། །ཞེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས་སོ། །འདི་དག་ཁོ་ན་ཉེ་བར་བཟུང་བས་ནི། ཉོན་མོངས་པ་གཞན་རྣམས་འདི་དག་གི་རྒྱུ་ཅན་ཡིན་པས་གཙོ་བོར་གྱུར་པའི་ཕྱིར་རོ། །ཉོན་མོངས་པ་གསུམ་པོ་དེ་དག་ནི། སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་སྟེ། དེ་ལ་ཡུལ་སྡུག་པའི་རྣམ་པ་ལ་བརྟེན་ནས་ནི་འདོད་ཆགས་འབྱུང་ལ། མི་སྡུག་པ་ལ་བརྟེན་ནས་ཞེ་སྡང་འབྱུང་ངོ་། །ཕྱིན་ཅི་ལོག་ལ་བརྟེན་ནས་ནི་གཏི་མུག་འབྱུང་ངོ་། །ཀུན་ཏུ་རྟོག་པ་ནི་དེ་དག་གསུམ་ཆར་ཡང་བསྐྱེད་པར་བྱ་བ་ལ་རྒྱུ་ཐུན་མོང་པ་ཡིན་ནོ། །ཡང་ཇི་ལྟར་གཏི་མུག་ཀུན་ཏུ་རྟོག་པ་ལས་འབྱུང་ཞེ་ན། བརྗོད་པར་བྱ་སྟེ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་དགེ་སློང་དག་མ་རིག་པ་ནི་རྒྱུ་དང་བཅས་པ་གཞི་དང་བཅས་པ་རྐྱེན་དང་བཅས་པའོ། །དགེ་སློང་དག་མ་རིག་པའི་རྒྱུ་གང་ཞེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཡིད་ལ་བྱེད་པ་རྙོག་པ་ཅན་ནི་གཏི་མུག་ལས་སྐྱེ་བ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་མ་རིག་པ་དང་ཀན་ཏུ་རྟོག་པ་ལས་འབྱུང་བར་འགྱུར་རོ། །དེའི་ཕྱིར། གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །གལ་ཏེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་རང་བཞིན་གྱིས་གྲུབ་པ་ཡིན་ན་ནི། རང་བཞིན་ནི་བཅོས་མ་མ་ཡིན་པའི་ཕྱིར་དང་། གཞན་ལ་ལྟོས་པ་མེད་པའི་ཕྱིར། དེ་རྣམས་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་མི་འབྱུང་བ་ཞིག་ན། སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་ཡང་ཡིན་ཏེ། དེའི་ཕྱིར་དེ་དག་རང་བཞིན་མེད་པ་ཉིད་ཡིན་གྱི། ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། དོན་དམ་པར་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་འགྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །བདག་གི་ཡོད་པ་ཉིད་དང་མེད་པ་ཉིད་དག་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་ནི་རྒྱས་པར་བཤད་ཟིན་ཏོ། །དེའི་ཕྱིར་དེ་ལ་བརྟེན་པའི་ཆོས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་ཡོད་པར་ག་ལ་འགྱུར། ཅི་སྟེ་གལ་ཏེ་བདག་གི་ཡོད་པ་ཉིད་དང་མེད་པ་ཉིད་མེད་པ་དེའི་ཚེ་གང་ལས་དེ་རྣམས་ཀྱི་ཡོད་པ་ཉིད་དང་མེད་པ་ཉིད་དག་མེད་པར་འགྱུར་བ། འདིར་ཉོན་མོངས་པ་རྣམས་ལས་ཅི་ཞིག་འབྱུང་སྙམ་ན། བརྗོད་པ། ཉོན་མོངས་འདི་དག་གང་གི་ཡིན། །དེ་ཡང་འགྲུབ་པ་ཡོད་པ་ཡིན། །འགའ་མེད་པ་ནི་གང་གི་ཡང་། །ཉོན་མོངས་པ་དག་ཡོད་མ་ཡིན། །འདིར་ཉོན་མོངས་པ་འདི་དག་རྩིག་ངོས་ཀྱི་རི་མོ་དང་འབྲས་བུ་སྨིན་པ་ཉིད་བཞིན་དུ་བསྐྱེད་པར་བྱ་བ་བརྟེན་པ་ལ་ལྟོས་པ་ཡིན་ནོ། །དེའི་ཕྱིར་འདི་དག་གང་ཞིག་གི་ཡིན་པར་འགྱུར་གྱི་རྟེན་འགའ་ཞིག་མེད་པར་ནི་མ་ཡིན་ནོ། །རྟེན་དེ་ཡང་བརྟགས་པ་ན་བདག་གམ་སེམས་ཤིག་ཡིན་པ་ཞིག་ན། དེ་དག་གི་རྟེན་དེ་ནི་སྔར་བཀག་ཟིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །རྟེན་དེ་འགའ་ཡང་མེད་པར་ནི་གང་གི་ཉོན་མོངས་པ་ཡིན་པར་འགྱུར། དེ་མེད་པ་ཉིད་ཀྱི་ཕྱིར་གང་གི་ཕྱིར་ཡང་མ་ཡིན་ནོ་ཞེས་བཤད་པ། འགའ་མེད་པར་ནི་གང་གི་ཡང་། །ཉོན་མོངས་པ་དག་ཡོད་མ་ཡིན། །འདིར་ཉོན་མོངས་པ་རྣམས་ཀྱི་རྟེན་སྔར་གྲུབ་པ་ནི་འགའ་ཡང་ཁས་མི་ལེན་ལ། གང་ཞིག་རྟེན་ཉིད་དུ་རྣམ་པར་གཞག་པ་བདག་ཅེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་ནམ་མཁའི་ཨ་མྲའི་ཤིང་བཞིན་ནོ། །འོ་ན་ཅི་ཞེ་ན། ཉོན་མོངས་པ་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་པ་རྣམས་སྐྱེ་བར་འགྱུར་ལ། སེམས་དེ་ཡང་ཉོན་མོངས་པ་རྣམས་དང་ལྷན་ཅིག་སྐྱེའོ་ཞེས་ཟེར་རོ། །འདི་ཡང་མི་རིགས་སོ་ཞེས་བཤད་པ། རང་ལུས་ལྟ་ཞིང་ཉོན་མོངས་རྣམས། །ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་ཞིང་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །རང་ལུས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཚོགས་སོ། །རང་གི་ལུས་ལ་ལྟ་བ་ནི་རང་ལུས་ལྟ་སྟེ། བདག་དང་བདག་གི་བའི་རྣམ་པར་འཛིན་པར་ཞུགས་སོ། །ཇི་ལྟར་འདི། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་བྱ་བ་འདིས་རྣམ་པ་ལྔར་དཔྱད་པ་ན། རང་གི་ལུས་ལ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་རྣམ་པ་ལྔར་དཔྱད་པ་ན་ཉོན་མོངས་པ་ཅན་ལ་ཡོད་པ་མ་ཡིན་ནོ། །དེ་ལ་ཉོན་མོངས་པར་བྱེད་པས་ནི་ཉོན་མོངས་པ་རྣམས་སོ། །ཉོན་མོངས་པར་བྱ་བས་ན་ཉོན་མོངས་པ་ཅན་ནོ། །དེ་ལ་ཉོན་མོངས་པ་ཅན་གང་ཡིན་པ་དེ་ཉིད་ཉོན་མོངས་པ་རྣམས་ཡིན་ནོ་ཞེས་བྱ་བར་ནི་མི་རིགས་ཏེ། སྲེག་པ་པོ་དང་བསྲེག་པར་བྱ་བ་དག་ཀྱང་གཅིག་ཉིད་དུ་ཐལ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ཡང་གཞན་ལ་ཉོན་མོངས་རྣམས་ཀྱང་གཞན་ཡིན་ནོ་ཞེས་བྱ་བར་ཡང་མི་རིགས་ཏེ། གཞན་ལ་ལྟོས་པ་མེད་པའི་ཕྱིར་ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་གྱི་རྒྱུ་ལས་མ་བྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་དང་གཞན་ཉིད་མེད་པ་དེ་ཉིད་ཀྱི་ཕྱིར། རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་རྣམས་མེད་པས་ཉོན་མོངས་པ་རྣམས་ལ་ཉོན་མོངས་པ་ཅན་མེད་ལ། ཉོན་མོངས་པ་ཅན་ལ་ཉོན་མོངས་པ་རྣམས་མེད་ཅིང་། ཉོན་མོངས་པ་ཅན་ཉོན་མོངས་པ་རྣམས་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ལྟར་ན་རྣམ་པ་ལྔས་དཔྱད་པ་ན། ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་ལ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཉོན་མོངས་པ་ཅན་གྱི་རྒྱུ་ཅན་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཉོན་མོངས་པའི་རྒྱུ་ཅན་གྱི་ཉོན་མོངས་པ་ཅན་ཡང་རྣམ་པ་ལྔས་དཔྱད་པ་ན་ཉོན་མོངས་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །འདི་ལྟར་ཉོན་མོངས་པ་རྣམས་ཉིད་ཉོན་མོངས་པ་ཅན་ནི་མ་ཡིན་ཏེ། བྱེད་པ་པོ་དང་ལས་དག་གཅིག་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་ཀྱང་གཞན་ལ། ཉོན་མོངས་པ་ཅན་གཞན་པ་ཡང་མ་ཡིན་ཏེ། ལྟོས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་ཅན་ལ་ཉོན་མོངས་པ་རྣམས་མེད་ལ། ཉོན་མོངས་པ་རྣམས་ལ་ཉོན་མོངས་པ་ཅན་མེད་ཅིང་། ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ལྟར་ན་རང་གི་ལུས་ལ་ལྟ་བ་བཞིན་དུ་ཉོན་མོངས་པ་ཅན་ཡང་ཉོན་མོངས་པ་རྣམས་ལ་རྣམ་པ་ལྔར་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་དང་ཉོན་མོངས་པ་ཅན་དག་ཕན་ཚུན་ལྟོས་ནས་གྲུབ་པ་ཡང་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཡང་ཁྱོད་ཀྱིས་ཉོན་མོངས་པ་རྣམས་བཀག་མོད་ཀྱི། དེ་ལྟ་ན་ཡང་ཉོན་མོངས་པའི་རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་དག་ནི་རེ་ཞིག་ཡོད་པ་ཡིན་ནོ། །དེ་ཡོད་པས་ཉོན་མོངས་པ་རྣམས་ཀྱང་ཡོད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་དག་ཉིད་ཡོད་ན། ཉོན་མོངས་པ་རྣམས་ཡོད་པར་འགྱུར་ན། གང་གི་ཕྱིར། སྡུག་དང་མི་སྡུག་ཕྱིན་ཅི་ལོག །དེ་དག་ཀྱང་རང་བཞིན་ལས་ནི་ཡོད་མིན་ན་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་དང་། དགག་པ་ཆད་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེའི་ཚེ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །དེའི་རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་རྣམས་མེད་པས་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་དགོངས་པའོ། །འདིར་སྨྲས་པ། ཉོན་མོངས་པ་རྣམས་ནི་ཡོད་པ་ཉིད་དེ། དེ་དག་གི་དམིགས་པ་ཡོད་པའི་ཕྱིར་རོ། །འདིར་ཡང་གང་མེད་པ་དེ་ལ་ནི་དམིགས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཞེས་བྱ་བ་དམིགས་པ་རྣམ་པ་དྲུག་ནི་ཡོད་པ་ཡིན་ཏེ། དེའི་ཕྱིར་དམིགས་པ་ཡོད་པས་ཉོན་མོངས་པ་རྣམས་ཡོད་པ་ཉིད་དུ་བརྗོད་པར་བྱ་སྟེ་ཁྱེད་ཅག་གིས། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་རྣམ་དྲུག་ནི། །བཞི་སྟེ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་གིས་ནི་ཡིན་པར་བརྟགས་པ་གང་ཡིན་པ་དེ་ནི་ཡོད་དོ། །དེ་ལ་དེ་ལས་སྐྱེ་བའི་ཕྱིར་འདོད་ཆགས་ལ་སོགས་པ་འདིར་གནས་པས་བཞི་སྟེ་དམིགས་པའོ། །དམིགས་པ་དེ་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཞེས་བྱ་བ་དང་དྲུག་ཏུ་འགྱུར་ཏེ། ཡོངས་སུ་གཅོད་པར་བྱེད་པ་དབང་པོ་དྲུག་ཕན་ཚུན་ཐ་དད་པའི་ཕྱིར་རོ། །དེ་ལ་འདི་ནི་འདི་ནའོ། །ཕ་གི་ནི་ཕ་གི་ནའོ་ཞེས་ངེས་པར་བརྟག་ཏུ་རུང་བའི་ཕྱིར་དང་། །གཟུགས་སུ་རུང་བས་ན་གཟུགས་སོ། །འདིས་དོན་སྒྲོགས་ཤིང་སྟོན་པར་བྱེད་པས་ན་སྒྲའོ། །བརྔུབ་ཅིང་བསྣམ་པར་བྱ་བས་ནི་དྲི་དག་སྟེ། གང་དུ་ཕྱིན་པ་དེ་ལས་གཞན་དུ་མི་འགྲོ་བའི་ཕྱིར་རོ། །བྲོ་ཞིང་རོ་མྱང་བར་བྱ་བས་ན་རོའོ། །རེག་པར་བྱ་བས་ན་རེག་པའོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་རམ། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་འཛིན་པས་ན་ཆོས་སོ། །རྣམ་པ་དྲུག་པོ་དེ་དག་གཞི་ཡིན་ནོ། །གང་གི་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིའོ། །དེ་ལ་འགལ་བས་ན་འདོད་ཆགས་ཏེ། ཆགས་པ་དང་ལྷག་པར་ཞེན་པའོ། །ཡང་ན་འདིས་སེམས་དགའ་བར་བྱེད་པས་ན་འདོད་ཆགས་སོ། །སུན་འབྱིན་པས་ན་ཞེ་སྡང་སྟེ། ཀུན་ནས་མནར་སེམས་པའོ། །ཡང་ན་འདིས་སེམས་སུན་འབྱིན་པར་བྱེད་པས་ན་ཞེ་སྡང་ངོ་། །གཏི་མུག་པས་ན་གཏི་མུག་སྟེ། ཀུན་ནས་གཏི་མུག་པའོ། །ཡང་ན་འདིས་སེམས་གཏི་མུག་ཏུ་བྱེད་པས་ནི་གཏི་མུག་གོ །དེའི་ཕྱིར་གཟུགས་ལ་སོགས་པ་རྣམ་པ་དྲུག་ནི་ཉོན་མོངས་པ་འདི་དག་གི་གཞི་སྟེ། དམིགས་པ་ཡིན་ནོ། །དེ་ལ་གཟུགས་ལ་སོགས་པ་དག་ལ་སྡུག་པའི་རྣམ་པར་སྒྲོ་བཏགས་པས་ནི་འདོད་ཆགས་སྐྱེའོ། །མི་སྡུག་པའི་རྣམ་པར་སྒྲོ་བཏགས་པས་ནི་ཞེ་སྡང་ངོ་། །རྟག་པ་དང་བདག་ལ་ལོག་པར་སྒྲོ་བཏགས་པས་ནི་གཏི་མུག་སྐྱེ་བར་འགྱུར་རོ། །རྣམ་པ་དྲུག་པོ་འདི་དག་གཞིར་བཏགས་པ་བདེན་མོད་ཀྱི། འོན་ཀྱང་རབ་རིབ་ཅན་དག་གིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་ལྟར། དེ་དག་ཡོད་པ་མ་ཡིན་པའི་རང་བཞིན་དུ་གྱུར་བ་ཞིག་ཁྱོད་ཀྱིས་འདོད་ཆགས་ལ་སོགས་པ་རྣམས་ཀྱི་དམིགས་པར་ཡོངས་སུ་བཏགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་སྟེ། །ཞེས་གསུངས་སོ། །འབའ་ཞིག་སྟེ་ཞེས་བྱ་བ་ནི་བཏགས་པ་ཙམ་ཞིག་ཏུ་ཟད་དེ། རང་བཞིན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་རང་བཞིན་མེད་ན། འོ་ན་ཇི་ལྟར་དམིགས་པ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དམིགས་པ་དེ་དག་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །གང་གི་ཚེ་དེ་དག་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་ཕྱིན་ཅི་ལོག་ལས་དམིགས་པ་འབའ་ཞིག་ཏུ་ཟད་པ་དེའི་ཚེ། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། །གཟུགས་བརྙན་འདྲ་བ་དེ་དག་ཚལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །འདིས་ནི་རྟེན་ལོག་པ་ལས་བྱུང་བ་དང་སྡུག་པ་དང་མི་སྡུག་པའི་མཚན་མ་དག་ཀྱང་བརྫུན་པ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་བརྫུན། །གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་གསུངས་སོ། །རྟེན་ལོག་པ་ཉིད་ཡིན་པས་སྡུག་པ་དང་མི་སྡུག་པའི་མཚན་མ་དག་བརྫུན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་འཐད་པ་འདིས་ཀྱང་འདི་གཉིས་བརྫུན་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མ་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །ཞེས་གསུངས་ཏེ། འདི་ན་གལ་ཏེ་སྡུག་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། སྡུག་པ་དང་འབྲེལ་པ་ཅན་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་ངེས་པར་རིང་ཐུང་ངམ་ཕ་རོལ་དང་ཚུ་རོལ་ལྟར་མི་སྡུག་པ་ལ་ལྟོས་པར་འགྱུར་ན། མི་སྡུག་པ་གང་ལ་བརྟེན་ཞིང་མི་སྡུག་པ་གང་ལ་ལྟོས་ནས་སྡུག་པ་ཞེས་གདགས་པར་བྱ་ཞིང་རྣམ་པར་གཞག་པར་བྱ་བ་ལྟོས་པར་བྱ་བ་མི་སྡུག་པ་དེ་ཡང་། སྡུག་པ་མེད་པར་ཡོད་པ་མ་ཡིན་ཞིང་། སྡུག་པ་ལ་མ་ལྟོས་པར་མི་སྡུག་པ་ཡོད་པ་མ་ཡིན་ཏེ། སྡུག་པ་ལ་ལྟོས་པ་མེད་པར་མི་སྡུག་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ལའི་སྒྲས་ནི་མཇུག་ཐོགས་ཀྱི་མི་སྡུག་པ་གཟུང་ངོ་། །གདགས་པར་བྱ་བ་ཞེས་བྱ་བ་ནི་གོང་གི་སྡུག་པ་དང་སྦྱར་རོ། །གང་གི་ཕྱིར་དེ་ལྟར་ན་སྡུག་པར་གདགས་པ་ལ། མི་སྡུག་པ་ཞེས་བྱ་བར་ལྟོས་པར་བྱ་བ་དངོས་པོ་འབྲེལ་བ་ཅན་གཞན་ཡོད་པ་མ་ཡིན་པ་དེའི་ཕྱིར་སྡུག་པ་འཐད་མ་ཡིན། ཐུང་ངུ་མེད་པས་རིང་པོའམ། ཕ་རོལ་མེད་པས་ཚུ་རོལ་མི་འཐད་པ་བཞིན་ནོ་ཞེས་དགོངས་པ་ཡིན་ནོ། །ད་ནི་མི་སྡུག་པ་ནི་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། གང་ལ་བརྟེན་ནས་མི་སྡུག་པར། །གདགས་པར་བྱ་བ་སྡུག་པ་ནི། །མི་སྡུག་མ་ལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །ཞེས་གསུངས་ཏེ། གལ་ཏེ་མི་སྡུག་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་ནི། མི་སྡུག་པ་དངོས་པོ་འབྲེལ་པ་ཅན་གཞན་ལ་ལྟོས་པའི་ཕྱིར་དེ་ངེས་པར་རིང་ཐུང་ངམ་ཕ་རོལ་དང་ཚུ་རོལ་ལྟར་སྡུག་པ་ལ་ལྟོས་པར་འགྱུར་ན། སྡུག་པ་གང་ལ་བརྟེན་ཞིང་སྡུག་པ་གང་ལ་ལྟོས་ནས་མི་སྡུག་པ་ཞེས་གདགས་བྱ་ཞིང་། རྣམ་པར་གཞག་པར་བྱ་བ་ལྟོས་པར་བྱ་བ་སྡུག་པ་དེ་ཡང་མི་སྡུག་པ་མེད་པར་ཡོད་པ་མ་ཡིན་ཞིང་། མི་སྡུག་པ་ལ་མ་ལྟོས་པར་སྡུག་པར་ཡོད་པ་མ་ཡིན་ཏེ། མི་སྡུག་པ་ལ་ལྟོས་པ་མེད་པར། སྡུག་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་གང་ལའི་སྒྲས་ནི་མཇུག་ཐོགས་ཀྱི་སྡུག་པ་གཟུང་ངོ་། །གདགས་པར་བྱ་བ་ཞེས་བྱ་བ་ནི་གོང་གི་མི་སྡུག་པ་དང་སྦྱར་རོ། །གང་གི་ཕྱིར་དེ་ལྟར་ན་མི་སྡུག་པར་གདགས་པ་ལ་སྡུག་པ་ཞེས་བྱ་བ་ལྟོས་པར་བྱ་བ་དངོས་པོ་འབྲེལ་པ་ཅན་གཞན་ཡོད་པ་མ་ཡིན་པ། དེའི་ཕྱིར་མི་སྡུག་འཐད་མ་ཡིན། །ཞེས་བྱའོ། །གང་གི་ཕྱིར་དེ་ལྟར་སྡུག་པ་དང་མི་སྡུག་པ་དག་ཡོད་པ་མ་ཡིན་པ་དེའི་ཕྱིར། སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་འབྱུང་བར་ག་ལ་འགྱུར། །སྡུག་པ་དང་མི་སྡུག་པའི་མཚན་མ་མེད་ན་རྒྱུ་མེད་པའི་ཕྱིར་སྡུག་པ་དང་མི་སྡུག་པའི་མཚན་མའི་རྒྱུ་ཅན་གྱི་འདོད་ཆགས་དང་ཞེ་སྡང་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །དེའི་ཕྱིར་དེ་ལྟར་སྡུག་པ་དང་མི་སྡུག་པའི་མཚན་མ་མེད་པས་འདོད་ཆགས་དང་ཞེ་སྡང་གཉིས་མེད་པར་བསྟན་ནས། ད་ནི་ཕྱིན་ཅི་ལོག་མེད་པར་བསྟན་པའི་སྒོ་ནས་གཏི་མུག་ཀྱང་མེད་པར་བསྟན་པའི་ཕྱིར། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་གསུངས་ཏེ། འདིར་ཕྱིན་ཅི་ལོག་ནི་བཞིར་བརྗོད་དོ། །འདི་ལྟ་སྟེ་ཕུང་པོ་ལྔ་པོ་སྐད་ཅིག་རེ་རེ་ལ་འཇིག་ཅིང་མི་རྟག་པ་ལ་རྟག་གོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་བཞིན་དུ། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་གང་ཞིག་མི་རྟག་པ། །དེ་ནི་ཐམས་ཅད་སྡུག་བསྔལ་འགྱུར། །ཞེས་བྱ་བའི་ཚུལ་འདིས་མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ལ། འདུ་བྱེད་ཐམས་ཅད་ཀྱང་མི་རྟག་པ་ཡིན་ཏེ། དེའི་ཕྱིར་ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་བདག་ཉིད་ཅན་ལ། བདེ་བའོ་སྙམ་དུ་ལོག་པར་འཛིན་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་གཞན་ཡིན་ནོ། །དེ་བཞིན་དུ། ཁུ་ཁྲག་ཕྲད་པའི་ས་བོན་ཅན། །བཤང་དང་གཅི་པས་བསྐྱེད་གྱུར་ཞིང་། །མི་གཙང་རང་བཞིན་ཤེས་བཞིན་དུ། །འདོད་པ་གང་གིས་དེ་ལ་ཆགས། །ཞེས་བྱ་བ་དེ་ལྟར་རྟག་ཏུ་ལུས་འདི་བདག་ཉིད་ཐམས་ཅད་དུ་མི་གཙང་བ་ཡིན་བཞིན་དུ་རྨོངས་པས་དེ་ལ་གཙང་བ་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་བཞིན་དུ་ཕོང་པོ་ལྔ་པོ་བདག་གི་མཚན་ཉིད་དང་མི་མཐུན་པ་མི་རྟག་པའི་ཕྱིར་དང་། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། བདག་མེད་ཅིང་བདག་གི་རང་བཞིན་གྱིས་སྟོང་བཞིན་དུ། དེ་ལ་རྟག་ཏུ་འཛིན་པ་དེ་ནི་བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ཡིན་ནོ། །དེ་ལྟར་ན་ཕྱིན་ཅི་ལོག་བཞི་པོ་དེ་དག་ནི་གཏི་མུག་གི་རྒྱུར་གྱུར་པ་ཡིན་ནོ། །ད་ནི་འདིར་འདི་དཔྱད་པར་བྱ་སྟེ། གལ་ཏེ་ཕུང་པོ་རྟག་པ་ཉིད་ཀྱིས་སྟོང་པ་དག་ལ་རྟག་པར་འཛིན་པ་ལོག་པ་སྟེ། ཕྱིན་ཅི་ལོག་ཡིན་ནོ་ཞེས་དེ་ལྟར་རྣམ་པར་འཇོག་ན། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་ཡང་མེད་པ་མ་ཡིན་ནམ། དེའི་ཕྱིར། སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་པ་ཡིན། །འདི་ལྟར་ཕྱིན་ཅི་མ་ལོག་པའི་མི་རྟག་པ་ཉིད་ལ་ལྟོས་ནས་རྟག་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་གཞག་པ་ཡིན་ན། གང་གི་ཚེ་སྟོང་པ་ལ་མི་རྟག་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་མི་རྟག་པ་ཉིད་མེད་པས་དེ་དང་འགལ་བའི་རྟག་པ་ཉིད་ཕྱིན་ཅི་ལོག་ཏུ་ག་ལ་འགྱུར། དེའི་ཕྱིར་ཕྱིན་ཅི་ལོག་མེད་དོ། །ཇི་ལྟར་རང་བཞིན་དང་བྲལ་ཞིང་རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ལ་མི་རྟག་པ་ཉིད་མེད་པ་དེ་བཞིན་དུ་སྡུག་བསྔལ་བ་ཡང་མེད་ཅིང་མི་གཙང་བ་ཡང་མེད་ལ་བདག་མེད་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཚེ་རང་བཞིན་གྱིས་སྟོང་པས་སྡུག་བསྔལ་ལ་སོགས་པ་མེད་པ་དེའི་ཚེ་དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཀྱང་ཕྱིན་ཅི་ལོག་ཏུ་ལྟ་ག་ལ་འགྱུར། དེའི་ཕྱིར་ཕྱིན་ཅི་ལོག་རང་བཞིན་གྱིས་མེད་དོ། །དེ་མེད་པའི་ཕྱིར་ན་མ་རིག་པ་ཡོད་པར་ག་ལ་འགྱུར་ཏེ་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། མ་རིག་པ་དང་མ་རིག་རྐྱེན་བྱུང་གང་། །ནམ་ཡོད་ཡོད་པར་འགྱུར་བ་མ་ཡིན་ཏེ། །མ་རིག་པ་དེ་འཇིག་རྟེན་ཡོད་མིན་པ། །དེ་ཡི་ཕྱིར་ན་ངས་འདི་མ་རིག་གསུངས། །ཞེས་བྱ་བ་དང་། དེ་བཞིན་དུ། བཅོམ་ལྡན་འདས་ཇི་ལྟར་ན་གཏི་མུག་གཟུངས་ཀྱི་ཚིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཏི་མུག་ནི་རབ་ཏུ་གྲོལ་བ་སྟེ། དེས་ན་གཏི་མུག་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ཡང་གལ་ཏེ་ཡང་དག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། མི་རྟག་པ་ལ་རྟག་གོ་ཞེས་བྱ་བ་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་རྣམ་པར་འཇོག་ན། དེ་ལྟ་ན་དངོས་པོ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ལ་མི་རྟག་པའོ་སྙམ་དུ་འཛིན་པ་ཡང་ཡོད་པ་མ་ཡིན་པས་འདི་ཡང་ཅིའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་པར་རྣམ་པར་གཞག་ཅེས་བསྟན་པའི་ཕྱིར། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་གསུངས་ཏེ། གང་གི་ཚེ་རྟག་པ་ཉིད་དང་མི་རྟག་པ་ཉིད་གཉི་ག་ཡང་ཕྱིན་ཅི་ལོག་ཡིན་པ་དེའི་ཚེ། གང་གི་ཚེ་ཕྱིན་ཅི་མ་ལོག་པར་འགྱུར་བ། དེ་དག་ལས་ཐ་དད་པ་གསུམ་ལས་གཞན་ཡོད་པ་མ་ཡིན་ལ། གང་གི་ཚེ་ཕྱིན་ཅི་མ་ལོག་པ་ཡོད་པ་མ་ཡིན་པ་དེའི་ཚེ་ཅི་ལ་ལྟོས་ནས་ཕྱིན་ཅི་ལོག་ཏུ་འགྱུར། དེའི་ཕྱིར་རིགས་པ་འདིས་ཀྱང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་ནོ། །དེ་མེད་པའི་ཕྱིར་མ་རིག་པ་མེད་དོ། །ཇི་ལྟར་མི་རྟག་པ་ལ་རྟག་པའོ་ཞེས་བྱ་བར་འཛིན་པ་འདི་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དེ་བཞིན་དུ་ཕྱིན་ཅི་ལོག་ལྷག་མ་ཡོད་པ་མ་ཡིན་པ་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་ལྷག་པའི་བསམ་པ་བརྟན་པས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ལམ་གྱི་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བ་དེ་ནི་དེ་བཞིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆགས་པར་འགྱུར་བའི་ཆོས་རྣམས་སྤངས་པས་འདོད་ཆགས་སྤངས་པར་མ་གསུངས་སོ། །དེ་བཞིན་དུ་ཞེ་སྡང་བར་འགྱུར་བ་དང་། གཏི་མུག་པར་འགྱུར་བའི་ཆོས་རྣམས་སྤངས་ནས་དེ་བཞིན་གཤེགས་པས་ཞེ་སྡང་དང་གཏི་མུག་སྤང་བར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་དོར་བར་བྱ་བའམ་ཐོབ་པར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ། །ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་དང་། བསྒོམ་པར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། མངོན་པར་རྟོགས་པར་བྱ་བ་དང་། འཁོར་བ་ལས་བསྐྱོད་པར་བྱ་བ་དང་། མྱ་ངན་ལས་འདས་པར་འགྲོ་བར་བྱ་བ་དང་། བསལ་བར་བྱ་བ་དང་། གཞག་པར་བྱ་བ་དང་། དབྱེ་བར་བྱ་བའི་ཕྱིར་ཆོས་མི་སྟོན་ཏོ། །རིགས་ཀྱི་བུ་གཉིས་སུ་དབྱེ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཉིད་མ་ཡིན་ནོ། །གཉིས་ལ་སྤྱོད་པ་གང་ཡིན་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པ་མ་ཡིན་ནོ། །རིགས་ཀྱི་བུ་གཉིས་གང་ཞེ་ན། བདག་གིས་འདོད་ཆགས་སྤང་བར་བྱའོ་སྙམ་པ་འདི་ནི་གཉིས་སོ། །བདག་གིས་ཞེ་སྡང་སྤང་བར་བྱའོ་སྙམ་པ་འདི་ནི་གཉིས་སོ། །བདག་གིས་གཏི་མུག་སྤང་བར་བྱའོ་སྙམ་པ་འདི་ནི་གཉིས་སོ། །དེ་ལྟར་སྦྱོར་བ་གང་ཡིན་པ་དེ་དག་ནི་ཡང་དག་པ་ལ་ཞུགས་པ་མ་ཡིན་ཏེ། དེ་དག་ནི་ལོག་པར་ཞུགས་པ་རིག་པར་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་མཐོང་ནས་འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་དཀྲིས་ནས་འཁོར་གྱིས་འཇིགས་ནས་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེ་སོང་ནས་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ། འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བགྱིད་ཅིང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གཉིད་ལོག་པའི་རྨི་ལམ་དུ་བདག་གི་ཁྱིམ་དུ་རྒྱལ་པོའི་བཙུན་མོ་འོང་བ་མཐོང་ནས་དེ་དང་ལྷན་ཅིག་ཉལ་བར་བྱེད་དེ། དྲན་པ་ཉམས་པའི་ཕྱིར་བདག་ཉིད་ནི་སད་དོ་སྙམ་དུ་དེ་ལྟར་སེམས་ནས། རྒྱལ་པོས་མ་ཚོར་གྲང་། དེས་བདག་བསད་དུ་འོང་ངོ་སྙམ་ནས་འཇིགས་ཤིང་སྐྲག་སྟེ་བྲོས་ན། འདི་ཇི་སྙམ་དུ་སེམས། ཅི་མི་དེ་འཇིགས་ཤིང་སྐྲག་སྟེ་བྲོས་པས་རྒྱལ་པོའི་བཙུན་མོའི་འཇིགས་པ་དེ་ལས་ཐར་བར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་དེ་ནི་དེ་ལྟར་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་དེས་བུད་མེད་མ་མཆིས་པར་བུད་མེད་ཀྱི་འདུ་ཤེས་བསྐྱེད་དེ་ཡང་དག་པ་མ་ལགས་པར་ཀུན་བརྟགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་འདོད་ཆགས་མེད་པ་ལ་འདོད་ཆགས་ཀྱི་འདུ་ཤེས་བསྐྱེད་ནས། འདོད་ཆགས་ཀྱི་འཇིགས་པས་སྐྲག་སྟེ་འདོད་ཆགས་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བ་དང་། དེ་བཞིན་དུ་ཞེ་སྡང་མེད་པར་ཞེ་སྡང་གི་འདུ་ཤེས་བསྐྱེད་གཏི་མུག་མེད་པར་གཏི་མུག་གི་འདུ་ཤེས་བསྐྱེད་ནས་གཏི་མུག་གི་འཇིགས་པས་སྐྲག་སྟེ། གཏི་མུག་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་དེས་མེད་བཞིན་དུ་སྒྲོ་བཏགས་པས་འཇིགས་པ་མེད་པ་ལ་འཇིགས་པའི་འདུ་ཤེས་བསྐྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད་ཆགས་ཀྱི་མཐའ་མ་ཤེས་ནས་འདོད་ཆགས་ཀྱི་ཡོད་པའི་མཐའི་འཇིགས་པས་སྐྲག་སྟེ། འདོད་ཆགས་ཀྱི་མཐའ་ལས་ངེས་པར་འབྱུང་བ་ཚོལ་ལོ། །ཞེ་སྡང་གི་མཐའ་ཅི་ཡང་མེད་པའི་མཐའ་མ་ཤེས་ནས་ཞེ་སྡང་གི་མཐའི་འཇིགས་པས་སྐྲག་ཅིང་ཅི་ཡང་མེད་པའི་མཐའ་ལ་ངེས་པར་འབྱུང་བར་ཡོངས་སུ་ཚོལ་ལོ། །གཏི་མུག་གི་མཐའ་སྟོང་པ་ཉིད་ཀྱི་མཐའ་མ་ཤེས་ནས་གཏི་མུག་གི་མཐའི་འཇིགས་པས་སྐྲག་སྟེ། སྟོང་པ་ཉིད་ཀྱི་མཐའ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བར་བྱེད་དོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ་ཞེས་རྒྱ་ཆེར་གསུངས་སོ། །འདིར་སྨྲས་པ། གལ་ཏེ་ཡང་རྟག་པའོ་ཞེས་བྱ་བ་དེ་ལྟར་འཛིན་པའི་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པ་དེ་ལྟར་ན་ཡང་རེ་ཞིག་འཛིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འཛིན་པ་ཞེས་བྱ་བ་ནི་འཛིན་པ་སྟེ། དངོས་པོ་བྱ་བའི་རང་བཞིན་ཅན་ཡིན་ནོ། །དེ་ལ་ཡང་གདོན་མི་ཟ་བར་སྒྲུབ་བྱེད་རྟག་པ་ཉིད་ལ་སོགས་པ་བྱེད་པ་ཡོད་པར་འགྱུར་དགོས་ལ། བདག་གམ་སེམས་ཅན་ཀྱང་རུང་སྟེ་བྱེད་པ་པོ་ཡང་ཡོད་དགོས་ཤིང་། གཟུགས་ལ་སོགས་པའི་ཡུལ་ལས་ཀྱང་ཡོད་དགོས་སོ། །དངོས་པོ་བྱ་བ་དང་བྱེད་པ་དང་། བྱེད་པ་པོ་དང་ལས་རྣམས་གྲུབ་པ་ཡིན་ན་ནི་ཐམས་ཅད་གྲུབ་པས་ཁོ་བོ་ཅག་གི་འདོད་པ་གྲུབ་བོ། །བརྗོད་པར་བྱ་སྟེ། ཁྱོད་ཀྱི་རེག་པ་འདི་ནི་བརྫུན་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས། །གང་གིས་འཛིན་དང་འཛིན་གང་དང་། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །འདིར་འཛིན་པ་པོ་འགའ་ཞིག་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་བྱེད་པར་འགྱུར་བ་གང་ཞིག་གཟུགས་དང་སྒྲ་ལ་སོགས་པའི་དངོས་པོ་ལས་སུ་གྱུར་པ་ཅུང་ཟད་ཅིག་འཛིན་པར་བྱེད་པ་དེ་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་ནི་སྔར་བསྟན་ཟིན་ཏོ། །ཇི་ལྟར་ཞེ་ན། ཇི་ལྟར་རྟག་པ་ཉིད་ལ་སོགས་པའི་བྱེད་པ་པོ་ཡོད་པ་མ་ཡིན་པ་དེ་ལྟར་ནི། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །ཞེས་བྱ་བ་ལ་སོགས་པས་བསྟན་ལ། ཇི་ལྟར་འཛིན་པ་པོ་མེད་པ་དེ་ལྟར་ནི། །བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །ཅེས་བྱ་བ་འདིས་བསྟན་པ་ཡིན་ཞིང་། གང་གཟུང་བར་བྱ་བ་དེ་ཡང་ཇི་ལྟར་མེད་པ་དེ་ལྟར་ནི། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་སྟེ། །ཞེས་བྱ་བས་བསྟན་པ་ཡིན་ནོ། །གང་གི་ཚེ་དེ་ལྟར་བྱེད་པ་པོ་དང་བྱེད་པ་དང་ལས་དག་མ་གྲུབ་པ་དེའི་ཚེ་གོ་རྒྱུ་མེད་པའི་འཛིན་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར། གང་གིས་འཛིན་དང་འཛིན་གང་དང་། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཐམས་ཅད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེ་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་གང་གི་ཕྱིར་རྐྱེན་བརྟག་པ་ལ་སོགས་པའི་རབ་ཏུ་བྱེད་པ་རྣམས་ཀྱི་བྱེད་པ་དངོས་པོ་དང་བྱེད་པ་པོ་དང་ལས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མ་སྐྱེས་པར་བསྟན་པ་དེའི་ཕྱིར། འདི་དག་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དེའི་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །འདིར་སྨྲས་པ། ཕྱིན་ཅི་ལོག་དག་ནི་ཡོད་པ་ཉིད་དེ། ཕྱིན་ཅི་ལོག་དང་ལྡན་པ་ཡོད་པའི་ཕྱིར་རོ། །འདི་ན་ཕྱིན་ཅི་ལོག་དང་ལྡན་པའི་ལྷ་སྦྱིན་ཡོད་པ་མ་ཡིན་ལ། ཕྱིན་ཅི་ལོག་དག་མེད་པར་ནི་ཕྱིན་ཅི་ལོག་དང་ལྡན་པ་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་ཕྱིན་ཅི་ལོག་ཡོད་པ་མ་ཡིན་ནོ། །བརྗོད་པར་བྱ་སྟེ། འདིར་བྱེད་པ་དང་བྱེད་པ་པོ་དང་ལས་རྣམས་ནི་མེད་པས་འཛིན་པ་ཉིད་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་ནི་ཁོ་བོ་ཅག་གིས་བཤད་ཟིན་ཏོ། །དེའི་ཕྱིར། ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། །གང་ལ་ཕྱིན་ཅི་མ་ལོག་ཡོད། །འགའ་ཞིག་ཅུང་ཟད་ཀྱང་ལོག་པའམ་ཡང་དག་པར་མི་འཛིན་པ་ལ་ཕྱིན་ཅི་ལོག་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བ་ག་ལ་ཡོད། དེའི་ཕྱིར་ཕྱིན་ཅི་ལོག་དག་མེད་དོ། །གཞན་ཡང་ཕྱིན་ཅི་ལོག་འདི་དག་འགའ་ཞིག་ལ་འདོད་ན་ནི། ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་ལ་བརྟག་གམ། ཕྱིན་ཅི་ལོག་ཏུ་མ་གྱུར་བ་ཞིག་གམ། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ཞིག་ལ་བརྟག་གྲང་ན། རྣམ་པ་ཐམས་ཅད་དུ་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕྱིན་ཅི་ལོག་ཏུ་འགྱུར་བ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལའང་། །ཕྱིན་ཅི་ལོག་དག་མི་སྲིད་དོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །ཅེས་བྱ་བ་གསུངས་སོ། །དེ་ལ། རེ་ཞིག་ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གང་ཞིག་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ཉིད་ཡིན་ན། དེ་ལ་ཡང་ཕྱིན་ཅི་ལོག་དང་འབྲེལ་པས་ཅི་ཞིག་བྱ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཡང་ཕྱིན་ཅི་ལོག་དག་མི་རིགས་ཏེ། མི་ཤེས་པའི་གཉིད་དང་བྲལ་བས་བློ་གྲོས་ཀྱི་སྤྱན་རྒྱས་པ་སངས་རྒྱས་རྣམས་ལ་ཡང་ཕྱིན་ཅི་ལོག་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ལ་ཡང་ཕྱིན་ཅི་ལོག་དག་ཡོད་པ་མ་ཡིན་ཏེ། ཕྱིན་ཅི་ལོག་པར་འགྱུར་བཞིན་པ་མེད་པའི་ཕྱིར་ཏེ། གང་ཞིག་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལས་མ་གཏོགས་པ་ཕྱིན་ཅི་ལོག་བཞིན་པ་ཞེས་བྱ་བའི་དངོས་པོ་གཞན་པོ་དེ་གང་ཞིག་ཡོད་པར་འགྱུར། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ནི་ཕྱེད་ཕྱིན་ཅི་ལོག་པ་ཡིན་ནོ་ཞེ་ན། ཕྱེད་ཕྱིན་ཅི་ལོག་པ་ཞེས་བྱ་བ་ནི་གང་ཞིག་ཅུང་ཟད་ཅིག་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། །ཅུང་ཟད་ཅིག་ཕྱིན་ཅི་ལོག་ཏུ་མ་གྱུར་པ་ཡིན་ན། དེ་ལ་འདིའི་ཅུང་ཟད་ཅིག་ཕྱིན་ཅི་ལོག་ཏུ་གྱུར་པ་གང་ཡིན་པ་དེ་ལ་ནི་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་གྱུར་ཟིན་པའི་ཕྱིར་རོ། །འདིའི་ཅུང་ཟད་ཅིག་ཕྱིན་ཅི་ལོག་ཏུ་མ་གྱུར་པ་གང་ཡིན་པ་དེ་ཡང་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་མ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་འགའ་ཞིག་ལ་ཡང་ཕྱིན་ཅི་ལོག་དག་སྲིད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་པ་དང་། ཕྱིན་ཅི་ལོག་ཏུ་མ་གྱུར་པ་དང་། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་གང་དག་ལ་དེ་ལྟ་མི་སྲིད་ལ་མི་སྲིད་པས་དེ་གང་དག་ལ་ཕྱིན་ཅི་ལོག་དག་སྲིད་ཅེས་བདག་ཉིད་གཟུ་བོར་གྱུར་པས་ཤེས་རབ་ཀྱིས་རྣམ་པར་དཔྱོད་ཅིག དེའི་ཕྱིར་དེ་ལྟར་ན་རྟེན་མེད་པས་ཀྱང་ཕྱིན་ཅི་ལོག་དག་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །དེ་ལ། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེས་པ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཕྱིན་ཅི་ལོག་དང་ལྡན་པ་ག་ལ་ཡོད་ཅེས་བྱ་བའི་ཐ་ཚིག་གོ །དེའི་ཕྱིར་ཕྱིན་ཅི་ལོག་དག་ནི་ཡོད་པ་ཉིད་དེ། ཕྱིན་ཅི་ལོག་དང་ལྡན་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་མི་རིགས་སོ། །ཅི་སྟེ་ཡང་ཕྱིན་ཅི་ལོག་བཞི་པོ་ཅུང་ཟད་ཅིག་ཡོད་པ་ཉིད་དུ་ཁས་ལེན་ན། དེ་ལྟ་ན་ཡང་། ཕྱིན་ཅི་ལོག་ཉིད་དུ་གཞག་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གལ་ཏེ་བདག་དང་གཙང་བ་དང་། །རྟག་པ་བདེ་བ་ཡོད་ན་ནི། །བདག་དང་གཙང་དང་རྟག་པ་དང་། །བདེ་བ་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་དེ་དག་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་རྣམ་པར་འཇོག་ན་ནི། ཅི་དེ་དག་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་འོ་ན་ཕྱིན་ཅི་ལོག་མ་ཡིན་ཏེ། ཡོད་པའི་ཕྱིར་བདག་མེད་པ་ལ་སོགས་པ་བཞིན་ནོ། །ཅི་སྟེ་མེད་ན་ནི་དེའི་ཚེ་དེ་དག་མེད་པའི་ཕྱིར་ཕྱིན་ཅི་ལོག་ཉིད་ཡོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འགལ་ཟླ་ཕྱིན་ཅི་ལོག་མེད་པའི་ཕྱིར་བདག་མེད་པ་ལ་སོགས་པ་ཕྱིན་ཅི་ལོག་པ་རྣམས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་བདག་དང་གཙང་བ་དང་། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་གཙང་མི་རྟག་དང་། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་ཡོད་པ་མ་ཡིན་པ་ཕྱིན་ཅི་ལོག་ཉིད་དུ་མི་སྲིད་པས་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་མེད་དོ་སྙམ་དུ་སེམས་ན། དེ་ལྟ་ཡིན་ན་འོ་ན་བདག་ལ་སོགས་པ་རྣམས་ཡོད་པ་མ་ཡིན་པའི་ཕྱིར་གང་བདག་མེད་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པ་ཉིད་དུ་གཟུང་བ་དེ་ཡང་དོར་བར་བྱ་སྟེ། དགག་བྱ་མེད་ན་བཀག་པ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་བདག་མེད་པ་ལ་སོགས་པ་ཡོད་པ་མ་ཡིན་པ་དེའི་ཚེ་དེ་ཡང་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར་བདག་ལ་སོགས་པ་ལྟར་ཇི་ལྟར་ཕྱིན་ཅི་ལོག་ཏུ་མི་འགྱུར། དེའི་ཕྱིར་ཐར་པ་འདོད་པ་རྣམས་ཕྱིན་ཅི་ལོག་དེ་དག་བརྒྱད་ཆར་ཡང་སྤང་བར་བྱའོ། །ཕྱིན་ཅི་ལོག་རྣམ་པར་དཔྱོད་པ་འདི་དག་ཇི་སྐད་དུ་བཤད་པ་འདི་ནི་མ་རིག་པ་ལ་སོགས་པ་སྤང་བའི་རྒྱུ་ཉིད་ཡིན་པས་དོན་ཆེན་པོ་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །ཞེས་གསུངས་ཏེ། གང་གི་ཚེ་རྣལ་འབྱོར་པ་དེས་ཇི་སྐད་བཤད་པའི་རིགས་པས་ཕྱིན་ཅི་ལོག་མ་དམིགས་པ་དེའི་ཚེ། དེ་ལྟར་ཕྱིན་ཅི་ལོག་མ་དམིགས་པས་དེའི་རྒྱུ་ཅན་གྱི་མ་རིག་པ་འགག་པར་འགྱུར་རོ། །དེ་འགགས་པས་མ་རིག་པའི་རྒྱུ་ཅན་འདུ་བྱེད་ལ་སོགས་པ་རྒ་ཤིའི་མཐར་ཐུག་པའི་ཆོས་རྣམས་འགག་པར་འགྱུར་ཏེ། མ་རིག་པ་ནི་ཉོན་མོངས་པའི་ཚོགས་མཐའ་དག་དང་། སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ལུས་ཀྱི་དབང་པོའི་རྒྱུ་ཅན་དབང་པོ་གཟུགས་ཅན་ཐམས་ཅད་ནི་ལུས་ཀྱི་དབང་པོ་འགགས་པ་ན་འགག་པར་འགྱུར་བ་དེ་བཞིན་དུ། འདུ་བྱེད་ལ་སོགས་པ་མ་རིག་པའི་རྒྱུ་ཅན་སྲིད་པའི་ཡན་ལག་འབྱུང་བ་རྣམས་ནི་ངེས་པར་མ་རིག་པ་འགགས་པ་ན་འགག་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཕྱིན་ཅི་ལོག་འགགས་པས་མ་རིག་པ་འགག་ན། འོ་ན་ནི་གང་ཞིག་དེ་ལྟར་ཕྱིན་ཅི་ལོག་འགགས་པས་འགག་པར་འགྱུར་བ། མ་རིག་པ་ཡོད་པ་ཡིན་ཏེ། ནམ་མཁའི་ཨ་མྲའི་ལྕུག་མ་ཡོད་པ་མ་ཡིན་པ་སྤང་བའི་ཐབས་ཚོལ་བ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མ་རིག་པ་ཡོད་པ་ཡིན་ཏེ། དེ་འགག་པའི་ཐབས་ཚོལ་བ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེའི་རྒྱུ་ཅན་རྣམས་ཡོད་པ་ཡིན་ལ། ཉོན་མོངས་པ་ཡོད་པའི་ཕྱིར་སྲིད་པའི་རྒྱུན་ཡང་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། ཀྱེ་མ་གང་ཞིག་དམ་པ་གཞན་གྱི་དོན་འབྱུང་བ་ལ་ཅི་ལ་ཡང་རག་མ་ལས་པར་ཆས་པ་རྣམས་ཐབས་དང་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་དུག་གི་ལྗོན་ཤིང་ཆེན་པོ་བདག་ཉིད་ཐམས་ཅད་དུ་སྡུག་བསྔལ་ཤིན་ཏུ་སྟོབས་པ་མ་ལུས་པ་དྲུངས་འབྱིན་པར་མཛད་པ་ལ། སྟོབས་འདེབས་པར་མི་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་དེ་དྲུངས་འབྱིན་པར་མཛད་པ་རྣམས་དང་ཤིན་ཏུ་འགལ་བར་གནས་ཤིང་གཟུ་ལུམས་ཀྱི་ཉོན་མོངས་པའི་དུག་གི་ལྗོན་ཤིང་ཆེན་པོ་དེ་འཛུགས་པ་ལ་ཆེས་ཤིན་ཏུ་གུས་པ་ནི། ཕ་རོལ་པོ་དོན་མ་ཡིན་པ་ལ་མཁས་པ་ཤིན་ཏུ་ཆེན་པོ་ཉིད་ཡིན་ནོ། །གཞན་ཡང་གལ་ཏེ་ཉོན་མོངས་པ་མ་རིག་པ་ལ་སོགས་པ་རྣམས་སྤོང་བ་ཡོད་ན་ནི། དེ་སྤོང་བའི་ཐབས་ཚོལ་བར་འགྱུར་ན། དེ་དག་སྤོང་བ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ན་གལ་ཏེ་ཡོད་ན་ནི། དེའི་ཚེ་རང་གི་ངོ་བོས་ཡོད་པ་རྣམས་ལའམ། ཡོད་པ་མ་ཡིན་པ་རྣམས་ལ་ཡོད་པར་འགྱུར་བ་ཞིག་གོ །དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་ཉོན་མོངས་པ་རང་བཞིན་ངོ་བོས་ཡོད་པར་གྱུར་པ་རྣམས་སྤོང་བར་འདོད་ན་ནི། དེ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །དངོས་པོ་རང་གི་ངོ་བོས་ཡོད་པ་རྣམས་ཀྱི་རང་བཞིན་ནི་བཟློག་པར་མི་ནུས་ཏེ། ས་ལ་སོགས་པ་རྣམས་ཀྱི་རང་བཞིན་སྲ་བ་ལ་སོགས་པ་རྣམས་ནི་ལྡོག་པ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་ལ་ལ་སྟེ་གང་ཟག་གི་གང་དག་སྟེ་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འདི་དག་ཀྱང་རང་བཞིན་གྱིས་ཡོད་ན་ནི་ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ། གང་གིས་ཀྱང་སྤོང་བར་མི་འགྱུར་བ་ཉིད་དོ། །ཡང་ཅིའི་ཕྱིར་དེ་དག་ནི་སྤོང་ཞེ་ན། ཡོད་པ་སུ་ཞིག་སྤོང་བར་བྱེད། །ཅེས་གསུངས་ཏེ། རང་བཞིན་བཟློག་པར་མི་ནུས་པའི་ཕྱིར། ནམ་མཁའི་མི་སྒྲིབ་པ་ཉིད་བཟློག་ཏུ་མེད་པ་བཞིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཅི་སྟེ་རང་བཞིན་གྱིས་མེད་པ་ཞིག་ཡིན་ན་ཞེས་བྱ་བར་རྟོག་ན། དེ་ལྟར་ན་ཡང་སྤོང་བ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་གསུངས་པ། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་པ། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །ཉོན་མོངས་པ་རང་བཞིན་གྱིས་མེད་པ་སྟེ་མི་བདོག་པ་རྣམས་ཀྱང་སྤང་བར་མི་ནུས་པ་ཉིད་དོ། །མེའི་གྲང་བ་ཡོད་པ་མ་ཡིན་པ་ནི་བཟློག་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་ཉོན་མོངས་པ་འདི་དག་ཀྱང་སུ་ལ་ཡང་གང་དག་ཀྱང་རང་བཞིན་གྱིས་མེད་པས། དེ་དག་སུས་སྤོང་བར་བྱེད་དེ་སུས་ཀྱང་སྤོང་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྱོགས་གཉི་ག་ལྟར་ཡང་སྤོང་བ་ཡོད་པ་མ་ཡིན་པས་ཉོན་མོངས་པ་རྣམས་སྤོང་བ་མེད་དོ། །སྤོང་བ་མེད་པའི་ཕྱིར་ན་ཉོན་མོངས་པ་སྤོང་བའི་ཐབས་ཚོལ་བ་ལྟ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་ཇི་སྐད་དུ། མ་རིག་པ་ལ་སོགས་པ་རྣམས་ནི་ཡོད་པ་ཉིད་དེ། དེ་སྤོང་བའི་ཐབས་ཚོལ་བ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་མི་འཐད་དོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་བསྟན། །བྱང་ཆུབ་ཀྱིས་ཀྱང་གཟུགས་བསྟན་ཏེ། །མི་མཚུངས་པ་ཡི་སྒྲ་རྣམས་ཀྱིས། །ཆོས་ཀྱི་བླ་མ་རབ་ཏུ་བསྟན། །སྒྲ་ཡིས་གཟུགས་ཀྱི་བླ་མ་སྟེ། །ངོ་བོ་ཉིད་ཀྱིས་ཟབ་པ་དག །གཟུགས་དང་བྱང་ཆུབ་མཉམ་པ་སྟེ། །ཐ་དད་བྱ་བ་དེ་མི་རྙེད། །མྱ་ངན་འདས་པ་ཟབ་པར་ཡང་། །སྒྲ་ཡིས་རབ་ཏུ་བསྟན་པ་ལྟར། །མྱ་ངན་འདས་པ་དེ་མི་རྙེད། །དེ་ཡི་སྒྲ་ཡང་མི་རྙེད་དོ། །སྒྲ་དང་མྱ་ངན་འདས་པ་ནི། །གཉི་གའང་རྙེད་པར་མི་འགྱུར་ཏེ། །དེ་བཞིན་སྟོང་པའི་ཆོས་རྣམས་ལ། །མྱ་ངན་འདས་པ་རབ་ཏུ་བསྟན། །མྱ་ངན་འདས་དང་འདའ་བ་ནི། །མྱ་ངན་འདས་པ་མི་རྙེད་དེ། །འདི་ནི་ཆོས་རྣམས་འཇུག་པ་མེད། །ཕྱིས་ནི་ཅི་འདྲ་དེ་བཞིན་སྔོན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མྱ་ངན་འདས་དང་མཚུངས་མཉམ་པར། །སངས་རྒྱས་བསྟན་ལ་བརྩོན་པ་ཡི། །འབྱུང་བ་དེ་དག་རྣམས་ཀྱིས་རིག །ཅེས་གསུངས་པ་དང་། དེ་བཞིན་དུ། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་ཉིད་མཁྱེན། །མཁྱེན་ནས་ཉོན་མོངས་རྣམས་དང་མི་འགྲོགས་ཏེ། །བརྗོད་པ་ཙམ་གྱི་སྒོ་ནས་བརྗོད་བྱ་ཞིང་། །མྱ་ངན་འདས་བཞིན་འཇིག་རྟེན་འདིར་དཔྱད་བྱ། །ཞེས་བྱ་བ་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་འགྲེལ་པའོ།།  །།འདིར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །གལ་ཏེ་རིགས་པས་མི་འཐད་པའི་ཕྱིར་ཕྱི་དང་ནང་གི་དངོས་པོའི་རྣམ་པ་འདི་དག་ཐམས་ཅད་སྟོང་པ་ཉིད་དོ་ཞེས་སྒྲུབ་ན། དེ་ལྟ་ན་ཁྱོད་ལ་ཉེས་པ་ཆེན་པོ་དང་མང་པོར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ཞེ་ན། གལ་ཏེ་འདི་དག་ཐམས་ཅད་སྟོང་པ་ཉིད་ཡིན་ན་དེའི་ཚེ་གང་སྟོང་པ་དེ་ནི་མེད་པ་ཡིན་ལ། གང་མེད་པ་དེ་ནི་ཡོད་པ་མ་ཡིན་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པས་དངོས་པོ་གང་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་མེད་པས་འཕགས་པའི་བདེན་པ་བཞི་པོ་རྣམས་སྟོང་པར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། འདི་ལྟར། འདི་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྔར་གྱི་རྒྱུས་བསྐྱེད་ཅིང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་མི་མཐུན་པར་གྱུར་པའི་ཕྱིར་གནོད་པའི་བདག་ཉིད་ཅན་ཉིད་ཀྱིས་ན་སྡུག་བསྔལ་ཞེས་བྱའོ། །སྡུག་བསྔལ་དེ་ཡང་ཕྱིན་ཅི་ལོག་སྤངས་པས་འཕགས་པ་རྣམས་ཁོ་ནས་སྡུག་བསྔལ་ལོ་སྙམ་དུ་ཤེས་ཀྱི། ཕྱིན་ཅི་ལོག་དང་རྗེས་སུ་འབྲེལ་བའི་ཕྱིར་དང་། ཇི་ལྟར་མཐོང་བ་བཞིན་དངོས་པོའི་རང་བཞིན་རྣམ་པར་འཇོག་པའི་ཕྱིར་འཕགས་པ་མ་ཡིན་པ་དག་གིས་ནི་མ་ཡིན་ནོ། །དེ་ལྟར་དངོས་པོ་དེ་དག་གིས་དངོས་པོ་དེ་དག་ཉིད་དེར་དམིགས་པའི་ཕྱིར་རིམས་ལ་སོགས་པའི་ནད་ཀྱིས་བཏབ་པས་དབང་པོ་ཕྱིན་ཅི་ལོག་ཏུ་གྱུར་པ་བུ་རམ་མངར་བའི་རང་བཞིན་ཡང་ཁ་བ་ཉིད་དུ་དམིགས་པ་རྣམས་ལ་དེ་དག་གི་ཤེས་པ་ལ་ལྟོས་ནས་ཁ་བ་ཉིད་དུ་བདེན་གྱི། མངར་བ་ཉིད་དུ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་ཡིན་མོད་ཀྱི། དེ་ལྟ་ན་ཡང་གང་དག་གིས་འདི་དག་སྡུག་བསྔལ་གྱི་བདག་ཉིད་དུ་མཐོང་བ་དེ་དག་ཉིད་ལ་དེ་དག་སྡུག་བསྔལ་ཡིན་པར་བཞག་གི ཕྱིན་ཅི་ལོག་དང་རྗེས་སུ་འབྲེལ་བས་རྣམ་པ་གཞན་དུ་དམིགས་པ་རྣམས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་འཕགས་པ་རྣམས་ཁོ་ན་ལ་དེ་སྡུག་བསྔལ་གྱི་བདག་ཉིད་དུ་བདེན་པ་དེའི་ཕྱིར་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །གལ་ཏེ་འཕགས་པ་མ་ཡིན་པ་རྣམས་ཀྱིས་ཀྱང་ཚོར་བ་སྡུག་བསྔལ་ལ་སྡུག་བསྔལ་ལོ་ཞེས་བྱ་བར་ཡོངས་སུ་གཅོད་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་སྡུག་བསྔལ་འཕགས་པ་རྣམས་ཁོ་ན་ལ་བདེན་པ་ཡིན་ཞེ་ན། ཚོར་བ་སྡུག་བསྔལ་ཉིད་འབའ་ཞིག་སྡུག་བསྔལ་གྱི་བདེན་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ཚར་ཡིན་ནོ། །དེའི་ཕྱིར་འཕགས་པ་རྣམས་ཁོ་ན་ལ་དེ་བདེན་པའི་ཕྱིར་འཕགས་པའི་བདེན་པའོ་ཞེས་རྣམ་པར་གཞག་སྟེ། ཇི་སྐད་དུ། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་ན་ཡང་། །མི་བདེ་བ་དང་གནོད་བསྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བས་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་བཤད་དོ། །དེའི་ཕྱིར་སྡུག་བསྔལ་དེ་ནི་འཕགས་པ་རྣམས་ཁོ་ན་ལ་བདེན་པས་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་རྣམ་པར་གཞག་གོ །ནམ་ཞིག་གི་ཚེ་ན་འདི་སྡུག་བསྔལ་འཕགས་པའི་བདེན་པར་རིགས་ཤེ་ན། གང་གི་ཚེ་འདུས་བྱས་རྣམས་ལ་འབྱུང་བ་དང་འཇིག་པ་ཡོད་པ་ཡིན་ན། གང་གི་ཚེ་སྟོང་པའི་ཕྱིར་ཅུང་ཟད་ཀྱང་སྐྱེ་བ་མེད་ཅིང་ཅུང་ཟད་ཀྱང་འགག་པ་མེད་པ་དེའི་ཚེ་ནི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་མེད་པ་ན་ཡང་ཀུན་འབྱུང་གི་བདེན་པ་ཡོད་པར་ག་ལ་འགྱུར། འདི་ལྟར་རྒྱུ་གང་ལས་སྡུག་བསྔལ་ཀུན་འབྱུང་ཞིང་སྐྱེ་བ་སྲེད་པ་དང་ལས་དང་ཉོན་མོངས་པའི་མཚན་ཉིད་ཅན་གྱི་རྒྱུ་དེ་ལ་ནི་ཀུན་འབྱུང་ཞེས་བྱ་ན། གང་གི་ཚེ་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་བདེན་པ་ཡོད་པ་མ་ཡིན་པ་དེའི་ཚེ་འབྲས་བུ་དང་བྲལ་བ་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་ཀུན་འབྱུང་ཡང་མེད་དོ། །སྡུག་བསྔལ་དང་བྲལ་ཞིང་ཡིད་མི་སྐྱེ་བ་ལ་ནི་འགོག་པ་ཞེས་བྱ་ན། གང་གི་ཚེ་སྡུག་བསྔལ་ཉིད་མེད་པ་དེའི་ཚེ་གང་གང་གིས་འགོག་པར་འགྱུར། དེའི་ཕྱིར་སྡུག་བསྔལ་འགོག་པ་ཡང་མེད་དོ། །དེའི་ཕྱིར་སྡུག་བསྔལ་མེད་ན་འགོག་པའི་བདེན་པ་ཡང་མེད་དོ། །སྡུག་བསྔལ་འགོག་པ་མེད་ན་ཡང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱང་ཡོད་པར་ག་ལ་འགྱུར། དེའི་ཕྱིར་ལམ་གྱི་བདེན་པ་ཡང་མེད་དོ། །དེའི་ཕྱིར་དེ་ལྟར་དངོས་པོ་རྣམས་སྟོང་པར་སྨྲ་བར་ཁྱོད་ལ་འཕགས་པའི་བདེན་པ་བཞི་པོ་དག་མེད་པར་ཐལ་བར་འགྱུར་རོ། །དེ་ལས་ཉེས་པ་ཅིར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང་། །སྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པར་ཐལ་བ་ཡིན་དང་། མི་རྟག་པ་ལ་སོགས་པ་ནི་རྣམ་པ་དག་གིས་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པ་དེ་དང་། སྡུག་བསྔལ་ཀུན་འབྱུང་གི་བདེན་པ་སྤང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྒོམ་པ་དང་། སྡུག་བསྔལ་འགོག་པ་མངོན་དུ་བྱ་བ་སྟེ་མངོན་སུམ་དུ་བྱ་བ་མི་འཐད་དོ། །གལ་ཏེ་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་མེད་པས་ཡོངས་སུ་ཤེས་པ་ལ་སོགས་པ་མེད་པ་དེའི་ཚེ། ཉེས་པ་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་པ་རྣམས་མེད་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །གང་གི་ཚེ་དེ་ལྟར་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་མེད་པ་དེའི་ཚེ། དེ་མེད་པས་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་དང་། བཞི་ཡང་འཐད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་ཉོན་མོངས་པ་རྣམས་ཀྱི་སྤངས་པ་བསྡོམས་པས་ནི། འབྲས་བུའི་མིང་འཐོབ་སྟེ། འདི་ལྟ་སྟེ། ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལ་སོགས་པ་ཉོན་མོངས་པའི་སྤངས་པ་གང་ཡོད་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཆེན་པོ་དང་འབྲིང་དང་ཆུང་ངུའི་རྣམ་པ་རྣམས་ལ་ཡང་རེ་རེ་ཞིང་ཆེན་པོ་དང་འབྲིང་དང་ཆུང་ངུའི་དབྱེ་བས་ཕྱེ་བ་ན་རྣམ་པ་དགུར་འགྱུར་རོ། །དེ་ལ་འདོད་པ་ན་སྤྱོད་པའི་རྣམ་པ་དྲུག་པ་ཟད་པས་རྣམ་པར་གྲོལ་བའི་ལམ་ལ་སྤངས་པ་གང་ཡོད་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དེ་དག་གི་ཉོན་མོངས་པ་རྣམ་པ་དགུ་པ་ཟད་པས་རྣམ་པར་གྲོལ་བའི་ལམ་ལ་སྤངས་པ་གང་ཞིག་ཡོད་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ། ས་དང་ས་ལ་རྣམ་པ་དགུའི་དབྱེ་བས་ཕྱེ་བ་རྣམས་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ས་པའི་ཉོན་མོངས་པ་རྣམ་པ་དགུ་ཟད་པར་ཟད་པས་རྣམ་པར་གྲོལ་བའི་ལམ་ལ་སྤངས་པ་གང་ཞིག་ཡོད་པ་དེ་ནི་དགྲ་བཅོམ་པའི་འབྲས་བུ་ཞེས་བྱ་སྟེ། འདི་དག་ནི་འབྲས་བུ་བཞིའོ། །འདི་དག་ཇི་ལྟར་རིགས་ཤེ་ན། གལ་ཏེ་སྡུག་བསྔལ་ཡོངས་སུ་ཤེས་པ་ཡོད་ཅིང་ཀུན་འབྱུང་སྤང་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་ལམ་སྒོམ་པ་ཡོད་པར་འགྱུར་བ་ཡིན་ན། གང་གི་ཚེ་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་མེད་པ་དེའི་ཚེ་ནི་འབྲས་བུ་བཞི་པོ་དེ་དག་ཡོད་པ་མ་ཡིན་ནོ། །འབྲས་བུ་བཞི་པོ་དེ་དག་མེད་ན་དེ་དག་ལ་གནས་པའི་འཕགས་པའི་གང་ཟག་འབྲས་བུ་ལ་གནས་པ་བཞི་པོ་གང་དག་ཡིན་པ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་འཕགས་པའི་གང་ཟག་ཞུགས་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ནོ། །འདིར་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པའི་སྔ་རོལ་གྱི་ཤེས་པ་དང་། བཟོད་པའི་སྐད་ཅིག་མ་བཅོ་ལྔ་གང་དག་ཡིན་པ་འདི་ལྟ་སྟེ། ཁམས་གསུམ་གྱི་སྡུག་བསྔལ་མངོན་པར་རྟོགས་པ་དེའི་ཚེ་སྡུག་བསྔལ་ལ་དམིགས་པའི་བཟོད་པ་དང་། ཤེས་པའི་སྐད་ཅིག་མ་བཞིར་འགྱུར་རོ། །དེ་ལ་ཁམས་གསུམ་གྱི་སྡུག་བསྔལ་མངོན་པར་རྟོགས་པའི་དུས་ཀྱི་བརྗོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་དང་མཐར་འཛིན་པ་དང་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་ཕྲ་རྒྱས་བཅུའི་གཉེན་པོར་གྱུར་ཅིང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པར་སྐྱེས་པ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གཅིག་གོ །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ། ཁོང་ཁྲོ་མ་གཏོགས་པ་བཤད་མ་ཐག་པའི་ཕྲ་རྒྱས་བཅོ་བརྒྱད་ཀྱི་གཉེན་པོར་གྱུར་ཅིང་། སྡུག་བསྔལ་ལ་སོགས་པའི་རྣམ་པར་སྐྱེས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པའི་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་བཞི་པའོ། །ཁམས་གསུམ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་། བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་པོ་དེ་དག་ཇི་ལྟ་བ་དེ་བཞིན་དུ། འདོད་པ་ན་སྤྱོད་པའི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་ཕྲ་རྒྱས་བདུན་གྱི་གཉེན་པོར་གྱུར་ཅིང་། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱིས་རྣམ་པར་སྐྱེས་པ་དང་། འདོད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གཅིག་གོ །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཀུན་འབྱུང་གི་བདེན་པ་ལ་དམིགས་པ་ཁོང་ཁྲོ་བ་མ་གཏོགས་པ་བཤད་མ་ཐག་པའི་ཕྲ་རྒྱས་བཅུ་གཉིས་ཀྱི་གཉེན་པོར་གྱུར་ཅིང་། ཀུན་འབྱུང་གི་བདེན་པའི་རྣམ་པར་སྐྱེས་པ། བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་པ་སྟེ། དེ་དག་ནི་ཁམས་གསུམ་ན་སྤྱོད་པའི་སྡུག་བསྔལ་ཀུན་འབྱུང་གི་བདེན་པ་མངོན་པར་རྟོགས་པའི་སྐད་ཅིག་མ་བཞི་ཡིན་ནོ། །ཁམས་གསུམ་གྱི་སྡུག་བསྔལ་ཀུན་འབྱུང་གི་བདེན་པ་མངོན་པར་རྟོགས་པའི་སྐད་ཅིག་མ་བཞི་པོ་འདི་དག ཇི་ལྟར་ཡིན་པ་དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་མཐོང་བས་སྤང་བར་བྱ་བ་ཀུན་འབྱུང་ལ་བཤད་པ་ཕྲ་རྒྱས་བདུན་གྱི་གཉེན་པོར་གྱུར་ཞིང་འགོག་པ་དང་། ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བའི་རྣམ་པར་སྐྱེས་པ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་དམིགས་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན་འགོག་པ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གཅིག་གོ །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ་རྣམ་པར་གྲོལ་བའི་ལམ་གྱིས་མཚན་ཉིད་ཅན། སྡུག་བསྔལ་འགོག་པ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །རྣམ་པ་དེ་དང་དེ་དག་ཉིད་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པའི་བདེན་པ་ལ་དམིགས་པ་ཁོང་ཁྲོ་མ་གཏོགས་པ་ཕྲ་རྒྱས་བཅུ་གཉིས་ཀྱི་གཉེན་པོར་གྱུར་པ་བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པའོ། །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ། རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་བཞི་པའོ། །དེ་དག་ནི་ཁམས་གསུམ་གྱི་སྡུག་བསྔལ་འགོག་པའི་བདེན་པ་མངོན་པར་རྟོགས་པའི་སྐད་ཅིག་མ་བཞིའོ། །ཁམས་གསུམ་ན་སྤྱོད་པའི་སྡུག་བསྔལ་འགོག་པའི་བདེན་པ་མངོན་པར་རྟོགས་པའི་སྐད་ཅིག་མ་བཞི་པོ་འདི་དག་ཇི་ལྟར་ཡིན་པ་དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མཐོང་པས་སྤང་བར་བྱ་བ་འགོག་པ་ལ་བཤད་པ་དག་ལ། བརྒྱད་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བསྣན་ཏེ། ཕྲ་རྒྱས་བརྒྱད་ཀྱི་གཉེན་པོར་གྱུར་ཅིང་ལམ་དང་རིགས་པ་དང་སྒྲུབ་པ་དང་། ངེས་པར་འབྱིན་པའི་རྣམ་པར་སྐྱེས་པ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་དམིགས་པ། བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན། ལམ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གཅིག་གོ །དམིགས་པ་དང་རྣམ་པ་དེ་ཁོ་ན་དང་ལྡན་པ། རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན། ལམ་ལ་ཆོས་ཤེས་པའི་སྐད་ཅིག་མ་ནི་གཉིས་པའོ། །རྣམ་པ་དེ་དག་ཉིད་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་དམིགས་པ། ཁོང་ཁྲོ་མ་གཏོགས་པ་ཕྲ་རྒྱས་བཅུ་བཞིའི་གཉེན་པོར་གྱུར་པ། བར་ཆད་མེད་པའི་ལམ་གྱི་མཚན་ཉིད་ཅན། ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་གསུམ་པ་སྟེ། སྐད་ཅིག་མ་བཅོ་ལྔ་པོ་དེ་དག་ནི། མཐོང་བའི་ལམ་ཞེས་བྱ་བར་གྱུར་ཏོ། །དེ་དག་ལ་རྣམ་པར་གནས་པའི་འཕགས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར། ཞུགས་པར་ཞེས་བྱ་བ་ལ། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་དེ་དག་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་པོ་དེ་དག་ནི། སྒོམ་པ་ལ་ལྟོས་པ་མེད་པར་བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར། མཐོང་བས་སྤང་བ་ཞེས་བྱ་བར་བརྗོད་དོ། །གང་དག་བདེན་པའི་རྣམ་པ་ཇི་ལྟར་མཐོང་བ་བཞིན། ཕྱིས་བསྒོམ་པས་སྤོང་བར་འགྱུར་བ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། དེ་དག་ནི་ཕྲ་རྒྱས་བཅུར་འགྱུར་ཏེ། འདོད་པ་ན་སྤྱོད་པའི་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དག་དང་། གཟུགས་ན་སྤྱོད་པ་ཁོང་ཁྲོ་སྤངས་པ་གསུམ་པོ་དེ་དག་ཉིད་དང་། གཟུགས་མེད་པ་ན་སྤྱོད་པ་གསུམ་པོ་དེ་དག་ཉིད་དེ་བཅུར་འགྱུར་རོ། །དེ་དག་ནི་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ས་དང་ས་ལས་རྣམ་པ་དགུར་ཕྱེ་བ་ཡིན་ཏེ། འདོད་པའི་ཁམས་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དེ་དག་ཏུའོ། །ཉོན་མོངས་པའི་རྣམ་པ་རེ་རེ་སྤང་བར་བྱ་བའི་ཕྱིར། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་དབྱེ་བས་ཤེས་པའི་སྐད་ཅིག་མ་གཉིས་གཉིས་ཉོན་མོངས་པའི་སྐད་ཅིག་ལས་བཟློག་ནས་རྣམ་པར་གཞག་གོ །འདི་ལྟར་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ནི། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཆུང་ངུའི་ཆུང་ངུ་དག་གིས་སྤོང་བ་ནས་ཉོན་མོངས་པའི་རྣམ་པ་ཆུང་ངུའི་ཆུང་ངུ་ནི་ཤེས་པའི་སྐད་ཅིག་མ་ཆེན་པོའི་ཆེན་པོའི་བར་དག་གིས་སྤོང་སྟེ། དྲི་མ་རགས་པ་ནི་འབད་པ་ཆུང་ངུས་བསྒྲུབ་པར་བྱ་ལ། ཕྲ་མོ་ནི་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་ཏེ། ཁྲུས་མཁན་གོས་འཁྲུ་བ་དང་ཆོས་མཚུངས་པར་ཤེས་པར་བྱའོ། །དེ་ལ་མཐོང་བའི་ལམ་གྱི་འོག་རོལ་དུ། འཕགས་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ན་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དྲུག་པོའི་གཉེན་པོ། རྣམ་པར་གྲོལ་བའི་ལམ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྐད་ཅིག་མའི་སྔ་རོལ་གྱི་ཤེས་པའི་སྐད་ཅིག་ལ་གནས་པ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་བས་ན། ལན་ཅིག་ཕྱིར་འོང་བ་ཞེས་བརྗོད་ལ། དེའི་འབྲས་བུའི་དོན་དུ་ཞུགས་ཤིང་སྦྱོར་བ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །སྐད་ཅིག་མ་དྲུག་པ་ལ་ནི་ལན་ཅིག་ཕྱིར་འོང་བའོ། །སྐད་ཅིག་མ་དྲུག་པའི་འོག་རོལ་དུ་འཕགས་པ་ཉོན་མོངས་པ་དགུ་པ་སྤོང་བ་རྣམ་པར་གྲོལ་བའི་ལམ་གྱི་ཡེ་ཤེས་ཀྱི་སྐད་ཅིག་གི་སྔ་རོལ་གྱི་ཡེ་ཤེས་ཀྱི་སྐད་ཅིག་ལ་གནས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། འཇིག་རྟེན་འདིར་ཕྱིར་མི་འོང་བར་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཕྱིར་མི་འོང་བ་ཞེས་བརྗོད་ལ། དེའི་འབྲས་བུའི་དོན་དུ་ཞུགས་ཤིང་སྦྱོར་བ་ལ་གནས་པ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །སྐད་ཅིག་མ་དགུ་པ་ལ་ནི་ཕྱིར་མི་འོང་བ་ཞེས་བྱའོ། །སྐད་ཅིག་མ་དགུ་པའི་འོག་རོལ་ཏུ་འཕགས་པ་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྔ་རོལ་གྱི་སྐད་ཅིག་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུའི་གཉེན་པོ་ལ་གནས་པ་ནི་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པས་དགྲ་བཅོམ་པ་ཞེས་བརྗོད་ལ། དེའི་འབྲས་བུའི་དོན་དུ་ཞུགས་ཤིང་སྦྱོར་བ་ལ་གནས་པ་ནི། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །སྲིད་པའི་རྩེ་མོའི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པ་ལས་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་གནས་པ་ནི། དགྲ་བཅོམ་པ་ཞེས་བྱའོ། །ཞུགས་པའི་གང་ཟག་བཞི་དང་འབྲས་བུ་ལ་གནས་པ་བཞི་ཞེས་བྱ་བ་གང་ཟག་སྐྱེས་བུ་ཆེན་པོ་བརྒྱད་པོ་ཡོན་གནས་སུ་འོས་པ་དམ་པ་དེ་དག་ནི། བཅོམ་ལྡན་འདས་ཀྱིས་དགེ་འདུན་ཡིན་ནོ་ཞེས་གསུངས་ཏེ། ཇི་སྐད་དུ། དེ་ལ་བརྒྱ་བྱིན་ལྷ་ཡི་རྒྱལ། །དབང་བསྒྱུར་གྱིས་ནི་ཞུས་པ་དང་། །སྲོག་ཆགས་ཞིང་པ་རྒྱལ་འགྱུར་ཞིང་། །དད་ལྡན་བསོད་ནམས་དག་འདོད་པ། །རྫས་ལས་བྱུང་བའི་བསོད་ནམས་ནི། །རྟག་ཏུ་བྱེད་པ་རྣམས་ཀྱིས་ཞིང་། །གང་ལ་ཕུལ་ན་འབྲས་ཆེ་བ། །བཟང་པོ་རབ་ཏུ་བཤད་བྱ་སྟེ། །རིག་དང་ཞབས་སུ་ལྡན་པ་ཡིས། །སྦྱིན་གནས་གྱུར་ཞིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་བཞི་རྣམས་སོ། །ཞེས་གསུངས་སོ། །དེའི་ཕྱིར་གལ་ཏེ་འཕགས་པའི་བདེན་པ་བཞི་དང་། དེ་དག་ཡོངས་སུ་ཤེས་པ་ལ་སོགས་པ་མེད་ན་དེའི་ཚེ་བདེན་པ་མཐོང་བ་མེད་པས་འབྲས་བུ་རྣམས་མཐོང་བའི་ཕྱིར་ཞུགས་པ་དང་། འབྲས་བུ་ལ་གནས་པའི་གང་ཟག་རྣམས་མེད་པས་ན། དགེ་འདུན་ཡོད་པ་མ་ཡིན་ནོ། །དེ་ལ་རྟོགས་པའི་ཆོས་ཀྱི་ཆོས་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་བདུད་ཐམས་ཅད་ཀྱིས་ཀྱང་། བཅོམ་ལྡན་འདས་ལས་མི་ཕྱེད་པས་དགེ་འདུན་ཡིན་ཏེ། དེ་ཡོད་པར་མི་འགྱུར་རོ། །གལ་ཏེ་འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར། སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་ཉིད་མེད་ན། འཕགས་པ་དམ་པ་རྣམས་ཀྱི་ཆོས་སུ་གྱུར་པ་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་འགོག་པའི་བདེན་པ་ནི་འབྲས་བུའི་ཆོས་སོ། །ལམ་གྱི་བདེན་པ་ནི་འབྲས་བུ་ལ་འཇུག་པའི་ཆོས་ཏེ་འདི་ནི་རེ་ཞིག་རྟོགས་པའི་ཆོས་ཡིན་ནོ། །དེ་ལ་གསལ་བར་བྱེད་པ་བསྟན་པ་ནི། ལུང་གི་ཆོས་ཡིན་ན་འཕགས་པའི་བདེན་པ་རྣམས་མེད་ན་ནི། འདི་དག་ཐམས་ཅད་ཡོད་པ་མ་ཡིན་ནོ། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །གལ་ཏེ་ཇི་སྐད་བཤད་པའི་ཆོས་ཡོད་ན་ནི། ཆོས་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པའི་ཕྱིར། སངས་རྒྱས་ཡོད་དོ་ཞེས་བྱ་བར་རིགས་པར་འགྱུར་ཞིང་། གལ་ཏེ་དགེ་འདུན་ཡོད་ན་ནི་དེའི་ཚེ་དེའི་ཉེ་བར་བསྟན་པ་དེ་དག་གིས་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་དེ་ལ་དབུལ་བ་དང་། རིམ་གྲོ་དང་སྐྱབས་སུ་འགྲོ་བ་ལ་སོགས་པ་དག་གིས་བསོད་ནམས་ཀྱི་ཚོགས་བསགས་པ་ན། རིམ་གྱིས་སངས་རྒྱས་སུ་འགྱུར་རོ། །ཡང་ན་དགེ་འདུན་མེད་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་སོགས་པ་རྣམས་མེད་དོ། །ཞུགས་པ་ལ་སོགས་པ་རྣམས་མ་ཐོབ་པར་ནི་སངས་རྒྱས་ཉིད་ཐོབ་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སྔོན་གདོན་མི་ཟ་བར་འབྲས་བུ་འགའ་ཞིག་ལ་ཞུགས་པར་འགྱུར་རོ། །འབྲས་བུ་དེ་ལ་ཞུགས་པས། བཅོམ་ལྡན་འདས་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དགེ་འདུན་མེད་ན་ནི་ངེས་པར་སངས་རྒྱས་བཅོམ་ལྡན་འདས་ཡོད་པ་མ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་ཀྱང་མི་སློབ་པའི་ཁོངས་སུ་གཏོགས་པའི་དགེ་འདུན་གྱི་ཁོངས་སུ་འདུ་བ་ཉིད་ཡིན་ན། དེ་ལྟ་ཡིན་དང་ཁ་ཅིག་ན་རེ། སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞེས་བརྗོད་པའི་ཕྱིར། བཅོམ་ལྡན་འདས་དགེ་འདུན་གྱི་ཁོངས་སུ་འདུ་བ་ཉིད་དོ་ཞེས་སྨྲས་ཏེ། དེ་དག་གི་ལུགས་ལྟར་ན། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་བྱ་བ་དེ་ཆོས་གསལ་བ་ཡིན་ནོ། །བར་མ་འདོན་པར་བྱེད་པ་དག་ནི། གཞི་ཆེན་པོ་ལས་སའི་རྣམ་པར་གཞག་པ་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་མཐོང་བའི་ལམ་སྐྱེས་པ་ཡིན་པར་སྨྲས་པ་ན། དགེ་འདུན་གྱི་ཁོངས་སུ་གཏོགས་པར་བརྗོད་པར་བྱེད་དོ་ཞེས་བྱའོ། །དེ་ལྟ་ན་ནི། དགེ་འདུན་ཡོད་པ་མ་ཡིན་ན། བྱང་ཆུབ་སེམས་དཔའ་ཡང་མེད་པས། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་བྱ་བ་འདི་གསལ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར། དེ་སྐད་སྟོང་པ་ཉིད་སྨྲ་ན། །དཀོན་མཆོག་གསུམ་ལ་གནོད་པ་ནི། །བྱེད་ཅིང་སྟེ། སྟོང་པ་ཉིད་ཀྱི་དོན་དེ་སྐད་སྨྲ་ན། རྙེད་པར་དཀའ་བའི་ཕྱིར་དང་། རེས་འགའ་ཞིག་ན་འབྱུང་བའི་ཕྱིར་དང་། བསོད་ནམས་ཆུང་བ་རྣམས་ཀྱིས་དེ་དང་མི་ཕྲད་པའི་ཕྱིར་དང་། རིན་ཐང་ཆེ་བའི་ཕྱིར་ན། དཀོན་མཆོག་གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་དག་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །གཞན་ཡང་འབྲས་བུ་ཡོད་པ་དང་། །ཆོས་མ་ཡིན་པ་ཆོས་ཉིད་དང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །སྟོང་པ་ཉིད་སྨྲ་ན་ཞེས་བྱ་བ་དེ་དང་སྦྱར་རོ། །གལ་ཏེ་འདི་དག་ཐམས་ཅད་སྟོང་ཞིང་གང་གི་ཚེ་འདི་དག་ཐམས་ཅད་མེད་ན། དེའི་ཚེ་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར། ཆོས་དང་ཆོས་མ་ཡིན་པ་གཉིས་པོ་དེ་དག་གི་རྒྱུ་ཅན་འབྲས་བུ་འདོད་པ་དང་། མི་འདོད་པ་དང་བཅས་པ་མེད་པར་འགྱུར་ལ། འཇིག་རྟེན་པའི་ཐ་སྙད་གྱིས་ཤིག ཆོས་ཤིག ཟོ་ཤིག འདུག་ཤིག སོང་ཤིག ཤོག་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་ཐམས་ཅད་ཀྱི་ཁོངས་སུ་འདུས་པའི་ཕྱིར་དང་། ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་ཡིན་པའི་ཕྱིར་མི་རིགས་པ་ཉིད་དོ། །དེའི་ཕྱིར་དེ་སྐད་བསྟན་པའི་ཚུལ་འདི་ནི་མི་ལེགས་སོ་ཞེས་འཛེར་ཏོ། །དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོངས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །ཁྱོད་ནི་རང་གི་རྣམ་པར་རྟོག་པ་ཁོ་ནས་མེད་པ་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ་ཞེས་དེ་ལྟར་དོན་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པས་ཀླན་ཀ་སྨྲ་ཞིང་། ཁོ་བོ་ཅག་ལ་ཆེར་ཡིད་བྱུང་བར་གྱུར་པ་ནི། ཤིན་ཏུ་གནོད་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་པ་སྣ་ཚོགས་པ་དག་གིས་ཉམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཁྱོད་ཀྱིས་ཡོངས་སུ་བཟུང་བ་གང་ཡིན་པ་འདི་ནི་ཁོ་བོ་ཅག་གིས་བསྟན་བཅོས་འདིར་སྟོང་པ་ཉིད་ཀྱི་དོན་དུ་མ་སྨྲས་ལ། ཁྱོད་ཀྱིས་ནི་སྟོང་པ་ཉིད་ཀྱི་དོན་མ་ཤེས་པས་སྟོང་པ་ཉིད་ཀྱང་མི་ཤེས་ཤིང་། སྟོང་པ་ཉིད་ཀྱི་དགོས་པ་གང་ཡིན་པ་དེ་ཡང་མི་ཤེས་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་རང་གི་ངོ་བོ་ཇི་ལྟར་གནས་པའི་དོན་མ་ཤེས་པས་ཁྱོད་ཀྱིས་ཁོ་བོ་ཅག་གིས་བཤད་པ་དང་མ་འབྲེལ་ཞིང་མི་རིགས་པ་རྣམ་པ་མང་པོ་འདི་སྨྲས་པ་ཡིན་ནོ། །དེ་ནས་སྟོང་པ་ཉིད་ཀྱི་དགོས་པ་ཅི་ཞེ་ན། འདི་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བདག་བརྟག་པར་བཤད་ཟིན་ཏོ། །དེའི་ཕྱིར་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟོང་པ་ཉིད་ཉེ་བར་སྟོན་པ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་ཀྱི་དགོས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ན། ཁྱོད་ཀྱིས་ནི་སྟོང་པ་ཉིད་ཀྱི་དོན་མེད་པ་ཡིན་པར་རྟོག་ཅིང་སྤྲོས་པའི་དྲྭ་བ་ཁོ་ན་སྤེལ་བར་བྱེད་པ་ན། སྟོང་པ་ཉིད་ཀྱི་དགོས་པ་མ་རྟོགས་པ་ཡིན་ནོ། །དེ་ནས་སྟོང་ཉིད་གང་ཡིན་ཞེ་ན། དེ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དེ་ཉིད་དུ་བཤད་ཟིན་ཏོ། །དེའི་ཕྱིར་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་ལོག་པའི་རང་བཞིན་ལ་མེད་པ་ཉིད་དུ་ག་ལ་ཡོད། དེའི་ཕྱིར་ཁྱོད་ཀྱིས་སྟོང་པ་ཉིད་ཀྱང་མི་ཤེས་པ་ཡིན་ནོ། །དོན་གང་ཉེ་བར་བཟུང་ནས་སྟོང་པ་ཉིད་ཀྱིས་སྒྲ་འཇུག་པ་དེ་ཡང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་འདི་ཉིད་དུ་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་མིན། །ཞེས་ཚིགས་སུ་བཅད་དེ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་སྒྲའི་དོན་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡིན་གྱི་དངོས་པོ་མེད་པའི་སྒྲའི་དོན་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་མ་ཡིན་ནོ། །ཁྱོད་ནི་དངོས་པོ་མེད་པའི་སྒྲའི་དོན་སྟོང་པ་ཉིད་ཀྱི་སྒྲའི་དོན་དུ་སྒྲོ་བཏགས་ནས། ཁོ་བོ་ཅག་ལ་ཀླན་ཀ་ཚོལ་བ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡང་མི་ཤེས་པ་ཡིན་ནོ། །མི་ཤེས་བཞིན་དུ་ཀླན་ཀ་ཚོལ་བ་ནི་ངེས་པར་ཁྱོད་ཉིད་ལ་གནོད་པ་ཡིན་ནོ། །ཁོ་བོ་ཅག་ལ་ཇི་སྐད་སྨྲས་པའི་ཀླན་ཀ་ཚོལ་བ་དེ་སུ་ཞིག་ཅེ་ན། གང་ཞིག་བཅོམ་ལྡན་འདས་ཀྱི་གསུང་རབ་ལས། བསྟན་པ་བདེན་པ་གཉིས་ཀྱིས་རྣམ་པར་དབྱེ་བ་ཕྱིན་ཅི་མ་ལོག་པར་མ་ཤེས་པར་གཞུང་ཙམ་འབའ་ཞིག་འདོན་པ་ལྷུར་ལེན་པའོ། །དེའི་ཕྱིར་སློབ་དཔོན་གྱིས་གཞན་གྱི་གསུང་རབ་ཀྱི་དོན་ལོག་པར་རྟོག་པ་བཟློག་པར་བྱ་བའི་ཕྱིར། རེ་ཞིག་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་བསྟན་པའི་བདེན་པ་གཉིས་ཀྱིས་ཕྱིན་ཅི་མ་ལོག་པར་རྣམ་པར་གཞག་པའི་དབང་དུ་མཛད་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི། བདེན་པ་གཉིས་ལ་བརྟེན་ནས་འཇུག་གོ །བདེན་པ་གཉིས་གང་ཞེ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །དེ་ལ། འཇིག་རྟེན་ཕུང་པོར་རབ་གྲགས་པ། །དེ་ལ་འཇིག་རྟེན་ངེས་པར་བརྟེན། །ཞེས་འབྱུང་བ་ལས་ན་ཕུང་པོ་ལ་བརྟེན་ནས་བརྟགས་པའི་གང་ཟག་ལ་འཇིག་རྟེན་ཞེས་བརྗོད་དོ། །ཀུན་ནས་སྒྲིབ་པས་ན་ཀུན་རྫོབ་སྟེ། མི་ཤེས་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་ཀུན་ནས་འགེགས་པར་བྱེད་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །ཡང་ན་ཕན་ཚུན་བརྟེན་པས་ན་ཀུན་རྫོབ་སྟེ། ཕན་ཚུན་བརྟེན་པ་ཉིད་ཀྱིས་ན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་རྫོབ་ནི་བརྡ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་བརྗོད་པ་དང་། བརྗོད་བྱ་དང་། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །འཇིག་རྟེན་གྱི་ཀུན་རྫོབ་ནི་འཇིག་རྟེན་གྱི་ཀུན་རྫོབ་བོ་ཞེས་འཇིག་རྟེན་ཀུན་རྫོབ་ཅེས་གང་ལས་དེ་ལྟར་ཁྱད་པར་དུ་བྱེད་པ་འཇིག་རྟེན་མ་ཡིན་པའི་ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན། འདི་ནི་དངོས་པོ་ཇི་ལྟར་གནས་པ་རྗེས་སུ་བརྗོད་པ་ཡིན་གྱི། འདིར་དཔྱད་པ་དེ་མི་འཇུག་གོ །རྣམ་པ་གཅིག་ཏུ་ན། རབ་རིབ་དང་ལིང་ཏོག་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་ཕྱིན་ཅི་ལོག་ལ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི། འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །ཞེས་དེ་ལས་ཁྱད་པར་དུ་བྱས་སོ། །འདི་ཡང་དབུ་མ་ལ་འཇུག་པ་ལས་རྒྱས་པར་བཤད་པས་དེ་ལས་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གྱི་ཀུན་རྫོབ་ཏུ་བདེན་པ་ནི། །འཇིག་རྟེན་ཀུན་རྫོབ་བདེན་པ་སྟེ། །བརྗོད་བྱ་དང་། རྗོད་བྱེད་དང་། ཤེས་པ་དང་། ཤེས་བྱ་ལ་སོགས་པའི་ཐ་སྙད་མ་ལུས་པ་འདི་དག་ཐམས་ཅད་ནི། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དོན་དམ་པ་ལ་ནི་འདི་དག་ཡོད་པ་མ་ཡིན་ཏེ། དེར་ནི་བརྗོད་པར་བྱ་བ་བཟློག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས་པ་ཡིན་པ་དེའི་ཕྱིར་དོན་དམ་པ་དེ་ལ་ཚིག་གམ་ཤེས་པ་འཇུག་པ་ག་ལ་ཡོད། དོན་དམ་པ་དེ་ནི་གཞན་ལས་ཤེས་པ་མ་ཡིན་ཞིང་ཞི་བ་དང་། འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དང་། སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་གྱི། དེ་ནི་བསྟན་པར་བྱ་བ་མ་ཡིན་ཞིང་། ཤེས་པ་ཡང་མ་ཡིན་ཏེ། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སྔར་བཤད་ཟིན་ཏོ། །དོན་ཡང་དེ་ཡིན་ལ་དམ་པ་ཡང་དེ་ཡིན་པས་ན་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་དོན་དམ་པའི་བདེན་པའོ། །བདེན་པ་འདི་གཉིས་ཀྱི་རྣམ་པར་དབྱེ་བ་ནི། རྒྱས་པར་དབུ་མ་ལ་འཇུག་པ་ལས་ཤེས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི། བདེན་པ་གཉིས་པོ་འདི་ལ་བརྟེན་ནས་འཇུག་པ་ཡིན་ནོ། །བསྟན་པའི་ཚུལ་དེ་ལྟར་རྣམ་པར་གནས་པ་ཡིན་དང་། གང་དག་བདེན་པ་གཉིས་ཀྱིས་ནི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོ་འདི་ཉིད་རྣམ་མི་ཤེས། །ཞེས་བྱའོ། །འདིར་སྨྲས་པ། གལ་ཏེ་དོན་དམ་པ་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་ན། འོ་ན་དེ་ཉིད་ཡིན་ལ་རག་མོད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འཕགས་པའི་བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་སྟོན་པ་དོན་དམ་པ་མ་ཡིན་པ་གཞན་འདིས་ཅི་ཞིག་དགོས། དེ་ཉིད་མ་ཡིན་པ་ནི་ཡོངས་སུ་སྤང་བར་བྱ་བ་ཡིན་ན། གང་ཡོངས་སུ་སྤང་བར་བྱ་བ་ཡིན་པ་བསྟན་པ་དེས་ཅི་ཞིག་བྱ། བརྗོད་པར་བྱ་སྟེ། དེ་ནི་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་པ་དང་། ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ། མ་བསྟན་ན་ཡང་རྟོགས་པར་མི་ནུས་ཤིང་། དོན་དམ་པ་མ་རྟོགས་པར་ཡང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་གསུངས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར། ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླང་བར་བྱའོ། །དེའི་ཕྱིར་དེ་ལྟར། གང་ཞིག་ཀུན་རྫོབ་དང་། དོན་དམ་པའི་བདེན་པའི་མཚན་ཉིད་ཅན་བདེན་པ་གཉིས་ཀྱིས་རྣམ་པར་གཞག་པ་མ་བྱས་པར་སྟོང་པ་ཉིད་སྨྲ་བར་བྱེད་པའི་གང་ཟག་རྣམ་པ་དེ་ལྟ་བུ་ནི། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་བྱེད། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབ་པ་བཞིན། །རྣལ་འབྱོར་པ་ཀུན་རྫོབ་ཀྱི་བདེན་པ་མི་ཤེས་པ་ཙམ་གྱིས་བསྐྱེད་པ་རང་བཞིན་མེད་པར་རྟོགས་ནས་དེའི་སྟོང་པ་ཉིད་དོ། །དོན་དམ་པའི་མཚན་ཉིད་རྟོགས་པ་ནི་མཐའ་གཉིས་སུ་ལྷུང་བར་མི་འགྱུར་ཏེ། གང་ཞིག་ད་ལྟ་མེད་པར་གྱུར་པ་དེའི་ཚེ་ན། ཅི་ཞིག་ཡོད་པར་འགྱུར་ཞེས་དེ་ལྟར་སྔར་དངོས་པོའི་རང་བཞིན་མ་དམིགས་པས་ཕྱིས་ཀྱང་མེད་པ་ཉིད་དུ་མི་རྟོགས་ལ། འཇིག་རྟེན་གྱི་ཀུན་རྫོབ་གཟུགས་བརྙན་དང་འདྲ་བ་ལ་གནོད་པ་མ་བྱས་པས། ལས་དང་ལས་ཀྱི་འབྲས་བུ་དང་ཆོས་དང་ཆོས་མ་ཡིན་པ་ལ་ཡང་གནོད་པ་ལ་མ་ཡིན་ནོ། །དོན་དམ་པ་དངོས་པོ་ཉིད་དུ་སྒྲོ་འདོགས་པར་བྱེད་པ་ཡང་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པ་མ་ཡིན་པ་རྣམས་ཁོ་ན་ལ་ལས་ཀྱི་འབྲས་བུ་ལ་སོགས་པ་མཐོང་བའི་ཕྱིར་དང་། དངོས་པོ་རང་བཞིན་དང་བཅས་པ་ཡོད་པ་མ་ཡིན་པའི་ཕྱིར་དང་། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་རྣམས་ཀྱི་ལྟར་ཡང་། ལས་དང་ལས་ཀྱི་འབྲས་བུ་མ་མཐོང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཐམས་ཅད་མ་མཐོང་བའི་ཕྱིར་རོ། །གང་གིས་དེ་ལྟར་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་མ་མཐོང་བར་འདུ་བྱེད་རྣམས་སྟོང་པ་ཉིད་དུ་མཐོང་བ་དེས་ནི་སྟོང་པ་ཉིད་མཐོང་བས་འདུ་བྱེད་རྣམས་ཡོད་པ་མ་ཡིན་པ་ཉིད་དུ་རྟོག་པར་བྱེད་ལ། ཡང་ན་སྟོང་པ་ཉིད་འགའ་ཞིག་དངོས་པོར་བརྟགས་ནས། དེའི་རྟེན་གྱི་ཚེ་དང་དངོས་པོའི་རང་བཞིན་ཡང་རྟོག་པར་བྱེད་དེ། དེ་ནི་གཉི་ག་ལྟར་ཡང་སྟོང་པ་ཉིད་ལ་ལྟ་ཉེས་པས་ངེས་པར་ཕུང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། རེ་ཞིག གལ་ཏེ་ཐམས་ཅད་སྟོང་པ་སྟེ། །ཐམས་ཅད་ཡོད་པ་མ་ཡིན་ནོ། །ཞེས་རྟོག་ན་ནི་དེའི་ཚེ། འདི་ལོག་པར་ལྟ་བར་འགྱུར་ཏེ། ཇི་སྐད་དུ། ཆོས་འདི་ལོག་པར་བཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིངས་བར་འགྱུར། །ཞེས་བཤད་དོ། །ཅི་སྟེ་ཡང་ཐམས་ཅད་ལ་སྐུར་པ་འདེབས་པར་མི་འདོད་ན་ནི་དེའི་ཚེ། ཇི་ལྟར་དངོས་པོ་འདི་དག་དམིགས་སུ་ཟིན་ཀྱང་སྟོང་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་རང་བཞིན་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་དོན་མ་ཡིན་ནོ་ཞེས་འདི་ངེས་པ་སྟོང་པ་ཉིད་སྤོང་བར་འགྱུར་ཏེ། དེ་ལྟར་སྤངས་ནས་ཆོས་ཀྱི་ཕོངས་པར་འགྱུར་པའི་ལས་ཀྱིས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་རོ། །ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། གཞན་ཡང་འདི་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་བཤད་དོ། །དེ་ལྟར་ན་རེ་ཞིག་སྟོང་པ་ཉིད་ལ་དངོས་པོ་མེད་པར་བཟུང་བས་ན། འཛིན་པ་པོ་ཕུང་བར་བྱེད་པ་ཡིན་ནོ། །ཅི་སྟེ་བཅོམ་ལྡན་འདས་རྣམས་ཀྱི་སྟོང་པ་ཉིད་དང་། དེའི་རྟེན་འདུ་བྱེད་རྣམས་ཡོད་པ་ཉིད་དུ་རྟོག་པར་བྱེད་པ་དེ་ལྟ་ན་ཡང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་ལོག་པར་ཞུགས་པའི་ཕྱིར། སྟོང་པ་ཉིད་བསྟན་པ་འབྲས་བུ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་སྟོང་པ་ཉིད་དངོས་པོའི་ངོ་བོར་གཟུང་བ་ན་ཡང་འཛིན་པ་པོ་ཕུང་བར་བྱེད་དོ། །གལ་ཏེ་ཕན་འདོགས་པ་གང་ཡིན་པ་དེ་རྣམ་པ་གཞན་དུ་གཟུང་ན། ཕན་འདོགས་པར་མ་གྱུར་མོད། གནོད་པར་བྱེད་པར་ནི་ཇི་ལྟར་འགྱུར་ཏེ། འབྲུ་དག་གོ་རིམ་ལས་ཉམས་པར་བཏབ་པ་ན། འདེབས་པ་པོ་བརླག་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་སློབ་དཔོན་གྱིས་བརྗོད་པར་བཞེད་པའི་དོན་སྟོན་པའི་དཔེ་གསུངས་པ་ནི། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །ཞེས་བྱ་བ་སྟེ། ཇི་ལྟར་སྦྲུལ་སྨན་དང་སྔགས་ཀྱི་སྟོབས་ཀྱིས་མན་ངག་ཇི་ལྟ་བ་བཞིན་བཟུང་ན་ནོར་གྱི་ཕུང་པོ་ཆེན་པོ་འགུགས་པར་བྱེད་ལ། ཇི་ལྟར་ཉེ་བར་བསྟན་པ་བོར་ནས་འཛིན་ན་ནི་འཛིན་པ་པོ་ཉིད་ཕུང་བར་བྱེད་པ་ཡིན་ནོ། །ཡང་ཇི་ལྟར་མན་ངག་ཇི་ལྟ་བ་བཞིན་རབ་ཏུ་བསྒྲུབས་པའི་རིག་སྔགས་ཀྱིས་ནི་སྒྲུབ་པ་པོ་ལ་ཕན་འདོགས་པར་བྱེད་ལ། མན་ངག་ལས་ཉམས་པར་བསྒྲུབས་ན་ནི་སྒྲུབ་པ་པོ་ཉིད་བརླག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་བཟུང་ན་ནི། འཛིན་པ་པོ་མྱ་ངན་ལས་འདས་པའི་བདེ་བ་མཆོག་ལ་སྦྱོར་བར་བྱེད་ལ། ཇི་ལྟར་ཉེ་བར་བསྟན་པར་སྤངས་ནས་བཟུང་ན་ནི། ངེས་པར་ཇི་སྐད་བཤད་པའི་ཚུལ་གྱིས་འཛིན་པ་པོ་ཉིད་ཕུང་བར་བྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་ལ་བཟུང་ཉེས་པས་འཛིན་པ་པོ་ཕུང་བར་བྱེད་ལ། ཤེས་རབ་ཞན་པ་དག་གིས་ཀྱང་ཡང་དག་པར་འཛིན་པར་མི་ནུས་པ། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །གང་གི་ཕྱིར་ཕྱིན་ཅི་ལོག་ཏུ་བཟུང་བས། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་འདིས་ཤེས་རབ་ཆུང་བ་སྟེ། སེམས་ཅན་སྤོབས་པ་ཆུང་བ་ཕུང་བར་བྱེད་པ་དེ་ཉིད་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་ཆོས་ཤིན་ཏུ་ཟབ་པ་ལ་གཟིགས་ཏེ། ཞན་པ་དག་གིས་ཆོས་འདིའི་དོན་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པ་བཅོམ་ལྡན་འདས་ཀྱི་ཐུགས་ཆོས་སྟོན་པ་ལས་ལོག་པར་གྱུར་པ་ཡིན་ནོ། །ཇི་སྐད་དུ། མདོ་ལས། དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ཟབ་མོ་ཟབ་པར་སྣང་བ་བརྟག་པར་བྱ་བ་མ་ཡིན་ཞིང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཞིབ་མོ་མཁས་ཤིང་མཛངས་པར་རིག་པར་བྱ་བ་ཐུགས་སུ་ཆུད་དེ། དེ་གལ་ཏེ་ངས་གཞན་དག་ལ་བསྟན་ན། གཞན་གྱིས་ངའི་དེ་རྟོགས་པར་མི་འགྱུར། དེས་ང་ལ་གནོད་པར་འགྱུར་ཞིང་ཞུམ་པར་འགྱུར། ཐུགས་མི་སྤྲོ་བར་འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་པ་མཐོང་བའི་ཆོས་ལ། བདེ་བ་ལ་རིག་པར་གནས་པར་རབ་ཏུ་ཐོབ་པས་གནས་པར་བྱའོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་རྣམ་པར་གནས་པ་མ་ཤེས་པར། སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་འཐད་པ་མ་ཡིན་པས། །ཁྱེད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །གང་གི་ཕྱིར་ཁྱོད་ཀྱིས་ཁོ་བོ་ཅག་ལ། །གལ་ཏེ་འདི་དག་ཀུན་སྟོང་ལ། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པས་སྐྱོན་ཆེན་པོར་ཐལ་བར་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི། བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་མངོན་པར་མ་ཤེས་པས། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་དང་། སྟོང་པ་ཉིད་ཀྱི་དགོས་པ་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་པས་བཀོད་པ་ཡིན་པས། ཁོ་བོ་ཅག་གི་སྟོང་པ་ལ་སྟེ། སྟོང་པ་ཉིད་དུ་སྨྲ་བ་ལ་དེའི་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་མི་འཐད་པ་དེའི་ཕྱིར་ཁྱོད་སྟོང་པ་ཉིད་ལ་ཉེ་བར་ཐལ་བར་བརྗོད་ཅིང་། སྟོང་པ་ཉིད་སྤོང་བར་བྱེད་པ་སྟེ། འདོར་ཞིང་སེལ་ལ་ཟློག་པར་བྱེད་པ་གང་ཡིན་པའི་སྤོང་བ་དེ་ངེད་ཅག་ལ་མི་འཐད་དོ། །འདི་ལྟར་ཁྱེད་ཀྱིས་ནི་དངོས་པོ་མེད་པའི་དོན་སྟོང་པ་ཉིད་ཀྱི་དོན་དུ་སྒྲོ་བཏགས་ནས་ཐལ་བ་བརྗོད་པ་ཡིན་ན། ཁོ་བོ་ཅག་ནི་སྟོང་པ་ཉིད་ཀྱི་དོན་དངོས་པོ་མེད་པའི་དོན་དུ་མི་འཆད་ཅིང་། འོ་ན་ཅི་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །དེའི་ཕྱིར་སྟོང་པ་ཉིད་དུ་ལྟ་བ་ལ་སུན་འབྱིན་པ་འདི་མི་རིགས་སོ། །ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བ་མི་འཇུག་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་བདེན་པ་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །གང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་འདི་རུང་བ་དེ་ལ་ཇི་སྐད་སྨྲས་པ་དེ་དག་ཐམས་ཅད་རུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྟོང་པ་ཉིད་ཅེས་སྨྲ་སྟེ། དེའི་ཕྱིར། གང་ལ་སྟོང་པ་ཉིད་འདི་རུང་བ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རུང་ལ། གང་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རུང་བ་དེ་ལ་འཕགས་པའི་བདེན་པ་བཞི་རྣམས་རུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་སྡུག་བསྔལ་དུ་འགྱུར་གྱི། རྟེན་ཅིང་འབྲེལ་བར་མི་འབྱུང་བ་ནི་མ་ཡིན་ནོ། །དེ་ནི་རང་བཞིན་མེད་པས་སྟོང་པར་འགྱུར་རོ། །སྡུག་བསྔལ་ཡོད་ན་ནི་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རུང་བར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པར་ཡང་རུང་ངོ་། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོངས་སུ་ཤེས་པ་ལ་སོགས་པ་ཡོད་ན་ནི་འབྲས་བུ་རྣམས་རུང་བར་འགྱུར་རོ། །འབྲས་བུ་རྣམས་ཡོད་ན་འབྲས་བུ་ལ་གནས་པ་དག་རུང་ངོ་། །འབྲས་བུ་ལ་གནས་པ་དག་ཡོད་ན་ནི་ཞུགས་པ་དག་ཀྱང་རུང་བར་འགྱུར་རོ། །འབྲས་བུ་ལ་གནས་པ་དང་ཞུགས་པ་དག་ཡོད་ན་ནི་དགེ་འདུན་རུང་ངོ་། །འཕགས་པའི་བདེན་པ་རྣམས་ཡོད་ན། དམ་པའི་ཆོས་ཀྱང་རུང་བར་འགྱུར་རོ། །དམ་པའི་ཆོས་དང་དགེ་འདུན་ཡོད་ན་ནི་སངས་རྒྱས་ཀྱང་རུང་བར་འགྱུར་རོ། །དེའི་ཕྱིར་དཀོན་མཆོག་གསུམ་ཡང་རུང་བར་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཁྱད་པར་དུ་རྟོགས་པ་ཐམས་ཅད་ཀྱང་རུང་ལ། ཆོས་དང་ཆོས་མ་ཡིན་པ་དག་དང་། དེའི་འབྲས་བུ་དང་། འཇིག་རྟེན་པའི་ཐ་སྙད་དག་ཀྱང་རུང་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན། གང་ལ་སྟོང་པ་ཉིད་རུང་བ་དེ་ལ་ཐམས་ཅད་རུང་བར་འགྱུར་རོ། །གང་ལ་སྟོང་པ་ཉིད་མི་རུང་བ་དེ་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་མེད་པས། ཐམས་ཅད་མི་རུང་བར་འགྱུར་རོ། །ཇི་ལྟར་མི་རུང་བ་དེ་ལྟར་ནི་རྒྱས་པར་སྟོན་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ཁོ་བོ་ཅག་གི་ཕྱོགས་ཆོས་ཡོངས་སུ་དག་ཅིང་། རྣམ་པར་གཞག་པ་ཐམས་ཅད་དང་མི་འགལ་བར་རྣམ་པར་གནས་པ་ཡིན་པ་དང་། རང་གི་ཕྱོགས་རགས་པ་ཤིན་ཏུ་ཉེས་པའི་སྐྱོན་དང་བྲལ་བར་དེ་དག་དང་འགལ་བ་ལ་ཤིན་ཏུ་བླུན་པས། ཡོན་ཏན་དང་སྐྱོན་ཇི་ལྟར་གནས་པ་དག་མ་མཐོང་བ། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཇི་ལྟར་འགའ་ཞིག་རྟ་གང་ལ་ཞོན་པ་དེ་ཉིད་བརྗེད་ནས་དེ་ཕྲོགས་པའི་ཉེས་པས་གཞན་ལ་ཀླན་ཀ་ཚོལ་བ་དེ་བཞིན་དུ། ཁྱོད་ཀྱང་སྟོང་པ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཅན་གྱི་རྟ་ལ་ཞོན་པ་ཁོ་ན་ཡིན་བཞིན་དུ། ཤིན་ཏུ་རྣམ་པར་གཡེངས་པས་དེ་མ་དམིགས་པས་ཁོ་བོ་ཅག་ལ་ཡོངས་སུ་རྩོད་པ་ཡིན་ནོ། །གང་དག་མི་དམིགས་པས་སྟོང་པ་ཉིད་དུ་སྨྲས་པ་ཁོ་ན་ལ་ཀླན་ཀ་ཚོལ་བ། གཞན་གྱི་སྐྱོན་དེ་དག་ཀྱང་གང་ཞེ་ན། དེ་དག་རྒྱས་པར་བསྟན་པའི་ཕྱིར། །གལ་ཏེ་དངོས་རྣམས་རང་བཞིན་ལ། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡོད་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟའོ། །ཞེས་གསུངས་ཏེ། གལ་ཏེ་ཁྱོད་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་ལྟ་བར་བྱེད་ན། དེའི་ཚེ་རང་བཞིན་ནི་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར། དངོས་པོ་རྣམས་རྒྱུ་རྐྱེན་མེད་པ་སྟེ། རྒྱུ་དང་རྐྱེན་ཡོད་པ་མ་ཡིན་ཞིང་། རྒྱུ་མེད་པར་ཁྱོད་ལྟ་བ་མ་ཡིན་ནོ། །རྒྱུ་མེད་པར་ལྟ་བ་ཁས་ལེན་པ་མ་ཡིན་ན་ཡང་། འབྲས་བུ་དང་ནི་རྒྱུ་ཉིད་དང་། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང་། །འབྲས་བུ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །ཇི་ལྟར་ཞེ་ན། གལ་ཏེ་བུམ་པ་རང་བཞིན་གྱིས་ཡོད་དོ་ཞེས་རྟོགས་ན་ནི། དེའི་ཚེ་རང་བཞིན་གྱིས་ཡོད་པ་དེ་ལ་འཇིམ་པ་ལ་སོགས་པ་རྒྱུ་དང་རྐྱེན་དག་གིས་ཅི་དགོས་ཏེ། དེའི་ཕྱིར་དེ་དག་མེད་ལ། བུམ་པ་ཞེས་བྱ་བའི་འབྲས་བུ་རྒྱུ་མེད་པ་ཡང་འཐད་པ་མ་ཡིན་ནོ། །དེ་མེད་ན་ནི་བྱེད་པ་པོ་རྫ་མཁན་དང་། བྱེད་པ་པོ་འཁོར་ལོ་ལ་སོགས་པ་དང་། བུམ་པ་བྱེད་པའི་བྱ་བ་ཡང་མེད་དོ། །དེ་དག་མེད་པས་སྐྱེ་བ་དང་འགག་པ་དག་ཀྱང་མེད་ལ། སྐྱེ་བ་དང་འགག་པ་དག་ཡོད་པ་མ་ཡིན་ན། འབྲས་བུ་ཡང་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་རང་བཞིན་དང་བཅས་པར་ཁས་ལེན་ན། འབྲས་བུ་ལ་སོགས་པ་དེ་དག་ཐམས་ཅད་ལ་གནོད་པ་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དངོས་པོ་རང་བཞིན་དང་བཅས་པར་ཁས་ལེན་ན། ཁྱོད་ལ་ཐམས་ཅད་མི་རུང་བ་ཡིན་ནོ། །ཁོ་བོ་ཅག་སྟོང་པ་ཉིད་དུ་སྨྲས་པ་རྣམས་ལ་འདི་དག་ཐམས་ཅད་འཐད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁོ་བོ་ཅག་གིས་ནི། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། །རྒྱུ་དང་རྐྱེན་དག་ལ་ལྟོས་ནས། །མྱུ་གུ་དང་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འབྱུང་བ་གང་ཡིན་པ་དེ་ནི། རང་བཞིན་གྱིས་མ་སྐྱེས་པ་ཡིན་ན། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལས་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་དང་། ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གསུངས་སོ་ཞེས་རྒྱས་པར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་བརྒྱ་ལྔ་བཅུ་པ་ལས་ཀྱང་། ཆོས་ཐམས་ཅད་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་པ་ལྟ་བུའོ། །སྟོང་པ་ཉིད་གང་ཡིན་པ་དེ་ནི་བརྟེན་ནས་གདགས་པ་སྟེ། སྟོང་པ་ཉིད་དེ་ཉིད་ནི་བརྟེན་ནས་གདགས་པ་ཞེས་བྱ་བར་རྣམ་པར་གཞག་གོ །འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་ལ། དེའི་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་གང་ཡིན་པ་དེ་ནི། རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་ཡིན་ཞིང་། རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ཉིད་ནི་དབུ་མའི་ལམ་ཡིན་ཞེས་བྱ་བར་རྣམ་པར་གཞག་སྟེ། འདི་ལྟར་གང་ཞིག་རང་བཞིན་གྱིས་མ་སྐྱེས་པ་དེ་ལ་ནི། ཡོད་པ་ཉིད་མེད་ལ། རང་བཞིན་གྱིས་མ་སྐྱེས་པ་ལ་འཇིག་པ་མེད་པས་མེད་པ་ཉིད་མེད་པ་དེའི་ཕྱིར། ཡོད་པ་དང་མེད་པའི་མཐའ་གཉིས་དང་བྲལ་བ་དེའི་ཕྱིར། རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ཉིད་ནི་དབུ་མའི་ལམ་སྟེ། དབུ་མའི་ཤུལ་ཞེས་བྱའོ། །དེའི་ཕྱིར་དེ་ལྟར་ན་སྟོང་པ་ཉིད་དང་། བརྟེན་ནས་གདགས་པ་དང་། དབུ་མའི་ལམ་ཞེས་བྱ་བ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་མིང་གི་བྱེ་བྲག་ཡིན་ནོ། །རྣམ་པར་དཔྱད་ན་ནི་རྣམ་པ་ཐམས་ཅད་དུ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཆོས་དེ་ནི་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་བརྒྱ་པ་ལས། གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་འགའ་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ནམ་མཁའ་ལ་སོགས་རྟག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོགས། །མཁས་པ་རྣམས་ཀྱིས་དེ་དག་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང་། །ཞེས་བཤད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོད་མི་བྱེད། །རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་སྟོང་པ་ཡིན་པ་དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཁོ་བོ་ཅག་གི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཡིན་ཞིང་། གཞན་གྱིས་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ནོ། །དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ཁྱོད་ཀྱི་ལྟར་ན་ནི། གལ་ཏེ་འདི་ཀུན་མི་སྟོང་ན། འབྱུང་བ་མེད་ཅིང་འཇིག་པ་མེད་པ་ཡིན་ནོ། །འབྱུང་བ་དང་འཇིག་པ་མེད་ན་དེའི་ཚེ་ངེས་པར། འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །གང་ཞིག་རང་བཞིན་དང་བཅས་པ་དེ་ནི་བརྟེན་ནས་འབྱུང་བ་མ་ཡིན་ཞིང་། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་དེ་ནི་མི་རྟག་པ་མ་ཡིན་ཏེ་ནམ་མཁའི་མེ་ཏོག་ནི་མི་རྟག་པ་མ་ཡིན་ནོ། །སྡུག་བསྔལ་ཡང་མི་རྟག་པ་ཡིན་པར་ནི། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་བརྒྱ་པ་ལས་ཀྱང་། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་གང་ཞིག་མི་རྟག་པ། །དེ་ནི་ཐམས་ཅད་སྡུག་བསྔལ་འགྱུར། །ཞེས་བཤད་དོ། །མི་རྟག་པ་དེ་ཡང་རང་བཞིན་ཉིད་ལ་སྟེ། རང་བཞིན་དང་བཅས་པ་ཉིད་དུ་ཁས་ལེན་ན་དངོས་པོ་རྣམས་ལ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་དངོས་པོ་རྣམས་རང་བཞིན་དང་བཅས་པ་ཉིད་ཡིན་ན་སྡུག་བསྔལ་མི་རུང་བ་ཡིན་ནོ། །སྡུག་བསྔལ་ཉིད་མི་རུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། རང་བཞིན་དང་བཅས་པར་ཁས་བླངས་ན། ཀུན་འབྱུང་བ་ཡང་མི་རུང་ངོ་ཞེས་བསྟན་པའི་ཕྱིར། རང་བཞིན་ལས་ནི་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། འདིར་འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན། སྡུག་བསྔལ་གྱི་རྒྱུ་ལས་ཀུན་འབྱུང་ཞེས་བྱའོ། །དེའི་ཕྱིར་སྡུག་བསྔལ་སྟོང་པ་ཉིད་ལ་གནོད་པ་བྱེད་ཅིང་། སྡུག་བསྔལ་རང་བཞིན་དང་བཅས་པར་ཁས་ལེན་པ་དེའི་ལྟར་ན། དེ་ཡང་སྐྱེ་བ་དོན་མེད་པའི་ཕྱིར། དེའི་རྒྱུ་རྟོག་པ་དོན་མེད་པ་ཉིད་དོ། །དེ་ལྟར་ན་སྟོང་པ་ཉིད་ལ་གནོད་པ་བྱེད་པ་ཁྱོད་ལ་ཀུན་འབྱུང་ཡང་མི་རུང་ངོ་། །སྡུག་བསྔལ་རང་བཞིན་གྱིས་ཡོད་པ་ཉིད་དུ་ཁས་ལེན་པ་ལ། སྡུག་བསྔལ་འགོག་པ་ཡང་མི་རུང་ངོ་ཞེས་བསྟན་པའི་ཕྱིར། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་ཡོད་པ་མ་ཡིན་ནོ། །རང་བཞིན་ཉིད་ནི་ཡོངས་གནས་ཕྱིར། །འགོག་ལ་གནོད་པ་བྱེད་པ་ཡིན། །ཞེས་གསུངས་ཏེ། གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་ཡོད་ན། དེའི་ཚེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་འགོག་པ་ག་ལ་ཡོད། དེ་ལྟར་ན་རང་བཞིན་ཡོངས་སུ་གནས་པའི་ཕྱིར། རང་བཞིན་ཡོངས་སུ་བཟུང་ནས་ཕྱིར་ལྡོག་པར་བྱེད་པ་ནི། སྡུག་བསྔལ་འགོག་པ་ལ་ཡང་གནོད་པར་བྱེད་པ་ཡིན་ནོ། །ད་ནི་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ། འཕགས་པའི་ལམ་ཡང་ཇི་ལྟར་མི་འཐད་པ་དེ་ལྟར་བསྟན་པའི་ཕྱིར། ལམ་ལ་རང་བཞིན་ཡོད་ན་ནི། །སྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་བྱ་ན། །ཁྱེད་ཀྱིས་རང་བཞིན་ཡོད་མ་ཡིན། །གལ་ཏེ་དངོས་པོ་རྣམས་རང་བཞིན་ཡོད་པར་གྱུར་ན་ནི། དེའི་ཚེ་ལམ་ཡང་རང་བཞིན་དང་བཅས་པ་ཉིད་ཡིན་པའི་ཕྱིར་མ་བསྒོམས་པ་ཉིད་དུ་དེ་ཡོད་པས། དེ་ལ་ཡང་བསྒོམས་པས་ཅི་ཞིག་བྱ། དེ་ལྟར་ན་རང་བཞིན་ཡོད་ན་ལམ་སྒོམ་པ་མི་འཐད་དོ། །ཅི་སྟེ་ཁྱོད་ལམ་དེ་སྒོམ་པར་ཁས་ལེན་ན། དེ་ལྟར་ན་འོ་ན་ཁྱོད་ཀྱི་འཕགས་པའི་ལམ་རང་བཞིན་དང་བཅས་པ་ཉིད་དུ་མི་འགྱུར་ཏེ། བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གཞན་ཡང་སྡུག་བསྔལ་འགོག་པ་ཐོབ་པར་བྱ་བའི་ཕྱིར་དང་། ཀུན་འབྱུང་བ་སྤང་བར་བྱ་བའི་ཕྱིར་ལམ་སྒོམ་པར་འདོད་པ་ཞིག་ན། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལྟར་ན་ནི། སྔར་བཤད་པའི་ཚུལ་གྱིས། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱི་སྡུག་བསྔལ་འགོག་པ་ནི། །གང་ཞིག་འཐོབ་པར་འགྱུར་བར་འདོད། །ལམ་བསྒོམས་པས་འགོག་པ་གང་ཞིག་འཐོབ་པར་འགྱུར་བ་སྡུག་བསྔལ་འགོག་པ་དེ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན། འཕགས་པའི་ལམ་ཡང་མི་འཐད་དོ། །དེ་ལྟར་ན་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པར་འགྱུར་རོ། །ད་ནི་གཞན་ལ་སྡུག་བསྔལ་ལ་སོགས་པ་ཤེས་པ་ལ་སོགས་པ་ཡང་ཇི་སྐད་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར། གལ་ཏེ་རང་བཞིན་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །རང་བཞིན་གནས་པ་མ་ཡིན་ནམ། །ཞེས་གསུངས་ཏེ། གལ་ཏེ་སྡུག་བསྔལ་སྔར་ཡོངས་སུ་མ་ཤེས་པའི་རང་བཞིན་དུ་གྱུར་པ་ལས། དེ་ཕྱིས་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་རྟོགས་ན། དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གནས་པ་མ་ཡིན་ནམ་སྟེ། རང་བཞིན་གང་ཡིན་པ་དེ་ནི། འཇིག་རྟེན་ན་ཡང་དག་པར་གནས་ཤིང་མེའི་ཚ་བ་ལྟར་གཞན་དུ་མི་འགྱུར་བ་ཡིན་ནོ། །གང་གི་ཚེ་རང་བཞིན་ལ་གཞན་དུ་འགྱུར་བ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ། སྡུག་བསྔལ་སྔར་ཡོངས་སུ་ཤེས་པ་མ་ཡིན་པའི་རང་བཞིན་ནི་ཕྱིས་ཀྱང་ཡོངས་སུ་ཤེས་པར་མི་འཐད་དོ། །དེའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་ཡང་མི་སྲིད་དོ། །གང་གི་ཚེ་སྡུག་བསྔལ་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་པ་དེའི་ཚེ། དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི། །སྤང་དང་མངོན་དུ་བྱ་བ་དང་། །སྒོམ་དང་འབྲས་བུ་བཞི་དག་ཀྱང་། །ཡོངས་ཤེས་བཞིན་དུ་མི་རུང་ངོ་། །སྡུག་བསྔལ་ཡོངས་སུ་ཤེས་པ་མི་སྲིད་པ་དེ་བཞིན་དུ་གང་ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་དུ་བྱ་བ་སྟེ་སྤང་བ་དང་མངོན་དུ་བྱ་བ་སྟེ་གཉིས་དང་། གང་ཡང་ལམ་སྒོམ་པ་འདི་དང་དེ་རྣམས་མི་རུང་ངོ་། །ཀུན་འབྱུང་བ་རང་བཞིན་གྱིས་མ་སྤངས་པའི་རང་བཞིན་ནི། ཕྱིས་ཀྱང་སྤང་བར་མི་འཐད་དོ། །ལྡོག་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་མངོན་དུ་བྱ་བ་དང་། སྒོམ་པ་གཉིས་ལ་ཡང་སྦྱར་བར་བྱའོ། །དངོས་པོ་རང་བཞིན་དང་བཅས་པར་སྨྲ་ན། ཡོངས་སུ་ཤེས་པ་ལ་སོགས་པ་མི་རུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་འབྲས་བུ་བཞི་དག་ཀྱང་། །ཡོངས་སུ་ཤེས་པ་བཞིན་དུ་མི་རུང་ངོ་། །ཇི་ལྟར་སྡུག་བསྔལ་རང་བཞིན་གྱིས་ཡོངས་སུ་ཤེས་པ་མ་ཡིན་པ་ཡོངས་སུ་ཤེས་པར་མི་རུང་བ་དེ་བཞིན་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་སྔར་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཡང་ཕྱིས་ཡོད་པར་མི་སྲིད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་དེ་བཞིན་དུ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་རྣམས་མི་སྲིད་པ་ཡང་ཁོང་དུ་ཆུད་པར་བྱའོ། །ཡོངས་སུ་ཤེས་པ་བཞིན་དུ་འབྲས་བུ་དེ་དག་མི་རུང་བ། འབའ་ཞིག་ཏུ་མ་ཟད་དེ་འོ་ན་ཅི་ཞེ་ན། དེ་དག་འཐོབ་པ་ཡང་མི་རུང་ངོ་ཞེས་བསྟན་པའི་ཕྱིར། རང་བཞིན་ཡོངས་སུ་འཛིན་པ་ཡིས། །འབྲས་བུ་རང་བཞིན་ཉིད་ཀྱིས་ནི། །ཐོབ་པ་ཡིན་པ་གང་ཡིན་དེས། །ཇི་ལྟར་ཐོབ་པར་ནུས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་དུ་སྨྲ་བ་ཁས་ལེན་པས། སྔར་ཐོབ་པ་མ་ཡིན་པའི་རང་བཞིན་དུ་གྱུར་པ་རྣམས་ཕྱིས་ཀྱང་ཐོབ་པ་མི་འཐད་དེ། རང་བཞིན་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་བྱ་སྟེ། ཚིགས་སུ་བཅད་པ་འདི་གཉིས་ཀྱི་དོན་ནི་གོང་མ་བཞིན་དུ་རིག་པར་བྱའོ། །གཞན་ཡང་རང་བཞིན་དུ་སྨྲ་བ་ཁས་ལེན་ན། ཁྱེད་ཀྱིས་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །ཁྱེད་ཀྱིས་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །གལ་ཏེ་སངས་རྒྱས་ཞེས་བྱ་བ་དངོས་པོ་འགའ་ཞིག་རང་བཞིན་གྱིས་ཡོད་པར་གྱུར་ན་ནི་བྱང་ཆུབ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པར་ཏེ། མ་ལྟོས་པར་ཡང་འགྱུར་ཏེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱང་སངས་རྒྱས་མེད་པར་འགྱུར་ཏེ། སངས་རྒྱས་ལ་མ་ལྟོས་པར་ཡང་རྟེན་མེད་པའི་བྱང་ཆུབ་ཏུ་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །གཞན་ཡང་། ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར། །བཙལ་ཀྱང་བྱང་ཆུབ་འཐོབ་མི་འགྱུར། །འདིར་སངས་རྒྱས་ཉིད་ཀྱང་སྔ་རོལ་དུ་སངས་རྒྱས་མ་ཡིན་པའི་རང་བཞིན་གྱིས་གང་ཟག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ཅིང་བྱང་ཆུབ་ཀྱི་དོན་དུ་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་ཉིད་དེ། སངས་རྒྱས་མ་ཡིན་པའི་རང་བཞིན་བཟློག་པར་མི་རུང་བའི་ཕྱིར་རོ། །གཞན་ཡང་། འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་པ་ལ་ཅི་ཞེས་བྱ། །རང་བཞིན་ལ་ནི་བྱ་བ་མེད། །རང་བཞིན་དུ་སྨྲ་བ་ཁས་ལེན་ན། ཆོས་དང་ཆོས་མ་ཡིན་པ་དག་བྱེད་པར་མི་འཐད་དོ། །སྟོང་པ་མ་ཡིན་པ་ལ་བྱ་བ་ཅི་ཞིག་ཡོད་དེ། ཡོད་པའི་ཕྱིར་སྟོང་པ་མ་ཡིན་པའི་རང་བཞིན་ལ་ནི་བྱ་བ་འཐད་པ་མ་ཡིན་ནོ། །གཞན་ཡང་། ཆོས་དང་ཆོས་མིན་མེད་པར་ཡང་། །འབྲས་བུ་ཁྱེད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་འབྲས་བུ་ཆོས་དང་ཆོས་མ་ཡིན་པའི་རྒྱུ་ཅན་གང་ཡིན་པ་དེ། གལ་ཏེ་རང་བཞིན་གྱིས་ཡོད་ན་ནི། ཆོས་དང་ཆོས་མ་ཡིན་པ་དག་མེད་པར་ཡང་དེ་ཁྱོད་ལ་ཡོད་པར་འགྱུར་རོ། །གང་གི་ཚེ་ཆོས་དང་ཆོས་མ་ཡིན་པ་དག་མེད་པར་ཁྱོད་ལ་འབྲས་བུ་ཡོད་ན་དེའི་ཚེ། ཆོས་དང་ཆོས་མ་ཡིན་པ་དག་ལས་སྐྱེས་པའི་འབྲས་བུ་ཁྱོད་ལ་ཡོད་པ་མ་ཡིན་ཏེ། ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དོན་མེད་པར་འགྱུར་བས། ཆོས་དང་ཆོས་མ་ཡིན་པའི་རྒྱུས་འབྱུང་བའི་འབྲས་བུ་ཁྱོད་ལ་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཅི་སྟེ་ཆོས་དང་ཆོས་མ་ཡིན་པའི་རྒྱུས་འབྱུང་བའི་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་རྟོག་ན། འོ་ན་འབྲས་བུ་དེ་མི་སྟོང་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆོས་དང་ཆོས་མིན་རྒྱུས་འབྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །ཞེས་གསུངས་པ་དང་། འདི་ནི་སྟོང་པ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །གཞན་ཡང་སོང་ཤིག བྱོས་ཤིག ཚོས་ཤིག ལྟོས་ཤིག འདུག་ཤིག ཅེས་བྱ་བ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་གལ་ཏེ་ཁྱོད་རང་བཞིན་དང་བཅས་པར་འདོད་ན། དེའི་ཚེ་ཁྱོད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནོད་པ་བྱས་པ་ཡིན་ལ། དེ་ལ་གནོད་པ་བྱས་པས་འཇིག་རྟེན་པའི་ཐ་སྙད་དོ་ཅོག་ལ་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སྟོང་པ་ཉིད་ལ་གནོད་བྱེད་གང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །ཞེས་གསུངས་པ་ལ། གང་གི་སྒྲ་ནི་བྱ་བའི་ཁྱད་པར་ཏེ། གནོད་བྱེད་ཅེས་བྱ་བ་འདི་དང་སྦྱར་རོ། །གཞན་ཡང་། སྟོང་པ་ཉིད་ལ་གནོད་བྱེད་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང་། །རྩོམ་པ་མེད་པའི་བྱ་བར་འགྱུར། །མི་བྱེད་པ་ཡང་བྱེད་པར་འགྱུར། །གལ་ཏེ་དངོས་པོ་རྣམས་སྟོང་པ་ཉིད་མ་ཡིན་ཞིང་རང་བཞིན་དང་བཅས་པ་ཉིད་དུ་གྱུར་ན། དེའི་ཚེ་རང་བཞིན་ནི་ཡོད་པ་མ་ཡིན་པའི་ཕྱིར། སུས་ཀྱང་བྱ་བ་ཅི་ཡང་མེད་པར་འགྱུར་ཏེ། ནམ་མཁའི་མི་སྒྲིབ་པ་ནི་སུས་ཀྱང་བྱེད་པ་མ་ཡིན་པ་བཞིན་ནོ། །བྱེད་བཞིན་པ་མ་ཡིན་པ་ཡང་བྱ་བར་འགྱུར་ལ། བྱ་བ་མི་བྱེད་པ་ཡང་བྱེད་པ་པོར་འགྱུར་ན། དེ་དག་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་མི་སྟོང་པ་མ་ཡིན་ནོ། །གཞན་ཡང་། རང་བཞིན་ཡོད་ན་འགྲོ་བ་རྣམས། །མ་སྐྱེས་པ་དང་མ་འགགས་དང་། །ཐེར་ཟུག་ཏུ་ནི་གནས་འགྱུར་ཞིང་། །གནས་སྐབས་སྣ་ཚོགས་བྲལ་བར་འགྱུར། །གལ་ཏེ་དངོས་པོ་རྣམས་རང་བཞིན་དང་བཅས་པར་གྱུར་ན། དེའི་ཚེ། རང་བཞིན་བཅོས་མ་མ་ཡིན་པའི་ཕྱིར་དང་། ལྡོག་པ་མེད་པའི་ཕྱིར་འགྲོ་བ་འདི་དག་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པར་འགྱུར་རོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་ཉིད་ཀྱི་ཕྱིར་ན། འགྲོ་བ་ཐེར་ཟུག་ཏུ་གནས་པར་འགྱུར་རོ། །རྒྱུ་དང་རྐྱེན་ལ་མི་ལྟོས་པས་ན། སྟོང་པ་མ་ཡིན་པར་སྨྲ་བ་རྣམས་ལ། འགྲོ་བ་རྟེན་ཅིང་འབྲེལ་བར་མི་འབྱུང་ཞིང་གནས་སྐབས་སྣ་ཚོགས་པ་དང་བྲལ་བར་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། མི་སྟོང་ཅུང་ཞིག་ཡོད་ན་རྒྱལ་བ་ཡིས། །འགའ་ཡང་ལུང་སྟོན་མི་གསུང་འགྱུར་མེད་པར། །རང་རང་དངོས་ལ་ཐེར་ཟུག་གནས་དེ་ལ། །འཕེལ་བ་མེད་ཅིང་ཡོངས་སུ་ཉམས་པ་མེད། །ཅེས་གསུངས་པ་དང་། དེ་བཞིན་དུ་འཕགས་པ་གླང་པོ་རྩལ་ལས་ཀྱང་། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དངོས་པོ་རང་བཞིན་དང་བཅས་པར་ཁས་ལེན་ན་འཇིག་རྟེན་པའི་ཐ་སྙད་དག་མི་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། འཇིག་རྟེན་ལས་འདས་པ་དག་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང་། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །ཅེས་གསུངས་ཏེ། གལ་ཏེ་སྟོང་པ་ཡོད་པ་མ་ཡིན་ཞིང་། འདི་དག་ཐམས་ཅད་རང་བཞིན་དང་བཅས་པར་འགྱུར་ན། དེའི་ཚེ་གང་མ་ཐོབ་པ་དེ་ནི་མི་ཐོབ་པ་ཁོ་ན་ཡིན་པས། འབྲས་བུ་མ་ཐོབ་པ་འཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་སྔར་སྡུག་བསྔལ་མཐར་བྱེད་པར་མ་གྱུར་པས་ད་ལྟར་ཡང་མི་འགྱུར་རོ། །སྔར་ཉོན་མོངས་པ་ཐམས་ཅད་སྤངས་པར་མ་གྱུར་པས་ཕྱིས་ཀྱང་སྤོང་བར་མི་འགྱུར་རོ། །དེ་ལྟར་ན་གང་གི་ཕྱིར་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་ཁས་བླངས་པར་གྱུར་ན། ཐམས་ཅད་མི་རུང་བ་དེའི་ཕྱིར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེ་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །གང་གིས་སྟོང་པ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཅན་ཡང་དག་པར་འབྱུང་བ་དེས་ནི། འཕགས་པའི་བདེན་པ་བཞི་པོ་རྣམས་དེ་ཁོ་ན་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ཆོས་ཐམས་ཅད་འཇུག་པ་མེད་པར་བསྟན་པའི་མདོ་ལས། འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་མེད་པ་ཉིད་དུ་མཐོང་བ་དེས་ནི་ཀུན་འབྱུང་བ་སྤངས་པ་ཡིན་ནོ། །གང་གི་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ་ཞེས་བྱ་བ་རྒྱ་ཆེར་གསུངས་པ་ལྟ་བུའོ། །འཕགས་པ་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་ལས་ཀྱང་། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་མ་མཐོང་བས། སེམས་ཅན་ཕྱིན་ཅི་ལོག་པ་ཞེས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ཉེ་བར་དམིགས་པས་སེམས་ཅན་རྣམས་འཁོར་བ་ལས་འདས་པར་མི་འགྱུར་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བདག་དང་བདག་གི་བར་དམིགས་པས་སེམས་ཅན་རྣམས་འཁོར་བ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་བདག་དང་གཞན་དུ་ཡང་དག་པར་མཐོང་བ་གང་ཡིན་པ་དེ་ནི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མི་ཤེས་པས་བདག་དང་གཞན་དུ་དམིགས་པར་བྱེད་དོ། །དམིགས་ནས་མངོན་པར་ཞེན་པར་འགྱུར་རོ། །མངོན་པར་ཞེན་པས་ཆགས་པར་འགྱུར་རོ། །སྡང་བར་འགྱུར་རོ། །རྨོངས་པར་འགྱུར་རོ། །དེ་ཆགས་པ་དང་སྡང་བ་དང་རྨོངས་པར་གྱུར་པས། ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་མངོན་པར་འདུ་བྱེད་དོ། །དེ་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པས་བདག་ནི་ཆགས་སོ། །བདག་ནི་སྡང་ངོ་། །བདག་ནི་རྨོངས་སོ་སྙམ་དུ་རྣམ་པར་རྟོག་པར་བྱེད་དོ། །དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་འདི་སྙམ་དུ་སེམས་ཏེ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །བདག་ནི་ཚངས་པར་སྤྱོད་པའོ། །བདག་ནི་འཁོར་བ་ལས་ཡང་དག་པར་འདའ་བར་འགྱུར་རོ། །བདག་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །བདག་ནི་སྡུག་བསྔལ་རྣམས་ལས་ཐར་བར་འགྱུར་རོ་སྙམ་དུ་རྟོག་པར་བྱེད་ཅིང་། དེ་ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་སྤང་བར་བྱ་བའོ། །ཆོས་འདི་དག་ནི་མངོན་དུ་བྱ་བའོ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་བསྒོམ་པར་བྱའོ་སྙམ་དུ་རྟོག་གོ །དེ་ནས་དེ་གང་ཞིག་འདུ་བྱེད་ཐམས་ཅད་ལས་འབྱོལ་བར་འགྱུར་རོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་ཀུན་ཏུ་འབར་བའོ་སྙམ་དུ་རྟོག་པར་བྱེད་དོ། །དེ་ལྟར་རྟོག་པ་དེ་ལ་སྐྱོ་བ་དང་ལྷན་ཅིག་ཏུ་གྱུར་པ་ཡིད་ལ་བྱེད་པ་མཚན་མ་མེད་པ་སྔོན་དུ་འགྲོ་བ་སྐྱེ་བར་འགྱུར་རོ། །དེ་འདི་སྙམ་དུ་ཆོས་འདི་དག་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གང་བདག་གིས་ཀུན་འབྱུང་སྤང་བར་བྱའོ་སྙམ་དུ་སེམས་པར་འགྱུར་ཞིང་། ཆོས་འདི་དག་གིས་ཉེན་པར་འགྱུར། ཆེས་ངོ་ཚ་བར་འགྱུར། མི་དགའ་བར་འགྱུར། སྨོད་པར་འགྱུར། སྐྲག་ཅིང་དངང་ལ་ཀུན་ཏུ་དངང་བར་འགྱུར་རོ། །དེ་འདི་སྙམ་དུ་གང་ཆོས་འདི་དག་གིས་གཉེན་པོ་དེ་ནི་ཆོས་འདི་དག་མངོན་དུ་བྱས་པ་ཡིན་ཞིང་། འདི་ནི་ཀུན་འབྱུང་སྤང་བའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་འདི་སྙམ་དུ་འགོག་པ་མངོན་དུ་བྱའོ་སྙམ་དུ་སེམས་ཏེ། དེ་གཉིས་སུ་བརྟགས་ནས་འགོག་པ་མངོན་དུ་ཤེས་པ་ཡིན་ནོ། །དེ་འདི་སྙམ་དུ་འགོག་པ་མངོན་དུ་བྱས་པ་དེ་ནི་འདི་ཡིན་ནོ་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གང་བདག་གིས་ལམ་སྒོམ་མོ་སྙམ་དུ་སེམས་ཤིང་། དེ་གཅིག་པུ་དབེན་པར་སོང་ནས་ཆོས་དེ་དག་ཡིད་ལ་བྱེད་པ་ན་ཞི་གནས་འཐོབ་པར་འགྱུར་རོ། །སྐྱོ་བ་དང་ལྷན་ཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་དེ་དེ་ལ་ཞི་གནས་སྐྱེ་བར་འགྱུར་རོ། །དེ་ཆོས་ཐམས་ཅད་ལ་སེམས་ཕྱིར་འབྱུང་བར་འགྱུར་ཏེ། ཕྱིར་འདྲེན་ཞིང་ཕྱིར་ལྡོག་པར་འགྱུར་རོ། །དེ་དག་གིས་གཉེན་པར་འགྱུར། ཆེས་ངོ་ཚ་བར་འགྱུར། མངོན་པར་མི་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །དེ་འདི་སྙམ་དུ་བདག་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། ཡང་ཕྱིས་བྱ་བ་ཅི་ཡང་མེད་ཅིང་བདག་ནི་དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་བར་བདག་ཉིད་ཤེས་སོ། །དེ་འཆི་བའི་དུས་བྱེད་པའི་ཚེ་བདག་ཉིད་སྐྱེ་བར་མཐོང་བས། དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཚོམ་དང་སོམ་ཉི་ཟ་བར་འགྱུར་རོ། །དེ་སོམ་ཉིར་ལྷུང་སྟེ་འཆི་བའི་དུས་བྱས་ནས་དམྱལ་བ་ཆེན་པོ་དག་ཏུ་ལྷུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སྐྱེ་བ་མེད་པའི་ཆོས་རྣམས་ལ་བརྟགས་ནས། དེ་བཞིན་གཤེགས་པ་ལ་སོམ་ཉི་དང་ཡིད་གཉིས་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ཇི་ལྟར་འཁུམས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གིས་ཆོས་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་ནི། སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ནི་ཀུན་འབྱུང་བ་སྤངས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་གཏན་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ། །འཇམ་དཔལ་གང་གིས་དེ་ལྟར་འཕགས་པའི་བདེན་པ་བཞི་པོ་མཐོང་བ་དེས་ནི་ཆོས་འདི་དག་ནི་དགེ་བའོ། །ཆོས་འདི་དག་ནི་མི་དགེ་བའོ། །ཆོས་འདི་དག་ནི་སྤང་བར་བྱའོ། །ཆོས་འདི་དག་ནི་མངོན་དུ་བྱའོ། །སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱའོ་ཞེས་མི་རྟོག་རྣམ་པར་རྟོག་པར་མི་བྱེད་དེ། འདི་ལྟར་གང་བརྟག་པར་བྱ་བའི་ཆོས་དེ་དེས་མ་མཐོང་བའི་ཕྱིར་རོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཆོས་དེ་དག་ལ་རྟོག་པ་ན་ཆགས་པར་འགྱུར་རོ། །སྡང་བར་འགྱུར་རོ། །རྨོངས་པར་འགྱུར་རོ། །དེ་ཆོས་འགའ་ཡང་མི་ལེན་མི་འདོར་དེ་ལྟར་མི་ལེན་མི་འདོར་བ་དེ་ནི། ཁམས་གསུམ་ལ་སེམས་ཆགས་པར་མི་འགྱུར་རོ། །ཁམས་གསུམ་ཐམས་ཅད་མ་སྐྱེས་པ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཅ་ལྟ་བུར་མཐོང་ངོ་། །ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་ཅན་དུ་མཐོང་བས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བར་འགྱུར་བའི་ཆོས་དེ་མ་དམིགས་པའི་ཕྱིར་རོ། །དེས་སེམས་ནམ་མཁའ་དང་མཉམ་པས་སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། དགེ་འདུན་ཡང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་མཐོང་བས་ཆོས་གང་ལ་ཡང་སོམ་ཉི་སྐྱེད་པར་མི་བྱེད་དོ། །སོམ་ཉི་མེད་པས་ཉེ་བར་ལེན་པ་མེད་པར་འགྱུར་རོ། །ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའོ་ཞེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིགས་གསལ་བ་ལས། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའི་འགྲེལ་པའོ།།  །།འདིར་སྨྲས་པ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགོག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །འདི་ན་བཅོམ་ལྡན་འདས་ཀྱིས་གང་ཟག་ཚངས་པར་སྤྱོད་པ་བསྟེན་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པ་ཆོས་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་དང་ལྡན་པ་རྣམས་ལ། མྱ་ངན་ལས་འདས་པ་རྣམ་པ་གཉིས་སུ་གསུངས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའོ། །དེ་ལ་མ་རིག་པ་དང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་མ་ལུས་པར་སྤངས་པ་ལས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པར་འདོད་དོ། །དེ་ལ་འདི་ལ་བདག་ལ་ཆགས་པ་བསྟེན་པས་ན་ཕུང་པོ་སྟེ། བདག་ཏུ་གདགས་པའི་རྒྱུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཕུང་པོའི་སྒྲས་བརྗོད་དོ། །ལྷག་མ་ལུས་པས་ན་ལྷག་མའོ། །ཕུང་པོ་ཉིད་ལྷག་མ་ཡིན་པས་ན་ཕུང་པོ་ལྷག་མའོ། །ཕུང་པོ་ལྷག་མ་དང་ལྷན་ཅིག་གནས་པས་ན་ཕུང་པོ་ལྷག་མ་དང་བཅས་པའོ། །དེ་ཅི་ཡིན་ཞེ་ན། མྱ་ངན་ལས་འདས་པའོ། །དེ་ཡང་ཆོམ་རྐུན་གྱི་ཚོགས་མ་ལུས་པར་བསད་དེ་གྲོང་ཙམ་འདུག་པ་དང་ཆོས་མཐུན་པར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པའི་ཆོམ་རྐུན་དང་བྲལ་བ་ཕུང་པོ་ཙམ་འབའ་ཞིག་ལུས་པ་སྟེ། དེ་ནི་ཕུང་པོ་ལྷག་མ་བཅས་པའི་མྱ་ངན་ལས་འདས་པའོ། །ཆོམ་རྐུན་གྱི་ཚོགས་མ་ལུས་པར་བསད་དེ་གྲོང་ཙམ་པོ་ཡང་ཞིག་པ་དང་ཆོས་མཚུངས་པར་མྱ་ངན་ལས་འདས་པ་གང་ལ་ཕུང་པོ་ཙམ་ཡང་ཡོད་པ་མ་ཡིན་པ་དེ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྟེ། འདི་ཕུང་པོའི་ལྷག་མ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་དབང་དུ་མཛད་ནས། གང་ན་ལུས་ཞིག་འདུ་ཤེས་འགགས། །ཚོར་བ་ཐམས་ཅད་བྲལ་གྱུར་ཞིང་། །འདུ་བྱེད་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་བྱ་བ་དང་། དེ་བཞིན་དུ། །མ་ཞུམ་པ་ཡི་ལུས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་བཤད་དོ། །དེའི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དེ་ནི་ཕུང་པོ་འགགས་པ་ལས་འཐོབ་བོ། །མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་དེ་ཇི་ལྟར་རུང་བར་འགྱུར་ཞེ་ན། གལ་ཏེ་ཉོན་མོངས་པ་རྣམས་དང་ཕུང་པོ་རྣམས་འགགས་པར་གྱུར་པ་ཡིན་ན། གང་གི་ཚེ་འདི་དག་ཐམས་ཅད་སྟོང་པ་ཡིན་ཞིང་། ཅུང་ཟད་ཀྱང་སྐྱེ་བ་མེད་ལ་ཅུང་ཟད་ཀྱང་འགག་པ་ཡང་མེད་པ་དེའི་ཚེ། གང་དག་འགགས་པ་ལས་མྱ་ངན་ལས་འདའ་བར་འགྱུར་བ་ཉོན་མོངས་པའང་ཕུང་པོ་རྣམས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་པ་ཉིད་དོ་ཞེས་འཛེར་ཏོ། །བརྗོད་པར་བྱ་སྟེ། དེ་ལྟར་རང་བཞིན་ཁས་ལེན་ན་ཡང་། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདས་པར་འགྱུར་བར་འདོད། །གང་ལས་དེ་དག་ལོག་པས་མྱ་ངན་ལས་འདའ་བར་འགྱུར་བ། ཉོན་མོངས་པ་རྣམས་དང་ཕུང་པོ་རང་བཞིན་གྱིས་རྣམ་པར་གནས་པ་ལྡོག་པར་ག་ལ་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་དང་བཅས་པར་སྨྲ་བ་ལ་མྱ་ངན་ལས་འདས་པ་མི་འཐད་པ་ཉིད་དོ། །གང་ལས་དེ་དག་ལ་ཉེས་པ་འདིར་འགྱུར་བ། སྟོང་པ་ཉིད་དུ་སྨྲ་བ་རྣམས་ཀྱིས་ནི་མྱ་ངན་ལས་འདས་པ་ཉོན་མོངས་པ་ལྡོག་པའི་མཚན་ཉིད་ཅན་ནམ་ཕུང་པོ་ལྡོག་པའི་མཚན་ཉིད་ཅན་འདོད་པ་མ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་དུ་སྨྲ་བ་རྣམས་ལ་ཀླན་ཀ་འདིར་མི་འགྱུར་བ་ཉིད་དོ། །གལ་ཏེ་སྟོང་པ་ཉིད་དུ་སྨྲ་བ་རྣམས་མྱ་ངན་ལས་འདས་པ་ཕུང་པོ་རྣམས་སམ། ཉོན་མོངས་པ་རྣམས་ལོག་པའི་མཚན་ཉིད་ཅན་མི་འདོད་ན། མཚན་ཉིད་གང་དང་ལྡན་པ་ཞིག་འདོད་ཅེ་ན། བརྗོད་པ། སྤངས་པ་མེད་པ་འཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །གང་ཞིག་འདོད་ཆགས་ལ་སོགས་པ་ལྟར་སྤངས་པ་མེད་ཅིང་། དགེ་སྦྱོང་གི་འབྲས་བུ་ལྟར་འཐོབ་པ་མེད་པ། ཕུང་པོ་ལ་སོགས་པ་ལྟར་ཆད་པ་ཡང་མེད་ལ། གང་ཡང་མི་སྟོང་པ་ལྟར་རྟག་པ་མ་ཡིན་པ། རང་བཞིན་གྱིས་འགག་པ་མེད་པ་སྐྱེ་བ་མེད་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་དེ་ནི་མྱ་ངན་ལས་འདས་པར་བཤད་དོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུ་དེ་ལ་ཉོན་མོངས་པ་གང་དག་སྤངས་པས་དེ་མྱ་ངན་ལས་འདའ་བར་འགྱུར་བ། ཉོན་མོངས་པར་རྟོག་པ་ག་ལ་ཡོད་ཅིང་། ཕུང་པོ་གང་དག་འགགས་པས་དེ་འཐོབ་པར་འགྱུར་བ་ཕུང་པོར་རྟོག་པ་ཡང་ག་ལ་ཡོད། །ཇི་སྲིད་དུ་རྟོག་པ་འདི་དག་འབྱུང་བ་དེ་སྲིད་དུ་མྱ་ངན་ལས་འདས་པ་ཐོབ་པ་ཡོད་པ་མ་ཡིན་ཏེ། སྤྲོས་པ་ཐམས་ཅད་ཟད་པ་ཉིད་ལས་དེ་འཐོབ་པའི་ཕྱིར་རོ། །ཅི་སྟེ་མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་རྣམས་མེད་ཅིང་ཕུང་པོ་རྣམས་ཀྱང་མེད་མོད་ཀྱི། དེ་ལྟ་ན་ཡང་མྱ་ངན་ལས་འདས་པའི་སྔ་རོལ་ན་ཡོད་པ་ཡིན་ནོ། །དེའི་ཕྱིར་དེ་དག་འགགས་པ་ནི་སྤྲོས་པ་ཟད་པ་ལས་མྱ་ངན་ལས་འདས་པ་ཡིན་པར་འགྱུར་རོ་སྙམ་ན། བརྗོད་པ། འཛིན་པ་འདི་ནི་དོར་བར་བྱའོ། །གང་གི་ཕྱིར་མྱ་ངན་ལས་འདས་པའི་སྔ་རོལ་ན་རང་བཞིན་གྱིས་ཡོད་པ་རྣམས་ནི་ཡང་དངོས་པོ་མེད་པར་བྱ་བར་མི་ནུས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་འདོད་པས་རྟོག་པ་འདི་དོར་བར་བྱའོ། །མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མྱ་ངན་འདས་ལ་ཆོས་རྣམས་ཡོད་ཉིད་མེད། །ཆོས་གང་དེར་མེད་དེ་དག་གཞར་ཡང་མེད། །ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ཞིང་། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཉེར་མི་ཞི། །ཞེས་གསུངས་པ་ཡིན་པས་སོ། །ཚིགས་སུ་བཅད་པ་འདིའི་དོན་ནི་འདི་ཡིན་ཏེ། མྱ་ངན་ལས་འདས་པ་སྟེ་ཕུང་པོ་ལྷག་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནའོ། །ཆོས་རྣམས་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཅན་རྣམས་སམ་ཕུང་པོ་རྣམས་ཏེ། རྣམ་པ་ཐམས་ཅད་དུ་བྲལ་བའི་ཕྱིར་ཡོད་པ་ཉིད་མེད་དོ། །འདི་ནི་རྒོལ་བ་ཐམས་ཅད་ཀྱི་འདོད་པ་ཡིན་ནོ། །མར་མེ་གཏང་བས་མུན་པར་ཐག་པ་ལ་སྦྲུལ་དུ་དམིགས་པ་ལྟར་ཆོས་གང་དག་མྱ་ངན་ལས་འདས་པ་འདི་ལ་ཡོད་པ་མ་ཡིན་པ་དེ་དག་ནི་གཞར་ཡང་མེད་དོ། །ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཅན་གྱི་ཆོས་དེ་དག་ནི་འཁོར་བའི་གནས་སྐབས་ཀྱི་དུས་འགའ་ཞིག་ན་ཡང་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ནོ། །འདི་ལྟར་མུན་པའི་གནས་སྐབས་ན་ཐག་པ་ལ་སྦྲུལ་རང་གི་ངོ་བོས་ཡོད་པ་ནི་མ་ཡིན་ཏེ། ཡོད་པར་གྱུར་པའི་སྦྲུལ་ལྟར་མུན་པ་དང་སྣང་བར་ཡང་འཛིན་པར་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་འཁོར་བ་ཡིན་ཞེ་ན། བརྗོད་པ། རབ་རིབ་ཅན་རྣམས་ལ་སྐྲ་ཤད་དང་སྦྲང་བུ་མཆུ་རིང་ལ་སོགས་པ་སྣང་བ་ལྟར་དངོས་པོ་ཡོད་པ་མ་ཡིན་པའི་རང་བཞིན་ཅན་དག་ཀྱང་བྱིས་པ་བདག་དང་བདག་གི་བར་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་གདོན་གྱིས་བཟུང་བ་རྣམས་བདེན་པར་སྣང་བ་ཡིན་ནོ་ཞེས་གསུངས་པ་ནི། ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ཞིང་། །དེ་ལྟར་སྤྱོད་རྣམས་སྡུག་བསྔལ་ཉེར་མི་ཞི། །ཞེས་བྱའོ། །ཡོད་དོ་ཞེས་དངོས་པོ་ཡོད་པར་རྟོག་པ་དང་ལྡན་པ་རྒྱལ་དཔོག་པ་དང་། གཟེགས་ཟན་དང་སེར་སྐྱ་ལ་སོགས་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་ཐུག་པ་རྣམས་དང་། མེད་ཅེས་རྟོག་པ་དང་ལྡན་པ་མེད་པ་པ་རྣམས་དང་། དེ་དག་ལས་གཞན་འདུ་བྱེད་འདས་པ་དང་མ་འོངས་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། མི་ལྡན་པའི་འདུ་བྱེད་མེད་པར་སྨྲ་ཞིང་དེ་ལས་གཞན་ཡོད་པར་སྨྲ་བ་རྣམས་དང་། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་མེད་པར་སྨྲ་ཞིང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པར་སྨྲ་བ་རྣམས་ཏེ། དེ་ལྟར་ཡོད་པ་དང་མེད་པར་སྨྲ་བ་རྣམས་ཀྱི་སྡུག་བསྔལ་ཏེ་འཁོར་བ་ཞི་བར་མི་འགྱུར་རོ་ཞེས་བྱའོ། །དེ་བཞིན་དུ། ཇི་ལྟར་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་བ་དག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟག་སྐྱེ་ཞིང་འཆི། །ཞེས་ཀྱང་གསུངས་སོ། །དེའི་ཕྱིར་དེ་ལྟ་བས་ན། མྱ་ངན་ལས་འདས་པ་ལ་འགའ་ཡང་སྤངས་པ་མེད་ལ། འགའ་ཡང་འགག་པ་མེད་དོ་ཞེས་ཤེས་པར་བྱའོ། །དེའི་ཕྱིར་རྟོག་པ་ཐམས་ཅད་ཟད་པ་ཉིད་མྱ་ངན་ལས་འདས་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་བཤད་དོ། །གང་དག་མྱ་ངན་ལས་འདས་པ་ཀུན་ཏུ་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ངོ་བོ་མ་རྟོགས་ཤིང་། མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་དང་དེ་གཉི་ག་དང་། གཉི་ག་མ་ཡིན་པའི་ངོ་བོར་ཡོངས་སུ་རྟོག་པར་བྱེད་པ། དེ་དག་ལ་བརྗོད་པ། རེ་ཞིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ལ་མྱ་ངན་ལས་འདས་པ་དངོས་པོར་མངོན་པར་ཞེན་པ་ཁ་ཅིག་ནི་འདི་སྐད་དུ་འདིར་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་རྒྱུན་འཇུག་པ་ངེས་པར་འགོག་པར་འགྱུར་བ། ཆུའི་རྒྱུན་འགོག་པའི་ཆུ་ལོན་དང་འདྲ་བའི་དོན་དངོས་པོའི་བདག་ཉིད་ཅན་ཡིན་ཏེ། ཡོད་པ་མ་ཡིན་པའི་རང་བཞིན་གྱི་ཆོས་ནི་དེ་ལྟར་འབྲས་བུ་བྱེད་པར་ཡང་མ་མཐོང་ངོ་། །གལ་ཏེ་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་ཏུ་འགྱུར་བའི་སྲེད་པ་ཟད་ཅིང་འདོད་ཆགས་དང་བྲལ་བ་འགོག་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་མ་ཡིན་ནམ། ཟད་པ་ཙམ་ནི་དངོས་པོ་ཡིན་པར་འོས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ། མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཞེས་གསུངས་ཏེ། མར་མེ་ཤི་བ་ནི་དངོས་པོ་ཡིན་ནོ་ཞེས་བྱ་བར་ཡང་མི་འཐད་དོ་ཞེ་ན། སྨྲས་པ། སྲེད་པ་ཟད་པ་ནི་སྲེད་པ་ཟད་པའོ་ཞེས་དེ་ལྟར་ནི་ཤེས་པར་མི་བྱའོ། །འོ་ན་ཅི་ཞེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་དེ་ཡོད་ན་སྲེད་པ་ཟད་པར་འགྱུར་བ་དེ་ནི་སྲེད་པ་ཟད་པའོ་ཞེས་བྱ་བར་རིག་པར་བྱའོ། །མར་མེ་ནི་དཔེ་ཙམ་དུ་ཟད་དོ། །དེར་ཡང་གང་ཡོད་ན་སེམས་ཐར་པར་འགྱུར་བ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ་ཞེས་སྨྲའོ། །དེ་ལྟར་མྱ་ངན་ལས་འདས་པ་དངོས་པོ་རྣམ་པར་གནས་པ་ཡིན་དང་། རེ་ཞིག་མྱ་ངན་འདས་དངོས་མིན། །ཞེས་སློབ་དཔོན་ངེས་པར་རྟོག་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར་ཏེ། དངོས་པོ་ནི་རྒ་ཤིའི་མཚན་ཉིད་ལ་མི་འཁྲུལ་བའི་ཕྱིར་རོ། །དེའི་ཕྱིར་དེ་མྱ་ངན་ལས་འདས་པ་ཉིད་དུ་ཡང་མི་འགྱུར་ཏེ། རྒ་ཤིའི་མཚན་ཉིད་ཅན་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །རྒ་ཤིའི་མཚན་ཉིད་ལ་མི་འཁྲུལ་བ་དེ་ཉིད་བསལ་བར་བྱ་བའི་ཕྱིར། རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བཤད་དེ། རྒ་ཤི་དང་བྲལ་བ་གང་ཡིན་པ་དེ་ནི་དངོས་པོ་ཉིད་མ་ཡིན་ཏེ། རྒ་ཤི་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་ནི་དེའི་ཚེ་མྱ་ངན་ལས་འདས་པ་དེ་འདུས་བྱས་སུ་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་བཞིན་ནོ། །གང་འདུས་བྱས་མ་ཡིན་པ་དེ་ནི་དངོས་པོར་མི་འགྱུར་ཏེ། དཔེར་ན་བོང་བུའི་རྭ་བཞིན་ནོ། །ལྡོག་པ་བཤད་པའི་ཕྱིར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། འགའ་ཡང་ཞེས་བྱ་བ་ནི་བརྟེན་པ་སྟེ། ནང་ངམ་ཕྱིའི་བདག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་ནའང་ཞེས་བྱ་བ་ནི་རྟེན་ཏེ། ཡུལ་ལམ་དུས་སམ་གྲུབ་པའི་མཐར་རོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་ནི། དེ་བརྟེན་ནས་ཡིན་པར་འགྱུར་ཏེ། རང་གི་རྒྱུའི་ཚོགས་པ་ལ་བརྟེན་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྟེན་ནས་མྱ་ངན་ལས་འདས་པ་འདོད་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དེ་ནི་མ་བརྟེན་པར་རོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན། ཇི་ལྟར་མྱ་ངན་ལས་འདས་པ་དེ་བརྟེན་ནས་མ་ཡིན་པར་འགྱུར་ཏེ། མི་བརྟེན་པ་ཡིན་པར་མི་འགྱུར་བ་ཉིད་དེ། དངོས་པོ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་པ་བཞིན་ནོ། །ལྡོག་པ་བཤད་པ་ནི། དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའོ། །འདིར་སྨྲས་པ། ཇི་སྐད་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར། མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པ་དེ་ནི་བདེན་ཏེ། འོ་ན་ཅི་ཞེ་ན། ཉོན་མོངས་པ་དང་སྐྱེ་བ་ལོག་པའི་ཕྱིར། མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཁོ་ན་ཡིན་ནོ། །བརྗོད་པ། འདི་ཡང་མི་རིགས་ཏེ། གང་གི་ཕྱིར། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོར་མི་འདོད་ཅིང་མྱ་ངན་ལས་འདས་པ་དངོས་པོའོ་སྙམ་དུ་མི་འདོད་ན། དེའི་ཚེ་མྱ་ངན་ལས་འདས་པ་དངོས་པོ་མེད་པར་ཇི་ལྟར་རུང་བར་འགྱུར་ཏེ། དངོས་པོ་མེད་པར་ཡང་རུང་བར་མི་འགྱུར་བ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །ཞེས་གསུངས་ཏེ། འདིར་དངོས་པོའི་རང་བཞིན་བཏང་ནས་གཞན་དུ་གྱུར་པ་ལ་དངོས་པོ་མེད་པ་ཞེས་བསྙད་ན། བསྟན་ཟིན་པའི་ཉེས་པས་ཕྱོགས་གང་ལ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པའི་ཕྱོགས་དེ་ལ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་དུ་མ་གྲུབ་པའི་ངོ་བོ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་དང་སྐྱེ་བ་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ཉོན་མོངས་པ་དང་སྐྱེ་བའི་མི་རྟག་པ་ཉིད་མྱ་ངན་ལས་འདས་པ་ཡིན་པར་འགྱུར་ཏེ། གང་གི་ཕྱིར་ཉོན་མོངས་པ་དང་སྐྱེ་བ་མེད་པ་ནི་མི་རྟག་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཏེ། དེའི་ཕྱིར་མི་རྟག་པ་ཉིད་མྱ་ངན་ལས་འདས་པ་ཡིན་པར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ། སྒྲིབ་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་མི་རིགས་སོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །དེ་ལ་མི་རྟག་པ་ཉིད་དངོས་པོ་མེད་པ་ཉིད་ཡིན་ཞིང་དངོས་པོ་ལ་བརྟེན་ནས་འདོགས་པ་མ་ཡིན་ཏེ། བོང་བུའི་རྭ་ལ་སོགས་པ་རྣམས་ལ་མི་རྟག་པ་ཉིད་མ་དམིགས་པའི་ཕྱིར་རོ། །མཚན་ཉིད་ལ་བརྟེན་ནས་མཚན་གཞི་འཇུག་ལ། མཚན་གཞི་ལ་བརྟེན་ནས་མཚན་ཉིད་འཇུག་པ་དེའི་ཕྱིར་མཚན་ཉིད་དང་། མཚན་གཞི་འཇུག་པ་ཕན་ཚུན་ལྟོས་པས་མཚན་གཞིའི་དངོས་པོ་ལ་མ་ལྟོས་པར་མི་རྟག་པ་ཉིད་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དངོས་པོ་མེད་པ་ཡང་བརྟེན་ནས་འདོགས་པ་ཡིན་ནོ། །དེའི་ཕྱིར་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་འགའ་ཞིག་ཡིན་ན་ནི། ཇི་ལྟར་མྱ་ངན་ལས་འདས་པ་དེ་བརྟེན་ནས་མ་ཡིན་པར་འགྱུར། དེ་ནི་བརྟེན་ནས་ཁོ་ན་ཡིན་ཏེ། དངོས་པོ་མེད་པ་ཡིན་པའི་ཕྱིར་འཇིག་པ་བཞིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །གལ་ཏེ་མ་བརྟེན་པར་དངོས་པོ་མེད་པ་ཡོད་པ་མ་ཡིན་ན། འོ་ན་ད་ཅི་ལ་བརྟེན་ནས་མོ་གཤམ་གྱི་བུ་ལ་སོགས་པ་དག་དངོས་པོ་མེད་པར་འགྱུར་ཞེ་ན། མོ་གཤམ་གྱི་བུ་ལ་སོགས་པ་དངོས་པོ་མེད་པ་ཡིན་ནོ་ཞེས་དེ་སྐད་སུས་སྨྲས། འདི་ལྟར། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་རྣམས་དངོས་པོ་མེད་པ་ཉིད་མ་ཡིན་ནོ། །ཡང་གང་དུ། ནམ་མཁའི་རི་བོང་རྭ་དག་དང་། །མོ་གཤམ་གྱི་ནི་བུ་དག་ཀྱང་། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་ལ་རྟོག་པའང་དེ་བཞིན་ནོ། །ཞེས་གསུངས་པ་དེར་ཡང་། དངོས་པོར་རྟོག་པ་བཀག་པ་ཙམ་ཞིག་ཡིན་གྱི། དངོས་པོ་མེད་པར་རྟོག་པ་ནི་མ་ཡིན་ཏེ། དངོས་པོ་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་ཤེས་པར་བྱའོ། །མོ་གཤམ་གྱི་བུ་ཞེས་བྱ་བ་འདི་ནི་སྒྲ་ཙམ་ཞིག་ཏུ་ཟད་ཀྱི། དོན་གང་ཞིག་དངོས་པོའམ་དངོས་པོ་མེད་པ་ཉིད་དུ་འགྱུར་བ་འདིའི་དོན་མ་དམིགས་སོ། །དེའི་ཕྱིར་དམིགས་པ་མེད་པའི་རང་བཞིན་ལ་དངོས་པོ་དང་དངོས་པོ་མེད་པར་བརྟགས་པར་ག་ལ་རིགས། དེའི་ཕྱིར་མོ་གཤམ་གྱི་བུ་དངོས་པོ་མེད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེའི་ཕྱིར། གང་ཞིག་བརྟེན་ནས་མ་ཡིན་པའི། དངོས་མེད་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ནི་གནས་སོ། །འདིར་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ནོ། །འོ་ན་མྱ་ངན་ལས་འདས་པ་གང་ཡིན་ཞེས་ཟེར་ན། བརྗོད་པ། འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས། འོང་བ་དང་ནི་འགྲོ་བའི་དངོས། །བརྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུརབྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །དེ་ལ་འོང་བ་དང་འགྲོ་བའི་དངོས་པོ་ནི་འོང་བ་དང་འགྲོ་བའི་དངོས་པོ་སྟེ། སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཞེས་བྱ་བའི་ཐ་ཚིག་གོ །འོང་བ་དང་འགྲོ་བའི་དངོས་པོ་དེ་ཡང་རེས་འགའ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་ཡོད་དོ་ཞེས་བྱ་བར་འདོགས་ཏེ་རིང་པོ་དང་ཐུང་ངུ་བཞིན་ནོ། །རེས་འགའ་ནི་རྒྱུར་བྱས་ནས་འདོགས་ཏེ་མར་མེའི་འོད་བཞིན་ནོ། །གལ་ཏེ་འདིར་རྒྱུར་བྱས་ནས་འདོགས་སམ། བརྟེན་ནས་སྐྱེའོ་ཞེས་རྣམ་པར་འཇོག་ཀྱང་རུང་སྟེ། རྣམ་པ་ཐམས་ཅད་དུ་སྐྱེ་བ་དང་འཆི་བའི་རྒྱུན་དེ་མ་བརྟེན་པའམ་རྒྱུར་བྱས་པ་མ་ཡིན་པར་མི་འཇུག་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་ཡིན་པར་རྣམ་པར་གཞག་གོ །མི་འཇུག་པ་ཙམ་ནི་དངོས་པོའམ་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བར་བརྟག་པར་ཡང་མི་ནུས་ཏེ། དེ་ལྟར་ན་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཡང་མ་ཡིན་ནོ། །ཡང་ན་འདུ་བྱེད་འཁོར་བ་ཡིན་ནོ་ཞེས་བྱ་བ་གང་དག་གི་ཕྱོགས་ཡིན་པ་དེ་དག་གི་ལྟར་ན་རྟེན་ཅིང་བརྟེན་ནས་སྐྱེ་བ་དང་འཇིག་པ་གང་ཡིན་པ་དེ་བརྟེན་པ་མ་ཡིན་པར་མི་འཇུག་པ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བར་བརྗོད་པའམ། གང་དག་གི་ལྟར་ན་གང་ཟག་འཁོར་བ་ཡིན་པ་དེ་དག་གི་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་དེའི་འོང་བ་དང་འགྲོ་བའི་དངོས་པོ་མེད་པར་ཉེ་བར་ལེན་པ་དེ་དང་དེ་ལ་བརྟེན་ནས་གང་ཡིན་པ་དེ་ནི་རྒྱུར་བྱས་ནས་འཇུག་པ་ཡིན་ལ། རྒྱུར་བྱས་ཤིང་རྒྱུར་བྱས་ནས་འཇུག་པ་དེ་ཉིད་ད་ལྟར་རྒྱུར་བྱས་པ་མ་ཡིན་པར་མི་འཇུག་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བར་བསྙད་དོ། །འདུ་བྱེད་རྣམས་དང་གང་ཟག་གི་མི་འཇུག་པ་ཙམ་ནི་དངོས་པོའམ་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བར་བརྟག་པར་ནུས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཡང་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པར་མི་རིགས་སོ་ཞེས་བྱ་བའོ། །གཞན་ཡང་། འབྱུང་བ་དང་ནི་འཇིག་པ་དག །སྤང་བར་སྟོན་པས་བཀའ་སྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །དེ་ལ་མདོ་ལས་དགེ་སློང་དག་གང་དག་འབྱུང་བའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་ནི་དེ་དག་གི་ཡོངས་སུ་མི་ཤེས་པ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། །འབྱུང་བ་སྲེད་པ་དང་འཇིག་པའི་སྲེད་པ་དེ་ནི་གཉི་ག་ཡང་ཡོངས་སུ་སྤང་བར་བྱ་བ་ཡིན་ན། མྱ་ངན་ལས་འདས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱིས་སྤང་བར་བྱ་བ་མ་གསུངས་ཏེ། འོ་ན་ཅི་ཞེ་ན། སྤང་བར་བྱ་བ་མ་ཡིན་པར་རོ། །དེའི་ཕྱིར་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོའི་རང་བཞིན་ཅན་ནམ། དངོས་པོ་མེད་པའི་རང་བཞིན་དུ་གྱུར་ན་ནི། དེ་ཡང་སྤང་བར་བྱ་བ་ཁོ་ནར་འགྱུར་ན། སྤང་བར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་པར་མི་རིགས་སོ། །གང་དག་གི་ལྟར་ན་ཉོན་མོངས་པ་དང་སྐྱེ་བ་གཉིས་དེ་ལ་མེད་པས། མྱ་ངན་ལས་འདས་པ་དངོས་པོ་མེད་པའི་རང་བཞིན་ཡིན་ལ། རང་ཉིད་དངོས་པོའི་ངོ་བོ་ཡིན་པས་དངོས་པོའི་རང་བཞིན་ཡིན་ནོ་ཞེས་གཉིས་ཀའི་རང་བཞིན་ཡིན་པ་དེ་དག་གི གཉི་གའི་རང་བཞིན་ཅན་གྱི་མྱ་ངན་ལས་འདས་པ་ཡང་མི་འཐད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་རང་བཞིན་དུ་གྱུར་ན་ནི། དེའི་ཚེ་དངོས་པོ་དང་དངོས་པོ་མེད་པར་ཐར་པར་འགྱུར་རོ། །དེའི་ཕྱིར་འདུ་བྱེད་རྣམས་ཀྱི་བདག་ཉིད་འཐོབ་པ་དང་། དེ་དང་བྲལ་བ་དང་གང་ཡིན་པ་དེ་ཉིད་ཐར་པར་འགྱུར་ན། འདུ་བྱེད་དག་ནི་ཐར་བ་ཞེས་བྱ་བར་རིགས་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་མི་རིགས་སོ་ཞེས་བཤད་དོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཡིན་ན་ནི། དེའི་ཚེ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ཅིང་ལྟོས་ནས་ཡིན་གྱི། མ་བརྟེན་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ་སྟེ། དངོས་པོ་ལ་བརྟེན་ནས་དངོས་པོ་མེད་པ་ཡིན་ཞིང་། དངོས་པོ་མེད་པ་ལ་བརྟེན་ནས་དངོས་པོ་ཡོད་པའི་ཕྱིར། དངོས་པོ་དང་དངོས་པོ་མེད་པ་དེ་གཉི་ག་བརྟེན་ནས་ཡིན་གྱི་མ་བརྟེན་པར་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དེ་ལྟར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་མི་རིགས་སོ། །གཞན་ཡང་། ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །དངོས་པོ་ནི་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཕྱིར་འདུས་བྱས་ཡིན་ལ། དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་ཕྱིར་འདུས་བྱས་ཡིན་ནོ། །དེའི་ཕྱིར་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཡིན་ན་ནི། དེའི་ཚེ་དེ་འདུས་མ་བྱས་ཡིན་གྱི། འདུས་བྱས་ཉིད་དུ་འགྱུར་ན། འདུས་བྱས་སུ་ནི་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པར་མི་རིགས་སོ། །ཅི་སྟེ་ཡང་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་པོ་མེད་པ་དེ་དག་ཡོད་པ་མ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་སོ། །གང་ལས་ཤེ་ན། གང་གི་ཕྱིར། ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །དངོས་དང་དངོས་པོ་མེད་པ་ཕན་ཚུན་འགལ་བ་དག་ཀྱང་མྱ་ངན་ལས་འདས་པ་གཅིག་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར། ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟ་བུར་ཞེ་ན། དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཇི་ལྟར་ཁྱིམ་གཅིག་ཏུ་དུས་གཅིག་གི་ཚེ། ཕན་ཚུན་འགལ་བས། སྣང་བ་དང་མུན་པ་དག་ཡོད་པ་མ་ཡིན་པ་དེ་བཞིན་དུ་དེ་གཉིས་ཀྱང་མྱ་ངན་ལས་འདས་པ་ལ་ཡོད་པ་མ་ཡིན་ནོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་པ་ཡང་ཇི་ལྟར་མི་རིགས་པ་དེ་ལྟར་བསྟན་པའི་ཕྱིར། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། གལ་ཏེ་དངོས་པོ་ཞེས་བྱ་བ་འབའ་ཞིག་ཡོད་ན་ནི། དེའི་ཚེ་དེ་བཀག་པའི་སྒོ་ནས་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པ་ཞེས་བྱ་བའི་རྟོག་པ་འདིར་འགྱུར་ལ། གལ་ཏེ་དངོས་པོ་མེད་པ་འགའ་ཞིག་ཡོད་ན་ནི། དེའི་ཚེ་དེ་བཀག་པས་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་པར་འགྱུར་བ་ཞིག་ན། གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་དག་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་དེ་དག་བཀག་པ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་། དངོས་པོ་མེད་པ་ཡང་མ་ཡིན་ནོ་སྙམ་དུ་རྟོག་པ་གང་ཡིན་པ་དེ་ཡང་མི་འཐད་པས་འདི་ནི་རིགས་པ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པར་ཡང་མ་ཡིན་པའི་རང་བཞིན་དུ་ཡོད་དོ་ཞེས་རྟོག་ན། ད་ནི་གང་ཞིག་གིས་རྣམ་པ་དེ་ལྟ་བུར་གྱུར་པ་མྱ་ངན་ལས་འདས་པ་གཉི་གའི་ངོ་བོ་མ་ཡིན་པ་དེ་ཡོད་དོ་ཞེས་བྱ་བར་མངོན་པར་བྱེད་དེ། འཛིན་པའམ་གསལ་བར་བྱེད། ཅི་མྱ་ངན་ལས་འདས་པ་དེ་ལ་རྣམ་པ་དེ་ལྟ་བུའི་རྟོགས་པ་པོ་འགའ་ཞིག་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དེ་ལྟར་ན་མྱ་ངན་ལས་འདས་པར་ཡང་བདག་ཡོད་པར་འགྱུར་ན། འདོད་པ་ནི་མ་ཡིན་ཏེ། ཉེ་བར་ལེན་པ་མེད་པར་བདག་ཡོད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མེད་ན་ནི་དེའི་ཚེ་རྣམ་པ་དེ་ལྟ་བུའི་མྱ་ངན་ལས་འདས་པ་དེ་ཡོད་པར་གང་གིས་གཅོད་པར་བྱེད། གལ་ཏེ་འཁོར་བ་ན་གནས་པས་ཡོངས་སུ་གཅོད་པར་བྱེད་དོ་ཞེ་ན། འཁོར་བ་ན་གནས་པས་ཡོངས་སུ་གཅོད་པར་བྱེད་ན་དེ་ཅི་རྣམ་པར་ཤེས་པས་གཅོད་པར་བྱེད་དམ། འོན་ཏེ་ཡེ་ཤེས་ཀྱིས་ཡིན་གྲང་ན། གལ་ཏེ་རྣམ་པར་ཤེས་པས་ཡིན་པར་རྟོག་ན། དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པར་ཤེས་པ་འདི་ནི་མཚན་མ་ལ་དམིགས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ལ་ནི་མཚན་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རེ་ཞིག་དེ་ནི་རྣམ་པར་ཤེས་པས་དམིགས་པར་བྱེད་པ་མ་ཡིན་ནོ། །ཡེ་ཤེས་ཀྱིས་ཀྱང་སྤྱོད་པར་བྱེད་པ་མ་ཡིན་ཏེ། ཡེ་ཤེས་ཀྱིས་ནི་སྟོང་པ་ཉིད་ལ་དམིགས་པར་འགྱུར་དགོས་ལ་དེ་ཡང་མ་སྐྱེས་པའི་རང་བཞིན་ཉིད་ཡིན་པས། ཇི་ལྟར་ཡོད་པ་མ་ཡིན་པའི་རང་བཞིན་དེས་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་། དངོས་པོ་མེད་པ་མ་ཡིན་པ་ཞེས་བྱ་བར་འཛིན་པར་བྱེད། ཡེ་ཤེས་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ནི་གང་གིས་ཀྱང་དངོས་པོ་མ་ཡིན་ཞིང་། དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བར་མངོན་པར་མི་བྱེད་ལ། མངོན་པར་མ་བྱས་ཤིང་གསལ་བར་མ་བྱས་ལ། མ་བཟུང་བ་དེ་ནི་དེ་ལྟར་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་རྟོག་པ་བཞི་པོ་འདི་དག་རྣམ་པ་ཐམས་ཅད་དུ་མི་སྲིད་པ་དེ་བཞིན་དུ། མྱ་ངན་ལས་འདས་པ་ཐུགས་སུ་ཆུད་པ་པོ་དེ་བཞིན་གཤེགས་པ་ལ་ཡང་རྟོག་པ་འདི་དག་སྲིད་པ་མ་ཡིན་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་གའམ། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་གསུངས་ཏེ། འདི་ལྟར། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེའམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །ཅེས་གོང་དུ་བཤད་ཟིན་ཏོ། །དེ་ལྟར་ན་རེ་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཕན་ཆད་ཡོད་པའམ་མེད་དོ་ཞེས་བྱ་བར་མི་མངོན་ནོ། །འདི་གཉིས་མེད་པས་གཉི་གའོ་ཞེས་བྱ་བར་ཡང་མི་མངོན་ནོ། །གཉི་ག་མེད་པ་ཉིད་ཀྱིས་ན་གཉི་ག་མ་ཡིན་པ་ཞེས་བྱ་བར་ཡང་མི་མངོན་ཞིང་མི་འཛིན་པ་ཡིན་ནོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ནས། རྣམ་པ་བཞིར་མི་མངོན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཇི་ལྟར་མི་མངོན་པ་དེ་ལྟར་ནི་དེ་བཞིན་གཤེགས་པ་བརྟག་པར་བསྟན་ཟིན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །གང་གི་ཕྱིར་བཅོམ་ལྡན་འདས་ཞུགས་པ་ན་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པ་མི་མངོན་ལ། མྱ་ངན་ལས་འདས་པ་ན་ཡང་ཡོད་དོ་ཞེས་བྱ་བ་ལ་སོགས་པར་མི་མངོན་པ་དེ་ཉིད་ཀྱི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཕན་ཚུན་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱད་ན་རང་བཞིན་མཚུངས་པའི་ཕྱིར་རོ། །གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པ་དེ་ཡང་འདི་ཉིད་ཀྱི་ཕྱིར་འཐད་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར། མྱང་འདས་མཐའ་དག་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །མྱ་ངན་ལས་འདས་པ་དང་འཁོར་བ་ལ་ཁྱད་པར་མེད་པའི་ཕྱིར། སྔོན་དང་ཕྱི་མའི་མཐར་རྟོག་པ་ཡོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་འདས་ཕན་ཆད་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །དེ་དག་ཀྱང་དེ་ཉིད་ཀྱི་ཕྱིར་མི་འཐད་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་ཀ་ཡང་རང་བཞིན་གྱིས་ཞི་བ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །དེ་ལ་འདས་ཕན་ཆད་ཅེས་བྱ་བའི་ཉེ་བར་མཚོན་པ་འདིས་ནི་ལྟ་བ་བཞིན་བཟུང་ངོ་། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་པ་ཡོད་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྟེ། ལྟ་བ་བཞི་པོ་འདི་དག་ནི་མྱ་ངན་ལས་འདས་པ་ལ་མཆོག་ཏུ་འཛིན་པར་ཞུགས་སོ། །མཐའ་ལ་སོགས་པ་ཡང་ལྟ་བ་བཞིའོ། །འདི་ལྟ་སྟེ། འཇིག་རྟེན་མཐའ་དང་ལྡན་ནོ། །འཇིག་རྟེན་མཐའ་དང་མི་ལྡན་ནོ། །འཇིག་རྟེན་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་ནོ། །མཐའ་དང་ལྡན་པ་ཡང་མ་ཡིན་ལ་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྟེ། ལྟ་བ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་བརྟེན་ཏེ་འཇུག་པ་ཡིན་ནོ། །དེ་ལ་བདག་དང་འཇིག་རྟེན་ལ་མ་འོངས་པའི་སྐྱེ་བ་མ་མཐོང་བས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་དེ་ལྟར་ན་རྟོག་པ་ན། ཕྱི་མའི་མཐའ་ལ་བརྟེན་ནས་འཇུག་པར་འགྱུར་རོ། །དེ་བཞིན་དུ་མ་འོངས་པའི་སྐྱེ་བ་མཐོང་བས་འཇིག་རྟེན་མཐའ་དང་མི་ལྡན་ནོ་ཞེས་འཇུག་ཅིང་། མཐོང་བ་དང་མ་མཐོང་པས་ནི་གཉི་གར་རྟོགས་པར་འགྱུར་ལ། གཉི་ག་བཀག་པས་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་རོ། །འཇིག་རྟེན་རྟག་གོ །འཇིག་རྟེན་མི་རྟག་གོ །འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ །རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལྟ་བ་བཞི་པོ་འདི་དག་ནི་སྔོན་གྱི་མཐའ་ལ་བརྟེན་ནས་འབྱུང་བ་ཡིན་ནོ། །དེ་ལ་བདག་དང་འཇིག་རྟེན་ལས་འདས་པར་སྐྱེས་པ་མཐོང་བས་འཇིག་རྟེན་རྟག་གོ་སྙམ་དུ་རྟོགས་པར་འགྱུར་ལ། མ་མཐོང་བས་ནི་མི་རྟག་གོ་སྙམ་དུ་རྟོགས་པར་འགྱུར་རོ། །མཐོང་བ་དང་མ་མཐོང་བས་ནི་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་སྙམ་དུ་རྟོགས་པར་འགྱུར་ལ། མཐོང་བ་ཡང་མ་ཡིན་མ་མཐོང་བ་ཡང་མ་ཡིན་པས་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་སྙམ་དུ་རྟོགས་པར་འགྱུར་རོ། །ལྟ་བ་འདི་དག་ཇི་ལྟར་རུང་བར་འགྱུར་ཞེ་ན། གལ་ཏེ་དངོས་པོ་གང་ཞིག་ལ་རང་བཞིན་འགའ་ཞིག་ཡོད་ན་ནི། དེ་ལ་དངོས་པོ་དང་དངོས་པོ་མེད་པར་བརྟགས་པས་ལྟ་བ་འདི་དག་ཡོད་པར་འགྱུར་བ་ཞིག་ན། གང་གི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཁྱད་པར་མེད་པར་བསྟན་པ་དེའི་ཚེ། དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་དང་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉི་ག་ཅི། །གཉི་ག་མིན་པའང་ཅི་ཞིག་ཡིན། །ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་པོ་འདི་དག་ཀྱང་དངོས་པོའི་རང་གི་ངོ་བོ་མེད་ན་མི་རིགས་པ་ཉིད་དོ། །གང་ཞིག་དངོས་པོའི་རང་གི་ངོ་བོ་སྒྲོ་བཏགས་ཏེ། དེ་དང་བྲལ་བ་དང་མ་བྲལ་བ་ལས་ལྟ་བ་འདི་དག་བསྐྱེད་ནས། མངོན་པར་ཞེན་པ་དེའི་མངོན་པར་ཞེན་པ་འདིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་འགོག་ཅིང་། འཁོར་བའི་སྡུག་བསྔལ་དག་ལ་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་ཁྱོད་ཀྱིས་མྱ་ངན་ལས་འདས་པ་ཡང་བཀག་ན། དེ་ལྟར་ཡིན་ན་བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་སྤྱོད་པ་མཐའ་ཡས་པའི་རྗེས་སུ་འཇུག་པ། འགྲོ་བའི་བསམ་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ། ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས། འཇིག་རྟེན་གྱི་མྱ་ངན་ལས་འདས་པ་ཐོབ་པར་མཛད་པའི་སླད་དུ། སྤྱོད་པའི་གཉེན་པོར་རྗེས་སུ་མཐུན་པའི་ཆོས་བསྟན་པ་གང་ཡིན་པ་དེ་དོན་མེད་པར་འགྱུར་རོ། །བརྗོད་པར་བྱ་སྟེ། གལ་ཏེ་ཆོས་ཞེས་བྱ་བ་འགའ་ཞིག་གམ། ཆོས་དེའི་ཉན་པ་པོའི་སེམས་ཅན་འགའ་ཞིག་གམ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟོན་པ་པོ་འགའ་ཞིག་ཡོད་ན་ནི་དེའི་ཚེ་འདི་དེ་ལྟར་འགྱུར་ན། གང་གི་ཚེ། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྱོད་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །མ་གསུངས་པ་དེའི་ཚེ་ཁོ་བོ་ཅག་ལ་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བར་ག་ལ་འགྱུར། འདིར་སྤྲོས་པ་སྟེ་མཚན་མ་རྣམས་གང་ཉེ་བར་ཞི་བ་སྟེ། མི་འཇུག་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་ཡིན་ལ། ཉེ་བར་ཞི་བ་དེ་ཉིད་ནི་ཉེ་བར་ཞི་བ་སྟེ་རང་བཞིན་གྱིས་ཉེ་བར་ཞི་བའི་ཕྱིར་རོ། །ཡང་ན་ཚིག་མི་འཇུག་པས་སྤྲོས་པ་ཉེར་ཞི་ཡིན་ལ། སེམས་མི་འཇུག་པས་ཞི་བའོ། །ཡང་ན་ཉོན་མོངས་པ་རྣམས་མི་འབྱུང་བས་སྤྲོས་པ་ཉེར་ཞི་ཡིན་ལ་སྐྱེ་བ་མི་འབྱུང་བས་ཞི་བའོ། །ཡང་ན་ཉོན་མོངས་པ་སྤངས་པས་སྤྲོས་པ་ཉེར་ཞི་ཡིན་ལ། བག་ཆགས་མ་ལུས་པར་སྤངས་པས་ཞི་བའོ། །ཡང་ན་ཤེས་བྱ་མ་དམིགས་པས་སྤྲོས་པ་ཉེར་ཞི་ཡིན་ལ། ཤེས་པ་མ་དམིགས་པས་ཞི་བའོ། །གང་གི་ཚེ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནམ་མཁའ་ལ་ངང་པའི་རྒྱལ་པོ་དག་རང་གི་གཤོག་པ་བརྡབས་པའི་རླུང་ལ་གནས་པའམ། ནམ་མཁའ་ཅི་ཡང་མ་ཡིན་པ་ཉིད་ཀྱི་ཕྱིར་རླུང་ནམ་མཁའ་ལ་གནས་པ་ལྟར། མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། ཞི་བའི་ངོ་བོ་ལ་མི་གནས་པའི་ཚུལ་གྱིས་གནས་པ། དེའི་ཚེ་མཚན་མ་ཐམས་ཅད་ཉེ་བར་མ་དམིགས་པའི་ཕྱིར། གང་དུ་ཡང་རུང་སྟེ་ལྷ་ཡུལ་ལམ་མི་ཡུལ་དག་ཏུ། ལྷའམ་མི་སུ་ལ་ཡང་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བའི་ཆོས་འགའ་ཡང་མ་བསྟན་ཏོ་ཞེས་བྱ་བར་ཤེས་པར་བྱའོ། །ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལ་འདས་པར་འགྱུར་བ་དེའི་བར་དུ། དེ་བཞིན་གཤེགས་པས་ཐ་ན་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ། ཐམས་ཅད་ཚིག་མེད་ཡི་གེ་མེད། །གདོད་ནས་ཞི་ཞིང་དྲི་མེད་སྟོང་། །ཆོས་རྣམས་དེ་ལྟར་སུས་ཤེས་པ། །དེ་ནི་གཞོན་ནུ་སངས་རྒྱས་བརྗོད། །ཅེས་གསུངས་སོ། །གལ་ཏེ་དེ་ལྟར་སངས་རྒྱས་ཀྱིས་གང་དུ་ཡང་སུ་ལ་ཡང་ཆོས་འགའ་མ་བསྟན་ན། འོ་ན་ཇི་ལྟར་གསུང་རབ་ཀྱི་ཐ་སྙད་ཤིན་ཏུ་སྣ་ཚོགས་པ་དེ་དག་མངོན་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་འདིས་ཁོ་བོ་ཅག་ལ་ཆོས་འདི་དག་བསྟན་ཏོ་ཞེས་བྱ་བ་འདི་ནི། ལུས་ཅན་མ་རིག་པའི་གཉིད་དང་ལྡན་ཞིང་རྨི་ལམ་རྨི་བཞིན་པ་རྣམས་ཀྱི་རང་གི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ནོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡིན། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱི་ནི་གཟུགས་བརྙན་མཐོང་། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་འདི་ནི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་ལས་རྒྱ་ཆེར་བསྟན་པ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པའི་སླད་དུ་ཆོས་བསྟན་པ་མེད་པས་ཆོས་བསྟན་པ་ཡོད་པའི་ཕྱིར། མྱ་ངན་ལས་འདས་པ་ཡོད་པ་ཉིད་དུ་ག་ལ་འགྱུར། དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་མེད་དོ་ཞེས་བྱ་བ་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །ནམ་མཁའ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པར་འཚལ་བ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་མ་ལགས་སོ། །བཅོམ་ལྡན་འདས་གང་དག་འཁོར་བ་དངོས་པོར་འཚལ་བ་དེ་དག་ནི། འཁོར་བ་ལས་འདའ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི། གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ། རྣམ་པར་རྟོག་པ་ཐམས་ཅད་འགགས་པ་ལགས་ན། བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། མུ་སྟེགས་ཀྱི་ལྟ་བར་ལྷུང་བ་དེ་དག་ནི། འདི་ལྟ་སྟེ། ཏིལ་ལས་ཏིལ་མར་དང་། འོ་མ་ལས་མར་གསར་ལྟར་མྱ་ངན་ལས་འདས་པ་དངོས་པོ་ལས་ཚོལ་བར་བགྱིད་དོ། །བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ལ། མྱ་ངན་ལས་འདས་པ་འཚོལ་བ་མངོན་པའི་ང་རྒྱལ་ཅན་དེ་དག་ནི། མུ་སྟེགས་ཅན་ཡིན་ནོ་ཞེས་ཁོ་བོ་གླེང་སྟེ། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་ནི། ཆོས་གང་ཡང་སྐྱེ་བའམ་འགག་པར་མི་བགྱིད་ལ། ཆོས་གང་ཡང་འཐོབ་པ་དང་། མངོན་པར་རྟོག་པར་མི་འཚལ་ལོ་ཞེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་འགྲེལ་པའོ།།  །།འདིར། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གང་བཤད་ན་གང་ཞིག་སྟོང་པ་ཉིད་ཀྱི་ཅེས་བྱ་བར་བརྗོད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གང་ཡིན་ཞེས་སྨྲའོ། །རྣམ་པ་གཅིག་ཏུ་ན། གང་འདི་སྐད་དུ། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་བཤད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གོ་གང་ཡིན་ཞེའོ། །དེའི་ཕྱིར་དེའི་ཡན་ལག་གི་རབ་ཏུ་དབྱེ་བ་བརྗོད་པར་བཞེད་ནས་འདི་སྐད་དུ། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་གསུངས་སོ། །དེ་ལ་མ་རིག་པ་ནི་མི་ཤེས་པ་སྟེ། མུན་པ་དང་ཡང་དག་པ་ཇི་ལྟ་བ་ལ་སྒྲིབ་པར་བྱེད་པའོ། །མ་རིག་པ་དེས་བསྒྲིབས་ཤིང་བཀབ་པའི་གང་ཟག་གིས་ཡང་སྲིད་པའི་ཕྱིར་ཏེ་ཡང་སྲིད་པའི་དོན་དང་། ཡང་སྲིད་པ་འབྱུང་བར་བྱ་བའི་ཕྱིར་གང་དགེ་བ་ལ་སོགས་པའི་སེམས་པ་དག་མངོན་པར་འདུ་བྱེད་ཅིང་སྐྱེད་པར་བྱེད་དོ། །འདུ་བྱེད་དེ་དག་ནི་ཡང་སྲིད་པ་མངོན་པར་འདུ་བྱེད་པས་འདུ་བྱེད་དོ། །དེ་དག་ཀྱང་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །ཡང་ན་ལུས་ཀྱི་དང་ངག་གི་དང་ཡིད་ཀྱིའོ། །གང་ཟག་མ་རིག་པས་བསྒྲིབས་པས་ལས་ཀྱི་མཚན་ཉིད་ཅན་འདུ་བྱེད་རྣམ་པ་གསུམ་བྱེད་ལ། མངོན་པར་འདུ་བྱེད་པས་འདུ་བྱེད་ལས་ཏེ་ལས་ཀྱི་མིང་ཅན་དེ་དག་གིས་ནི་དེའི་རྒྱུས་བྱུང་བ་འགྲོ་བར་འགྲོ་བར་འགྱུར་རོ། །དེ་ནས་དེའི། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །གང་ཟག་འདུ་བྱེད་བྱས་ཤིང་བསགས་པ་དེའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྒྱུ་ཅན་འཁོར་བ་དོན་མ་ཡིན་པའི་ས་བོན་དུ་གྱུར་པ་ནི་འགྲོ་བ་འདུ་བྱེད་དང་མཐུན་པར་ལྷ་ལ་སོགས་པ་རྣམས་སུ་འཇུག་པ་སྟེ་རབ་ཏུ་འཇུག་ཅིང་སྐྱེ་བར་འགྱུར་རོ། །དེ་ནས་དུས་ཕྱིས། རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །དེ་ལས་དང་ཉོན་མོངས་པས་བསྒོས་པས་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་ན་མིང་ཡིན་པའམ། ཡང་ན་དོན་དག་ལ་མིང་གི་དབང་གིས་རྒྱུག་པས་ན་མིང་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ལ་མིང་ཞེས་བསྙད་དོ། །གཞིག་ཏུ་རུང་བས་ན་གཟུགས་ཏེ་གནོད་པར་བྱར་རུང་ཞེས་བྱ་བའི་ཐ་ཚིག་གོ །གཟུགས་འདི་དང་སྔར་གྱི་མིང་གཉིས་པོ་འདི་དག་བསྡོམས་ཏེ་མིང་དང་གཟུགས་ཞེས་རྣམ་པར་གཞག་གོ །དེ་ལ་གཟུགས་དང་གཟུགས་བརྙན་གྱི་ཚུལ་གྱིས་ཐ་མ་འཆི་བའི་ཕུང་པོ་རྣམས་འགགས་པ་ན་སྐད་ཅིག་མ་གཅིག་ཁོ་ན་ལ་སྲང་མདའི་མཐོན་དམན་གྱི་ཚུལ་དུ་སྐྱེ་བའི་ཆའི་ཕུང་པོ་རྣམས་ལས་ཀྱིས་ཇི་ལྟར་འཕངས་པ་ལྟར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟར་མའི་མངལ་དུ་རྣམ་པར་ཤེས་པ་བརྒྱལ་བར་གྱུར་ན། རྣམ་པར་ཤེས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་ཆགས་པར་འགྱུར་ཏེ། རིད་ཅིང་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འགྲོ་བར་རྣམ་པར་ཤེས་པ་བརྒྱལ་བར་མི་འགྱུར་ན་ནི་དེའི་ཚེ་མིང་དང་གཟུགས་འབྱུང་བར་མི་འགྱུར་ཏེ། དགའ་བོ་རྣམ་པར་ཤེས་པ་དེ་གལ་ཏེ་མའི་མངལ་དུ་ཞུགས་པར་མ་གྱུར་ན་ནི། དེའི་ཚེ་ནུར་ནུར་པོ་དེ་ནུར་ནུར་པོ་ཉིད་དུ་འགྲུབ་པར་མི་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན། མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྡུག་བསྔལ་འབྱུང་བ་ལ་སྐྱེད་པར་བྱེད་པ་ཉིད་དུ་གྱུར་པའི་ཕྱིར། སྐྱེ་བའི་སྒོའི་དངོས་པོ་ཉིད་ཀྱིས་ན་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཅེས་བྱ་བ་སྐྱེ་མཆེད་དྲུག་པོ་མིང་དང་གཟུགས་ཀྱི་རྒྱུ་ཅན་སྐྱེ་བར་འགྱུར་རོ། །དེས་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ན། སྐྱེ་མཆེད་དྲུག་ནི་སྡུག་བསྔལ་འབྱུང་བའི་སྐྱེ་བའི་སྒོ་ཉིད་ཡིན་ནོ་དེའི་ཕྱིར་དེ་ལྟར་སྐྱེ་མཆེད་དྲུག་འབྱུང་བ་ཡིན་དང་། དུས་ཕྱིས། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །རེག་པ་འདི་ཡང་གང་ཞིག་ཡིན་ཞིང་། ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། བསྟན་པའི་ཕྱིར། མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིག་གཟུགས་བརྟེན་ནས་ནི། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ། །ཞེས་གསུངས་སོ། །དེ་ལ་མིག་དང་གཟུགས་དག་དང་དྲན་བྱེད་དེ། ཡིད་ལ་བྱེད་པ་ཡུལ་ལ་སོགས་པ་དང་མི་མཐུན་པ་རྣམ་པར་ཤེས་པའི་ས་བོན་དུ་གྱུར་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ། །དེ་ལ་མིག་དང་གཟུགས་ཀྱི་སྐྱེ་མཆེད་ནི་གཟུགས་སོ། །དྲན་བྱེད་ཕུང་པོ་བཞིའི་མཚན་ཉིད་ཅན་ནི་མིང་སྟེ། དེའི་ཕྱིར་གསུམ་པོ་འདི་ལ་བརྟེན་ནས་སྐྱེ་བའི་མིག་གི་རྣམ་པར་ཤེས་པ་དེ་ནི་མིང་དང་གཟུགས་ལ་བརྟེན་ནས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་པོ་འདི་དག་འདུས་པ་གང་ཡིན་པ་སྟེ། ལྷན་ཅིག་སྐྱེ་ཞིང་ཕན་ཚུན་ཕན་འདོགས་པས་འདྲ་བར་ཞུགས་པ་གང་ཡིན་པ་དེ་ནི་རེག་པའི་མཚན་ཉིད་ཀྱི་རེག་པའོ། །དེ་ནས་དུས་ཕྱིས། རེག་དེ་ལས། ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཡུལ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉི་ག་ལས་བཟློག་པ་ཉམས་སུ་མྱོང་བ་ཡུལ་གྱི་མྱོང་བ་རིག་པས་ན་ཚོར་བ་ཡིན་པ་ནི་ཚོར་བ་ཞེས་བྱ་སྟེ། བདེ་བ་དང་སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །གཟུགས་དང་རྣམ་པར་ཤེས་པ་དང་། མིག་དང་གསུམ་པོ་འདི་དག་འདུས་པའི་མཚན་ཉིད་ཅན་རེག་པ་ལ་བརྟེན་ནས་ཚོར་བ་ཡིན་པར་ཇི་སྐད་དུ་བཤད་པ་དེ་བཞིན་དུ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ལྷག་མ་དག་གསུམ་འདུས་པའི་མཚན་ཉིད་ཀྱི་རེག་པའི་རྒྱུ་ཅན་གྱི་ཚོར་བ་ཡང་བཤད་པར་རིག་པར་བྱའོ། །དེ་ནས་དུས་ཕྱིས། ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཀུན་དུ་འབྱུང་བར་འགྱུར་ཞེས་བསྙེགས་སོ། །སྲེད་པ་གང་ལ་ཚོར་བའི་རྐྱེན་ཡོད་པ་དེ་ནི་ཚོར་བའི་རྐྱེན་གྱིས་སོ། །སྲེད་པ་དེ་ཡང་ཅིའི་ཡུལ་ཅན་ཞིག་ཡིན་ཞེ་ན། ཚོར་བའི་ཡུལ་ཅན་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྲེད་པ་ཅན་དེ། །ཚོར་བའི་དོན་དུ་སྲེད་པར་འགྱུར། །ཚོར་བའི་ཆེད་དུ་མངོན་པར་འདོད་པ་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རེ་ཞིག་གལ་ཏེ་དེ་ལ་ཚོར་བ་བདེ་བ་སྐྱེས་ན་ནི་དེ་ཡང་དང་ཡང་དུ་དེ་དང་མི་འབྲལ་བར་བྱ་བའི་ཕྱིར་སྲེད་པར་འགྱུར་རོ། །ཅི་སྟེ་སྡུག་བསྔལ་སྐྱེས་ན་ནི་དེའི་ཚེ་དེ་དང་བྲལ་བར་བྱ་བའི་ཕྱིར་སྲེད་པར་འགྱུར་རོ། །འོན་ཏེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེས་ན་ནི། དེ་མི་ཉམས་པར་བྱ་བའི་ཕྱིར་སྲིད་པར་འགྱུར་ཏེ། དེ་ལྟར་ན་ཚོར་བའི་དོན་དུ་སྲེད་པར་འགྱུར་རོ། །དེ་དེ་ལྟར། སྲེད་པར་འགྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །དེ་ལྟར་ཚོར་བ་དག་ལ་མངོན་པར་ཞེན་ཞིང་ཆགས་པ་དེ་ནི་སྲེད་པའི་རྐྱེན་ཅན་ལ་འཕེལ་བའི་རྒྱུ་འདོད་པ་དང་། ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཞེས་བྱ་བ་རྣམ་པ་བཞི་པོ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་ནི་དེའི་སྲིད་པའི་རྐྱེན་གྱིས་ལེན་པ་ཡིན་ནོ། །དེ་ནས་དུས་ཕྱིས། ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །ཉེ་བར་ལེན་པ་ཇི་སྐད་དུ་བཤད་པ་རྣམ་པ་བཞིའི་ལེན་པ་པོ་སྟེ། འཛིན་པ་པོ་སྐྱེད་པར་བྱེད་པའོ། །ཉེ་བར་ལེན་པ་པོ་དེའི་ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པ་སྐྱེས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གལ་ཏེ་ཉེ་བར་ལེན་པ་པོ་གང་གིས་ཚོར་བ་ལ་སྲེད་པ་མ་སྐྱེད་ཅིང་། སོ་སོར་རྟོག་པའི་སྟོབས་ཀྱིས་སྲེད་པ་བདག་གིར་མ་བྱས་པར་ལེན་པ་རྣམ་པ་བཞི་པོ་སྤངས་ནས་གཉིས་སུ་མེད་པའི་ཡེ་ཤེས་དྲི་མ་མེད་པ་མངོན་དུ་བྱས་པ་ལས་ཉེ་བར་ལེན་པ་མེད་པར་གྱུར་ན་ནི། དེ་གྲོལ་བར་འགྱུར་ཞིང་དེའི་ཚེ་དེའི་སྲིད་པ་ཡོད་པར་མི་འགྱུར་རོ། །སྲེད་པ་དེ་ཡང་གང་ཞིག་ཅེ་ན། སྲིད་པ་དེ་ཡང་ཕུང་པོ་ལྔ་སྟེ། གང་ཞིག་ཉེ་བར་ལེན་པ་ལས་རབ་ཏུ་འབྱུང་བ་དེ་ནི་ཕུང་པོ་ལྔའི་རང་བཞིན་དུ་རིག་པར་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཆར་ཡང་འདི་ལས་མ་འོངས་པའི་ཕང་པོ་ལྔ་འབྱུང་བས་ན་སྲིད་པ་ཞེས་བྱ་བར་བསྙད་དོ། །དེ་ལ་ལུས་དང་ངག་གི་ལས་ནི་གཟུགས་ཀྱི་ཕུང་པོའི་རང་བཞིན་ཡིན་ལ། ཡིད་ཀྱི་ལས་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། དེ་ལྟར་ན་སྲིད་པ་དེ་ཕུང་པོ་ལྔ་ཡིན་ནོ་ཞེས་ཤེས་པར་བྱའོ། །སྲིད་པ་དེ་ལས་སྐྱེ་བ་འབྱུང་སྟེ། མ་འོངས་པའི་ཕུང་པོ་འབྱུང་བ་ནི་སྐྱེ་བ་ཡིན་ལ། དེ་ཡང་སྲིད་པ་ལས་རབ་ཏུ་འབྱུང་ངོ་། །དེ་ནས་དུས་ཕྱིས། རྒ་ཤི་དང་ནི་མྱ་ངན་དང་། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་། །ཡིད་མི་བདེ་དང་འཁྲུག་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་འབྱུང་། །སྐྱེ་བའི་རྒྱུ་ཅན་རྒ་ཤི་ལ་སོགས་པ་དེ་དག་འབྱུང་བར་འགྱུར་རོ། །དེ་དག་གི་བཤད་པ་ནི་མདོ་ཇི་ལྟ་བ་བཞིན་རིག་པར་བྱ་སྟེ། དེ་ལ་རྒ་བ་ནི་ཕུང་པོ་ཡུངས་སུ་སྨིན་པའོ། །འཆི་བ་ནི་རྒས་པའི་ཕུང་པོ་འཇིག་པའོ། །མྱ་ངན་ནི་འགྲོ་ཞིང་འཆི་བཞིན་པའི་ཀུན་ཏུ་རྨོངས་པའི་མངོན་པར་ཆགས་པ་དང་བཅས་པའི་སྙིང་གི་གདུང་བའོ། །སྨྲེ་སྔགས་འདོན་པ་ནི་མྱ་ངན་གྱིས་ཀུན་ནས་བསླང་བའི་ངག་གི་བརྗོད་པའོ། །སྡུག་བསྔལ་ནི་དབང་པོ་ལྔ་ལ་གནོད་པའོ། །ཡིད་མི་བདེ་བ་ནི་ཡིད་དུ་མི་འོང་བ་འབབ་པའོ། །འཁྲུག་པ་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་པོ་འབྱུང་བའོ་ཞེས་བྱའོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས། དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པོ་འདི་འབྱུང་བར་འགྱུར། །དེ་ལྟར་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ཙམ་གྱི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་ཕུང་པོ་ནི་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་དང་ཁྱུ་སྟེ། སྡུག་བསྔལ་སྤུངས་པ་ཞེས་བྱ་བའི་ཐ་ཚིག་གོ །འབའ་ཞིག་པ་ཞེས་བྱ་བ་ནི་བདག་དང་བདག་གི་བའི་རང་བཞིན་དང་བྲལ་བ་ཞེས་བྱ་བའི་དོན་དང་། བྱིས་པའི་སྐྱེ་བོས་བརྟགས་པ་ཙམ་སྡུག་བསྔལ་གྱི་བདག་ཉིད་བདེ་བ་དང་མ་འདྲེས་པ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་དེ་ལྟར་མ་རིག་པ་ལ་སོགས་པ་ལས་སྲིད་པའི་ཡན་ལག་རྣམས་འབྱུང་བ་དེའི་ཕྱིར། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་པས་དེ་ཉིད་མཐོང་ཕྱིར་རོ། །དེ་ལ་འཁོར་བ་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་མཚན་ཉིད་ཅན་གྱི་རྩ་བ་སྟེ། རྒྱུའི་གཙོ་བོ་ནི་འདུ་བྱེད་རྣམས་ཡིན་ཏེ། དེའི་ཕྱིར་མི་མཁས་པ་ནི་འཁོར་བའི་རྩ་བ་འདུ་བྱེད་རྣམས་འདུ་བྱེད་ནི། དགེ་སློང་དག་མ་རིག་པ་དང་རྗེས་སུ་འབྲེལ་བར་སྐྱེས་བུ་གང་ཟག་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ན། མི་མཁས་པ་བྱེད་པ་པོ་ཡིན་པ་དེའི་ཕྱིར། མ་རིག་པ་དང་ལྡན་པའི་གང་ཟག་ཁོ་ན་འདུ་བྱེད་རྣམས་ཀྱི་བྱེད་པ་པོར་འགྱུར་གྱི། མཁས་པ་དེ་ཉིད་མཐོང་བ་མ་རིག་པ་སྤངས་བ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་མཐོང་ཕྱིར་རོ་སྟེ་དེ་ཉིད་མཐོང་ན་ནི་དངོས་པོ་ཐམས་ཅད་མི་དམིགས་པས་གང་ལ་དམིགས་ནས་ལས་བྱེད་པར་འགྱུར་བ་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཉིད་མཐོང་བའི་ཕྱིར་མཁས་པ་བྱེད་པ་པོ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམས་འབྱུང་ལ་མེད་ན་མི་འབྱུང་བ་དེའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ། །མ་རིག་པ་དེ་གང་ལས་འགག་པར་འགྱུར་ཞེ་ན། མ་རིག་འགགས་པར་གྱུར་ན་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་བཞིན་བསྒོམས་པས་མ་རིག་པ་རབ་ཏུ་སྤོང་བར་འགྱུར་རོ། །འདི་ལྟར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་བ་དེས་ནི་དངོས་པོ་ཕྲ་མོའི་ཡང་རང་གི་ངོ་བོ་དམིགས་པ་མ་ཡིན་ཏེ། གཟུགས་བརྙན་ལྟར་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་འཇུག་པར་འགྱུར་རོ། །དེ་དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཞུགས་པས་ཆོས་ཅུང་ཟད་ཀྱང་དམིགས་པར་མི་འགྱུར་རོ། །དེ་མ་དམིགས་པས་འགར་ཡང་མི་རྨོངས་སོ། །མ་རྨོངས་པས་ལས་མི་བྱེད་དོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་དེ་ཁོ་ན་ཉིད་ལ་འཇུག་པར་འགྱུར་ལ། དེ་ཉིད་མཐོང་བའི་རྣལ་འབྱོར་པའི་མ་རིག་པ་ངེས་པར་སྤོང་བར་འགྱུར་རོ། །མ་རིག་པ་སྤངས་པས་འདུ་བྱེད་འགག་པར་འགྱུར་རོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་རྣམས་ཇི་ལྟར་འགག་པ་དེ་བཞིན་དུ། དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པོ། །དེ་ནི་དེ་ལྟར་ཡང་དག་འགག །ཡན་ལག་སྔ་མ་སྔ་མ་འགགས་པས་ཡན་ལག་ཕྱི་མ་ཕྱི་མ་འགག་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །རིམ་པ་འདིས་ནི་རྣལ་འབྱོར་པའི་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ཚོགས་བདག་དང་བདག་གི་བ་ལ་སོགས་པ་ཡང་དག་པ་མ་ཡིན་པར་ལྟ་བ་དང་བྲལ་བ། བྱེད་པ་པོ་དང་ཚོར་བ་པོ་དང་བྲལ་བ་རང་བཞིན་གྱིས་སྟོང་པ་སླར་མི་འབྱུང་བས་ཡང་དག་པར་འགག་པར་འགྱུར་རོ། །ཇི་སྐད་དུ་འཕགས་པ་སཱ་ལུ་ལྗང་པའི་མདོ་ལས། དེ་བཞིན་དུ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་རྐྱེན་དང་འབྲེལ་བའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་འབྱུང་བ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འབྱུང་བར་འགྱུར་རོ། །གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག་གོ །དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་མི་མངོན་པ་ཞིག་ན། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་ཡང་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་སོ། །འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་པ་ནས་དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་སྒྲུབ་པའི་འབྱུང་བར་འགྱུར་བ་ནས། དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་སྒྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་བར་བལྟའོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དང་འདུས་པ་ཡིན་ཞེ་ན། འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་གྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ཟོས་པ་དང་འཐུང་པ་དང་འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་དེ་ནི་རླུང་གི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །གང་མདུང་ཁྱིམ་གྱི་ཚུལ་དུ་མིང་དང་གཟུགས་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་དེ་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནང་གི་སའི་ཁམས་ཚང་ཞིང་། དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་སོ། །ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་དམིགས་སོ། །མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ཟོས་པ་དང་འཐུང་པ་དང་འཆོས་པ་དང་མྱངས་བ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་སྒྲུབ་བོ་སྙམ་དུ་མི་སེམས་སོ། །ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན་སེམས་ཅན་མ་ཡིན་སྲོག་མ་ཡིན་སྐྱེ་བ་པོ་མ་ཡིན་ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ངའི་མ་ཡིན། བདག་གི་མ་ཡིན་ཏེ། གཞན་སུའི་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆུའི་ཁམས་དང་མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། སྲོག་ཏུ་འདུ་ཤེས་པ་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གོ་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེས་བྱའོ། །དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བ་གཟུགས་ཅན་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་དེ་དག་ནི་མིང་ཡིན་ལ། འབྱུང་བ་ཆེན་པོ་བཞི་དང་། དེ་དག་རྒྱུར་བྱས་པ་ནི་གཟུགས་ཏེ། མིང་དེ་དང་གཟུགས་དེ་གཅིག་ཏུ་བསྡུས་པ་དེ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ །གསུམ་འདུས་པ་ནི་རེག་པའོ། །རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི་སྲེད་པའོ། །སྲེད་པའི་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་སྐྱེས་པ་ཡང་སྲིད་པ་སྐྱེད་པའི་ལས་ནི་སྲེད་པའོ། །རྒྱུ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་མྱོས་ཏེ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཡིད་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་དང་མཚུངས་པར་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །ཕན་ཚུན་བརྟེན་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ནོ། །ཚིག་གིས་སྨྲ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་ལོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུག་པའོ། །ཡང་ན་དེ་ཁོ་ན་ཉིད་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་པ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ། །དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། ཚོར་བ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་སྲེད་པ་དེ་དང་དེར་གཞོལ་བས་ན་མིང་ཡིན་ནོ། །གཟུགས་ཀྱི་ཕུང་པོ་དང་། ལྷན་ཅིག་ཏུ་མིང་དང་གཟུགས་ཞེས་བྱ་བ་ཡིན་པས་ན་མིང་དང་གཟུགས་ཞེས་བྱ་བ་ཡིན་ནོ། །མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་དག་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའི་ཞེས་བྱའོ། །ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱང་བ་དང་མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འཇུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །མྱོང་བ་དང་མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་མི་གཏོང་བར་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་སྟེ། དངོས་པོ་གང་ལ་སྲེད་པ་དང་བཅས་པའི་དངོས་པོ་དེ་བསག་ཅིང་སྒྲུབ་པའི་ཕྱིར་ཉེ་བར་ལེན་པ་ལེན་ཞིང་། དེ་དང་དེ་ལ་སྨོན་པའོ། །དེ་ལྟར་སྨོན་ཞིང་ཡང་སྲིད་པ་བསྐྱེད་པའི་ལས་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་རྣམས་མངོན་པར་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེ་བ་མངོན་པར་འགྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི། རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན་མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན། མྱོང་བ་པོ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ་རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན་མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན་འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན་ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བར་བྱ་བའི་ཕྱིར་རྒྱུར་འགྱུར་རོ། །བཞི་པོ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་དང་། །ལས་དང་རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་ཉིད་ཀྱི་རྒྱུ་བྱེད་དོ། །ལས་ནི་ཞིང་གི་རང་བཞིན་གྱི་རྒྱུ་བྱེད་དོ། །མ་རིག་པ་དང་། སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུ་བྱེད་དོ། །ལས་དང་ཉོན་མོངས་པ་དག་གིས་ནི་ས་བོན་རྣམ་པར་ཤེས་པ་བསྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲིད་པས་ནི་ས་བོན་རྣམ་པར་ཤེས་པ་བརླན་པའི་བྱ་བ་བྱེད་དོ། །མ་རིག་པས་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ། །ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་སོ། །འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ། སྲེད་པའི་རླན་གྱིས་བརླན་པ་མ་རིག་པས་ལེགས་པར་བཏབ་པ་ལས་སྐྱེ་བ་ན། སྐྱེ་བའི་གནས་དེ་དང་དེར་ཉིང་མཚམས་སྦྱོར་བ་ནི་མའི་མངལ་དུ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་གཅིག་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ་དང་ཟླ་མཚན་དང་ལྡན་པ་དང་རྐྱེན་གཞན་ཡང་འཚོགས་ན་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། སྐྱེ་བའི་གནས་དེ་དང་དེར་ཉིང་མཚམས་སྦྱོར་བ་ན་མའི་མངལ་དུ་རོ་མྱང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔ་ལས་འབྱུང་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། མིག་ལ་བརྟེན་པ་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་བསྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ། །གཟུགས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེད་དོ། །སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ། །ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ། །དེ་སྐྱེད་པའི་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ། །རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་མིག་གི་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་མ་ཚང་བར་མི་འགྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་སྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་སེམས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ། བདག་ནི་རྐྱེན་འདི་དག་གིས་སྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གིས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་དབང་པོ་ལྷག་མ་དང་བཅས་པ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་རོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་ཡང་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་མེད་དོ། །འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲིའི་སྟེང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་། ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོན་པ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ། །དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན་མེ་དེ་རྒྱུ་དང་རྐྱེན་མ་ཚང་ན་མི་འབར་གྱི། རྒྱུ་དང་རྐྱེན་ཚོགས་པ་ལས་འབར་རོ། །དེ་བཞིན་དུ་ཆོས་རྣམས་ནི་བདག་པོ་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་རོ། །སྐྱེ་བའི་གནས་དེ་དང་དེར་ཉིང་མཚམས་སྦྱོར་བ་ན་མའི་མངལ་དུ་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པའི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་གྲུབ་སྟེ། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ལྔར་བལྟ་བ་བྱ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུའོ། །ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་གྱི། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །ཇི་ལྟར་འཆད་པར་མ་ཡིན་ཞེ་ན། ཐ་མ་འཆི་བའི་དུས་ཀྱི་ཕུང་པོ་རྣམས་སྔོན་འགགས་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན་ལ། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་ཡང་མ་ཡིན་ནོ། །ཇི་ལྟར་འཕོ་བ་མ་ཡིན་ཞེ་ན། སེམས་ཅན་རིགས་མི་འདྲ་བ་རྣམས་སྐལ་བ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་འགྲུབ་པར་མི་བྱེད་པའོ། །དེའི་ཕྱིར་འཕོ་བར་ཡང་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོ་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་འབྱུང་བ་ཡིན་ནོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བ་དེའི་ཕྱིར། དེ་དང་འདྲ་བའི་རྒྱུད་དུའོ་ཞེས་བྱ་བར་རྒྱ་ཆེར་གསུངས་པ་ལྟ་བུའོ། །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བའི་ཚིག་གསལ་བ་ལས། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའི་འགྲེལ་པའོ།།  །།གང་གིས་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བུར་གྱུར་པ་ཡང་དག་པར་མཐོང་བ་དེ་ནི་སྔོན་གྱི་མཐའ་ལ་རྟེན་པར་མི་བྱེད། ཕྱི་མའི་མཐའ་ལ་རྟེན་པར་མི་བྱེད་དོ་ཞེས་མདོ་ལས་འདོན་པ་ཡིན་ན། དེ་ལ་སྔོན་གྱི་མཐའ་ལ་རྟེན་པ་ནི་གང་ཞིག་ཡིན་ཞིང་། ཕྱི་མའི་མཐའ་ཡང་གང་ཞིག་ཡིན་ལ། ཇི་ལྟར་ན་རྟེན་པར་མི་བྱེད་པ་ཡིན་ཞེ་ན། དེ་དག་བསྟན་པའི་ཕྱིར་འདི་བརྗོད་དོ། །དེ་ལ་ད་ལྟར་གྱི་བདག་གི་དངོས་པོ་ལ་ལྟོས་དེ་འདས་པའི་དུས་དག་ལ་སྔོན་གྱི་མཐའ་ཞེས་བྱ་སྟེ། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཆ་སྔ་མ་ནི་སྔོན་གྱི་མཐའོ། །དེ་ལ་རྟེན་པར་མི་བྱེད་པ་ནི་ལྟ་བའི་རྣམ་པ་དག་གིས་དམིགས་པར་མི་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཉིད་ཇི་ལྟར་གནས་པ་བཞིན་མཐོང་བའི་ཕྱིར་རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་མངོན་པར་ཞེན་པར་མི་བྱེད་པའོ། །དེ་ལ་ལྟ་བ་བརྒྱད་ནི་སྔོན་གྱི་མཐའ་ལ་དམིགས་ནས་རྣམ་པ་གཞན་དུ་འཇུག་སྟེ། འདི་ལྟ་སྟེ། འདས་དུས་བྱུང་མ་བྱུང་ཞེས་དང་། །འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །དེ་ལ་ཞེས་ཀྱི་སྒྲ་ནི་སོགས་པའི་དོན་ལའོ། །ཡང་ན་ལྟ་བ་གཉིས་ཉེ་བར་བཀོད་པ་ནི་ཉེ་བར་མཚོན་པའི་དོན་དུ་ཡིན་ནོ། །ལྟ་བ་འདི་དག་ནི་བཞི་སྟེ། འདི་ལྟ་སྟེ། ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། མ་བྱུང་བ་ཞིག་གམ། བྱུང་ཡང་བྱུང་ལ་མ་བྱུང་ཡང་མ་བྱུང་བ་ཞིག་གམ། བྱུང་བ་ཡང་མ་ཡིན་ལ་མ་བྱུང་བ་ཡང་མ་ཡིན་ཞིག་ཅེས་བྱ་བ་ལྟ་བ་བཞི་པོ་འདི་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །གཞན་ཡང་བཞི་སྟེ་ཞེས་སྔར་ཞར་ལ་བཤད་ལ། འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ཀྱང་། །སྔོན་གྱི་མཐའ་ལ་བརྟེན་པ་མ་ཡིན་ནོ། །དེ་ལ་ལྟ་བ་བཞི་ཚན་གོང་མ་ལས་མཇུག་ཐོགས་ཀྱི་ལྟ་བ་བཞི་ཚན་ལ་ཐ་དད་པ་ཆེར་མེད་མོད་ཀྱི། དེ་ལྟ་ན་ཡང་ཁྱད་པར་ཅུང་ཟད་ཙམ་ལ་བརྟེན་ནས་ལོགས་ཤིག་ཏུ་ཉེ་བར་བཀོད་དེ། དེ་ཡང་ཕྱི་ནས་བཤད་པར་བྱའོ། །དེ་ལ་འཇིག་རྟེན་རྟག་གོ་ཞེས་བྱ་བ་འདི་ནི་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་བྱ་བ་འདི་ལས་ཐ་དད་པ་ཆེར་མེད་དོ། །རྣམ་པ་གཅིག་ཏུ་ན་ཁྱད་པར་ནི་འདི་ཡིན་ཏེ། འཇིག་རྟེན་རྟག་གོ་ཞེས་བྱ་བའི་ལྟ་བ་བཞི་པོ་གང་ཡིན་པ་དེ་ནི་སྤྱིར་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ལ། འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་བྱ་བ་འདི་ནི་བདག་ཁོ་ན་ལ་སྔོན་གྱི་མཐའ་བཟུང་ནས་ཞུགས་པ་ཡིན་གྱི། ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་བཞིན་དུ་ལྟ་བ་གཞན་དག་ལ་ཡང་ཁྱད་པར་བརྗོད་པར་བྱའོ། །དེ་ལྟར་ན་རེ་ཞིག་ལྟ་བ་བརྒྱད་པོ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །སྔོན་གྱི་མཐའ་དེ་ནི་དེ་ལ་དམིགས་པར་བྱེད་པའི་ལྟ་བ་དག་དང་ལྷན་ཅིག་བཤད་ཟིན་ཏོ། །ད་ནི་ཕྱི་མའི་མཐའ་བརྗོད་པར་བྱ་སྟེ། དེ་ལ་ད་ལྟར་བའི་བདག་གི་དངོས་པོ་ལ་ལྟོས་ནས་འབྱུང་བར་འགྱུར་བའི་ལུས་ལ་ཕྱི་མའི་མཐའ་ཞེས་བྱ་སྟེ། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཆ་ཕྱི་མ་ནི་ཕྱི་མའི་མཐའོ། །དེ་ལ་རྟེན་པར་མི་བྱེད་པ་ནི་ལྟ་བའི་རྣམ་པ་དག་གི་དམིགས་པར་མི་བྱེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཉིད་ཇི་ལྟར་གནས་པ་ལྟར་མཐོང་བའི་ཕྱིར་རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་མངོན་པར་ཞེན་པར་མི་བྱེད་པའོ། །དེ་ལ་ལྟ་བ་བརྒྱད་ནི་ཕྱི་མའི་མཐའ་ལ་དམིགས་པ་ནས་རྣམ་པ་གཞན་དུ་འཇུག་སྟེ། འདི་ལྟ་སྟེ། མ་འོངས་དུས་གཞན་འབྱུང་འགྱུར་དང་། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །འདིར་ཡང་ལྟ་བ་གཉིས་ཉེ་བར་བཀོད་པ་ནི་ཉེ་བར་མཚོན་པའི་དོན་དུ་ཡིན་ནོ། །ལྟ་བ་འདི་དག་ནི་བཞི་སྟེ། འདི་ལྟ་སྟེ། ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་ཞིག་གམ་མི་འབྱུང་བར་འགྱུར་བ་ཞིག་གམ། འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་བར་འགྱུར་བ་ཞིག་གམ། མ་འོངས་པའི་དུས་ན་འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་པ་ཞིག་ཅེས་བྱ་བ་ལྟ་བ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །ཅི་ལྟ་བ་བཞི་པོ་དེ་དག་ཁོ་ན་ཞིག་ཕྱི་མའི་མཐའ་ལ་བརྟེན་ཏམ་ཞེ་ན། བཤད་པ། མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་མཐའ་ལ་སོགས་པར་ལྟ་བ་ཕྱི་མའི་མཐའ་ལ་བརྟེན་པ་གཞན་བཞི་ཡང་ཡོད་པ་ཡིན་ནོ། །དེ་ལ་མཐའ་ཡོད་པ་ལ་སོགས་པ་ལྟ་བ་བཞི་ནི་སྤྱིར་ཕྱི་མའི་མཐའ་ལ་བརྟེན་ནས་འཇུག་པ་ཡིན་ལ། ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་ཞིག་གམ་ཞེས་བྱ་བ་དེ་དག་ནི་བདག་ཁོ་ན་ལ་ཕྱི་མའི་མཐའ་ལ་བརྟེན་ནས་ཞུགས་པ་ཡིན་ཏེ། དེ་ནི་ལྟ་བ་བཞི་ཚན་གཉིས་ཀྱི་ཁྱད་པར་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རེ་ཞིག་སྔོན་གྱི་མཐའ་ལ་དམིགས་པའི་ལྟ་བ་བཞི་ཚན་དང་པོ་ཇི་ལྟར་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར། འདས་པའི་དུས་ན་བྱུང་གྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་བྱ་བ་གསུངས་སོ། །དེ་ལ་གལ་ཏེ་འདས་པའི་ཚེ་རབས་རྣམས་སུ་གང་བྱུང་བ་དེ་ཉིད་ད་ལྟར་ཡོད་པར་གྱུར་ན་ནི་དེའི་ཚེ་འདི་འདས་པའི་དུས་ན་བདག་བྱུང་བ་ཞིག་གམ་ཞེས་བྱ་བར་བཟུང་བར་རིགས་པ་ཞིག་ན། དེ་ནི་དེ་ལྟར་སྲིད་པ་ཡང་མ་ཡིན་ཏེ། རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྟག་པ་ནི་འཁོར་བར་མི་རིགས་པའི་ཕྱིར་ཏེ། འགྲོ་བ་གཅིག་ལ་གནས་པ་ཡང་འགྲོ་བ་སྣ་ཚོགས་ཀྱིས་བཟུང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་གལ་ཏེ་སྔར་དམྱལ་བ་ལ་སོགས་པའི་འགྲོ་བར་གྱུར་ནས་ད་ལྟ་མི་དག་ཏུ་སྐྱེས་པས་བདག་ཁོ་ན་དམྱལ་བ་ལ་སོགས་པར་གྱུར་ཏོ་ཞེས་དེ་ལྟར་རྟོག་པར་བྱེད་ན་དེ་ནི་དེ་ལྟར་མི་རིགས་ཏེ། ཇི་ལྟར་ན། མི་ཡིན་བཞིན་དུ་དམྱལ་བ་ལ་སོགས་པ་ཡང་ཡིན་པར་འགྱུར། འོ་ན་གང་མདོ་ལས་འདི་སྐད་དུ་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བར་གྱུར་ཏོ་ཞེས་འདོན་པ་དེ་ཇི་ལྟར་རིག་པར་བྱ་ཞེ་ན། བཀའ་འདི་ནི་གཞན་ཉིད་ཡིན་པ་འགོག་པ་ལྷུར་བྱེད་པ་ཡིན་གྱི་གཅིག་ཉིད་དུ་སྟོན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དེའི་ཚེ་དེའི་དུས་ན་དེ་གཞན་ནི་མ་ཡིན་ནོ་ཞེས་འདོན་པ་ཡིན་ནོ། །གལ་ཏེ་དེ་ཉིད་འདི་ཡིན་ནོ། །ཞེས་སྔར་གྱི་དང་ད་ལྟར་བ་གཅིག་ཉིད་དུ་འགྱུར་ན་ཉེས་པ་ཅིར་འགྱུར་ཞེ་ན། རྟག་པ་ཉིད་དུ་འགྱུར་རོ་ཞེས་དེ་ལ་ཉེས་པ་བཤད་ཟིན་ཏོ། །དེ་ལྟ་མོད་ཀྱི་གཞན་ཡང་བརྗོད་པར་བྱ་སྟེ། དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །གལ་ཏེ་སྔོན་གྱི་དེ་ཉིད་ད་ལྟར་གྱི་བདག་འདིར་འབྱུང་ན་ནི་དེའི་ཚེ་སྔར་གྱི་གནས་སྐབས་ལྟར་ཉེ་བར་ལེན་པ་པོ་ཐ་དད་པ་མེད་པའི་ཕྱིར་ཕུང་པོ་ལྔའི་མཚན་ཉིད་ཀྱི་ཉེ་བར་ལེན་པ་ཐ་དད་པར་མི་འགྱུར་བ་ཞིག་ན། བདག་གི་ཉེ་བར་ལེན་པ་ནི་དེ་ལྟར་ཐ་དད་པ་མེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཉེ་བར་ལེན་པ་ནི་ཐ་དད་པ་ཁོ་ན་སྟེ། ཉེ་བར་ལེན་པའི་རྒྱུ་ཐ་དད་པའི་ཕྱིར་དང་། དུས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་ཉེ་བར་ལེན་པ་ཐ་དད་པའི་ཕྱིར་དེ་ཉིད་བདག་འདི་ཡིན་ནོ་ཞེས་མི་རིགས་སོ། །ཅི་སྟེ་ཉེ་བར་ལེན་པ་ལ་ཐ་དད་པ་ཡོད་མོད་བདག་ནི་གཅིག་ཉིད་ཡིན་ཏེ། དེའི་ཕྱིར་བདག་ལ་ཐ་དད་པ་མེད་པའི་ཕྱིར་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་བྱ་བ་དེར་ཡང་འབྱུང་བ་ཉིད་དོ་སྙམ་ན། བརྗོད་པ། ཉེ་བར་ལེན་པ་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །གལ་ཏེ་ཉེ་བར་ལེན་པ་གཞན་ལ་བདག་ཀྱང་གཞན་ཡིན་ན་ནི་དེའི་ཚེ་ཉེ་བར་ལེན་པ་ཐ་དད་ཀྱང་བདག་ལ་ཐ་དད་པ་མེད་པས་དེ་དེ་ལྟར་འགྱུར་ན། འདི་ནི་བདག་གོ །འདི་ནི་བདག་གི་ཉེ་བར་ལེན་པའོ་ཞེས་དེ་དག་ནི་ཐ་དད་པར་བསྟན་པར་མི་ནུས་ཏེ། ཉེ་བར་ལེན་པ་ལས་ཐ་དད་པའི་རང་བཞིན་ཡིན་པ་ཉིད་ཀྱིས་བདག་རྒྱུ་མེད་པར་ཐལ་བའི་ཕྱིར་དང་། སོ་སོར་གཟུང་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་ཉེ་བར་ལེན་པ་མ་གཏོགས་པར་བདག་བསྟན་པར་མི་ནུས་པ་དེའི་ཚེ། ཉེ་བར་ལེན་པ་ཐ་དད་ཀྱང་བདག་ལ་ཐ་དད་མེད་དོ་ཞེས་བརྟག་པར་མི་ནུས་སོ། །ཅི་སྟེ་ཡང་ཉེ་བར་ལེན་པ་མ་གཏོགས་པར་བདག་ཡོད་པ་མ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་ཉེ་བར་ལེན་པ་ཉིད་བདག་ཏུ་བརྟག་གོ་ཞེས་ཁ་ཅིག་རྟོག་པར་བྱེད་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་གསུངས་སོ། །རེ་ཞིག་ཉེ་བར་ལེན་པ་ཉིད་བདག་ཇི་ལྟར་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་བྱ་བ་ཉེ་བར་ལེན་པ་གང་ཡིན་པ་དེ་ནི་སྐད་ཅིག་རེ་རེ་ལ་འབྱུང་བ་དང་འཇིག་པ་ཡིན་ལ། བདག་ནི་དེ་ལྟར་སྐད་ཅིག་རེ་རེ་ལ་འབྱུང་བ་དང་འཇིག་པ་མ་ཡིན་ནོ། །བདག་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་ལ་སོགས་པ་དང་། རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་པར་མི་ནུས་ཏེ། ཉེས་པ་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་རྟག་པ་ཉིད་ཡིན་པས་ནི་རྟག་པར་སྨྲ་བར་འགྱུར་ལ། མི་རྟག་པ་ཉིད་ཡིན་པས་ནི་ཆད་པར་སྨྲ་བར་ཐལ་བར་འགྱུར་ཏེ། རྟག་པ་དང་ཆད་པ་ཞེས་བྱ་བ་འདི་ནི་གཉི་ག་ཡང་དོན་མ་ཡིན་པ་ཆེན་པོ་བྱེད་པ་ཡིན་པས་ཁས་བླང་བར་མི་བྱའོ། །དེའི་ཕྱིར་རེ་ཞིག་ཉེ་བར་ལེན་པ་དེ་ཉིད་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །གཞན་ཡང་ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པ་ཡིན་པར་འགྱུར་ཏེ། །འདིར་ཉེ་བར་བླང་བར་བྱ་བ་ཡིན་པས་ནི་ཉེ་བར་བླང་བ་སྟེ་ལས་ཡིན་ལ། དེ་ལ་ནི་གདོན་མི་ཟ་བར་ཉེ་བར་ལེན་པ་པོ་ཉེ་བར་སོགས་པ་པོ་ཡོད་པར་འགྱུར་དགོས་སོ། །ཉེ་བར་ལེན་པ་དེ་གལ་ཏེ་བདག་ཉིད་ཡིན་པར་འདོད་ན་ནི། དེའི་ཚེ་ཉེ་བར་བླང་བ་ཉིད་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་རོ། །དེའི་ཕྱིར་ལས་དང་བྱེད་པ་པོ་དག་གཅིག་ཡིན་པས་གཅོད་པ་པོ་དང་གཅད་པར་བྱ་བ་དང་། བུམ་པ་དང་རྫ་མཁན་དང་། མེ་དང་བུད་ཤིང་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་དུ་འགྱུར་ན། དེ་ནི་མཐོང་བའམ་རིགས་པའང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་བཤད་དེ། ཕྱོགས་དེ་ནི་གཏན་མི་སྲིད་པ་ཉིད་དོ། །ཞེས་བྱ་བར་དགོངས་པ་ཡིན་ནོ། །འདིར་ཉེ་བར་ལེན་པ་ཙམ་ཡང་བདག་ཡིན་པར་མི་རིགས་པ་ནི་བདེན་མོད་ཀྱི་འོན་ཀྱང་ཉེ་བར་ལེན་པ་པོ་ཉེ་བར་ལེན་པ་ལས་ཐ་དད་པ་ཉིད་ཡིན་པར་འགྱུར་རོ་ཞེས་ཟེར་རོ། །འདི་ཡང་མི་རུང་སྟེ། གང་གི་ཕྱིར། །བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །གལ་ཏེ་ཉེ་བར་ལེན་པ་ལས་བདག་ཐ་དད་པ་ཡིན་ན་ནི་བུམ་པ་ལས་སྣམ་བུ་ལྟར་དེ་ཉེ་བར་ལེན་པ་ལས་ཐ་དད་པར་གཟུང་དུ་ཡོད་པར་འགྱུར་ན། དེ་ལྟར་གཟུང་དུ་ནི་མེད་དོ། །དེའི་ཕྱིར་ཉེ་བར་ལེན་པ་ལས་ཐ་དད་པར་ཉེ་བར་ལེན་པ་པོ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་ལྟར་ཉེ་བར་ལེན་པ་ལས་ཐ་དད་པར་གཟུང་དུ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི་ཇི་སྐད་བསྟན་པའི་དོན་གྱི་མཇུག་བསྡུ་བའི་ཕྱིར། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །ཞེས་བྱ་བ་གསུངས་སོ། །ཅི་སྟེ་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་དང་། འབྱུང་བ་དང་འཇིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་བདག་ཉེ་བར་ལེན་པའི་རང་བཞིན་ཅན་མ་ཡིན་ལ། ཉེ་བར་ལེན་པ་ལ་མ་ལྟོས་པར་ཐ་དད་པར་གཟུང་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་གཞན་པ་ཡང་མ་ཡིན་ཞིང་། ཉེ་བར་ལེན་པ་ལ་མ་ལྟོས་པར་གཟུང་དུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་ཉེ་བར་ལེན་པ་མེད་པ་ཡང་མ་ཡིན་ན། དེ་ལྟ་ན་འོ་ན་བདག་མེད་དོ་ཞེས་བྱ་བ་ཡིན་ལ་རག་གོ་སྙམ་ན། བརྗོད་པ། མེད་པ་ཉིད་དུའང་དེ་མ་ངེས། །གང་ཞིག་ཕུང་པོ་ལ་བརྟེན་ནས་གདགས་པ་མེད་དོ་ཞེས་བྱ་བར་ཇི་ལྟར་འགྱུར། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ནི་ཕུང་པོ་དག་ལ་བརྟེན་ནས་འདོགས་པ་མ་ཡིན་ནོ། །ཉེ་བར་ལེན་པ་ཡོད་བཞིན་དུ་ཉེ་བར་ལེན་པ་པོ་མེད་དོ་ཞེས་བྱ་བར་ཇི་ལྟར་རིགས་པར་འགྱུར་ཏེ། དེའི་ཕྱིར་དེ་ནི་མེད་པ་ཉིད་དུ་ཡང་མི་རིགས་སོ། །དེའི་ཕྱིར་བདག་མེད་དོ་སྙམ་པའི་ངེས་པ་འདི་ཡང་མི་འཐད་དོ། །བདག་དེའི་རྣམ་པར་གཞག་པ་ནི་རྒྱས་པར་དབུ་མ་ལ་འཇུག་པ་ལས་ངེས་པར་བྱའོ། །འདིར་ཡང་སྔར་སྐབས་སྐབས་དག་ཏུ་རྣམ་པར་གཞག་པ་བྱས་ཟིན་པའི་ཕྱིར་ཡང་འདིར་དེ་རྣམ་པར་གཞག་པའི་འབད་པ་མི་བྱའོ། །དེ་ལྟར་ན་རེ་ཞིག་འདས་པའི་དུས་ན་བྱུང་བར་གྱུར་པ་ཞིག་གམ་ཞེས་བྱ་བ་དེ་མི་འཐད་དོ། །ད་ནི་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བ་དེ་ཡང་ཇི་ལྟར་མི་འཐད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་ལ། །དེ་ལས་འདི་གཞན་མ་ཡིན་ནོ། །གལ་ཏེ་ད་ལྟར་གྱི་འདི་སྔོན་གྱི། །བདག་ལས་གཞན་ཉིད་ཡིན་ན་ནི་དེའི་ཚེ་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བར་འགྱུར་བ་ཞིག་ན། དེ་ནི་དེ་ལྟར་སྲིད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་ཡང་མི་འཐད་དོ། །གལ་ཏེ་འདི་སྔོན་གྱི་བདག་ལས་གཞན་ཉིད་དུ་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། བརྗོད་པ། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དེ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །གལ་ཏེ་ད་ལྟར་གྱི་བདག་འདི་སྔར་གྱི་བདག་ལས་གཞན་ཡིན་ན་ནི་དེའི་ཚེ་སྔར་གྱི་བདག་དེ་མེད་པར་དེ་སྤངས་ནས་ཀྱང་དེ་ལ་ལྟོས་པ་མེད་ཅིང་དེའི་རྒྱུ་ཅན་མ་ཡིན་པར་འབྱུང་བར་འགྱུར་རོ། །གཞན་ཡང་། དེ་བཞིན་དེ་ནི་གནས་འགྱུར་ཞིང་སྟེ། དེ་ལ་གལ་ཏེ་འདི་སྔར་གྱི་བདག་ལས་གཞན་ཉིད་ཡིན་ན་ནི། དེའི་ཚེ་གཞན་ཉིད་ཡིན་པའི་ཕྱིར་བུམ་པ་བྱས་པའི་ཚེ་སྣམ་བུ་མི་འཇིག་པ་ལྟར་བདག་ཕྱི་མ་སྐྱེས་པ་ན་ཡང་སྔར་གྱི་བདག་མི་འགག་པར་འགྱུར་རོ། །མ་འགགས་པ་ཉིད་ཀྱི་ཕྱིར་ན་སྔར་ལྷ་དང་མི་ལ་སོགས་པར་སྐྱེ་བ་གང་དང་གང་དུ་སྐྱེས་པ་དེ་སྔར་གྱི་ཁ་དོག་དང་དབྱིབས་ལ་སོགས་པ་གང་དུ་དམིགས་པའི་རྣམ་པ་དེ་ཉིད་ཀྱིས་དེ་བཞིན་དུ་དེ་དེར་ནས་པར་འགྱུར་ཞིང་། སྔར་མ་ཤི་བ་ཁོ་ནར་འདིར་སྐྱེ་བར་འགྱུར་ན། མིར་འགྱུར་བ་འདིའི་སྔར་གྱི་ལྷ་ལ་སོགས་པའི་བདག་དེ་བཞིན་དུ་གནས་པར་འགྱུར་བ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བ་འདི་ནི་འཐད་པ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །ཞེས་བརྗོད་ན། གལ་ཏེ་སྔར་གྱི་བདག་མེད་པ་འདི་འདིར་འབྱུང་བར་འགྱུར་ན་ཉེས་པ་ཅིར་འགྱུར། དེ་ལ་ཉེས་པ་མང་པོར་འགྱུར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེ་ལྟར་ཡིན་ན། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ཀྱི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །གལ་ཏེ་བདག་འདི་སྔར་གྱི་བདག་མེད་པར་འབྱུང་བར་འགྱུར་ན་ནི། དེའི་ཚེ་སྔར་གྱི་བདག་དེ་དེར་ཞིག་པའི་ཕྱིར་དང་། འདིར་གཞན་ཞིག་ཁོ་ན་སྐྱེས་པའི་ཕྱིར་སྔར་གྱི་བདག་ཆད་པར་འགྱུར་རོ། །བདག་དེ་ཆད་ན་ནི་ལས་ཀྱི་འབྲས་བུ་མཇུག་ཐོགས་པ་རྣམས་རྟེན་ཆད་པས་རྣམ་པར་ཆད་པའི་ཕྱིར་དང་། ཟ་བ་པོ་ཡང་མེད་པའི་ཕྱིར་འབྲས་བུ་ཆུད་ཟ་བ་ཁོ་ནར་འགྱུར་རོ། །ཅི་སྟེ་སྔར་གྱི་བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་ཕྱི་མས་ཡོངས་སུ་ལོངས་སྤྱོད་པར་རྟོག་ན། དེ་ལྟ་ན་ཡང་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་ལོངས་སྤྱོད་པར་འགྱུར་རོ། །དེའི་ཕྱིར། ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིགས་འགྱུར། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མི་འདོད་པར་འགྱུར་རོ། །གཞན་ཡང་གལ་ཏེ་བདག་འདི་ནི་སྔར་གྱི་བདག་ལས་གཞན་དུ་གྱུར་པ་འདིར་སྐྱེས་པ་ཡིན་ན་ནི། དེའི་ཚེ་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བ་ཞེས་བྱ་བར་འགྱུར་ན། དེ་ནི་རིགས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །ཞེས་གསུངས་ཏེ། གལ་ཏེ་བདག་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བར་འགྱུར་ན་ནི་དེའི་ཚེ་བདག་ནི་བྱས་པར་འགྱུར་ན། བདག་ནི་བྱས་པར་འདོད་པ་ཡང་མ་ཡིན་ཏེ། མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་སྒྲུབ་པར་བྱེད་པ་དེ་ལས་ཐ་དད་པའི་བྱེད་པ་པོ་མེད་པའི་ཕྱིར་བདག་གི་བྱས་པ་ཉིད་དུ་རིགས་པར་ག་ལ་འགྱུར། བདག་བྱས་པར་རྟོག་ན་ནི་འཁོར་བ་ཐོག་མ་དང་ལྡན་པ་དང་། སྔ་ན་མེད་པའི་སེམས་ཅན་འབྱུང་བར་ཡང་འགྱུར་ན། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་བདག་བྱས་པ་ཡང་མ་ཡིན་ནོ། །གཞན་ཡང་། འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །བདག་མ་བྱུང་བ་ལས་བྱུང་ན་རྒྱུ་མེད་ཅན་ཁོ་ནར་འགྱུར་ཏེ། སྔར་བདག་མེད་པས་བྱེད་པ་པོ་མེད་པ་ནི་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འང་གི་སྒྲ་ནི་རྣམ་པར་རྟོག་པ་སྟེ། བདག་ནི་བྱས་པར་འགྱུར་བའམ། ཡང་ན་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བ་འདི་ནི་ཁས་མི་བླང་ངོ་ཞེས་བྱ་བ་དང་། བདག་འབྱུང་བ་རྒྱུ་མེད་པ་ཅན་དུ་འགྱུར་བའམ། ཡང་ན་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བ་དེ་མི་འཐད་དོ་ཞེས་བྱ་བ་འདི་ཁས་བླང་བར་བྱའོ་ཞེས་བྱ་བའོ། །ད་ནི་ཇི་སྐད་བསྟན་པའི་དོན་དེ་ཉིད་མཇུག་བསྡུ་བའི་ཕྱིར། དེ་ལྟར་བདག་བྱུང་བདག་མ་བྱུང་། །གཉི་ག་གཉི་ག་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་ནི་འཐད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་ཇི་སྐད་བསྟན་པའི་ཚུལ་དུ་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་བྱ་བར་ལྟ་བ་གང་ཡིན་པ་དང་། འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བ་ལྟ་བ་གང་ཡིན་པ་དེ་འཐད་པ་མ་ཡིན་པ་ཉིད་དོ། །དེ་གཉིས་མེད་པའི་ཕྱིར་ན་གཉི་ག་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་གཉིས་འདུས་པ་ལ་གཉི་ག་ཞེས་བྱ་བར་བརྟག་པར་བྱ་ན། རེ་རེ་སོ་སོ་སོ་སོར་མེད་པས་དེ་དག་འདུས་པ་ག་ལ་ཡོད་དེ། དེའི་ཕྱིར་གཉི་ག་ཡང་ཡོད་པ་མ་ཡིན་ནོ། །གཉི་ག་མེད་པའི་ཕྱིར་ན་དེ་དག་བཀག་པའི་སྒོ་ནས་གཉིས་ཀ་མ་ཡིན་པ་ཡང་ཡོད་པར་ག་ལ་འགྱུར། དེའི་ཕྱིར་བྱུང་བ་ཡང་མ་ཡིན་མ་བྱུང་བ་ཡང་མ་ཡིན་པ་ཞིག་གམ་ཞེས་བྱ་བ་དེ་ཡང་འཐད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སྔོན་གྱི་མཐའ་ལ་བརྟེན་པའི་ལྟ་བ་བཞི་མི་སྲིད་པར་བསྟན་ནས། ད་ནི་ཕྱི་མའི་མཐའ་ལ་བརྟེན་པ་དགག་པ་གསུངས་པ། མ་འོངས་དུས་གཞན་འབྱུང་འགྱུར་དང་། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །ཇི་ལྟར་འདས་པའི་དུས་ལ་ལྟ་བ་བཞི་བཀག་པ་དེ་ལྟར་མ་འོངས་པའི་དུས་ལ་བཀག་པ་བཞི་ཡང་བཤད་ཟིན་པའི་འདོན་པ་གོ་བསྣོར་བས་དགག་པར་བྱའོ། །འདི་ལྟ་སྟེ། མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །མ་འོངས་ཚེ་ལ་གང་འབྱུང་ལ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་གཅིག་ཉིད་དགག་པའི་སྒོ་ནས་ཐམས་ཅད་མཚུངས་པར་སྦྱར་བར་བྱའོ། །དེ་བཞིན་དུ། མ་འོངས་དུས་ན་མི་འབྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །མ་འོངས་ཚེ་ལ་གང་འབྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ཚིགས་སུ་བཅད་པ་སྔ་མའི་འདོན་པ་བསྣོར་ཏེ་གཞན་ཉིད་དགག་པ་ལ་ཡང་མཚུངས་པར་སྦྱར་བར་བྱའོ། །ད་ནི་རྟག་པ་ལ་སོགས་པར་ལྟ་བ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་ཡང་དགག་པའི་ཕྱིར། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །ཞེས་གསུངས་ཏེ། འདི་ན་མིའི་འགྲོ་བར་གནས་པ་ཁ་ཅིག་དགེ་བའི་ལས་བྱས་ནས་ལྷའི་འགྲོ་བར་འགྲོ་བར་འགྱུར་རོ། །དེ་ལ་གལ་ཏེ་ལྷ་དེ་ཉིད་མི་དེ་ཉིད་ཡིན་ནོ་ཞེས་དེ་ལྟར་གཉི་ག་གཅིག་ཉིད་དུ་འགྱུར་ན་ནི། དེའི་ཚེ་རྟག་པར་འགྱུར་ན། གང་ལྷ་ཉིད་མི་ཡིན་པ་ཞེས་བྱ་བ་འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་རྟག་པ་མེད་དོ། །གཞན་ཡང་རྟག་པར་སྨྲ་བ་ཡིན་ན། ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྟག་པ་སྐྱེ་བ་མེད་ཕྱིར་རོ། །ཞེས་གསུངས་ཏེ། རྟག་པ་གང་ཡིན་པ་དེ་ནི་ཡོད་པ་ཡིན་པའི་ཕྱིར་སྐྱེ་བ་མེད་པ་ཉིད་དོ། །དེའི་ཕྱིར་ལྷ་ནི་མ་སྐྱེས་པ་ཉིད་དུ་འགྱུར་ན། ལྷ་མ་སྐྱེས་པར་ནི་རིགས་པ་ཡང་མ་ཡིན་ནོ། །དེ་ལྟར་རེ་ཞིག་རྟག་པ་མི་རིགས་སོ། །ད་ནི་མི་རྟག་པ་ཡང་ཇི་ལྟར་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟར་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ་ལྷ་ལས་མི་གཞན་ཡིན་ན་ནི་དེའི་ཚེ་ཨ་མྲའི་ཤིང་ནིམ་པའི་རྒྱུར་མ་ཡིན་པ་དེ་བཞིན་དུ་ལྷ་ཡང་མིའི་རྒྱུད་གཅིག་ཏུ་གཏོགས་པར་མི་འགྱུར་རོ། །དེའི་ཕྱིར་སྔར་གྱི་འཇིག་པས་མི་རྟག་པ་ཉིད་དུ་འགྱུར་བ་ཞིག་གོ །ཅི་སྟེ་ལྷ་ལས་མི་གཞན་ཡིན་ན་ནི་དེའི་ཚེ་རྒྱུད་རྗེས་སུ་འཇུག་པར་མི་འགྱུར་བ་ཞིག་ན། ལྷ་ནི་མི་དང་རྒྱུད་གཅིག་ཏུ་གཏོགས་པ་ཡིན་ནོ་ཞེས་རྒྱུད་རྗེས་སུ་འཇུག་པ་འདི་ནི་ཡོད་པ་ཡིན་ནོ། །དེའི་ཕྱིར་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ན། ལྷ་ལས་མི་གཞན་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་མི་རྟག་པ་ཡང་ཡོད་པ་མ་ཡིན་ནོ། །ད་ནི་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་པ་དགག་པར་བྱ་བའི་ཕྱིར། གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བ་ཡིན། །དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་མི་འདི་ཆ་ཤས་ཀྱིས་མི་ཉིད་བཏང་ལ། མི་བཏང་ནས་ཆ་ཤས་ཀྱིས་ལྷའི་ལུས་ལེན་ན་ནི། དེའི་ཚེ་ཕྱོགས་གཅིག་ཞིག་པས་མི་རྟག་པར་འགྱུར་ལ། ཕྱོགས་གཅིག་གནས་པས་རྟག་པར་འགྱུར་བ་ཞིག་ན། གང་གི་ཕྱིར། ཕྱོགས་གཅིག་ལྷའི་འགྲོ་བས་ཡང་དག་པར་བསྡུས་ཤིང་། ཕྱོགས་གཅིག་མི་ཡིན་པར་འགྱུར་བ་དེ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་རྟག་པ་དང་མི་རྟག་པ་གཉི་ག་ཡིན་པ་འདི་ནི་འཐད་པ་མ་ཡིན་ནོ། །ད་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་ལྟ་བ་དགག་པ་གསུངས་པ། གལ་ཏེ་རྟག་དང་མི་རྟག་པ། །གཉི་ག་གྲུབ་པར་འགྱུར་ན་ནི། །རྟག་པ་མ་ཡིན་མི་རྟག་མིན། །གྲུབ་པར་འགྱུར་བར་འདོད་ལ་རག །གལ་ཏེ་རྟག་པ་ཅུང་ཟད་ཅིག་ཡོད་ན་ནི་དེ་ཕྱིས་མི་རྟག་པར་མཐོང་བ་ལས་རྟག་པ་མ་ཡིན་པ་ཞེས་བྱ་བར་འགྱུར་ལ། དེ་བཞིན་དུ་གལ་ཏེ་མི་རྟག་པ་ཅུང་ཟད་ཅིག་ཡོད་ན་ནི་དེའི་ཚེ་དེ་ཕྱིས་རྟག་པར་འགྱུར་བ་ལས་མི་རྟག་པ་མ་ཡིན་པར་འགྱུར་བ་ཞིག་ན། གང་གི་ཚེ་རྟག་པ་དང་མི་རྟག་པ་ཉིད་མ་གྲུབ་པ་དེའི་ཚེ། དེ་དག་བཀག་པའི་སྒོ་ནས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་ག་ལ་ཡོད། དེའི་ཕྱིར་དེ་ཡང་མི་རིགས་སོ། །ཅི་སྟེ་འཁོར་བའི་རྒྱུན་ཐོག་མ་མེད་པ་ནས་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་འཇུག་པའི་རིམ་པ་རྣམ་པར་ཆད་པ་མེད་པར་དམིགས་ནས། གང་ཞིག་དེ་ལྟར་ཐོག་མ་དང་མི་ལྡན་པའི་འཁོར་བར་ཡོངས་སུ་འཁྱམས་ཤིང་ད་རུང་དུ་ཡང་དམིགས་པ་དངོས་པོ་རྟག་པ་དེ་ནི་འགའ་ཞིག་ཡོད་པ་ཡིན་ནོ་ཞེས་བདག་རྟག་པ་གཞན་རྟག་པར་བྱའོ་སྙམ་ན། དེ་ཡང་མི་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། གལ་ཏེ་གང་ཞིག་གང་ནས་གར། །འོངས་ཤིང་གང་དུའང་འགྲོ་འགྱུར་ན། །དེ་ཕྱིར་འཁོར་བ་ཐོག་མེད་པ། །འགྱུར་ན་དེ་ནི་ཡོད་མ་ཡིན། །གལ་ཏེ་བདག་གམ་འདུ་བྱེད་རྣམས་འགྱུར་བ་གཞན་གང་ནས་གར་འགྲོ་སྟེ་འགྲོ་བ་གཞན་དུ་འོང་བར་འགྱུར་ཞིང་། འགྲོ་བ་གཞན་དེ་ནས་སླར་ཡང་གང་དུ་འགྲོ་བར་འགྱུར་ན་ནི་དེའི་ཚེ་འཁོར་བ་ཐོག་མ་མེད་པར་འགྱུར་བ་ཞིག་ན། གང་ཞིག་གང་ནས་གར་འོང་བ་ནི་ཡོད་པ་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་འོང་བར་འང་མི་འཐད་པའི་ཕྱིར་རོ། །གང་ཞིག་འདི་ནས་ཡང་གང་ཞིག་ཏུ་འགྲོ་བ་ཡང་ཡོད་པ་མ་ཡིན་ཏེ། རྟག་པའམ་མི་རྟག་པ་འགྲོ་བར་མི་འཐད་པའི་ཕྱིར་རོ། །གང་གི་ཚེ་དེ་ཡོད་པ་མ་ཡིན་པ་དེའི་ཚེ། སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་ནས་ཡུན་ཤིན་ཏུ་རིང་བ་ཉིད་ཀྱིས་ཐོག་མ་མ་དམིགས་པ་ལས་འཁོར་བ་ཐོག་མ་མེད་པར་ག་ལ་འགྱུར། འཁོར་བ་པོ་མེད་པའི་ཕྱིར་ན་འཁོར་བ་ཐོག་མ་དང་མི་ལྡན་པའམ། ཐོག་མ་དང་ལྡན་པར་ག་ལ་འགྱུར། གང་གི་ཚེ་མི་འགྱུར་བ་དེའི་ཚེ་གང་ཞིག་དེ་ལྟར་ཐོག་མ་དང་མི་ལྡན་པའི་འཁོར་བར་ཡོངས་སུ་འཁྱམས་ཞིང་ད་དུང་དུ་ཡང་དམིགས་པའི་དངོས་པོ་རྟག་པ་དེ་ནི་འགའ་ཞིག་ཡོད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས། གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང་། །དེ་གཉིས་བསལ་བར་འགྱུར་བའོ། །གང་གི་ཚེ་དེ་ལྟར་དངོས་པོ་རྟག་པ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་གང་ཞིག་རྟག་པས་མི་རྟག་པར་འགྱུར། རྟག་པ་དང་མི་རྟག་པ་མ་དམིགས་པས་ན་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དེ་ཡང་ག་ལ་ཡོད། དེའི་ཕྱིར་དེ་ལྟར་ན་རྟག་པ་ལ་སོགས་པར་ལྟ་བ་བཞི་སྔོན་གྱི་མཐའ་ལ་སྲིད་པ་མ་ཡིན་ནོ། །ད་ནི་མཐའ་དང་ལྡན་པ་དང་མཐའ་དང་མི་ལྡན་པ་ལ་སོགས་པ་བཞི་ཡང་ཕྱི་མའི་མཐའ་ལ་ཇི་ལྟར་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར་གསུངས་པ། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་ཡོད་པ་སྟེ་ཞིག་ནས་ཕྱིས་མེད་པར་འགྱུར་ན་ནི་དེའི་ཚེ་འཇིག་རྟེན་ཕ་རོལ་མེད་པར་འགྱུར་ན། འཇིག་རྟེན་ཕ་རོལ་ནི་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་འཐད་པ་མ་ཡིན་ནོ། །ཅི་སྟེ་ཡང་འཇིག་རྟེན་མཐའ་མེད་པར་འགྱུར་ན་ནི། དེའི་ཚེ་ཡང་འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར་ཏེ། འཇིག་རྟེན་ཕ་རོལ་མེད་པར་འགྱུར་རོ་སྙམ་དུ་དགོངས་སོ། །འཇིག་རྟེན་ཕ་རོལ་ནི་མེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པས་འཇིག་རྟེན་མཐའ་མེད་པར་ཡང་མི་འགྱུར་རོ། །ད་ནི་འཇིག་རྟེན་མཐའ་ཡོད་པ་ཉིད་དང་མཐའ་མེད་པ་ཉིད་འདི་གཉི་ག་ཡང་ཇི་ལྟར་འཇིག་རྟེན་ལ་མི་སྲིད་པ་དེ་ལྟར་བསྟན་པའི་ཕྱིར། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། །ཞེས་གསུངས་ཏེ། གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་རྒྱུ་དང་འབྲས་བུའི་དངོས་པོ་སྔ་ཕྱི་འབྲེལ་ཞིང་བར་མཚམས་མེད་པས། རིམ་པ་རྣམ་པར་ཆད་པ་མེད་པར་འཇུག་པ་སྐད་ཅིག་རེ་རེ་ལ་འཇིག་པ་འདི་ནི་མར་མེ་དང་འདྲ་བར་འཇུག་པ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་འཇུག་པ་མཐོང་བས་མཐའ་ཡོད་པ་ཉིད་དང་མཐའ་མེད་པ་ཉིད་ཀྱང་མི་རིགས་སོ། །ཇི་ལྟར་ཞེ་ན། གལ་ཏེ་སྔ་མ་འཇིག་འགྱུར་ཞིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་ཅིང་། དེ་ལ་བརྟེན་ནས་ལྷའི་འགྲོ་བར་སྐྱེ་བས་བསྡུས་པ་ཕྱི་མ་མི་འབྱུང་ན། དེའི་ཚེ་ཏིལ་མར་དང་སྙིང་པོ་ཟད་པས་འགགས་པའི་མར་མེ་ལྟར་འཇིག་རྟེན་མཐའ་ཡོད་པར་འགྱུར་ན། ལུས་ཕྱི་མ་མི་འབྱུང་བའི་ཕྱིར་ན་མཐའ་ཡོད་པ་ཉིད་མ་ཡིན་ནོ། །གལ་ཏེ་སྔ་མ་མི་འཇིག་ཅིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །ཅི་སྟེ་ཕུང་པོ་སྔ་མ་འཇིག་པར་མི་འགྱུར་ཞིང་། དེ་ལ་བརྟེན་ནས་ཕུང་པོ་འབྲས་བུར་འགྱུར་བ་ཕྱི་མ་མི་འབྱུང་ན། དེའི་ཚེ་རང་གི་ངོ་བོ་ལས་མ་ཉམས་པའི་ཕྱིར་འཇིག་རྟེན་མཐའ་མེད་པ་སྟེ། མི་འཇིག་པར་འགྱུར་བ་ཞིག་ན། གང་གི་ཚེ་ཕུང་པོ་སྔ་མ་རྣམས་འགག་ཅིང་དེའི་རྒྱུ་ཅན་ཕུང་པོ་ཕྱི་མ་རྣམས་སྐྱེས་པ་དེའི་ཚེ་སྔ་མ་རྣམས་མི་གནས་པས་འཁོར་བ་མཐའ་མེད་པ་ཉིད་དུ་ག་ལ་འགྱུར། ད་ནི་གསུམ་པ་གཉིས་ཀའི་ཕྱོགས་མེད་པར་བསྟན་པའི་ཕྱིར། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་གྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་འགའ་ཞིག་གི་ཕྱོགས་གཅིག་འཇིག་པར་འགྱུར་ལ། ཕྱོགས་གཅིག་འགྲོ་བ་གཞན་དུ་འགྲོ་བར་འགྱུར་ན་ནི། དེའི་ཚེ་འཇིག་རྟེན་འདིའི་མཐའ་ཡོད་པ་ཡང་ཡིན་ལ། མཐའ་མེད་པ་ཡང་ཡིན་པར་འགྱུར་ན། གང་ཞིག་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་མི་འཇིག་པ་ཞེས་བྱ་བ་འདི་ནི་དེ་ལྟར་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་མཐའ་ཡོད་པ་ཡང་ཡིན་ལ། མཐའ་མེད་པ་ཡང་ཡིན་ཞེས་བྱ་བ་འདི་ནི་མི་རིགས་སོ། །ཡང་ཅིའི་ཕྱིར་ཕྱོགས་གཅིག་འཇིག་ལ་ཕྱོགས་གཅིག་གནས་པར་མ་རིགས་ཤེ་ན། དེ་བསྟན་པའི་ཕྱིར། ཇི་ལྟ་བུར་ན་ཉེར་ལེན་པོ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་མི་འཇིག་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཞེས་གསུངས་ཏེ། འདིར་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་གནས་པར་རྟོག་པ་ན། གལ་ཏེ་ཉེ་བར་ལེན་པ་པོ་ལ་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་གནས་པར་རྟོག་གམ། ཡང་ན་ཉེ་བར་ལེན་པ་ལ་ཡིན་གྲང་། དེ་ལ་རེ་ཞིག་ཉེ་བར་ལེན་པ་པོ་ལ་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་གནས་པར་རྟོག་ན་ནི་དེ་ནི་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ། ཇི་ལྟ་བུར་ན་ཉེར་ལེན་པོ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །འདིར་གང་གི་ཕྱོགས་གཅིག་རྣམ་པར་འཇིག་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བར་རྟོག་པར་འགྱུར་བ་འཐད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་འཐད་པ་འགའ་ཡང་མ་གཟིགས་ཤིང་། སློབ་དཔོན་གྱིས་དེ་ལྟར་དེ་ནི་མི་རིགས་སོ་ཞེས་གསུངས་སོ། །ཡང་ན་ཉེ་བར་ལེན་པ་པོ་ཞེས་བྱ་བ་ནི་བདག་ཡིན་ལ། དེ་ལ་ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་བ་ནི་ཡོད་པ་མ་ཡིན་ལ། གང་ཞིག་ཡོད་པ་མ་ཡིན་པ་དེ་ཇི་ལྟར་ཕྱོགས་གཅིག་འཇིག་ཅིང་། ཕྱོགས་གཅིག་མི་འཇིག་པར་འགྱུར། དེ་ཉིད་ཀྱི་ཕྱིར། དེ་ལྟར་དེ་ནི་མི་རིགས་སོ་ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་ན། གལ་ཏེ་ཉེ་བར་ལེན་པ་པོ་ཕྱོགས་གཅིག་འཇིག་ལ། ཕྱོགས་གཅིག་མི་འཇིག་ན་དེའི་ཚེ་ཉེ་བར་ལེན་པ་པོ་གཅིག ཆ་གཅིག་གིས་ལྷ་ཉིད་དུ་འགྱུར་ཞིང་། ཆ་གཅིག་གིས་མིར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ནོ་ཞེས་གསུངས་པ། དེ་ལྟར་དེ་ནི་མི་རིགས་སོ་ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་ཉེ་བར་ལེན་པ་པོ་མཐའ་ཡོད་པ་ཡང་ཡིན་ལ། མཐའ་མེད་པ་ཡང་ཡིན་པ་ནི་མི་རིགས་སོ། །ད་ནི་ཉེ་བར་བླང་བ་ལ་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། ཇི་ལྟ་བུར་ན་ཉེར་བླང་བ། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །ཞེས་གསུངས་ཏེ། འདི་ཡང་ཉེ་བར་ལེན་པ་པོ་ལྟར་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་དེ་ལྟར་གཉིས་ཀ་ལྟར་ཡོད་པ་མ་ཡིན་པར་བསྟན་ནས། ད་ནི་གཉིས་ཀ་མ་ཡིན་པ་ཡང་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར། གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉི་ག་གྲུབ་པར་གྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །གྲུབ་པར་འགྱུར་བར་འདོད་ལ་རག །ཅེས་གསུངས་ཏེ། དགག་པར་བྱ་བར་ཡོད་པ་མ་ཡིན་པས་བཀག་པ་ཡང་མེད་དེ། དེའི་ཕྱིར་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀ་ཡང་མ་གྲུབ་པར། གང་ཞིག་བཀག་ནས་འཇིག་རྟེན་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་ཡོད་པར་ག་ལ་འགྱུར། དེ་ལྟར་ན་རེ་ཞིག་ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པ་ཀུན་རྫོབ་པ་གཟུགས་བརྙན་ལྟ་བུའི་རྣམ་པ་ཅན་ཞལ་གྱིས་བཞེས་ནས་ཀྱང་། རྟག་པ་ལ་སོགས་པར་ལྟ་བ་མི་སྲིད་པར་བསྟན་ནས། ད་ནི་རྣམ་པ་ཐམས་ཅད་དུ་དངོས་པོའི་རང་བཞིན་མ་དམིགས་པས་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་ལྟར་རྟག་པ་ལ་སོགས་པར་ལྟ་བ་རྣམས་མི་སྲིད་པར་བསྟན་པར་བཞེད་ནས། ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དག་གང་དུ་གང་ལས་ནི། །ཅི་ལས་ཀུན་དུ་འབྱུང་བར་འགྱུར། །ཞེས་གསུངས་ཏེ། འདིར་དངོས་པོ་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། སྟོང་པ་ཉིད་ཡིན་པར་བསྟན་བཅོས་མཐའ་དག་གིས་བསྟན་ཏོ། །དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་པ་གང་དག་སུ་ཞིག་གིས་འཛིན་པར་འགྱུར་ཞིང་། གང་ལས་ཁོ་བོ་ཅག་དེ་དག་དགག་པ་རྩོམ་པར་འགྱུར་བ། རྟག་པ་ལ་སོགས་པར་ལྟ་བ། དངོས་པོ་ཐམས་ཅད་ལས་ཕྱི་རོལ་དུ་གྱུར་པ་དེ་དག་གང་ཞིག་ཡོད་པར་འགྱུར། དེ་བཞིན་དུ་གང་དུ་ལྟ་བ་དེ་དག་འབྱུང་ཞིང་ལྟ་བ་དེ་དག་གང་དུ་བཟློག་པར་བྱ་བ་གང་ཞིག་དམིགས་པ་རྟག་པ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་མ་ཆུད་པ་དེ་དག་གང་ཞིག་ཡོད། གང་ལ་ལྟ་བ་དེ་དག་སྐྱེ་བར་འགྱུར་ཞིང་། གང་ཞིག་ཁོ་བོ་ཅག་གིས་ལྟ་བ་དེ་དག་ལས་བཟློག་པར་བྱ་བ་དངོས་པོའམ་གང་ཟག་གི་དངོས་པོ་ཐམས་ཅད་ལ་ཕྱི་རོལ་དུ་གྱུར་པ་དེ་ཡང་གང་ཞིག་ཡོད། རྒྱུ་མཚན་གང་ལས་རྟག་པ་ལ་སོགས་པར་ལྟ་བ་སྐྱེས་པས་ན། བཟློག་པར་བྱ་བ་ལྟ་བ་རྣམས་སྐྱེ་བའི་རྒྱུ་དམིགས་པའི་རྒྱུ་མཚན་དངོས་པོ་ཐམས་ཅད་ལས་ཕྱི་རོལ་དུ་གྱུར་པ། དེ་ཡང་གང་ཞིག་ཡོད་དེ། དོན་ཐམས་ཅད་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར། སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་ཡིན་པའི་ཕྱིར་དོན་དེ་དག་ཐམས་ཅད་མི་དམིགས་པས། ལྟ་བ། གང་དག་གང་དུ་གང་ལ་ནི། །ཅི་ལས་ཀུན་དུ་འབྱུང་བར་འགྱུར་ཏེ། །གང་དག་ཀྱང་མ་ཡིན་ལ། གང་དུ་ཡང་མ་ཡིན་ཞིང་། གང་ལ་ཡང་མ་ཡིན་ལ། རྒྱུ་གང་ལས་ཀྱང་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་དག་ཡོད་པ་མ་ཡིན་ན་ནི་རྟག་པ་ཉིད་འཐད་པ་མ་ཡིན་ཏེ། དེའི་ཕྱིར་ལྟ་བ་དེ་དག་ནི་མི་རིགས་པ་ཉིད་དོ། །ཇི་སྐད་དུ་མདོ་ལས་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང་ཇི་ལྟ་བུ་ཉིད་དང་མ་ནོར་བ་ཉིད་དང་མ་སྐྱེས་པ་དང་མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། ཞི་བ་དང་འཇིག་པ་མེད་པ་དང་མི་འཕྲོགས་པ་དང་ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་གསོག་དང་གསོབ་དང་སྙིང་པོ་མེད་པ་དང་། ནད་དང་འབྲས་དང་ཟུག་རྔུ་དང་། སྡིག་པ་དང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་འདས་པའི་དུས་ན་མ་བྱུང་བ་ཞིག་གམ། བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག བདག་འདས་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་རྟེན་པར་མི་བྱེད་དོ། །ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་རྟེན་པར་མི་བྱེད་དོ། འདི་ཅི་ཞིག འདི་ཇི་ལྟ་བུ་ཞིག ཅི་ཞིག ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། །དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་དེ་ལྟར་བྱུང་བ་ལ་ཡང་རྟེན་པར་མི་བྱེད་དོ། །འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་དག་གི་ལྟ་བར་སོང་བ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པའམ། སེམས་ཅན་དུ་སྨྲ་བ་དང་ལྡན་པའམ། སྲོག་ཏུ་སྨྲ་བ་དང་ལྡན་པའམ། གང་ཟག་ཏུ་སྨྲ་བ་དང་ལྡན་པའམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དེ་དག དེའི་ཚེ་ན་དེས་སྤང་བར་འགྱུར་ཏེ། ཡོངས་སུ་ཤེས་ནས། རྩ་བ་ནས་བཅད་དེ་ཏ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ། ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་སྟེ། སྟན་ལས་ལངས་ཏེ་དོང་ངོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་བསྟན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་སྤང་བ་དང་འཐབ་པའི་དམིགས་པའི་གཡང་ས་ལས་འཛིན་པས་ན་ཆོས་སོ། །འཕགས་པ་དམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་ཏེ། འཁོར་བའི་སྡུག་བསྔལ་མཐའ་དག་ཟད་པར་བྱེད་པ་ཉིད་ཀྱིས་བསྔགས་པར་འོས་པའི་ཕྱིར་རོ། །ཡང་ན་ཆོས་བཟང་པོ་ནི་དམ་པའི་ཆོས་ཏེ། དམ་པའི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་འགག་པ་མེད་པ། སྐྱེ་བ་མེད་པ། རྟག་པ་མེད་པ། ཆད་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ་དོན་ཐ་དད་པ་མ་ཡིན་པ། དོན་གཅིག་པ་མ་ཡིན་པ། སྤྲོས་པ་ཉེ་བར་ཞི་ཞིང་ཞི་བ། གང་གིས་འགྲོ་བ་རྣམས་ལ་ཐུགས་བརྩེ་བ་ཉེ་བར་བཟུང་ནས་ཏེ། རྙེད་པ་དང་བཀུར་སྟི་བཞེད་པ་དང་། ལན་དུ་ཕན་འདོགས་པ་བཞེད་པས་མ་ཡིན་གྱི། ཐུགས་རྗེ་ཆེན་པོ་ཁོ་ན་ལ་བརྟེན་ནས། ལྟ་བ་ཐམས་ཅད་སྤང་བའི་ཕྱིར་བསྟན་པར་འགྱུར་བ། སྟོན་པ་བླ་ན་མེད་པ་ཟླ་མེད་པ་དེ་ལ་ཕྱག་འཚལ་ལོ། །མཚན་ཅི་ཞིག་ཅེ་ན། གཽ་ཏ་མ་སྟེ། དྲང་སྲོང་གཽ་ཏ་མའི་རིགས་སུ་འཁྲུངས་ཞེས་བྱ་བའི་ཐ་ཚིག་གོ །སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་སྦྱར་བ་ཚིག་གསལ་བ་ལས། ལྟ་བ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པའི་ཉི་ཤུ་རྩ་བདུན་པའི་འགྲེལ་པའོ།།  །།སངས་རྒྱས་རྣམས་ཀྱི་མདོ་སྡེ་ལ་སོགས་བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ། །འཇིག་རྟེན་རྣམས་ཀྱི་སྤྱོད་ངོར་རྒྱ་ཆེར་གང་ཞིག་འདིར་ནི་ཡང་དག་བསྒྲགས་གྱུར་པ། །དེར་ནི་འདོད་ཆགས་བསལ་བར་བྱ་ཕྱིར་གསུངས་པས་ཞེ་སྡང་ཟད་པར་བྱེད་མི་འགྱུར། །ཞེ་སྡང་བསལ་བར་བྱ་ཕྱིར་གསུངས་པས་ཀྱང་ནི་འདོད་ཆགས་ཟད་པར་བྱེད་འགྱུར་མིན། །གང་ཕྱིར་ང་རྒྱལ་སོགས་ཟད་བྱ་ཕྱིར་གསུངས་པ་དེས་ཀྱང་དྲི་མ་གཞན་མི་འཇོམས། །དེ་ཕྱིར་དེ་ནི་ཆོས་ཁྱབ་མ་ཡིན་གསུང་དེ་དག་དང་དེ་དག་དོན་ཆེན་མིན། །གཏི་མུག་ཟད་པར་བྱ་ཕྱིར་གསུངས་པ་གང་ཡིན་དེས་ནི་ཉོན་མོངས་མ་ལུས་འཇོམས། །ཉོན་མོངས་མཐའ་དག་གཏི་མུག་ལ་ནི་ཡང་དག་བརྟེན་པར་རྒྱལ་བ་རྣམས་ཀྱིས་བཤད། །གང་ཕྱིར་རྟེན་འབྱུང་གཏི་མུག་དེ་ཟད་བྱེད་པར་མཐོང་སྟེ་དེ་ནི་དེ་ཉིད་ཡིན། །དེ་ཉིད་བདེ་བར་གཤེགས་པ་རྣམས་ཀྱིས་དབུ་མའི་ལམ་བུ་ཡང་དག་བསྒྲགས་པར་གྱུར། །དེ་ནི་ཐུབ་པའི་ཆོས་ཀྱི་རང་བཞིན་སྐུར་འདོད་དེ་ནི་སྟོང་པ་ཉིད་དུ་བརྗོད། །སངས་རྒྱས་རྣམས་ཀྱི་ཐུགས་ཡིན་དེ་ནི་རིགས་པ་ཆེན་པོ་ཡིན་ནོ་ཞེས་ཀྱང་བསྒྲགས། །གང་ཕྱིར་ཡོན་ཏན་ཀུན་གྱི་འབྱུང་གནས་འདི་ནི་སངས་རྒྱས་རྣམས་ཀྱིས་བསྟན་གྱུར་པ། །དེ་ཕྱིར་དེའི་གཏམ་ཤིན་ཏུ་རྒྱས་པར་ཐུགས་རྗེས་བརླན་པའི་ཐུགས་མངའ་ཞིང་། །སངས་རྒྱས་རྣམས་ཀྱི་སྲས་པོ་བློ་བཟང་ཀླུ་སྒྲུབ་དེ་ཡི་གསུང་རབ་ཇི་ལྟ་བར། །གནས་པ་བཞིན་དུ་མཁྱེན་ནས་གུས་པས་བསྟན་བཅོས་དབུ་མར་གཙོ་བོའི་ངོ་བོར་བསྟན། །སྐྱེ་བོ་གང་གིས་རྒྱལ་བའི་བསྟན་པ་ཟབ་མོ་མ་རྟོགས་པ་དེས་རྟོགས་ཕྱིར་དང་། །གང་དག་ཐུབ་པའི་དབང་པོའི་གསུང་ལས་གཞན་དུ་དེ་ཉིད་བསྟན་པར་འདོད་པ་དང་། །བློ་གྲོས་ངན་པ་གཞན་གང་གསུང་རབ་རྣམ་པ་གཞན་དུ་འཆད་པར་བྱེད་གྱུར་པ། །དེ་དག་ཀྱང་ནི་བཟློག་པར་བྱ་ཕྱིར་མཐའ་གཉིས་སེལ་བའི་བསྟན་བཅོས་འདི་མཛད་དོ། །ཀླུ་སྒྲུབ་སྒྲ་གཅན་འཛིན་ནི་བཟང་པོའི་ཞལ་སྔ་ནས་བཅོས་ལྷས་ཀྱང་གསུང་རྗེས་སུ། །འབྲངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་ཏུ་གསལ་བར་བསྟན་པར་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་ཀྱང་ནི་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །དབུ་ནི་དོན་དུ་གཉེར་བ་འོངས་ལ་ཐུགས་རྗེས་དབུ་ནི་བཅད་དེ་སྩལ་མཛད་ནས། །བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་དེ་ཡི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །དེ་ཉིད་ཉི་མ་ནུབ་པས་དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །དེ་ལྟར་འཇིག་རྟེན་ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ་ནི་མཁས་གྱུར་ལ། །དམ་པའི་ལམ་ལས་རིང་ཞིང་རྟོག་གེའི་ཆང་འཐུང་པ་ཡིས་མྱོས་པ་དང་། །སངས་རྒྱས་གཞུང་ལུགས་ཐམས་ཅད་མཁྱེན་པས་གསུངས་པའི་དེ་ཉིད་བྲལ་ཞིང་འཁྲུགས་པའི་ཚེ། །གང་ཞིག་སྐད་ཅིག་ཙམ་ཡང་ཡིད་གཉིས་བསལ་ནས་སྟོང་ཉིད་རྟོགས་དེ་སྐལ་བར་ལྡན། །དངོས་པོའི་འཆིང་བས་ཉེར་སྦྱར་བསྟན་བཅོས་ཞགས་པས་དཀྲིས་ཤིང་འཇིགས་པས་བཅད་བྱས་ནས། །དངོས་པོའི་རྭ་བར་མཆོངས་ཏེ་འགྲོ་བའི་རི་དྭགས་མཁས་གང་དེ་ནི་ཆེན་པོ་སྟེ། །དེ་ལྟོས་བརྩམས་པས་བདག་ལ་ཡོན་ཏན་འདི་མེད་དེང་སང་མི་མཁས་གང་ཡིན་པ། །དེ་ཆེད་ཁོ་ནར་དེ་ལས་གཞན་པའི་བསྟན་བཅོས་འཇོམས་པའི་འགྲེལ་འདི་བདག་གིས་བྱས། །མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཞིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །དཔྱོད་པའི་དཀྱིལ་འཁོར་དང་ལྡན་རྟོག་གེ་འཇོམས་བྱེད་བློ་གསལ་རྣམས་ལ་ཚིག་གི་ནི། །འོད་ཟེར་དག་གིས་འདི་ན་གནས་དོན་ཡང་དག་མ་དཀྲུགས་དངོས་སུ་གསལ་བྱེད་ཅིང་། །འགྲེལ་པ་ཆེ་གསལ་འདི་ཡང་བྱེད་པའི་ཟླ་བ་གྲགས་ལྡན་འདི་དེང་ཤར་བ་ཡིས། །འཇིག་རྟེན་རྣམས་ཀྱི་ཡིད་གཉིས་མུན་པ་སྟུག་པོ་དག་དང་ལྷན་ཅིག་སེལ་བ་ཡིན། །ལུང་དང་རིགས་པ་ལ་བརྟེན་འགྲེལ་པ་བསྡེབས་ལེགས་མ་དཀྲུགས་ཚིག་དང་ལྡན་པ་འདི། །བློ་བཟང་དད་ལྡན་རྣམས་ལ་ངེས་པར་བསྒྲུབ་པར་བྱ་ཕྱིར་གུས་པར་བྱས་ནས་ནི། །བདག་གིས་བསོད་ནམས་སྟོང་པ་ཉིད་ལྟར་ཡངས་པར་གྱུར་པ་གང་ཞིག་བསགས་པ་དེས། །འཇིག་རྟེན་མ་ལུས་ལྷ་ཚོགས་སྤངས་ནས་སྤྲོས་ཀུན་ཆད་པའི་གོ་འཕང་བགྲོད་པར་ཤོག །སྟོན་པ་གཽ་ཏམ་དང་ནི་དེའི་ཆོས་ལ་ཞུགས་རྫོགས་པའི་སངས་རྒྱས་མཐའ་དག་དང་། །རྒྱལ་བའི་སྲས་པོའི་ཚོགས་དང་དེ་དག་གིས་གསུངས་ཆོས་ལ་ཕྱག་འཚལ་ནས། །སངས་རྒྱས་གསུང་མཐའ་ཡས་ལ་བལྟ་ཕྱིར་ལུས་ཅན་རྣམས་ཀྱི་མིག་གྱུར་དབུ་མ་ནི། །གང་གི་ཐུགས་རྗེའི་སྒོ་ནས་མཛད་པའི་ཀླུ་སྒྲུབ་དེ་ལ་བདག་ནི་ཕྱག་འཚལ་ལོ། །བསྟན་བཅོས་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་ཡོངས་སུ་རྫོགས་སོ།།  །།གསུང་རབ་རྒྱ་མཚོ་བསྲུབས་བྱུང་དེ་ཉིད་བདུད་རྩིའི་སྣོད། །ཤེས་རབ་ཅེས་བྱ་སྣང་བྱེད་ཚིག་གསལ་རིན་ཆེན་སྒྲོན། །བསྒྱུར་ལས་དགེ་བ་གང་བསགས་དེ་ཡིས་ཉི་མ་གྲགས། །ལྟ་ཐིབས་སྤངས་ཏེ་སྤྲོས་བྲལ་མཁའ་ལ་འགྲོ་བར་ཤོག །ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་གི་འདབས་སུ། རྒྱ་གར་གྱི་མཁན་པོ་རྟོག་གེ་བ་ཆེན་པོ། མ་ཧཱ་སུ་མ་ཏིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པ་ལྟར་བསྒྱུར། ཕྱིས་ར་ས་ར་མོ་ཆེའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་ཀ་ཎ་ཀ་བར་མ་དང་། བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།།  །།ཁུངས་རྣམས་ཇི་ལྟར་གྲགས་བཞིན་བྲིས། །ཕྱིན་ཆད་སྐད་གཉིས་འབྱུང་སྲིད་ན། །འགྲེལ་པ་སྒྲ་དོན་བཞིན་བསྒྱུར་ལ། །གཟུ་བོར་བྱོས་ལ་དཔྱད་པར་རིགས།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号