ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༄༅། །དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ།། དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ། ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཉིན་མོར་བྱེད་པའི་ཆོས་དབྱིངས་མཁའ་ལ་བགྲོད། །ཆོས་ཀྱི་དེ་ཉིད་རབ་གཟིགས་སྒྲིབ་གཉིས་རྣམ་རྟོག་ལེགས་བྲལ་ཞིང་། །གདུལ་བྱའི་མུན་སེལ་ཕྲིན་ལས་སྣང་བས་ཁམས་གསུམ་གསལ་མཛད་པ། །ས་ཀུན་འབྱོར་པ་དང་ལྡན་སྟོན་པ་བླ་མེད་དེ་ལ་འདུད། ༈ །མཐའ་གཉིས་རབ་སྤངས་ཟབ་ཡངས་ཐེག་མཆོག་ཆུ་གཏེར་ཡོངས་བཟུང་ཞིང་། །དམིགས་མེད་ཐུགས་རྗེའི་འོད་འབར་བསླབ་གསུམ་རིན་ཆེན་རྒྱན་གྱིས་བརྗིད། སྟོང་ཉིད་ཟབ་མོའི་དོན་གྱི་རོ་འཛིན་ཉིས་སྟོང་ལྡན་པ་ཅན། །བསྟན་པ་རྒྱ་མཚོའི་རྒྱན་གྱུར་ཀླུ་སྒྲུབ་སྙིང་པོ་རྒྱལ་གྱུར་ཅིག ༈ །མཁྱེན་པའི་མཁའ་ལ་རིག་གནས་བརྒྱ་ཡི་ཆུ་འཛིན་ལེགས་བཀོད་ཅིང་། །བློ་གྲོས་ཀླུ་རྒྱལ་རབ་ཏུ་ཁྲོས་པའི་རིགས་པའི་འབྲུག་སྒྲ་ཅན། །སྤོབས་པའི་གློག་ཕྲེང་མྱུར་འཇུག་འགྲོ་ལ་ལེགས་བཤད་ཆར་རྒྱུན་འབེབས། །མཆོག་གི་དེ་ཉིད་རབ་བརྙེས་སངས་རྒྱས་བསྟན་སྐྱོང་ཞབས་ལ་འདུད། ༈ །ཆོས་ཀྱི་དེ་ཉིད་སྒྲིབ་མེད་བློ་གྲོས་མིག་གིས་ལེགས་མཐོང་ཞིང་། །རྣམ་དཔྱོད་སྤོབས་པའི་རྩལ་ལྡན་གསུང་རབ་གངས་རིའི་ངོས་ལ་རྒྱུ། །རྣམ་འབྱེད་རིགས་པའི་མཆེ་བས་ཕས་རྒོལ་ལོག་ལྟའི་དཔུང་འཇོམས་ཤིང་། །བདག་མེད་སེང་གེའི་སྒྲ་ཡིས་དངོས་སྨྲའི་རི་དྭགས་སྐྲག་མཛད་རྒྱལ། ༈ །ཆོས་ཀུན་སྟོང་ཉིད་རྟོགས་པའི་བློ་གྲོས་ཆ་ཤས་ཡོངས་སུ་རྫོགས། །རྣམ་དཔྱོད་ཟླ་བའི་དཀྱིལ་འཁོར་གྲགས་པའི་འོད་དཀར་འཕྲོ་བ་ཅན། །འགྲོ་ལ་སྣ་ཚོགས་དམ་ཆོས་བདུད་རྩིའི་འོད་ཟེར་འགྱེད་མཛད་པ། །སྨྲ་ངན་མུན་པ་ཀུན་འཇོམས་སྨྲ་བའི་ཟླ་བ་རྒྱལ་གྱུར་ཅིག ༈ །གསུང་རབ་མང་ཐོས་རྒྱ་མཚོའི་ཕ་རོལ་སོན། །ཀླུ་སྒྲུབ་གསུང་རབ་དོ་ཤལ་མགྲིན་པར་འཛིན། །ཚད་མེད་ཐུགས་རྗེའི་འོད་དཀར་ཕྲེང་བ་ཅན། །འགྲོ་བའི་མུན་སེལ་བླ་མའི་ཞབས་ལ་འདུད། ༈ །སྟོང་ཉིད་ཟབ་མོའི་རོ་མངར་ལྡན་པ་ཅན། །ཀླུ་སྒྲུབ་གསུང་རབ་ལེགས་བཤད་འདབ་བརྒྱ་པ། །ཡང་དག་རིགས་པའི་འོད་ཟེར་རྩིབས་སྟོང་ཅན། །རྣམ་བཤད་ཉི་མའི་འོད་ཀྱིས་དབྱེ་བར་བྱ། ༈ །འདིར་སངས་རྒྱས་བཅོམ་ལྡན་འདས་མཐའ་ཡས་པའི་འགྲོ་བ་ཐམས་ཅད་ལ་དམིགས་པ་མེད་པའི་ཐུགས་རྗེ་བསྐྱེད་པ། བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པའི་ཁུར་བཞེས་པར་མཛད་པ་དེས། གཞན་ལ་ཕན་པ་བསྐྱེད་པ་ལྟར་རྗེས་སུ་མཐུན་པའི་ཐུགས་ཀྱིས། སྤྲོས་པའི་མུན་པ་འཐིབས་པོར་འཁྱམས་པའི་གདུལ་བྱ་རྣམས་ཀྱི་དོན་དུ། ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པའི་ཤེས་རབ་ཀྱི་ཤེས་བྱའི་རྒྱ་མཚོ་མ་ལུས་པ་མངོན་པར་བསྲུབས་ཏེ། དེ་ཁོ་ན་ཉིད་ཀྱི་བདུད་རྩི་སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་སྟོན་པ། རྗོད་བྱེད་ཀྱི་ངག་ཚིག་དྲི་མ་མེད་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པར་བྱེད་པ། ཤིན་ཏུ་ཟབ་པའི་དོན་དེ་ཉིད། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་ཁོ་ན་ཉིད་རིག་པའི་བློ་གྲོས་ཀྱིས་མཐའ་བྲལ་དབུ་མའི་ཚུལ་དུ་ཇི་ལྟར་གནས་པ་བཞིན་རྟོགས་ནས། ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས་མཛད་པ་ནི་འདིར་བཤད་པར་བྱ་བའི་ཆོས་སོ། །བསྟན་བཅོས་མཛད་པ་པོ་ལ་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་མཐོང་ནས་དེའི་བསྟན་བཅོས་འཆད་པ་བྱེད་ཅེ་ན། འདི་ལ་བསྟན་བཅོས་མཛད་པ་པོའི་བསྔགས་པ་དང་། དེས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་དང་། བརྗོད་བྱ་བསྟན་བཅོས་ངོས་བཟུང་བའོ། །དང་པོ་ལ་མཚན་དོན་གྱི་སྒོ་ནས་བསྔགས་པ་དང་། ལུང་བསྟན་པའི་སྒོ་ནས་བསྔགས་པའོ། །དང་པོ་ནི། ནཱ་གཱརྫུ་ན་ཞེས་པ་ཀླུ་དང་སྲིད་སྒྲུབ་གཉིས་ལ་འཇུག་པས། ཀླུ་དང་ཆོས་མཚུངས་པའི་ཚུལ་ལ། ཀླུ་ནི་ཁྱད་ཆོས་ལྔ་དང་ལྡན་པ་སྟེ། རྒྱ་མཚོའི་མཐར་མི་གནས་པ། རྒྱ་མཚོའི་དབུས་སུ་སྐྱེ་བ་བརྙེས་པ། རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར་བ། མཐོང་བའི་མེས་ཕ་རོལ་བསྲེག་པ། གཙུག་གི་ནོར་བུའི་འོད་ཀྱིས་མུན་པ་སེལ་བའོ། །སློབ་དཔོན་འདི་ཡང་། རྟག་ཆད་ཀྱི་མཐའ་གཉིས་ལ་མི་གནས་པ་དང་། ས་རབ་ཏུ་དགའ་བའི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང་། གསུང་རབ་ཀྱི་མཛོད་ལ་དབང་འབྱོར་བས་གདུལ་བྱ་ལ་དམ་ཆོས་ཀྱི་རིན་པོ་ཆེ་སྟེར་བ་དང་། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་གཞན་གྱིས་བརྟགས་པའི་ལྟ་ངན་གྱི་བུད་ཤིང་བསྲེག་པ་དང་། ལྷན་སྐྱེས་ཀྱི་ཡིད་ཀྱི་མུན་པ་སེལ་བའི་ཕྱིར་ཀླུ་ཞེས་བསྟན་ནོ། །སྲིད་སྒྲུབ་ཀྱི་ཆོས་ནི་གཉིས་ཏེ། སྲིད་སྒྲུབ་ཀྱི་མདས་ཕ་རོལ་གྱི་དཔུང་ཚོགས་འཇོམས་པ་དང་། རང་གི་ཕྱོགས་རྒྱལ་སྲིད་ལ་འགོད་པའོ། །སློབ་དཔོན་འདི་ཡང་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རིགས་ཚོགས་ཀྱི་མདས་སྲིད་པའི་དགྲ་སྡེ་འཇོམས་པ་དང་། གདུལ་བྱ་ངེས་པར་ལེགས་པའི་རྒྱལ་སྲིད་ལ་འགོད་པའི་ཕྱིར། སྲིད་སྒྲུབ་ཀྱི་མིང་གི་ཕྱོགས་གཅིག་སྨོས་ནས་ཀླུ་སྒྲུབ་ཅེས་བྱའོ། །གཉིས་པ་ནི། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་དེ། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་པ་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་བརྩོན་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་པའི་རིགས་པ་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡིས་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་ནི་ངེས་པར་འགྲུབ། །ཅེས་པ་དང་། རྔ་བོ་ཆེའི་མདོ་ལས། ཀུན་དགའ་བོ། ལི་ཙྪ་བཱི་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན་དགེ་སློང་བློ་འཆང་ཞེས་བྱ་བར་གྱུར་ནས་རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར་རོ། །ཞེས་པ་དང་། ཡང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས། ངའི་བསྟན་པ་རྒྱས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའོ། །གཉིས་པ་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ། རིགས་ཚོགས་དང་། བསྟོད་ཚོགས་དང་། གཏམ་ཚོགས་གསུམ་དུ་མཛད་དོ། །འདི་ལ་ལྟ་བ་སྟོན་པར་བྱེད་པ་དང་། སྤྱོད་པའི་ཆ་སྟོན་པ་དང་། ཐབས་ཤེས་ཟུང་འབྲེལ་དུ་སྟོན་པའོ། །དང་པོ་ལ། ལུང་གི་སྒོ་ནས་སྟོན་པ་བསྟོད་པའི་ཚོགས་ཡིན་ལ། རིགས་པའི་སྒོ་ནས་སྟོན་པ་ལ་གཉིས་ཏེ། ཆོས་རང་བཞིན་མེད་པར་སྟོན་པ་དང་། འཇིག་རྟེན་དང་འགལ་བ་སྤོང་པའོ། །དང་པོ་བསྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ལས། དང་པོ་ལ་ཡང་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་བརྩོད་པ་བཟློག་པ། སྐྱེ་འཇིག་བརྟག་པའི་རབ་བྱེད་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པའོ། །སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ནི་ཞིབ་མོ་རྣམ་འཐག་སྟེ། བདེན་དངོས་སྒྲུབ་པར་བྱེད་པའི་ཡན་ལག་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པའི་ཕྱིར་རོ། །འཇིག་རྟེན་དང་འགལ་བ་སྤོང་པ་ནི་ཐ་སྙད་གྲུབ་པ་སྟེ། དབུ་མ་རྩ་བ་ལ་སོགས་པས་ཆོས་རང་བཞིན་མེད་པར་བསྟན་པ་ལ། འཇིག་རྟེན་གྱི་མཐོང་བ་དང་འགལ་བར་བརྩད་པའི་ལན་དུ། ཐ་སྙད་དུ་གྲུབ་པའི་རྣམ་གཞག་སྟོན་པའི་ཕྱིར་རོ། །སྤྱོད་པའི་ཆ་སྟོན་པ་ནི་མདོ་སྡེ་ཀུན་ལས་བཏུས་དང་། བཤེས་པའི་སྤྲིང་ཡིག་ལ་སོགས་པའོ། །ཐབས་ཤེས་ཟུང་འབྲེལ་དུ་སྟོན་པ་ནི། དབུ་མ་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ་རགས་པ་ཙམ་སྨོས་སོ། །རྗེས་འཇུག་གི་སློབ་དཔོན་རྣམས་ཀྱིས་ཀྱང་དགོངས་འགྲེལ་དུ་མ་མཛད་དེ། དང་པོར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཐལ་འགྱུར་གྱི་ཚུལ་དུ་སྟོན་པ་འགྲེལ་པ་བུད་དྷ་པཱ་ལི་ཏ་མཛད། དེ་ནས་ལེགས་ལྡན་བྱེད་ཀྱིས་རང་རྒྱུད་ཀྱི་ཚུལ་དུ་སྟོན་པ་ལ་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མེ། དོན་གྱི་འགྲེལ་པ་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་མཛད་དོ། །དེ་ནས་ཟླ་བ་གྲགས་པས་ཀྱང་། ཐལ་འགྱུར་གྱི་ཚུལ་དུ་སྟོན་པ། ཚིག་གི་འགྲེལ་པ་ཚིག་གསལ་དང་། དོན་གྱི་འགྲེལ་པ་འཇུག་པ་མཛད་དོ། །གསུམ་པ་བསྟན་བཅོས་ངོས་བཟུང་བ་ནི། དབུ་མ་གཞན་རྣམས་ཀྱི་ལུས་ལྟ་བུའི་ཚུལ་དུ་གནས་པ་དབུ་མ་རྩ་བ་ཤེས་རབ་སྟེ། འདི་ལ་ལོ་ཙཱ་བས་བཀོད་པའི་མཚན་དོན། འཆད་བྱ་བསྟན་བཅོས་ཀྱི་རང་བཞིན། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་མཚན་བསྒྱུར་བ་དང་། བཤད་པ་གཉིས་ལས། བསྒྱུར་བ་ནི། རྒྱ་གར་གྱི་སྐད་དུ་པྲཛྙཱ་དང་། ནཱ་མ་དང་། མུ་ལ་དང་། མ་དྷྱ་མ་ཀ་དང་། ཀཱ་རི་ཀཱ་དང་ལྔ། རིམ་པ་བཞིན་དུ། བོད་སྐད་དུ། བསྒྱུར་ན། ཤེས་རབ་དང་། ཞེས་བྱ་བ་དང་། རྩ་བ་དང་། དབུ་མ་དང་། ཚིག་ལེའུར་བྱས་པའོ། །གཉིས་པ་ནི། དབུ་མ་སྟོན་པས་དབུ་མ་སྟེ། བརྗོད་བྱ་ལས་བཏགས་པའོ། །དབུ་མ་གཞན་ཐམས་ཅད་ཀྱི་རྩ་བར་གྱུར་པས་རྩ་བ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པས་ན་ཤེས་རབ་དང་། ཚིག་རྐང་པ་མཉམ་པར་བཅད་པས་ཚིག་ལེའུར་བྱས་པའོ། །གཉིས་པ་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་དོ། །དང་པོ་ལ་བསྟོད་ཕྱག་གི་ངོ་བོ། བསྟོད་པའི་འཐད་པ་བརྗོད་པ། རྟེན་འབྲེལ་གྱི་སྒྲ་དོན་བཤད་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་རྟེན་འབྲེལ་སྨྲ་བ་རྣམས་ཀྱི་དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །གཉིས་པ་ནི། ཅིའི་ཕྱིར་བཅོམ་ལྡན་འདས་སྨྲ་བའི་དམ་པར་བརྗོད་ཅེ་ན། བཅོམ་ལྡན་གང་གིས་རང་གིས་ཇི་ལྟར་རྟོགས་པ་བཞིན་གདུལ་བྱ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་ཕྱིར། ཇི་ལྟར་བསྟན་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ། འགག་པ་མེད་པ་དང་སྐྱེ་བ་མེད་པ་ཞེས་སོགས་དང་སྤྲོས་པ་བརྒྱད་པོ་ཉེ་བར་ཞི་བ་དང་། ཞི་བ་མཐར་ཐུག་པའི་ཚུལ་དུའོ། །གསུམ་པ་རྟེན་འབྲེལ་གྱི་སྒྲ་དོན་བཤད་པ་ལ། ཁྱད་གཞི་རྟེན་འབྲེལ་གྱི་སྒྲ་དོན་བཤད་པ་དང་། ཁྱད་ཆོས་སོ་སོའི་ཚིག་དོན་ནོ། །དང་པོ་ལ། ཟླ་བ་གྲགས་པའི་འདོད་ཚུལ་དང་། སྔོན་གྱི་རྣམ་བཤད་བྱེད་པའི་འདོད་ཚུལ་དང་། ལེགས་ལྡན་བྱེད་ཀྱི་འདོད་ཚུལ་ལོ། །དང་པོ་ལ། པྲ་ཏི་དང་། ཨི་ཏི་དང་། ལྱབ་དང་། སཾ་ཨུད་དང་། པ་ད་དང་ལྔ་ལས། པྲ་ཏི་ནི་ཉེར་བསྒྱུར་ཡིན་ལ། ཨི་ནི་བྱིངས་སོ། །ལྱབ་ནི་མིང་དུ་སྒྲུབ་པའི་རྐྱེན་ནོ། །སཾ་དང་ཨུད་གཉིས་ཉེར་བསྒྱུར་གྱི་ཆ་ཤས་སོ། །དེ་ལ་པྲ་ཏི་ནི་ཕྲད་པ་དང་། ཨི་ཏི་ནི་འགྲོ་བ་དང་། ལྱབ་ནི་རྟེན་ནས་སམ་རྟེན་ཅིང་ཞེས་པའོ། །སཾ་ཨུད་ནི་ཡང་དག་པ་སྟེ་བཀས་བཅད་ལས་འབྲེལ་པར་བསྒྱུར་རོ། །པ་ད་ནི་འབྱུང་བའི་དོན་ཅན་ནོ། །མཚམས་སྦྱར་ཚུལ་ནི། དེ་ལ་ཨི་ནི་བྱིངས་སོ། །དེ་སྔོན་དུ་པྲ་ཏི་ཞེས་སྨོས་པ་ནི་ཉེར་བསྒྱུར་རོ། །དེ་ལ་རྣམ་དབྱེ་གང་སྦྱར་ཡང་མི་ཟད་པ་ལས་ཀྱང་ཞེས་པས་ཕྱིས་ཏེ་ཚིག་སྡུད་བྱའོ། །ཙཎ་ཏྲ་པའི་ལེའུ་གསུམ་པར། བྱེད་པ་པོ་གཅིག་པ་དག་གི་སྔ་མ་ལས་སོ་ཞེས་འབྱུང་བས། བྱིངས་མཐར་ཀྟྭའི་རྐྱེན་སྦྱར་རོ། །ལེའུ་ཉི་ཤུ་པ་ལས། ན་ཉ་མིན་པའི་ཚིག་སྡུད་ལ་ཀྟྭ་ལྱབོ། ཞེས་འབྱུང་བས། ཀྟྭ་ལྱབ་ཡབ་ཏུ་བསྒྱུར་རོ། །ལ་ཡིག་དབྱངས་ཀྱི་དོན་ཡིན་ཞིང་། བ་ཡིག་ཏུཀ་འབྱུང་བའི་ཕྱིར་དུ་རྟགས་ཀྱི་དོན་ཡིན་ཞིང་། བ་ཡིག་ཏུཀ་འབྱུང་བའི་ཕྱིར་དུ་རྟགས་ཀྱི་དོན་ཡིན་པས་ཕྱིས་ལ། ཡ་ཡིག་བཞག་གོ །ལེའུ་བདུན་ལས་ཐུང་ངུའི་ཏིང་མ་ཡིན་པ་ལ་འདི་ལ་ཏུ་ཀོ ཞེས་པ་ཨི་དང་ཡའི་བར་དུ་ཏུ་ཀོ ཀ་ཡིག་རྟགས་ཀྱི་དོན་དང་ཨུ་ཡིག་བརྗོད་དོན་ཡིན་པས་ཕྱིས་ཏེ། ཏ་བཞག་པས་ཡ་དང་བརྩེགས་པས་ཏྱའོ། །ལེའུ་བདུན་པར་ཨགི་ཨག་ལ་རིང་པོའོ། །ཞེས་པས། པྲ་ཏིའི་སྲོག་གི་ཨི་ཡིག་དང་། བྱིངས་ཀྱི་ཨི་ཡིག་གཉིས་ཕྲད་པས་སྔ་མ་རིང་པོར་བྱས་ཤིང་ཕྱི་མ་མི་མངོན་པར་བྱས་པས་པྲཏཱི་ཏྱའོ། །ལེའུ་བཞི་པར་དོན་ཙམ་ལ་དང་པོའོ་ཞེས་པས། ལྱབ་ཀྱི་མཐར་སུའི་རྐྱེན་སྦྱོར། ལྱབ་ནི་གྲངས་མེད་དང་མི་ཟད་པ་ཡིན་པས་མཐའི་སུ་འཇིག་སྟེ། ལེའུ་བཞི་པར་གྲངས་མེད་ལས་སུ་འཇིག་གོ །ཡང་བྱིངས་དྭི་སོགས་སུ་པ་ད་འགྲོ་བ་ལའོ་ཞེས་པས་བྱིངས་སོ། །སྔོན་དུ་ཉེར་བསྒྱུར་སཾ་དང་ཨུད་སྦྱར་རོ། །པ་ད་འགྲོ་བའི་དོན་ཅན་གྱི་བྱིངས་ཡིན་ཡང་། ཉེར་བསྒྱུར་དང་འབྲེལ་བས་འབྱུང་བ་ལ་འཇུག་སྟེ། སྐད་ཀྱི་བྱིངས་ནི་སྟོབས་ལྡན་པ། །ཉེ་བར་བསྒྱུར་ཕྱིར་ཟིལ་གནོན་འགྱུར། །ཞེས་སོ། །ལེའུ་གསུམ་པར་བྱེད་པ་ལ་གྷ་ཉའོ་ཞེས་པས་ངའི་མཇུག་ཐོགས་སུ་གྷ་ཉའི་རྐྱེན་སྦྱར་རོ། །གྷ་དང་ཉའི་རྟགས་ཀྱི་དོན་ནི། དབྱངས་མེད་དབྱངས་དང་སྦྱར་རོ་ཞེས་འབྱུང་བས། སཾ་གྱི་མ་ལ་འོག་གི་ཨུ་སྦྱར། ང་ལ་གྷ་ཉའི་ཨ་ཡིག་སྦྱར་བས་ས་མུན་པ་ད་ཞེས་པར་འགྱུར་རོ། །འདི་ནི་ཙུནྡ་བའི་ལུགས་སོ། །ཀ་ལ་པ་ལྟར་ན། ཨི་ཏི་འགྲོ་བའི་བྱིངས་ལ་སྔོན་དུ་ཉེར་བསྒྱུར་པྲ་ཏི་སྦྱར་རོ། །ཉེར་བསྒྱུར་དང་བྱིངས་ཀྱི་བར་དུ་རྣམ་དབྱེ་གང་ཡང་རུང་བ་བྱིན་ནས་མི་ཟད་པ་ལས་ཀྱང་ངོ་ཞེས་པས་འཇིག་གོ །ཉེར་བསྒྱུར་མི་ཟད་པ་ཡིན་པས་སོ། །ཉེར་བསྒྱུར་གྱི་ཨི་དང་བྱིངས་ཀྱི་ཨི་གཉིས་ཕྲད་པས་མཚུངས་པ་འདྲ་བའི་ཡི་གེ་ལ་སྔ་མ་རིང་པོར་འགྱུར་སྟེ། ཕ་རོལའང་དབྱིའོ་ཞེས་པས་ཕྱི་མའི་ཨི་ཕྱིས་ནས་སྔ་མའི་ཨི་ཡིག་རིང་པོ་ཏ་དང་སྦྱར་བས་ཏི་རིང་པོར་འགྱུར་རོ། །བྱིངས་ཀྱི་ཏིའི་སྲོག་ཡིག་བརྗོད་དོན་ཡིན་པས་ཕྱི། བྱིངས་མཐར་ཀྟྭ་བའི་རྐྱེན་སྦྱར། ན་ཉ་མ་ཡིན་པའི་བསྡུ་བ་འབྱུང་ལ་ཀྟྭ་བའི་ཡབ་བོ་ཞེས་འབྱུང་བས། ཀྟྭ་བ་ཡབ་ཏུ་བསྒྱུར་རོ། བ་ནི་བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་བ་ལ་ཏའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་ཕྱི། སྔ་མའི་ཏ་དང་ཡ་སྦྱར་བས་ཏྱ་ཞེས་པར་བསྒྱུར་རོ། །སཾ་དང་ཨུད་དང་པ་ད་རྣམས་ཀྱི་སྦྱོར་ཚུལ་སྔ་མ་ལྟར་རོ། །དེ་ལ་གྷ་ཉའི་རྐྱེན་སྦྱར་ལ། ཉ་ཡིག་ནི་གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨི་ཙ་བཞིན་དུའོ། །ཞེས་པའི་ཁྱད་པར་གྱི་དོན་ནོ། །གྷ་ཡིག་ནི་ཙ་ཛྷ་ངག་དྷུ་ཌ་དང་གྷ་རྗེས་སུ་འབྲེལ་བ་ལ་ཀ་གྷ་དག་གོ་ཞེས་པའི་ཁྱད་པར་གྱི་དོན་ནོ། །གྷའི་སྲོག་ཡིག་ཨ་དང་སྦྱར་བས་པ་ད་ཞེས་པར་བསྒྱུར་རོ། །སྒྲ་ཡི་རག་གནས་རྒྱ་མཚོ་ལ། །བློ་གྲོས་འདབ་སྟོང་རབ་རྒྱས་ཤིང་། །བྱིངས་དང་རྣམ་འགྱུར་འོད་ཟེར་གྱི། །སྔོན་མེད་ལེགས་བཤད་གསལ་བར་བྱས། །འདིའི་དོན་ནི་ཉེར་བསྒྱུར་གྱིས་ཟིལ་གྱིས་མནན་པས་པྲ་ཏི་དང་ཨི་ཏི་གཉིས་ཀ་ལྟོས་པ་ལ་འཇུག་སྟེ། རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་པའོ། །སྔོན་གྱི་རྣམ་བཤད་མཛད་པའི་བཞེད་ཚུལ་ནི། པྲ་ཏི་ཟློས་པའི་དོན་སྟེ། རྒྱུ་དང་རྐྱེན་དང་དེ་དང་དེ། །ཞེས་པའོ། །ཨི་ཏི་ཟླ་གྲགས་དང་མཐུན། འོན་ཀྱང་ཉེར་བསྒྱུར་གྱིས་ཟིལ་གྱིས་མནན་པར་མི་འདོད་པས། ཉེར་བསྒྱུར་དང་སྦྱར་ནས་བཤད་པའི་ཚེ་ཡང་འགྲོ་བའི་དོན་ལ་འཇུག་གོ །ལྱབ་ནི་ཟླ་བ་ལྟར་མི་ཟད་པའི་རྐྱེན་དུ་མི་འདོད་ལ། རྒྱུས་འབྲས་བུ་ལ་ཕན་པ་ལྟ་བུའི་དོན་སྟོན་པས་ཕན་པའི་རྐྱེན་དུ་འདོད་དོ། །དོན་ནི་སོ་སོར་འགྲོ་ཞིང་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་སོ། །དེ་ལ་ཟླ་བས་སྐྱོན་བརྗོད་ནི། ཟློས་པ་ལ་སྐྱོན་བརྗོད་པ་དང་ཕན་པའི་མཐའ་ཅན་ལ་སྐྱོན་བརྗོད་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་བྱའོ་ཞེས་པ་ལྟ་བུ་རྟེན་འབྲེལ་སྤྱི་ལྡོག་ནས་སྟོན་པ་ལ། རྒྱུ་དང་རྐྱེན་དེ་དང་དེ་ལ་བརྟེན་ནས་འབྱུང་ཞེས་པའི་ཚུལ་དུ་ཟློས་པའི་དོན་སྲིད་པས་སྒྲ་དོན་ལེགས་པ་ཡིན་མོད། འོན་ཀྱང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པ་ལྟ་བུ་ལ། མིག་དེ་དང་དེ་གཟུགས་དེ་དང་དེ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་སྦྱར་དུ་མི་རུང་སྟེ། ཟློས་པའི་དོན་མེད་པས་སོ། །གཉིས་པ་ནི་ཨི་ཏྱའི་སྒྲ་ཕན་པའི་རྐྱེན་གྱི་མཐའ་ཅན་ཡིན་ན་ནི། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པ་ལྟ་བུ་རྟེན་འབྲེལ་བྱེ་བྲག་པ་སྟོན་པའི་དུས་སུ། ཙཀྵུ་བི་ཛྙ་ནམ་ཞེས་མིག་གི་རྣམ་པར་ཤེས་པ་ལ་འཇུག་པའི་སྒྲ་འདི་མ་ནིང་གི་རྟགས་ཅན་ཡིན་པས་ཚིག་ཏུ་བསྒྲུབ་པ་ལ་ཕ་རོལ་དུ་རྣམ་དབྱེ་དང་པོའི་གཅིག་ཚིག་རྐྱེན་དུ་སི་སྦྱར་རོ། །མ་ནིང་ལས་སི་འམ་དག་གི་དབྱི་སྟེ་ཞེས་པས་སི་ཕྱིའོ། །ཨ་ཡིག་ལས་སཾ་བུ་དི་མ་ཡིན་པ་ལ་མུའོ་ཞེས་པས་མུ་ཨཱ་ག་མ་བྱིན། མུའི་ཨུ་ཡིག་ནི་གང་རྗེས་སུ་འབྲེལ་པ་མི་སྦྱོར་ཞེས་པས་ཕྱིའོ། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་སྒྲུབ་བོ་ཞེས་པས་མ་ཡིག་རྗེས་སུ་ང་རོར་བཀོད་པས། བི་ཛྙ་ནམ་གྱི་སྒྲ་གྲུབ་བོ། །མ་ནིང་གིས་ནི་མ་ནིང་གི་མིང་མཐའ་དྲང་། ཞེས་པས་འདི་མ་ནིང་གི་རྟགས་སུ་གནས་པ་ལྟར་ཙཀྵུ་རུ་པ་ནེ་ཙ་པྲ་ཏི་ཏྱཾ་ཞེས་རྗེས་སུ་ང་རོ་ཐོབ་དགོས་ལ་དེ་ལྟ་ན། དེ་ཕན་པའི་མཐའ་ཅན་དུ་འདོད་པ་དེའི་ཚེ་མི་འཇིག་པར་སྡོད་པས་རྣམ་དབྱེའི་ནུས་པས་ཐོབ་པའི་རྗེས་སུ་ང་རོའི་གཟུགས་མཐོང་དགོས་པ་ལས་མི་མཐོང་བས་གསལ་ལོ། །གལ་ཏེ་བསྡུ་བ་བྱེད་པས་སྐྱོན་མེད་དོ་ཞེ་ན། བསྡུ་བའི་དོན་ནི་མིང་རྣམས་ཀྱི་སྦྱོར་བའི་དོན་བསྡུ་བའོ། །དེར་གནས་པའི་རྣམ་དབྱེ་རྣམས་དབྱེ་འོ་ཞེས་འབྱུང་བས། མིང་སྔ་ཕྱི་གཉིས་སྦྱར་ནས་བར་གྱི་རྣམ་དབྱེ་དང་བཅས་པ་ཕྱི་བ་ལ་བཤད་པས་ན་འདིར་པྲ་ཏི་ཏྱཾ་ཞེས་པ་དང་། མཐའི་བི་ཛྙ་ནམ་ཞེས་པ་གཉིས་ལ་བར་དུ་ཙཀྵུ་རུ་པ་ནེ་ཙ་ཞེས་པའི་དོན་གཞན་གྱི་སྒྲ་དུ་མས་བར་དུ་ཆོད་པའི་ཕྱིར། བསྡུ་བ་བྱར་མི་རུང་ངོ་། །ཡང་། བི་ཛྙ་ནམ་ཞེས་པའི་རྗེས་སུ་ང་རོ་པ་སྟོན་བྱེད་ཏུ་གནས་པ་ལྟར། པྲ་དི་ཏྱཾ་ཞེས་པའི་རྗེས་སུ་ང་རོའང་པ་སྟོན་བྱེད་དུ་གནས་དགོས་པས་མིག་དང་གཟུགས་ལ་བརྟེན་པ་མིག་གི་རྣམ་པར་ཤེས་པ་ཞེས་འདོན་དགོས་པ་ལས་དེ་ལྟར་འདོན་པ་ཡང་མི་རིགས་སོ། །པྲ་ཏི་ཏྱཾ་ཙཀྵུ་རུ་པ་ནེ་ཙ་བི་ཛྙ་ནམ་ཞེས་པ་ལས། ཡ་མི་ཟད་པའི་རྐྱེན་དུ་འདོད་ན་མཇུག་ཐོགས་ཀྱི་རྣམ་དབྱེ་འཇིག་སྟེ་མི་ཟད་པ་ལས་ཀྱང་ངོ་ཞེས་པས་སོ། །མཁས་པ་བྱེ་བ་ཕྲག་བརྒྱ་ཡིས། །ཡུན་རིང་དུས་སུ་རྣམ་དཔྱད་ཀྱང་། །མ་རྟོགས་ཤིན་ཏུ་ཟབ་པའི་དོན། །བདག་བློ་ཁོ་ནས་གསལ་བར་མཐོང་། །གསུམ་པ་ལེགས་ལྡན་བྱེད་ཀྱི་འདོད་ཚུལ་ནི། པྲ་ཏིའི་སྒྲ་ཕྲད་པ་དང་ཟློས་པ་ལ་འཇུག་པ་གཉིས་ཀ་ཡང་མི་འཐད་དེ། མིག་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་ཞེས་པ་འདི་ལ་གཉིས་ཀ་མི་འཇུག་པའི་ཕྱིར་རོ། །ཞེས་སུན་ཕྱུང་ནས་རྐྱེན་འདི་དང་ལྡན་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ་ཞེས་གསུངས་སོ། །གཉིས་པ་ཁྱད་ཆོས་སོ་སོའི་ཚིག་དོན་ལ། ག་ལས་འཇིགས་མེད་ལས། རྟེན་འབྲེལ་འདི་ལ་འགག་པ་མེད་དེ། སྐྱེ་བ་མེད་པའི་ཕྱིར། སྐྱེ་བ་མེད་དེ། འགག་པ་མེད་པའི་ཕྱིར། ཆད་པ་མེད་པ་ནི་ས་བོན་ལས་མྱུ་གུ་འབྱུང་བ་བཞིན་ནོ། །རྟག་པ་མེད་པ་ནི་མྱུ་གུ་སྐྱེས་པ་ན་ས་བོན་འཇིག་པ་བཞིན་ནོ། །འོང་བ་མེད་པ་དང་འགྲོ་བ་མེད་པ་ནི། ནམ་མཁའ་བཞིན་ནོ། །ཐ་དད་པའི་དོན་མིན་པ་དང་དོན་གཅིག་པ་མིན་པ་ནི། ས་ལུའི་ས་བོན་དང་ས་ལུའི་ས་བོན་གཞན་བཞིན་ནོ། །ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས། འགག་པ་ནི་འཇིག་པའོ། །སྐྱེ་བ་ནི་འབྱུང་བའོ། །ཆད་པ་ནི་རྒྱུན་ཆད་པའོ། །རྟག་པ་ནི་དུས་ཐམས་ཅད་དུ་གནས་པའོ། །འོང་བ་ནི་ཚུར་འོང་བའོ། །འགྲོ་བ་ནི་ཕར་འགྲོ་བའོ། །ཐ་དད་ཀྱི་དོན་ནི་དོན་ཐ་དད་པའོ། །དོན་གཅིག་པ་ནི་དོན་ཐ་མི་དད་པའོ། །ཞེས་བཤད་དོ། །སངས་རྒྱས་བསྐྱངས་ནི། དངོས་པོ་ཐམས་ཅད་ནི་སྐྱེ་བ་དང་འགག་པའོ། །རྫས་དྲུག་ནི་རྟག་པའོ། །རྒྱུན་ཆད་པ་ནི་ཆད་པའོ། །ལུས་སྲོག་གཉིས་ནི་ཁ་ཅིག་གིས་གཅིག་ཉིད་དུ་འདོད། ཁ་ཅིག་གིས་གཞན་ཉིད་དུ་འདོད་དོ། །འགའ་ཞིག་གིས་རྡུལ་ཕྲན་དང་ཡིད་གཉིས་འགྲོ་འོང་བྱེད་དོ་ཞེས་འདོད་དོ། །ཞེས་གསུངས་སོ། །ཟླ་བ་ནི་ལེགས་ལྡན་བྱེད་དང་མཐུན་ནོ། །བདེན་གཉིས་གང་དུ་འགོག་ཅེ་ན། ཤེས་རབ་སྒྲོན་མེ་ལས། སྐྱེ་འགག་དང་། གཅིག་དང་ཐ་དད་ནི་དོན་དམ་པར་རོ། །ཆད་པ་དང་རྟག་པ་ནི་ཐ་སྙད་དུ་ཡང་ངོ་། །འོང་བ་དང་འགྲོ་བ་དགག་པ་ནི་གཉིས་ཀའོ། །ཐམས་ཅད་ཀྱང་དོན་དམ་པར་འགོག་པ་ལ་ནི་བྱེ་བྲག་མེད་དོ། །ཞེས་གསུང་ངོ་། །ཅིའི་ཕྱིར་དགག་བྱ་བརྒྱད་ཁོ་ནར་ངེས་པར་བཟུང་ཞེ་ན། རང་གཞན་གྱི་སྡེ་པས་བརྟགས་པའི་གཙོ་བོ་འགོག་པའི་དབང་དུ་བྱས་ནས་བཤད་དེ། དང་པོ་བཞི་ནི་རང་གི་སྡེ་པས་བརྟགས་པ་ཡིན་ལ། ཕྱི་མ་བཞི་ནི་གཞན་གྱི་སྡེ་པས་བརྟགས་པ་ཡིན་ནོ་ཞེས་གསུང་ངོ་། །སངས་རྒྱས་བསྐྱངས་དང་ལེགས་ལྡན་བྱེད་ནི། བརྒྱད་པོ་ཁོ་ན་བཟུང་བ་ནི། དངོས་པོ་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་ཕལ་ཆེར་བརྒྱད་པོ་འདི་དག་གི་སྒོ་ནས་ངོ་བོ་ཉིད་སྟོན་པར་བྱེད་པའི་ཕྱིར་རོ། །ཞེས་བཤད་དོ། །སློབ་དཔོན་ཟླ་བས་ནི། བརྒྱད་པོ་ནི་རང་གཞན་གྱི་སྡེ་པ་རྣམས་ཀྱི་རྩོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །སྐྱེ་བ་དགག་པའི་སྔ་རོལ་དུ་འགག་པ་མེད་པ་ཞེས་སྨོས་པ་མི་འཐད་དེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། ག་ལས་འཇིགས་མེད་ལས། ཚིགས་སུ་བཅད་པ་སྦྱར་བདེ་བའི་དབང་གིས་སྨོས་སོ། །ཡང་ན། བཅོམ་ལྡན་འདས་མ་ལས། སེམས་འགགས་པ་གང་ཡིན་པ་དེ་ཡང་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །ཞེས་གསུངས་པ་དང་མཐུན་ནོ། །ཡང་ན་ཆད་པ་མེད་པ་རྟག་མེད་པ། །ཞེས་པའི་གོ་རིམ་གྱི་དབང་གིས་བཤད་དེ། རྟེན་འབྲེལ་ཆད་པ་མེད་དེ། རྟག་པ་མེད་པའི་ཕྱིར། འགག་པ་མེད་པ་ཡིན་སྟེ། སྐྱེ་བ་མེད་པའི་ཕྱིར་ཞེས་རིམ་པ་བཞིན་དུ་སྦྱར་བས་སོ། །ཞེས་གསུངས་སོ། །གཞན་གསུམ་ལས་ནི། གལ་ཏེ་སྐྱེ་བ་སྔ་གྱུར་ན། །ཞེས་པའི་ལུང་དྲངས་ནས། སྐྱེ་འགག་སྔ་ཕྱིའི་གོ་རིམ་མཐའ་ཅིག་ཏུ་ངེས་པ་མེད་པར་བསྟན་པའི་དོན་དུའོ་ཞེས་འཆད་དོ། །འདིར་རང་གཞན་གྱི་སྡེ་པས་བརྟགས་པ་ཉིད་དགག་བྱར་བཟུང་བའི་ཕྱིར་ལྷན་སྐྱེས་ཀྱི་བརྟགས་པ་འགོག་པ་གཙོ་བོ་ཡིན་གྱི་ཀུན་བརྟགས་དགག་བྱའི་གཙོ་བོ་མ་ཡིན་ནོ་ཞེས་གསུངས་པ་ཕྱིན་ཅི་ལོག་གོ །དེ་ལ་ཐ་སྙད་དུ་སྣང་ཙམ་འགོག་པ་མ་ཡིན་ཏེ། ཐ་སྙད་ལ་བསྐུར་བ་འདེབས་པའི་ཉེས་པ་ཡོད་པའི་ཕྱིར་དང་། འགོག་པར་མི་ནུས་པའི་ཕྱིར་ཏེ། ཇི་སྲིད་འཐད་པ་ཁས་ལེན་པ་དེ་སྲིད་དུ་སྣང་བ་ཡང་ཁས་ལེན་དགོས་ལ། འཐད་པ་མེད་ན་མངོན་པར་འདོད་པའི་དོན་ལ་རྟོགས་པ་བསྐྱེད་མི་ནུས་པའི་ཕྱིར་རོ། །དེས་ན་ངོ་བོ་འམ་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་དེ། དེ་ནི་ཐ་སྙད་ཙམ་དུ་ཡང་མི་རུང་བའི་ཕྱིར་རོ། །དོན་དམ་པར་ནི་སྣང་བ་དང་ངོ་བོ་ཉིད་ཀྱིས་ཡོད་པ་གཉིས་ཀ་འགོག་པ་ལ་བྱེ་བྲག་མེད་དེ། དོན་དམ་པར་སྣང་བ་ཙམ་ཡང་མི་རུང་བའི་ཕྱིར་རོ། །གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ། རབ་ཏུ་བྱེད་པ་སྤྱིའི་འབྲེལ་དང་། སོ་སོའི་དོན་བཤད་པའོ། །དང་པོ་ལ་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་ལས། དང་པོ་ཉི་ཤུ་རྩ་ལྔས་ནི་ཐེག་པ་ཆེན་པོའི་ལམ་ལ་འཇུག་ཚུལ་བསྟན་ལ། ཐ་མ་གཉིས་ཀྱིས་ཉན་ཐོས་ཀྱི་ལམ་ལ་འཇུག་ཚུལ་བསྟན་ཏེ་ཞེས་གསུང་ངོ་། །དང་པོ་ཐེག་པ་ཆེན་པོའི་ལམ་གྱི་འཇུག་ཚུལ་བསྟན་པ་ལ། ག་ལས་འཇིགས་མེད་ཀྱི་བཤད་ཚུལ་ནི། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། རྩོད་པ་སྤངས་པ་དང་གསུམ་གྱིས་བསྟན་སྟེ། དེ་ལ་དང་པོ་ནི། མཆོད་བརྗོད་དུ་སྐྱེ་བ་མེད་པ་ཞེས་གསུངས་པའི་དོན་བསྟན་པ་ལ། རྐྱེན་བརྟག་པའི་རབ་ཏུ་བྱེད་པ་གསུངས་ཏེ། རྒྱུ་རྐྱེན་གྱི་བྱེད་པས་འབྲས་བུ་བསྐྱེད་པ་དགག་པའི་ཕྱིར་རོ། །མཆོད་བརྗོད་དུ། འོང་བ་མེད་པ་འགྲོ་མེད་པ། །ཞེས་བསྟན་པའི་དོན་དུ་འགྲོ་འོང་བརྟག་པའི་རབ་བྱེད་གསུངས་ཏེ། འགྲོ་འོང་དགག་པའི་ཕྱིར་རོ། །འདི་གཉིས་ཀྱིས་བདག་མེད་གཉིས་ཀ་བསྟན་ཏེ། ཆོས་དང་གང་ཟག་གཉིས་ལ་རྗེས་སུ་འགྲོ་བའི་རང་བཞིན་དགག་པའི་ཕྱིར། རྒྱས་པར་བཤད་པ་ལ་ཕྱི་ནང་གཉིས་ཀའི་ཆོས་ཀྱི་བདག་མེད་པ་དང་། གཉིས་ཀའི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་བཤད་པའོ། །དང་པོ་ལ་ཆོས་ཀྱི་ངོ་བོ་འགོག་པ་ལ། ཕུང་ཁམས་སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་གསུམ་མོ། །སྒྲུབ་བྱེད་དགག་པ་ལ། ཀུན་ནས་ཉོན་མོངས་སུ་མཚོན་བྱེད་དང་། འདུས་བྱས་སུ་མཚོན་བྱེད་དགག་པའོ། །དང་པོ་ནི། འདོད་ཆགས་བརྟག་པའི་རབ་བྱེད་དེ། ཀུན་ནས་ཉོན་མོངས་སུ་མཚོན་བྱེད་དུག་གསུམ་འགོག་པའི་ཕྱིར། གཉིས་པ་ནི། སྐྱེ་འཇིག་བརྟག་པའི་རབ་བྱེད་དེ། འདུས་བྱས་སུ་མཚོན་བྱེད་སྐྱེ་གནས་འཇིག་གསུམ་འགོག་པའི་ཕྱིར། ཆོས་དང་གང་ཟག་ཐུན་མོང་དུ་འགོག་པ་ལ། སེམས་རྒྱུད་ཀྱིས་བསྡུས་པ་ཁོ་ནའི་དབང་དུ་བྱས་པ་དང་། བསྡུས་མ་བསྡུས་གཉིས་ཀའི་ཐུན་མོང་དུ་བྱས་པའོ། །དང་པོ་ལ། ངོ་བོ་འགོག་པ་ནི། ལས་དང་བྱེད་པ་པོ་བརྟག་པའི་རབ་བྱེད་དེ། གང་ཟག་དང་སེམས་བྱ་བྱེད་དང་བཅས་པ་འགོག་པའི་ཕྱིར། སྒྲུབ་བྱེད་སྤྲོས་པ་འགོག་པ་ནི། ལས་དང་བྱེད་པ་པོ་བརྟག་པའི་རབ་བྱེད་དུ། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་བསྟན་པ་ན། ཉེ་བར་ལེན་པ་པོའི་སྒྲུབ་བྱེད་བཀོད་པ་འགོག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་དགུ་པ་གསུངས་ཏེ། ཉེ་བར་བླང་བྱ་དང་ཉེ་བར་ལེན་པོ་འགོག་པའི་ཕྱིར། དེ་སྒྲུབ་པའི་དཔེ་འགོག་པ་ནི། རབ་ཏུ་བྱེད་པ་བཅུ་པའོ། །ཡང་གཉིས་ཀའི་སྒྲུབ་བྱེད་འཁོར་བ་དང་སྡུག་བསྔལ་འགོག་པ་ནི་རབ་ཏུ་བྱེད་པ་བཅུ་གཅིག་པ་དང་། བཅུ་གཉིས་པའོ། །ཡང་ཐུན་མོང་གི་ངོ་བོ་འགོག་པ་ལ། འདུ་བྱེད་བརྟག་པའི་རབ་ཏུ་བྱེད་པ་གསུངས་སོ། །དེའི་སྒྲུབ་བྱེད་དགག་པ་ལ། ཕྲད་པ་བརྟག་པ་དང་། དངོས་པོ་དང་དངོས་མེད་བརྟག་པ་དང་། བཅིངས་ཐར་བརྟག་པའི་རབ་ཏུ་བྱེད་པ་གསུམ་མོ། །ཆོས་བདག་གི་སྒྲུབ་བྱེད་བྱེ་བྲག་ཏུ་འགོག་པ་ནི། ལས་འབྲས་བརྟག་པའི་རབ་ཏུ་བྱེད་པ་སྟེ། ཕ་རོལ་པོས་དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་པའི་ཕྱིར་ཏེ། ལས་འབྲས་རྣམ་པར་བཞག་པའི་ཕྱིར། ཞེས་སྨྲ་བ་འགོག་པའི་ཕྱིར་རོ། །གསུམ་པ་གང་ཟག་གི་བདག་མེད་པ་བསྟན་པ་ལ་རབ་ཏུ་བྱེད་པ་བཅོ་བརྒྱད་པས་བསྟན་ཏེ། གང་ཟག་གི་བདག་བཀག་ནས་འཇུག་ཡུལ་གྱི་དེ་ཁོ་ན་ཉིད་སྟོན་པའི་ཕྱིར་རོ། །ཆོས་ཀྱི་ངོ་བོ་སྒྲུབ་བྱེད་དང་བཅས་པ་བཀག་ནས་ཆོས་ཀྱི་ཁྱད་པར་དུས་འགོག་པ་ལ། དུས་བརྟག་པའི་རབ་ཏུ་བྱེད་པ་གསུངས་སོ། །དུས་ཀྱི་ཚད་འགོག་པ་ལ། ཉི་ཤུ་པ་ཚོགས་པ་བརྟག་པའི་རབ་བྱེད་དང་། ཉི་ཤུ་གཅིག་པ་འབྱུང་འཇིག་བརྟག་པའི་རབ་བྱེད་དོ། །ཆོས་ཀྱི་སྒྲུབ་བྱེད་འབྲས་བུ་དེ་བཞིན་གཤེགས་པ་འགོག་པ་ནི། ཉི་ཤུ་གཉིས་པ་དེ་བཞིན་གཤེགས་པ་བརྟག་པའི་རབ་བྱེད་དོ། །རྒྱུའི་སྒོ་ནས་སྒྲུབ་བྱེད་བཀོད་པ་འགོག་པ་ནི། ཉི་ཤུ་གསུམ་པ་ཕྱིན་ཅི་ལོག་བརྟག་པའི་རབ་བྱེད་དོ། །དེས་ན་རབ་བྱེད་དང་པོ་གཉིས་ཀྱིས་ནི་ལུས་རྣམ་པར་བཞག་པའི་ཚུལ་དུ་གསུངས་ལ། སྐྱེ་འཇིག་བརྟག་པ་ནས་འབྱུང་འཇིག་བརྟག་པའི་བར་གྱིས་ནི་བདག་གཉིས་ཀྱི་ངོ་བོ་སྒྲུབ་བྱེད་དང་བཅས་པ་བཀག་ནས། བདག་མེད་གཉིས་རྒྱས་པར་བསྟན་ནོ། །དེ་བཞིན་གཤེགས་པ་བརྟག་པ་དང་ཕྱིན་ཅི་ལོག་བརྟག་པ་གཉིས་ཀྱིས་ནི་ཆོས་བདག་གི་སྒྲུབ་བྱེད་གཉིས་སུ་བསྡུས་ནས་བཀག་སྟེ། སྒྲུབ་བྱེད་རྒྱུ་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་གཉིས་སུ་བསྡུས་ནས་བཀག་པའི་ཕྱིར་རོ། །ཆོས་རང་བཞིན་མེད་པར་བསྟན་པ་ལ། མི་འཐད་པ་རྩོད་པ་སྤང་བའི་དོན་དུ་ནི་འཕགས་པའི་བདེན་པ་བརྟག་པ་དང་། མྱང་འདས་བརྟག་པ་གཉིས་གསུངས་སོ། །ཉན་ཐོས་ཀྱི་ལམ་ལ་འཇུག་ཚུལ་བསྟན་པ་ལ། མཐར་འཛིན་ཅན་གྱི་ལྟ་བ་སྤང་བའི་དོན་དུ་ཐ་མ་གཉིས་གསུངས་སོ། །སངས་རྒྱས་བསྐྱངས་ཀྱི་བྱས་ཚུལ་ལ། ཐེག་པ་ཆེན་པོའི་ལམ་ལ་འཇུག་ཚུལ་ནི། སྤྱིར་ངོ་བོ་ཉིད་མེད་པར་བསྟན་པ་དང་། ཆོས་ཀྱི་ཁྱད་པར་དགག་པའོ། །དང་པོ་ལ། ཆོས་དང་གང་ཟག་གི་ངོ་བོ་ཉིད་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ལ་རབ་ཏུ་བྱེད་པ་བརྒྱད་དེ། རྟེན་འབྲེལ་ཆོས་དང་གང་ཟག་འདི་དང་འདི་དག་གིས་སྟོང་ངོ་ཞེས་པའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་རྣམ་གྲངས་བསྟན་ལ། དགུ་པ་དང་བཅུ་པས་ནི་འཕྲོས་ཚུལ་གྱིས་སྒྲུབ་བྱེད་དགག་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ། གང་ཟག་གི་བདག་གི་སྒྲུབ་བྱེད་དགག་པ་དང་། ཐུན་མོང་གི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རབ་ཏུ་བྱེད་པ་བཅུ་གཅིག་པ་དང་། བཅུ་གཉིས་པས་བསྟན་ནོ། །ཐུན་མོང་གི་གྲུབ་བྱེད་དགག་པ་ལ། འདུ་བྱེད་བདེན་པ་དགག་པ་དང་། ཡོད་པའི་སྒྲུབ་བྱེད་དགག་པ་དང་། འགལ་བ་སྤོང་བ་དང་། འཕྲོས་དོན་གྱི་རྩོད་པ་དགག་པའོ། །དང་པོ་ནི། རབ་ཏུ་བྱེད་པ་བཅུ་གསུམ་པ་དང་། གཉིས་པ་ལ་རབ་ཏུ་བྱེད་པ་བཅུ་བཞི་པའོ། །གསུམ་པ་ནི་རྟེན་འབྲེལ་དུ་བསྟན་པ་དང་། ངོ་བོ་ཉིད་མེད་པར་བཤད་པ་འགལ་བར་རྩོད་པ་ན་རབ་ཏུ་བྱེད་པ་བཅོ་ལྔ་པས་གཉིས་པོ་མི་འགལ་བའི་ཚུལ་བསྟན་ནོ། །རང་བཞིན་མེད་ན་བཅིངས་གྲོལ་མི་འཐད་པ་རྩོད་པ་སྤང་བའི་དོན་དུ་རབ་བྱེད་བཅུ་དྲུག་པ་གསུངས་སོ། །གོང་དུ་འཁོར་བ་མི་འཐད་པར་བསྟན་པ་ན་འཁོར་བ་ཡོད་དེ། ལས་འབྲས་ཀྱི་འབྲེལ་པ་ཡོད་པའི་ཕྱིར། ཞེས་པའི་སྒྲུབ་བྱེད་འགོག་པའི་ཕྱིར་རབ་ཏུ་བྱེད་པ་བཅུ་བདུན་པ་གསུངས་སོ། །ལྷག་མ་རྣམས་སྔ་མ་བཞིན་དུ་འཆད། སློབ་དཔོན་ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི། མཆོད་བརྗོད་དུ་རྟེན་འབྲེལ་སྐྱེ་འགག་མེད་པ་དང་། འགྲོ་འོང་མེད་པར་གསུངས་པའི་དོན་བསྟན་པའི་དོན་དུ་རབ་བྱེད་དང་པོ་གཉིས་གསུངས་ལ། ཁྱད་པར་གྱི་ཆོས་ལྷག་པ་རྣམས་རབ་ཏུ་བྱེད་པ་ལྷག་མ་རྣམས་ཀྱིས་རྒྱས་པར་བསྟན་པ་ན་ཤུགས་ལ་གོ་བ་ལ་དགོངས་ནས་ཁྱད་ཆོས་ལྷག་མ་རྣམས་དང་དངོས་སུ་སྦྱར་བའི་རབ་ཏུ་བྱེད་པ་མ་གསུངས་སོ། །རྟེན་འབྲེལ་ལ་ལོག་པར་རྟོག་པ་དུ་མ་ཡོད་པ་བསལ་བའི་ཕྱིར་དུ་རབ་ཏུ་བྱེད་པ་ལྷག་མ་རྣམས་གསུངས་སོ། །ལོག་རྟོག་དེ་དག་ཀྱང་ཆོས་དང་གང་ཟག་ལ་ལོག་པར་རྟོག་པ་གཉིས་སུ་ངེས་པས་ཆོས་ཀྱི་བདག་གིས་སྟོང་པ་དང་། གང་ཟག་གི་བདག་གིས་སྟོང་པ་དང་། གཉིས་ཀས་སྟོང་པ་དང་། ཆོས་ཀྱི་ཁྱད་པར་གྱིས་སྟོང་པ་དང་། རང་བཞིན་མེད་པའི་དོན་ལ་རྩོད་པ་སྤང་བ་དང་། སླར་ཡང་སྒྲུབ་བྱེད་གཞན་དགག་པའི་ཚུལ་གྱིས་སོ། །དེ་ལ་སྐྱེ་མཆེད་བརྟག་པའི་རབ་བྱེད་ནས། བུད་ཤིང་བརྟག་པའི་རབ་ཏུ་བྱེད་པའི་བར་ནི། སྔ་མ་དགག་པ་ན་སླར་ཡང་སྒྲུབ་བྱེད་གཞན་བཀོད་པ་བཀག་པའི་རིམ་པས་གསུངས་ཏེ། དེ་དག་གིས་ཆོས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་ནོ། །ཆོས་དང་གང་ཟག་གཉིས་ཀས་སྟོང་པར་བསྟན་པ་ལ་སྔ་མ་ལྟར་ཕྱི་མ་ཕྱི་མ་སྒྲུབ་བྱེད་དུ་བཀོད་པ་བཀག་པའི་རིམ་པས་རབ་ཏུ་བྱེད་པ་བཅུ་བདུན་པའི་བར་དུ་གསུངས་སོ། །ལྷག་མ་རྣམས་སྔ་མ་བཞིན་ནོ། །འདིར་སློབ་དཔོན་ལེགས་ལྡན་བྱེད་ནི། ཐ་མ་གཉིས་ཀྱིས་ཉན་ཐོས་ཀྱི་ལམ་གྱི་འཇུག་ཚུལ་ལོགས་སུ་བསྟན་པར་ནི་མི་བཞེད། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་གསུངས་པ་དང་འགལ་ལོ་ཞེས་རྩོད་པའི་ཚེ། མ་རིག་པ་ནས་འདུ་བྱེད་ལ་སོགས་པ་སྔ་མ་ལ་རྟེན་ནས་ཕྱི་མ་རིམ་གྱིས་འབྱུང་བའི་ཕྱིར། རང་བཞིན་མེད་དོ་ཞེས་པས་བསྟན་ནོ། །སླར་ཡང་ཕུང་པོ་ཡོད་དེ་ལྟ་བའི་གནས་ཡིན་པའི་ཕྱིར་རོ་ཞེས་པའི་སྒྲུབ་བྱེད་བཀོད་པ་དགག་པའི་དོན་དུ་ཐ་མ་གསུངས་སོ། །ཟླ་གྲགས་ཀྱང་ལེགས་ལྡན་བྱེད་དང་མཐུན་ནོ། །རབ་ཏུ་བྱེད་པ་རྣམས་ཀྱི་འབྲེལ་བསྟན་ཟིན་ཏོ།།    །།རབ་ཏུ་བྱེད་པ་སོ་སོའི་དོན་བཤད་པ་ལ། རྐྱེན་བརྟག་པའི་རབ་ཏུ་བྱེད་པ་ལ་གསུམ་སྟེ། འབྲེལ་བཀོད་པ་དང་། རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་མདོའི་འབྲེལ་ནི། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་སྐྱེ་བ་མེད་དེ། ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། མཆོད་བརྗོད་དུ་སྐྱེ་བ་མེད་པ་ཞེས་པའི་དོན་རིགས་པས་ངེས་པའི་དོན་དུ་བཤད་པའོ། །གཉིས་པ་ལ་སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ། དམ་བཅའ་ཡོད་མེད་དཔྱད་པ་དང་། རང་རྒྱུད་ཀྱི་འཐད་པ་དཔྱད་པའོ། །དང་པོ་ལ། གཞན་ཕྱོགས་དགག་པ་དང་། རང་ཕྱོགས་བཞག་པའོ། །དང་པོ་ལ། དབུ་མ་སྨྲ་བ་རློམ་པ་འགའ་ཞིག དབུ་མ་པ་ལ་དམ་བཅའ་མེད་དེ། རང་ཕྱོགས་དང་གཞན་ཕྱོགས་གཉིས་སུ་ཕྱེ་ནས་རང་ཕྱོགས་མཐའ་ཅིག་ཏུ་བཞག་ཏུ་མེད་པའི་ཕྱིར། གཞན་དུ་ན་མཐར་འཛིན་ཅན་དུ་འགྱུར་བས་དབུ་མའི་དོན་མི་གནས་སོ། །རིགས་པ་དྲུག་ཅུ་པ་ལས་ཀྱང་། རྩོད་མེད་ཆེ་བའི་བདག་ཉིད་ཅན། །གང་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་པ་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །རང་གི་དམ་བཅའ་མེད་པ་ན། དེ་སྒྲུབ་བྱེད་གཏན་ཚིགས་ཀྱང་ཁས་མི་ལེན་པས་རང་རྒྱུད་ཀྱི་རྟགས་ཀྱང་འགོད་པར་བྱར་མེད་དོ། །གལ་ཏེ་ཚད་མ་ཁས་ལེན་ན་དམ་བཅའ་མེད་པར་མི་འགྱུར་བར་ཐལ། མི་ལེན་ན་དགག་སྒྲུབ་ངེས་པའི་བློ་མེད་པས་གཞན་དགག་པར་ཇི་ལྟར་འགྱུར་ཞེ་ན། ཕ་རོལ་པོའི་ཁས་བླངས་ནང་འགལ་བར་རྩོད་པའི་སྒོ་ནས་གཞན་སུན་འབྱིན་པར་བྱེད་པ་ཡིན་ལ། དེའི་ཚེ་གཞན་ཕྱོགས་མི་འཐད་པར་རྟོགས་པ་ཉིད་ཀྱིས་ལོག་རྟོག་ལྡོག་པས་དེ་ལས་ལྷག་པའི་དགོས་པ་གཞན་ཅི་ཞིག་ཡོད་དེ་ཞེས་སྨྲའོ། །འདི་ལ་རང་ཕྱོགས་གཞན་ཕྱོགས་མེད་ཅིང་། གཞན་སུན་འབྱིན་པ་ཙམ་ལ་ཞུགས་པས། སུན་ཅི་ཕྱིན་དུ་རྒོལ་བའང་འགྱུར་བས། དེ་ནི་ཟླ་བས་ཀྱང་ཡོངས་སུ་སྨད་པ་ཡིན་ནོ། །གཞན་ཕྱོགས་མི་འཐད་པར་རྟོགས་པའི་ཚད་མ་ཡང་མེད་པས། གཞན་གྱི་ཁས་བླངས་ནང་འགལ་བར་ཡང་མི་རྟོགས་ན་ཁས་བླངས་འགལ་བའི་སྒོ་ནས་འགོག་པར་ཡང་ཇི་ལྟར་འགྱུར། རྟེན་འབྲེལ་རང་བཞིན་གྱིས་སྐྱེ་བ་མེད་པར་མི་འདོད་ན། རང་བཞིན་ཡོད་པར་སྨྲ་དགོས་ཏེ། རང་བཞིན་ཡོད་མེད་གཉིས་ལས་མ་འདས་པའི་ཕྱིར། རྩོད་བཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་ཕྱིར། །ཞེས་སོ། །གལ་ཏེ་རྟེན་འབྲེལ་ཙམ་ཡང་ཁས་མི་ལེན་པས་ཉེས་པ་མེད་དོ་ཞེ་ན། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་པ་དང་། རིགས་པ་དྲུག་ཅུ་པ་ལས། གང་གིས་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་སྤངས་གྱུར་པ། །རྟེན་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཞེས་གསུངས་པ་ལྟར་རྟེན་འབྲེལ་གྱི་རིགས་པ་ནི་རྟག་པ་དང་ཆད་པར་ལྟ་བ་གཉིས་ཀའི་གཉེན་པོར་གསུངས་ན། ཁྱོད་ཀྱིས་ནི་རྟེན་འབྲེལ་སྤངས་པས་དབུ་མའི་ལུགས་ལས་རིང་དུ་གྱུར་པ་ཡིན་ནོ། །མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་ཡང་དབུ་མ་པའི་དམ་བཅར་མི་འདོད་ན་གཞན་སུ་ཞིག་གིས་དམ་བཅས་པ་ཡིན། དངོས་པོར་སྨྲ་བའི་འདོད་པའོ་ཞེ་ན་མ་ཡིན་ཏེ། རང་གི་གྲུབ་མཐའ་དགག་པའི་དམ་བཅའ་རང་གིས་དམ་བཅའ་བ་མི་སྲིད་པའི་ཕྱིར་དང་། དེ་དག་གིས་ནི་དེ་ལ་མི་འཐད་པར་རྒོལ་བའི་ཕྱིར་རོ། །ལོ་ཙཱ་བ་ཉི་མ་གྲགས་ཀྱིས་རྩོད་བཟློག་གི་དོན་ཡོངས་གཅོད་སྒྲུབ་པའི་དམ་བཅའ་མེད་པ་ཡིན་ལ། རྣམ་བཅད་དགག་པའི་དམ་བཅའ་ནི་ཡོད་པས་འདིར་སྐྱེ་བ་དགག་པའི་དམ་བཅའ་གསུངས་པ་དང་མི་འགལ་ལོ་ཞེས་གསུང་ངོ་། །འགའ་ཞིག་དེ་མི་འཐད་དེ། དགག་པའི་དམ་བཅའ་ཡོད་པར་མ་ཟད། སྒྲུབ་པའི་དམ་བཅའ་ཡང་ཡོད་པའི་ཕྱིར་ཏེ། རྒྱུ་ལས་འབྲས་བུ་འབྱུང་བ་དབུ་མ་པས་ཀྱང་འདོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མི་འདོད་ན། རྟེན་འབྲེལ་སྤངས་པས་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ཉེས་པ་ཡོད་དོ། །ཞེས་བརྗོད་དོ། །འདི་ནི་ལོ་ཙཱ་བའི་དགོངས་པ་ལ་མི་གནོད་དེ། ལོ་ཙཱ་བས་དེ་ཁོ་ན་ཉིད་སེམས་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་དང་། རིགས་པས་རྣམ་པར་བརྟགས་པ་ན་ཡོངས་གཅོད་དུ་གྲུབ་པའི་ཆོས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཡང་འགའ་ཞིག་ཐལ་འགྱུར་བ་ལ་རང་ལུགས་ཀྱི་དམ་བཅའ་ཡོད་དེ། །རང་གི་མངོན་པར་འདོད་པའི་དོན་དམ་བཅའ་བ་ཡོད་པས་སོ། །རང་རྒྱུད་ཀྱི་དམ་བཅའ་ནི་མེད་དེ། རང་རྒྱུད་ཀྱི་དོན་ནི་རང་དབང་ཡིན་པས་རང་དབང་དུ་གྲུབ་པའི་ཆོས་དམ་བཅའ་བ་མེད་དེ། བདེན་དངོས་འགོག་པའི་ཕྱིར། ཞེས་འདོད་དོ། །འོ་ན་རང་རྒྱུད་པ་ལ་ཡང་གང་ཟག་ཡོད་ཅེས་པའི་རང་རྒྱུད་ཀྱི་དམ་བཅའ་མེད་པར་འགྱུར་ཏེ། གང་ཟག་རང་བཞིན་གྱིས་གྲུབ་པར་དམ་བཅའ་བ་མེད་པའི་ཕྱིར་དང་། གང་ཟག་རང་དབང་དུ་གྲུབ་པ་འགོག་པའ་ཕྱིར་རོ། །གང་ཟག་རང་བཞིན་གྱིས་གྲུབ་པ་ནི་བྱེ་བྲག་སྨྲ་བས་ཀྱང་དམ་འཆའ་བར་མི་བྱེད་ན། དབུ་མ་རང་རྒྱུད་པས་མི་འདོད་པ་ལྟ་ཡང་ཅི་སྨོས། གང་ཟག་གི་བདག་མེད་ཙམ་ཡང་ལེགས་པར་མ་རྟོགས་པའི་དབུ་མ་པ་མཚན་ཉིད་པར་འདོད་པ་ནི་བཞད་གད་ཀྱི་གནས་ཡིན་པས་རིང་དུ་སྤང་ངོ་། །གལ་ཏེ་རང་བཞིན་ཡོད་པར་དངོས་སུ་མ་སྨྲས་སུ་ཟིན་ཀྱང་ཐལ་འགྱུར་བས་གཞལ་བ་ན། རང་བཞིན་གྱིས་གྲུབ་པར་དམ་འཆའ་བ་ཉིད་དུ་འགྱུར་རོ་ཞེ་ན། འོ་ན་དབུ་མ་རང་རྒྱུད་པས་གཞལ་བ་ན། ཐལ་འགྱུར་བས་ཆོས་རང་བཞིན་གྱིས་གྲུབ་པར་ཡོད་དོ་ཞེས་དམ་འཆའ་བ་ཉིད་དུ་སྨྲས་ན། སྐྱོན་གང་གིས་སྤོང་། མི་འཐད་དེ། ཐ་སྙད་དུ་ཡང་ཆོས་རང་བཞིན་གྱིས་གྲུབ་པ་འགོག་གོ་ཞེ་ན། རང་རྒྱུད་པས་ཀྱང་འགོག་པས་ཁྱད་པར་གང་གིས་རྣམ་པར་འབྱེད། འདི་ཇི་ལྟར་ཤེས་ཤེ་ན། རྩ་བ་ལས། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་པ། །ཞེས་པའི་འགྲེལ་པར་ལེགས་ལྡན་བྱེད་ཀྱིས། འབའ་ཞིག་ནི་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་ཀྱི་དྲི་ཙམ་གྱིས་ཀྱང་མ་གོས་པ་དག་ཡིན་ནོ། །ཐ་སྙད་ཀྱི་བདེན་པ་ལ་སྐུར་བ་འདེབས་པ་ཡང་མ་ཡིན་ཏེ། དེ་དག་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་གསུངས་པ་དང་། བདེན་གཉིས་ལས། གལ་ཏེ་རིགས་པའི་སྟོབས་ཀྱིས་ནི། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །ཞེས་སོ། །གཞུང་འདི་དག་གིས་ནི་དོན་དམ་གྱིས་ཁྱད་པར་མ་བྱས་པར་ཀུན་རྫོབ་ཏུ་ཡང་རང་བཞིན་མེད་པར་གསུངས་སོ། །གལ་ཏེ་དོན་དམ་པར་རང་བཞིན་མེད་ཅེས་དགག་བྱ་དོན་དམ་གྱིས་ཁྱད་པར་དུ་བྱས་པའི་ཤུགས་ལས་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པར་འདོད་དོ་ཞེ་ན། འོ་ན་སངས་རྒྱས་བསྐྱངས་ཀྱིས། མཐའ་བཞིའི་སྐྱེ་བ་དགག་པའི་སྐབས་སུ། དངོས་པོའི་སྐྱེ་བ་དེ་དག་ལས་སམ། གཞན་ལས་སམ། བདག་གཞན་གཉིས་ཀ་ལས་སམ། རྒྱུ་མེད་པ་ལ་འགྱུར་གྲང་། བརྟགས་ན་རྣམ་པ་ཐམས་ཅད་ལས་མི་འཐད་ཅེས་གསུངས་པའི་ཤུགས་ཀྱིས་མ་བརྟགས་པའི་ངོར་མཐའ་བཞིའི་སྐྱེ་བ་ཡོད་དོ་ཞེས་དམ་འཆའ་བ་ཉིད་དུ་འགྱུར་རོ་ཞེས་མཚུངས་པ་བརྗོད་དོ། །སངས་རྒྱས་བསྐྱངས་ཀྱིས། དངོས་པོར་སྨྲ་བ་དག་གིས་སྐྱེ་འགག་ལ་སོགས་པའི་དོན་དེ་ཁོ་ན་སེམས་པར་བྱེད་པ་ལ་རྟེན་ནས་རྩོམ་པར་བྱེད་དེ་ཞེས་གསུངས་པས་ན། དེ་ཁོ་ན་ཉིད་སེམས་པའི་རིགས་པ་ལ་རྟེན་ནས་སྐྱེ་འགག་འཇོག་པར་བྱེད་པ་ཡིན་པས། ལེགས་ལྡན་བྱེད་ཀྱིས་སྐྱེ་བ་དགག་པའི་དུས་སུ་དོན་དམ་པར་སྐྱེ་བ་མེད་ཅེས་གསུངས་པ་ནི་དངོས་སུ་ཁས་བླངས་པའི་དོན་ལ་གནོད་པ་དངོས་སུ་འབབ་པར་བརྗོད་པས་ཤིན་ཏུ་རིགས་ཤིང་། སངས་རྒྱས་བསྐྱངས་ཀྱིས། བརྟགས་ན་སྐྱེ་བ་མེད་ཅེས་པ་དང་ཡང་དོན་གཅིག་པར་སྣང་སྟེ། དོན་དམ་པར་སྐྱེ་བ་མེད་པ་དང་། རིགས་པས་དཔྱད་ན་སྐྱེ་བ་མེད་པ་གཉིས་ཁྱད་པར་བྱར་མེད་པའི་ཕྱིར། གཞན་ཡང་། རྟོག་གེ་བ་དག་ལའང་། རང་ལུགས་ཀྱི་དམ་བཅའ་ཡོད་ཀྱི། རང་རྒྱུད་ཀྱི་དམ་བཅའ་མེད་དོ་ཞེས་སྨྲས་ན་ཁྱད་པར་གང་གིས་རྣམ་པར་འབྱེད། རྟོག་གེའི་གཞུང་ལུགས་སུའང་རང་ལུགས་ཀྱི་དམ་བཅའ་དང་། དེ་སྒྲུབ་ཀྱི་གཏན་ཚིགས་བཀོད་པ་ཙམ་ལ་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ཡོད་ཅེས་བརྗོད་པ་ཙམ་ཡིན་གྱི། རང་རྒྱུད་ཀྱི་ཐ་སྙད་དངོས་སུ་ཡོད་པ་ནི་མ་ཡིན་ནོ། །རྟོག་གེ་བས་སྤྱི་ཡོད་ཅེས་དམ་འཆའ་བ་ཉིད་རང་རྒྱུད་ཀྱི་དམ་འཆའ་མ་ཡིན་པ་དང་། དེ་སྒྲུབ་ཀྱི་རྟགས་ཀྱང་རང་རྒྱུད་ཀྱི་རྟགས་མ་ཡིན་པར་འགྱུར་ཏེ། དེ་དག་རང་བཞིན་གྱིས་གྲུབ་པར་མི་འདོད་པའི་ཕྱིར། རྣམ་འགྲེལ་ལས། དེ་མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། །ཞེས་གསུངས་པ་ལྟར་རོ། །གང་དག་མདོ་སྡེ་པ་དག་གིས་གང་ཟག་ཡོད་པར་རང་རྒྱུད་དུ་དམ་འཆའ་བ་ན། གང་ཟག་རང་དབང་ཅན་དུ་དམ་འཆའ་བར་འགྱུར་བས་དེ་ལྟ་ན་གང་ཟག་རང་དབང་ཅན་དུ་གྲུབ་པ་འགོག་པའི་དོན་འདི་ཅི་ཡིན་སྨྲ་དགོས་སོ། །ཚིག་གི་ལོ་མས་དོན་གྱི་སྐྱོན་སྤོང་བར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །བྱེ་བྲག་སྨྲ་བ་ནས་བཟུང་སྟེ། དབུ་མ་རང་རྒྱུད་པའི་བར་ལ་དགག་བྱ་ལ་སྒྲོ་འདོགས་གཅོད་པའི་རིམ་པ་རིམ་གྱིས་ཕྱི་མ་ཕྱི་མ་ལྷག་པའི་དོན་མེད་པས་འོག་མ་འོག་མ་ལས་གོང་མ་གོང་མ་ཁྱད་པར་དུ་འཇོག་པའི་དོན་དང་། གོང་འོག་ཏུ་རྣམ་པར་འབྱེད་པའི་དོན་ལ་སྤྱོད་པ་ཙམ་ཡང་མ་ཞུགས་པར་སྣང་ངོ་། །གཉིས་པ་རང་ལུགས་བཞག་པ་ནི། ཐལ་འགྱུར་བ་ལའང་དམ་བཅའ་གདོན་མི་ཟ་བར་ཡོད་པར་བྱ་དགོས་ཏེ། རྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །རྣམ་བཅད་དགག་པའི་དམ་བཅའ་ཡང་ཡོད་དེ། འདིར་མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་གསུངས་པ་ལྟ་བུའོ། །སྒྲུབ་པའི་དམ་བཅའ་ནི། མདོ་ལས། མི་འཇིགས་པ་བཞིའི་དམ་བཅའ་གསུངས་པ་དང་། ཀླུ་སྒྲུབ་ཀྱིས། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཞེས་པ་དང་། འཇུག་པ་ལས་ཀྱང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞིང་། །ཞེས་གསུངས་པ་དང་། སྐྱེ་མཆེད་ཀྱི་དུས་སུ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བློའི་དམ་བཅའ་དང་། གཟུགས་སོགས་རྟེན་འབྱུང་དུ་དམ་བཅས་པ་ལྟ་བུ་སྟེ། གཞན་ཡང་སྤྱོད་ཕྱོགས་ཀྱི་གཞུང་རྒྱ་ཆེར་ཁུངས་སུ་སྦྱར་བར་བྱའོ། །དམ་འཆའ་ཚུལ་ནི་གསུམ་སྟེ། གཞན་ངོ་ཁོ་ནར་དམ་བཅས་པ་དང་། གཉིས་ཀ་མཐུན་པར་དམ་བཅས་པ་དང་། ཐུན་མོང་མ་ཡིན་པའི་དམ་བཅའ་འོ། །དང་པོ་ནི། འཇུག་པ་ལས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་ཞེས་གསུངས་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་པ་དང་། འབྲས་ཕྱིར་འདི་དག་མེད་ཀྱི་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། གཟུགས་སོགས་རྟེན་འབྱུང་དུ་དམ་བཅས་པ་སྟེ། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ཀྱི་ཐུན་མོང་དུ་སྨྲ་བའི་ཕྱིར་རོ། །གསུམ་པ་ནི། རྟེན་འབྲེལ་རང་བཞིན་མེད་པར་དམ་བཅས་པ་སྟེ། འདི་ནི་གྲུབ་མཐའ་གཞན་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །རིན་ཆེན་ཕྲེང་བ་ལས། བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཐུན་མོང་མིན་ཤེས་ཀྱིས། །ཞེས་པ་དང་། འཇུག་པ་ལས། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་བརྗོད། །ཅེས་སོ། །འོ་ན་རྩོད་བཟློག་ལས། དམ་བཅའ་མེད་པར་བཤད་པའི་ཚུལ་ཇི་ལྟར་འཆད་ཅེ་ན། རྩོད་བཟློག་གི་དོན་ནི། དངོས་པོར་སྨྲ་བས་ཁྱོད་ཀྱི་ཚིག་ལ་རང་བཞིན་མེད་ན་རང་བཞིན་བཟློག་པར་མི་ནུས་ལ། རང་བཞིན་ཡོད་ན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམ་བཅས་པ་དང་འགལ་ལོ། །ཞེས་རྩོད་པའི་ལན་དུ། གལ་ཏེ་ངས་ཚིག་རང་བཞིན་གྱིས་གྲུབ་པ་ཞིག་གིས་ཆོས་འགའ་ཞིག་དམ་བཅས་པ་ཡོད་ན་ང་ལ་ཁས་བླངས་ནང་འགལ་བའི་སྐྱོན་ཡོད་པ་ལས། ཚིག་རང་བཞིན་གྱིས་གྲུབ་པར་མི་འདོད་པས་ན་ཚིག་རང་བཞིན་གྱིས་གྲུབ་པ་ཞིག་གིས་ཆོས་འགའ་ཞིག་དམ་བཅས་པ་མེད་པས་ང་ལ་ནི་ཁས་བླངས་ནང་འགལ་བའི་སྐྱོན་མེད་པ་ཁོ་ནའོ། །འདི་ནི་རྩོད་བཟློག་གི་རང་འགྲེལ་གྱི་དོན་ཇི་ལྟ་བ་བཞིན་ནོ། །སྤྱི་ལྡོག་ནས་དམ་བཅའ་ཁས་མི་ལེན་པར་བཤད་པ་ནི་མ་ཡིན་ནོ། །འོ་ན་དམ་བཅའ་དང་། རང་རྒྱུད་ཀྱི་དམ་བཅའི་ཁྱད་པར་ཅི་ཡོད་ཅེ་ན། དང་པོ་ནི། ཚད་མས་གྲུབ་པར་འདོད་པའི་ཆོས་ཅན་ལ། ཁྱད་པར་གྱི་ཆོས་འགའ་ཞིག་ལ་སྒྲུབ་འདོད་ཞུགས་ནས་རང་རྒྱུད་ཀྱི་རྟགས་ཀྱིས་སྒྲུབ་པར་འདོད་པའི་དམ་བཅའ་ཡིན་ལ། གཉིས་པ་ནི། རང་གིས་མངོན་པར་འདོད་པའི་ཆོས་འགའ་ཞིག་དམ་བཅས་པ་སྟེ། སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་དོ། །རིགས་ངོར་མིག་སོགས་རང་བཞིན་གྱིས་སྐྱེ་བ་མེད་པར་དམ་བཅས་པ་ལྟ་བུ་ནི། ལྡོག་ཕྱོགས་གནོད་བྱེད་ཀྱི་ཐལ་འགྱུར་བརྗོད་པའི་འཐད་པས་རྟོགས་པར་བྱ་བའི་ཐལ་འགྱུར་གྱི་དམ་བཅའ་དག་འདོད་དོ། །ཕྱོགས་འདི་ལ། ཁོ་བོ་ལ་རྟོགས་ཚུལ་གྱི་རིམ་པ་གཉིས་འབྱུང་སྟེ། དང་པོ་ནི། གཞན་ཕྱོགས་དགག་པ་ཁོ་ནའི་བསམ་པས་སྨྲས་པའི་དམ་བཅའ་ནི། དམ་བཅའ་ཙམ་ཡིན་གྱི། རང་རྒྱུད་ཀྱི་དམ་བཅའ་མ་ཡིན་ལ། རང་ཕྱོགས་སྒྲུབ་པར་འདོད་པའི་བསམ་པས་སྨྲས་པ་ནི། རང་རྒྱུད་ཀྱི་དམ་བཅའ་ཞེས་བཤད་པ་བྱས་སོ། །འོན་ཀྱང་ཅུང་ཟད་མི་འཐད་པར་ངག་ལས་རྟོགས་སོ། །འཐད་པ་ནི་སྔ་མར་བཀོད་པ་བཞིན་ནོ། །དེ་ལ་ཐལ་འགྱུར་བས་རང་རྒྱུད་ཀྱི་དམ་བཅའ་མི་འཐད་པར་གསུངས་པ་ནི། དོན་དམ་དཔྱོད་པའི་དབང་དུ་བྱས་པ་ཡིན་ལ། ཐ་སྙད་རྣམ་པར་འཇོག་པའི་ཚེ་ནི། རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ཡོད་པའི་ཚུལ་འོག་གནས་འཆད་དོ། །གཉིས་པ་རང་རྒྱུད་ཀྱི་འཐད་པ་དཔྱད་པ་ནི། སློབ་དཔོན་ལེགས་ལྡན་བྱེད་ཀྱི་བཤད་ཚུལ་ནི། རང་གིས་སྟོང་པ་ཉིད་དུ་རྟོགས་པའི་དོན་གཞན་གྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གཞན་དག་གིས་རང་བཞིན་སྐྱེ་མེད་ཀྱི་དོན་ཚད་མས་རྟོགས་པར་བྱ་དགོས་ཤིང་། མངོན་སུམ་གྱིས་མི་རྟོགས་པས་དེ་ཉིད་རྗེས་དཔག་གིས་རྟོགས་པར་བྱ་དགོས་ལ། རྗེས་དཔག་ཀྱང་ཚུལ་གསུམ་ཚད་མས་གྲུབ་པའི་རྟགས་ལ་རྟེན་དགོས་པའི་ཕྱིར། རང་རྒྱུད་ཀྱི་རྟགས་གདོན་མི་ཟ་བར་བྱ་དགོས་སོ་སྙམ་དུ་དགོངས་སོ། །ཐལ་འགྱུར་ཙམ་གྱིས་ནི་སྤྲོས་པའི་སྒྲོ་འདོགས་གཅོད་ནུས་པ་མ་ཡིན། དེ་ཚུལ་གསུམ་ཚད་མས་མ་གྲུབ་པས་རྗེས་དཔག་བསྐྱེད་པའི་མཐུ་མེད་པའི་ཕྱིར། དེས་ན་རྗེས་དཔག་བསྐྱེད་པ་ལ་རང་རྒྱུད་ཀྱི་རྟགས་དགོས་པས་རྩ་བའི་དགོངས་པ་རང་རྒྱུད་ཀྱི་སྒོ་ནས་འཆད་པར་བྱེད་དོ། །སློབ་དཔོན་ཟླ་བས་ནི། དོན་དམ་ལ་དཔྱོད་པ་དེའི་ཚེ། རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པའི་ཆོས་ཅན་ལ་རང་གིས་མངོན་པར་འདོད་པའི་ཆོས་དཔག་འདོད་ཀྱི་ཡུལ་དུ་བཟུང་ནས་རང་རྒྱུད་ཀྱི་རྟགས་ཀྱིས་སྒྲུབ་པར་བྱར་མེད་དེ། རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པའི་ཚུལ་གསུམ་མེད་པའི་ཕྱིར་ཏེ། འདི་ཇི་ལྟར་ཤེས་ཤེ་ན། རང་གིས་ཁོང་དུ་ཆུད་པའི་དོན་གཞན་གྱིས་རྟོགས་པའི་ཕྱིར་དུ་རྟགས་འགོད་པ་ནི། རྒོལ་བ་རྣམས་ཀྱི་སྤྱི་ལུགས་ཡིན་པས་དབུ་མ་པས་ཀྱང་ཆོས་ཅན་སྣང་བ་ལ་རིགས་པས་དཔྱད་ན་མ་རྙེད་པའི་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ཉིད་གཞན་ལ་བསྟན་པའི་ཕྱིར་དུ་རྟགས་འགོད་པར་བྱ་དགོས་ལ། དེའི་ཚེ་དབུ་མ་པའི་ངོར་ཆོས་ཅན་སྣང་བ་ཙམ་ཡང་མེད་པའི་ཕྱིར། དཔེར་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་རབ་རིབ་མེད་པའི་ངོར་སྣང་ལྡོག་ཙམ་ཡང་མེད་པ་བཞིན་ནོ། །ཚིག་གསལ་ལས། རབ་རིབ་ཅན་གྱི་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ཡོད་པའི་དོན་གྱི་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པ་དེའི་ཚེ་ན། ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་གྱི་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། སློབ་དཔོན་གྱིས་ཀྱང་། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་གླན་ཀ་མེད། །ཅེས་གསུངས་སོ་ཞེས་པ་དང་། དེ་ལྟར་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར་ན། གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བ་ལྟ་ག་ལ་ཡོད་ཅེས་རྒྱ་ཆེར་གསུངས་པ་ལྟར་རོ། །སློབ་དཔོན་གྱི་ལུང་གི་དོན་ནི། གལ་ཏེ་མངོན་སུམ་དང་རྗེས་དཔག་ལ་སོགས་པའི་ཚད་མའི་དོན་གྱིས་ཆོས་ཅན་འགའ་ཞིག་དམིགས་ན། དེ་དཔྱད་གཞིར་བཟུང་ནས་ཆོས་འགའ་ཞིག་བསྒྲུབ་པའམ། བཟློག་པར་བྱ་ན་ཆོས་ཅན་དེ་ཚད་མས་གྲུབ་པ་མེད་པའི་ཕྱིར། རང་རྒྱུད་ཀྱི་དམ་བཅའ་སྒྲུབ་པར་བྱེད་པའི་རྟགས་བཀོད་པ་མེད་པས་ང་ལ་གཞན་གྱིས་བཙལ་བའི་ཀླན་ཀ་མེད་ཅེས་ཟླ་བས་འཆད་དོ། །ཐལ་འགྱུར་ཙམ་གྱིས་དམ་བཅའི་དོན་ལ་རྟོགས་པ་མི་བསྐྱེད་ཅེས་འདོད་པ་ལ་ཡང་བཤད་པར་བྱ་སྟེ། ཕ་རོལ་པོ་ལ་ཁས་བླངས་ནང་འགལ་བར་རིགས་པས་བརྩད་པའི་ཚེ། ལོག་རྟོག་ལྡོག་ན་དགོས་པའི་དོན་གྲུབ་ཟིན་པས། དེ་ལས་ལྷག་པ་གཞན་ཅི་ཞིག་ཡོད། རང་གི་དམ་བཅའ་ཡང་དེ་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། དཔེར་ན་བདག་ལས་སྐྱེ་བ་ལ་གནོད་བྱེད་བརྗོད་པས་དེ་མི་འཐད་པར་རྟོགས་པ་ན་བདག་ལས་སྐྱེ་མེད་ཀྱི་དོན་གྲུབ་པ་བཞིན་ནོ། །གལ་ཏེ་གཞན་གྱི་གྲུབ་པའི་མཐའ་ལ་སྐྱོན་བརྗོད་པས་ཀྱང་མི་ལྡོག་ན་སྐྱོན་ཡོད་པར་ཤེས་བཞིན་མི་ལྡོག་པའམ། མི་ཤེས་ནས་མི་ལྡོག་པ་ཡིན། དང་པོ་ལྟར་ན། ངོ་ཚ་དང་ཁྲེལ་མེད་པ་ཉིད་ཀྱི་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་མི་ལྡོག་གོ །གཉིས་པ་ལྟར་ན། རིགས་པ་འགོད་པར་བྱ་བའི་ཡུལ་མ་ཡིན་པས་ཁོ་བོ་ནི་བསྙོན་པ་དང་ལྷན་ཅིག་ཏུ་རྩོད་པ་མ་ཡིན་ནོ། །ཞེས་བཤད་དོ། །དེས་ན་ཡིན་ལུགས་ལ་སེམས་པའི་ཚེ། རྒོལ་བ་གཉིས་ཀ་ལ། གྲུབ་པའི་ཆོས་ཅན་མེད་པས་དེ་ལ་མངོན་པར་འདོད་པའི་ཆོས་དམ་འཆའ་བ་མེད་པའི་ཕྱིར། རང་རྒྱུད་ཀྱི་དམ་བཅའ་དང་། རྟགས་འགོད་པར་བྱར་མེད་ལ། ཐ་སྙད་ཀྱི་ཆོས་རྣམ་པར་འཇོག་པའི་ཚེ་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ཀྱང་ཡོད་དེ། ཆོས་ཅན་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པ་ལ་རང་གིས་དཔག་པར་འདོད་པའི་དོན་གྱི་སྒྲུབ་བྱེད་ཚུལ་གསུམ་ཚད་མས་གྲུབ་པ་ཡོད་པའི་ཕྱིར་རོ། །དེ་ཙམ་གྱིས་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ཁས་ལེན་པར་མི་འགྱུར་བ་ཡང་མ་ཡིན་ཏེ། རྟོག་གེ་བ་དག་གི་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་སྨྲ་བའི་དོན་ཡང་གཉིས་ཀ་ལ་ཚད་མས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་རང་གིས་མངོན་པར་འདོད་པའི་ཆོས་དམ་བཅས་པའི་སྒྲུབ་བྱེད་ཚུལ་གསུམ་ཚད་མས་གྲུབ་པ་འགོད་པ་ཙམ་ལས་གཞན་ཅི་ཞིག་ཡོད། ཚིག་གསལ་ལས་ཀྱང་། རང་རྒྱུད་ཀྱི་སུན་འབྱིན་དུ་གཉིས་ཀ་ལ་གྲུབ་པའི་ཆོས་ཅན་མེད་པའི་སྒོ་ནས་སུན་འབྱིན་མཛད་པ་དང་། རང་རྒྱུད་ཀྱི་དམ་བཅའི་དཔེར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་པའི་རང་རྒྱུད་ཀྱི་དམ་བཅའ་བ་དག་ག་ལ་ཡོད། །ཅེས་གསུངས་སོ། །ཡེ་ཤེས་འབྱུང་གནས་འོད་ཀྱིས་ཀྱང་། དོན་དམ་དཔྱོད་པའི་སྐབས་མིན་པས། །རང་རྒྱུད་བྱས་ཀྱང་འགལ་བ་མེད། །ཅེས་སོ། །དེས་ན་ཟླ་བའི་བཞེད་ཚུལ། དབུ་མ་རྩ་བ་འདིར་དོན་དམ་དཔྱོད་པ་ཤས་ཆེ་བས་ཕལ་ཆེར་ཐལ་བ་བསྒྲུབ་པའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་ཅེས་པ་བཞེད་པ་ཡིན་གྱི་རང་རྒྱུད་གཏན་མི་བྱེད་པ་ནི་མ་ཡིན་ཏེ། ཚིག་གསལ་ལས། ཕལ་ཆེར་ཐལ་བ་བསྒྲུབ་པའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ་ཞེས་གསུངས་པས་ན། ཤས་ཆེ་ཆུང་གི་སྒོ་ནས་སྨྲ་བར་མངོན་ནོ། །གལ་ཏེ་དོན་དམ་ལ་དཔྱོད་པའི་ཚེ་རྒོལ་བ་གཉིས་ཀ་ལ་གྲུབ་པའི་ཆོས་ཅན་དང་རྟགས་མེད་པ་ལྟར། རྒོལ་བ་དང་ཐལ་འགྱུར་གྱི་རྟགས་ཀྱང་མེད་པས་གང་གིས་གང་ལ་རྟགས་དང་ཐལ་འགྱུར་འགོད་པར་བྱེད་ཅེ་ན། གང་དཔྱད་གཞིར་གཟུང་བ་དེ་ཉིད་རིགས་ངོར་མ་རྙེད་པ་ཡིན་ལ། དེ་ཙམ་གྱིས་རྒོལ་བ་དང་རྟགས་མེད་པར་མི་འགྱུར་ཏེ། དེའི་ཚེ་རྒོལ་བ་གཉིས་ཁྱད་གཞིར་བཟུང་ནས་ཡོད་མེད་དཔྱད་པའི་སྐབས་མ་ཡིན་པའི་ཕྱིར། གལ་ཏེ་རྒོལ་བ་དང་། རྟགས་དཔྱད་གཞིར་བཟུང་ནས་དེ་ལ་རྣམ་པར་དཔྱད་ན་དེའི་ཚེ་རིགས་ངོར་རྒོལ་བ་དང་རྟགས་མི་རྙེད་པ་ནི་འདོད་པ་ཁོ་ནའོ། །ཐ་སྙད་དུ་རང་རྒྱུད་ཀྱི་རྟགས་ཀྱང་མང་དུ་གསུངས་ཏེ། འཇུག་པ་ལས། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་དང་། འགྲེལ་པར། རིགས་པ་གཞན་ལ་སྦྱོར་ཚུལ་ཡང་བཤད་དེ། འཇིག་རྟེན་གཞན་རྟོགས་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ན་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། ཞེས་པ་དང་། ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །ཞེས་པ་དང་། གཏན་ཚིགས་དང་དཔེ་ནི་དེ་གཉིས་ཁོ་ནའོ། །ཞེས་པ་དང་། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་གྱུར་ཡང་འགྱུར། །ཞེས་པ་དང་། དེའི་འགྲེལ་པར། བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་སྣང་དུ་རུང་བ་མ་ཡིན་པ་གང་ཡིན་པ་དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གཞན་ལ་གཏོང་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ལས་གསལ་བར་དཔོག་སྟེ། དུ་བ་ལ་སོགས་པ་ལས་མེ་དཔོག་པ་བཞིན་ནོ། །ཞེས་པ་དང་། རང་བཞིན་གྱིས་སྟོང་ཞིང་འཐད་པ་དང་བྲལ་བའི་གཏན་ཚིགས་ཀྱིས། བསྒྲུབ་བྱ་སྒྲུབ་པ་ནི། ཞེས་སོགས་མང་དུ་གསུངས་སོ། །གལ་ཏེ་འདི་རང་རྒྱུད་ཀྱི་རྟགས་མ་ཡིན་ཞེ་ན། དགག་སྒྲུབ་བྱེད་པའི་རིགས་པ་ནི་སྒྲུབ་པ་དང་སུན་འབྱིན་གཉིས་ལས་མ་འདས་པས་སུན་འབྱིན་ཉིད་དུ་ཁས་ལེན་པར་བྱེད་དམ། རྟོག་གེ་ལས། དུ་བའི་རྟགས་ཀྱིས་མེ་སྒྲུབ་པ་དང་། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིག་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་ནོ་ཞེས་བསྐལ་བའི་བར་དུ་བསྒྲེ་བར་བྱའོ། །རང་རྒྱུད་ཀྱི་དོན་རང་དབང་གིས་གྲུབ་པར་འདོད་པ་ནི་བཀག་ཟིན་ནོ། །གལ་ཏེ་དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ཡང་དོན་དམ་ལ་དཔྱོད་པའི་སྐབས་ཀྱི་དབང་དུ་བྱས་པ་ཡིན་པས་ཉེས་པ་མེད་དོ། །སྤྱི་ལྡོག་ནས་རང་རྒྱུད་ཀྱི་དམ་བཅའ་ཁས་མ་ལེན་པ་ལ་སྦྱོར་བ་ནི་ནོར་བ་སྟེ། འདི་ནི་སངས་རྒྱས་བསྐྱངས་ཀྱིས་བདག་ལས་སྐྱེ་མེད་ཀྱི་འཐད་པའི་སྐབས་སུ་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། སྐྱེ་བ་ཐུག་པ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ན་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་དེ་ལ་སྐྱོན་བརྗོད་པ་ནི། དངོས་སུ་བཀོད་པའི་ངག་འདི་རང་རྒྱུད་དུ་འདོད་ན་མི་འཐད་དེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཐལ་འགྱུར་དུ་འདོད་ན། བཟློག་པའི་སྒོ་ནས་རང་རྒྱུད་འཕེན་དགོས་ཏེ། འདིར་རང་རྒྱུད་གདོན་མི་ཟ་བར་བྱ་དགོས་ལ། ལོགས་སུ་རང་རྒྱུད་བཀོད་པ་མི་སྣང་བའི་ཕྱིར་རོ། །བཟློག་པ་འཕེན་པ་དེའི་ཚེ། བདག་ལས་སྐྱེ་བ་མེད་པ་ལས་བཟློག་ནས་གཞན་ལས་སྐྱེ་བ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་མེད་པ་ལས་བཟློག་ནས་སྐྱེ་བ་ཐུག་ཡོད་དུ་འགྱུར་རོ། །དེ་ལྟ་ན། གཞན་ལས་སྐྱེ་བ་དགག་པ་མཛད་པ་དང་འགལ་བ་ཡིན་ནོ། །ཞེས་སྐྱོན་བརྗོད་མཛད་པ་ཡིན་ལ། སློབ་དཔོན་ཟླ་བས། འདིའི་སྐྱོན་སྤོང་བར་འདོད་ནས། དབུ་མ་པ་ཡིན་ན་ནི། བདག་ལས་སྐྱེ་བ་མེད་པ་ལས་བཟློག་ནས། གཞན་ལས་སྐྱེ་བ་ཉིད་དུ་སྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་མ་ཡིན་ཏེ། བདག་ལས་སྐྱེ་བ་ལས་ཕྱོགས་གཞན། གཞན་ལས་སྐྱེ་བ་ཡང་ཁས་བླངས་པ་མེད་པའི་ཕྱིར། ཞེས་བཤད་ནས། འཕགས་པ་ལྷའི་ལུང་དང་སྦྱར་ཏེ་གསུངས་སོ། །དེ་ལྟ་བས་ན། གཞན་ལས་སྐྱེ་བ་ཉིད་དུ་སྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་མི་རིགས་ཞེས་བྱེ་བྲག་ཏུ་བཤད་པར་བྱ་བ་ཡིན་གྱི། སྤྱིར་རང་རྒྱུད་ཁས་མི་ལེན་པ་ལ་སྦྱར་བ་ནི་མ་ཡིན་ནོ། །གོང་དུ་རང་རྒྱུད་མི་འཐད་ཅེས་སྦྱོར་བ་ཐམས་ཅད་དོན་དམ་ལ་དཔྱོད་པའི་དབང་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། །ཚིག་གསལ་ལས། དོན་དམ་དུ་རང་རྒྱུད་མི་འཐད་པའི་དོན་གཞན་ཡང་རྒོལ་བ་གཉིས་ཀ་ལ་གྲུབ་པའི་ཆོས་ཅན་མཐུན་སྣང་དུ་ཚད་མས་གྲུབ་པ་མེད་པའི་ཕྱིར་ཏེ། མིག་སོགས་ཀུན་རྫོབ་པ་ཆོས་ཅན་དུ་བཞག་ན། དངོས་པོར་སྨྲ་བའི་ངོར་མ་གྲུབ་ལ། དོན་དམ་པ་ཆོས་ཅན་དུ་བཞག་ན་དབུ་མ་པའི་ངོར་མ་གྲུབ་པའི་ཕྱིར། གལ་ཏེ་ཁྱད་པར་དོར་བའི་མིག་སོགས་ཙམ་ཞིག་ཆོས་ཅན་དུ་འཇོག་སྟེ། དཔེར་ན་སངས་རྒྱས་པ་དང་ཕྱི་རོལ་པ་སྒྲ་རྟག་པ་དང་མི་རྟག་པ་ཡིན་མིན་རྩོད་པའི་ཚེ། ཁྱད་པར་དོར་བའི་སྒྲ་ཙམ་ཆོས་ཅན་དུ་འཇོག་པ་བཞིན་ནོ་ཞེ་ན། དཔེ་དོན་མི་མཚུངས་ཏེ་སྒྲ་རྟག་མི་རྟག་རྩོད་པའི་ཚེ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་ཡོད་ལ། དངོས་པོར་སྨྲ་བ་དང་བདེན་པར་ཡོད་མེད་རྩོད་པའི་སྐབས་སུ་ནི་མེད་དེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཕྱི་དང་ནང་གི་དངོས་པོ་སྣང་སྟོང་དུ་རྟོགས་པའི་དོན་དེ་ཉིད་བློ་ཡུལ་དུ་བྱས་ནས་རྟགས་འགོད་པས། དེའི་ཚེ་དངོས་པོར་སྨྲ་བའི་ངོར་ཆོས་ཅན་དུ་བཟུང་བ་དེ་ཉིད་དབུ་མ་པའི་ངོར་སྣང་ལྡོག་ཙམ་ཡང་མེད་པའི་ཕྱིར། རབ་རིབ་མེད་པའི་ངོར་སྐྲ་ཤད་ཙམ་ཡང་མེད་པ་བཞིན་ནོ། །ཚིག་གསལ་ལས། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེར་ནི་སྒྲའི་སྤྱི་དང་། མི་རྟག་པ་ཉིད་ཀྱི་སྤྱི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡང་ཡོད་པ་ཡིན་ན། དེ་བཞིན་དུ་མིག་གི་སྤྱི་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་ལ། དོན་དམ་པར་ཡང་མ་ཡིན་པས་ཞེས་པ་དང་། འདིར་སྐྱེ་བ་འགོག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ། དེ་ཁོ་ནའི་རྟེན་ནམ་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོར་རྙེད་པ་ནི་ཉམས་པར་གྱུར་པ་འདི་རང་ཉིད་ཀྱིས་ཀྱང་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་ཏེ། འདིའི་དོན་ནི་བདེན་པར་ཡོད་མེད་དཔྱོད་པའི་ཚེ་རྟེན་ཆོས་ཅན་ཉམས་པ་ཡིན་པས་མི་སྣང་བ་ཡིན་ཞེས་སློབ་དཔོན་ལེགས་ལྡན་བྱེད་ཉིད་ཀྱིས་ཀྱང་ཁས་བླངས་པ་ཡིན་ནོ། །ཞེས་པའོ། །སློབ་དཔོན་ལེགས་ལྡན་བྱེད་ནི། བདེན་པར་ཡོད་མེད་རྩོད་པའི་ཚེ་ཡང་ཆོས་ཅན་སྣང་བ་ཙམ་ལྷག་མར་ལུས་པར་བྱ་དགོས་ཏེ། རྒོལ་བ་གཉིས་ཀས་སྣང་ཙམ་ཁྱད་གཞིར་བཟུང་ནས་བདེན་པར་ཡོད་མེད་རྩོད་པའི་ཕྱིར་དང་། དཔྱད་གཞི་སྣང་ཙམ་ཡང་མེད་ན། དཔྱད་གཞི་མེད་པས་སྔར་རྒོལ་ལ་དཔག་འདོད་ཕྱིར་རྒོལ་ལ་ཤེས་འདོད་མི་འབྱུང་བའི་ཕྱིར་དང་། བདེན་པ་བཀག་པ་ཙམ་གྱིས་སྣང་ཙམ་མི་ལྡོག་པའི་ཕྱིར་སྙམ་དུ་དགོངས་ནས་རང་རྒྱུད་དུ་བཤད་དོ། །དབུ་མ་རྩ་བའི་དགོངས་པ་ཐལ་འགྱུར་དང་རང་རྒྱུད་དུ་འཆད་པའི་བྱེ་བྲག་གིས། ཐལ་རང་གཉིས་སུ་གྱེས་པར་བཤད་པའི་དོན་མ་རྟོགས་པར་ལྟ་བ་བཟང་ངན་གྱི་བྱེ་བྲག་གིས་འབྱེད་པ་ནི་འཕགས་པའི་ཡུལ་གྱི་དབུ་མ་སྨྲ་བ་ཆེན་པོ་དག་གི་ལྟ་བ་ལ་སྒྲོ་འདོགས་བསྐུར་འདེབས་སུ་སྨྲ་བ་ཡིན་པས། མཆིལ་མའི་ཐལ་བ་བཞིན་དུ་དོར་བར་བྱའོ། །གཞུང་གི་བཤད་ཚུལ་ཅུང་ཟད་མི་འདྲ་བ་ཙམ་གྱིས་ཀྱང་ཁྱད་པར་ཕྱེད་པ་མ་ཡིན་ཏེ། སངས་རྒྱས་བསྐྱངས་དང་། ཟླ་བ་ལ་ཡང་ཡོད་པའི་ཕྱིར་དང་། རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་འཆད་ཚུལ་སངས་རྒྱས་བསྐྱངས་དང་མི་མཐུན་པར་ལེགས་ལྡན་བྱེད་དང་མཐུན་པར་བཤད་པའི་ཕྱིར་རོ། །སྤྲོས་པས་ཆོག་གོ །གཉིས་པ་གཞུང་གི་དོན་ལ། མཐའ་བཞིའི་སྐྱེ་བ་དགག གཞན་སྐྱེ་བྱེ་བྲག་ཏུ་དགག རྐྱེན་གྱི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ག་ལས་འཇིགས་མེད་ལས་ནི། བདག་ལས་མ་ཡིན་ཞེས་པ་ནི། བདག་ལས་མ་ཡིན་པའོ། །གཞན་ལས་མིན་ཞེས་པ་ནི་གཞན་གྱི་བདག་ཉིད་ལས་མིན་པའོ། །གཉིས་ལས་མ་ཡིན་ཞེས་པ་ནི་བདག་དང་གཞན་ལས་མ་ཡིན་པའོ། །རྒྱུ་མེད་མིན་ཞེས་པ་ནི་རྒྱུ་མེད་པར་སྐྱེ་བ་མ་ཡིན་པའོ། །དངོས་པོ་ནི་ཆོས་རྣམས་ཏེ། མུ་སྟེགས་ཐམས་ཅད་དང་ཐུན་མོང་བའོ། །གང་དག་ཅེས་པ་ནི་དངོས་པོ་འགའ་ཡང་ངོ་། །གང་ན་ཡང་ཞེས་པ་ནི་ཡུལ་དུས་གང་ན་ཡང་ངོ་། །སྐྱེ་བ་ནི་བྱུང་བའོ། །ནམ་ཡང་ནི་ལན་འགའ་ཡང་ངོ་། །ཡོད་པ་མ་ཡིན་པ་ནི་ཡོད་པ་མ་ཡིན་པའོ། །མཆོད་བརྗོད་དུ་འགག་པ་མེད་ཅེས་བཤད་པ་ཡང་གྲུབ་སྟེ། རིམ་པ་བཞི་པོ་འདིས་དངོས་པོ་རྣམས་སྐྱེ་བ་མི་འཐད་པའི་ཕྱིར། སྐྱེ་བའི་རིམ་པ་བཞི་པོ་འདི་མི་འཐད་པར་གང་གིས་ཤེས་ཤེ་ན། དངོས་པོ་རྣམས་ཀྱི་རང་བཞིན་ནི་བདག་ལས་སྐྱེ་བ་མི་འཐད་དེ། རྐྱེན་ལ་སོགས་པ་ལ་ཡོད་པ་མ་ཡིན་པའི་ཕྱིར། སོགས་པའི་སྒྲས་ནི་མུ་སྟེགས་ཀྱིས་འདོད་པའི་རྐྱེན་ཡང་བསྡུས་གསུང་། རྒྱུ་དེ་ལས་རྫས་གཞན་གྱི་འབྲས་བུའི་དངོས་པོ་ཡང་ཡོད་པ་མ་ཡིན་ཏེ། རྐྱེན་སོགས་ལ་བདག་གི་དངོས་པོ་ཡོད་པ་མིན་པའི་ཕྱིར་རོ། །དེ་ལྟ་ན་གཞན་ལས་སྐྱེ་བ་ཡང་མི་འཐད་དོ། །གཉིས་ཀ་ལས་ཀྱང་སྐྱེ་བ་མི་འཐད་དེ། རྒྱུ་ལ་བདག་གིས་དངོས་པོ་ཡོད་པ་དང་དེ་ལས་རྫས་གཞན་དུ་ཡོད་པ་གཉིས་ཀ་བཀག་པའི་ཕྱིར། རྒྱུ་མེད་དུ་སྐྱེ་བ་ནི་ཐ་ཆད་པ་ཁོ་ན་ཡིན་པ་དེ་ལས་ཀྱང་སྐྱེ་བ་མི་འཐད་དོ། །འདིར་བདག་དང་གཞན་ལས་མི་སྐྱེ་བའི་འཐད་པ་དངོས་སུ་བཀོད་པས་གཉིས་ཀ་ལས་མི་སྐྱེ་བ་དོན་གྱིས་གོ་བ་དང་། རྒྱུ་མེད་པར་སྐྱེ་བ་དགག་སླ་བར་དགོངས་ནས་འཐད་པ་དངོས་སུ་མ་བཀོད་དོ། །སློབ་དཔོན་གཞན་གསུམ་གྱི་འདི་འོག་ནས་འདོན་པར་མཛད་དེ། སངས་རྒྱས་བསྐྱངས་དང་ཟླ་བས་ནི་རང་བཞིན་གྱིས་སྐྱེ་བ་ཡིན་ན་མཐའ་བཞི་ལས་སྐྱེ་བ་ཡིན་གྲང་ན། བརྟགས་ན་མི་འཐད་དོ་འདི་ལྟར་ཤེས་ཤེ་ན། རེ་ཤིག་དངོས་པོ་གང་དག་གང་ན་ཡང་། བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བ་དང་། ཐུག་པ་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གཉིས་པོའི་འཐད་པ་འདི་ལྟར་དངོས་པོ་ཡོད་པ་ལ་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །གལ་ཏེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། གཏན་ཚིགས་སྔ་མ་དང་ཕྱི་མའི་འཐད་པ་རིམ་པ་བཞིན་དུ་སྦྱར་རོ། །གཞན་ལས་སྐྱེ་བ་ཡང་ནམ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔ་མ་བཞིན་དུ་བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པར་སྐྱེ་བ་ཡང་མ་ཡིན་ཏེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་དང་། རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །འདི་ནི་སངས་རྒྱས་བསྐྱངས་ཀྱི་ཚིག་སྟེ། ཟླ་བ་ཡང་དེའི་རྗེས་སུ་འབྲང་ངོ་། །སློབ་དཔོན་ལེགས་ལྡན་བྱེད་ནི། མཆོད་བརྗོད་དུ་རྟེན་འབྲེལ་སྐྱེ་མེད་དུ་བསྟན་པ་ན། འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་མི་འཐད་ཅེས་གཞན་གྱིས་རྩོད་པའི་ལན་དུ། རྟེན་འབྲེལ་ནི་ཐ་སྙད་ཀྱི་དབང་དུ་བྱས་ལ། འདིར་དོན་དམ་པར་སྐྱེ་བ་མེད་པའི་དབང་དུ་བྱས་ནས་བདག་ལས་སྐྱེ་བ་མིན་ནོ་ཞེས་སོགས་གསུངས་ཏེ། ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། ཤེས་པ་ཡོད་པ་ཉིད་བཞིན་ནོ། །དོན་དམ་པར་རྐྱེན་རྫས་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །བདག་གཞན་གཉིས་ཀ་ལས་སྐྱེ་བ་མ་ཡིན་ཏེ། ཕྱོགས་གཉིས་ཀའི་གཏན་ཚིགས་བསྟན་ཟིན་པའི་ཕྱིར། རྒྱུ་མེད་པར་སྐྱེ་བ་མ་ཡིན་ཏེ། སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར། མྱུ་གུ་བཞིན་ནོ། །སངས་རྒྱས་བསྐྱངས་ཀྱི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་གསུངས་པ་ནི་མི་འཐད་དེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་དུ་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར། མཛད་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས་སོ། །ཚིག་གསལ་དུ། ལེགས་ལྡན་བྱེད་ཀྱི་གཞུང་བཀོད་པ་ལ་གླགས་ཡོད་པའི་ཕྱིར་ཞེས་པའི་ཚིག་འདི་མི་སྣང་ལ། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་ཞེས་གསུངས་ནས་ཚིག་ལྷག་མ་རྣམས་སྔ་མ་བཞིན་དུ་སྣང་ངོ་། །འདི་ལ་ཁ་ཅིག འདིས་ཐལ་འགྱུར་ཡིན་ན། བཟློག་པ་རང་རྒྱུད་འཕེན་པར་འདོད་པས་སྐྱོན་ཡོད་ཅིང་། བདག་ལས་སྐྱེ་མེད་ལས་བཟློག་པ་ན་བདག་ལས་སྐྱེ་བ་ཉིད་དུ་འགྱུར་གྱི། གཞན་ལས་སྐྱེ་བ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། སྐྱེ་བ་དོན་ཡོད་པར་འཕངས་པ་ན་སྐྱེ་བ་ཡོད་པར་ཁས་ལེན་དགོས་ལ། དོན་དམ་ལ་དཔྱོད་པའི་སྐབས་འདིར་སྐྱེ་བ་དོན་ཡོད་དང་། སྐྱེ་བ་ཐུག་ཡོད་དུ་ཁས་ལེན་པ་ན་གཞན་ལས་སྐྱེ་བ་ལས་མ་འདས་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །ལེགས་ལྡན་བྱེད་ཀྱིས་ལེགས་པར་བཤད་པའི་དོན། །ལེགས་པར་རྟོགས་ནས་གཞན་ལ་ལེགས་བསྟན་པ། །གཞན་ལ་ཕན་འདོད་གཞན་ལ་ལྷག་བསམ་པ། །གཞན་ཕན་བློ་ཡིས་གཞན་ལ་བསྟན་པར་བྱ། །གཉིས་པ་ལ། གཞན་གྱི་འདོད་པ་བརྗོད། འགོག་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ལ། ཆོས་མངོན་པ་ཤེས་པ་དག་གིས་སྨྲས་པ། རྐྱེན་ནི་རྣམ་པ་བཞི་སྟེ། རྒྱུའི་རྐྱེན་དང་། དམིགས་པའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། བདག་པོ་ཡང་དེ་བཞིན་དུ་རྐྱེན་དུ་འདོད་དོ། །བཞི་པོ་འདིར་མ་འདུས་པའི་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལ་བསྐྱེད་པར་བྱེད་པའི་དོན་གྱིས་ན་རྒྱུའི་རྐྱེན་ནོ། །དམིགས་པ་ཉིད་རྐྱེན་དུ་གྱུར་པས་ན་དམིགས་པའི་རྐྱེན་ནོ། །བར་དུ་མ་ཆོད་པའི་དོན་གྱིས་ན་དེ་མ་ཐག་པའི་རྐྱེན་ནོ། །དབང་བྱེད་པའི་དོན་གྱིས་ན་བདག་པོའི་རྐྱེན་ནོ། །རྐྱེན་བཞི་པོ་འདི་དག་ལས་འབྲས་བུ་རྫས་གཞན་སྐྱེའོ་ཞེས་འདོད་དོ། །གཉིས་པ་ལ། རྒྱུ་འབྲས་གཞན་དུ་འདོད་པ་དགག རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག ཡོད་མེད་བརྟགས་ནས་སྐྱེ་བ་དགག རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། རྐྱེན་རྫས་གཞན་ལས་སྐྱེ་བ་དགག བྱ་བ་རྫས་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ནི། མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་ལ་སོགས་པ་ལ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་སྐྱེ་བ་དོན་མེད་པ་དང་རྐྱེན་དོན་མེད་པར་འགྱུར་རོ་ཞེས་སངས་རྒྱས་བསྐྱངས་སོ། །ཟླ་བས་རྐྱེན་གྱིས་དུས་སུ་གཟུང་དུ་ཡོད་པའམ། རྒྱུས་ཕན་མ་བཏགས་པས་རྒྱུ་མེད་དུ་འགྱུར་བའི་སྐྱོན་ཡང་བསྣན་ནས་མཛད་དོ། །རྐྱེན་གྱིས་དུས་སུ་བདག་གི་དངོས་པོ་ཡོད་པ་མིན་ན་ས་བོན་སོགས་རང་ལས་རྫས་གཞན་གྱི་དངོས་པོར་མེད་པས་གཞན་ལས་སྐྱེ་བ་མི་འཐད་དོ་ཞེས་འཆད་དོ། །ཡང་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་ལ་སོགས་པ་ལ་ཡོད་པ་མ་ཡིན། རྐྱེན་མ་ཡིན་པ་དང་། གཉིས་ཀ་ལ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་སྐྱེ་བ་དོན་མེད་པ་དང་། རྐྱེན་དོན་མེད་པར་འགྱུར་རོ། །ལྷག་མ་རྣམས་སྔ་མ་བཞིན་དུ་འཆད་དོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་ལ་སོགས་པ་ལ་ཡོད་པ་མ་ཡིན་ཏེ། ཡོད་དུ་ཟིན་ན་དེ་སྐྱེ་བ་དོན་མེད་དོ། །རྐྱེན་ལ་འབྲས་བུའི་བདག་གི་དངོས་པོ་ཡོད་པ་མིན་ན། རྐྱེན་འབྲས་བུ་ལས་གཞན་གྱི་དངོས་པོ་ཡོད་པ་མ་ཡིན་པས་གཞན་ལས་སྐྱེ་བར་མི་རིགས་སོ། །མིག་སོགས་ཆོས་ཅན། དོན་དམ་པར་རང་གི་རྐྱེན་རྫས་གཞན་གྱི་དངོས་པོ་ལས་སྐྱེ་བ་མ་ཡིན་ཏེ། དེ་དག་ལ་མེད་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཕ་མའི་ལུས་ཆོས་ཅན། རང་ལས་རྫས་ཐ་དད་པའི་བུའི་མིག་སོགས་བསྐྱེད་བྱེད་མ་ཡིན་ཏེ། དེ་དག་གིས་སྟོང་པའི་ཕྱིར། ཁང་བཟངས་བཞིན་ནོ། །གཉིས་པ་ནི། ག་ལས་འཇིགས་མེད་ལས། རྐྱེན་བཞིས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པར་འདོད་ན། བྱ་བ་རྐྱེན་དང་ལྡན་པའམ་མི་ལྡན་པའམ། རྐྱེན་རྣམས་ཀྱང་བྱ་བ་དང་ལྡན་པའམ་མི་ལྡན་པ་ཡིན་གྲང་། དང་པོ་ནི། བྱ་བ་རྐྱེན་དང་ལྡན་པ་མ་ཡིན་པར་ཐལ། བྱ་བ་ཡོད་མེད་གཉིས་ཀ་ལ་རྐྱེན་མི་འཐད་པའི་ཕྱིར། རྐྱེན་དང་མི་ལྡན་པའི་བྱ་བ་ཡང་མེད་པར་ཐལ། བྱ་བ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། བྱ་བ་དང་མི་ལྡན་པ་ཡང་རྐྱེན་མ་ཡིན་པར་ཐལ། བྱ་བ་མེད་ན་རྐྱེན་དུ་མི་འཐད་པའི་ཕྱིར། རྐྱེན་བྱ་བ་དང་ལྡན་པར་ཡོད་པའམ། འོན་ཏེ་ན་མི་ལྡན་པར་འདོད་པ་ཡིན་ན་གཉིས་ཀ་ལ་ཡང་སྔ་མའི་སྐྱོན་གནས་སོ། །འདིར་འགྲེལ་ཆེན་གསུམ་གྱིས་ནི། མིག་སོགས་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱས་ནས་བྱ་བ་ལས་རྣམ་ཤེས་སྐྱེའོ་ཞེ་ན། རྣམ་ཤེས་བསྐྱེད་པའི་བྱ་བ་མི་འཐད་དེ། རྣམ་པར་ཤེས་པ་སྐྱེས་མ་སྐྱེས་གཉིས་ཀ་ལ་བྱ་བ་འཇུག་པ་མེད་པའི་ཕྱིར། དེ་བས་ན་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་པར་ཐལ་བྱ་བ་ཉིད་མེད་པའི་ཕྱིར། རྐྱེན་དང་མི་ལྡན་པར་ཡོད་དོ་ཞེ་ན། བྱ་བ་ཆོས་ཅན། རྒྱུ་མེད་ཅན་དུ་ཐལ། རྐྱེན་མི་ལྡན་པའི་ཕྱིར། འདོད་ན་དངོས་པོར་མེད་པར་ཐལ་ལོ། །གལ་ཏེ་རྐྱེན་གྱི་བྱ་བ་བོར་ནས་རྐྱེན་ཉིད་འབྲས་བུ་བསྐྱེད་བྱེད་དོ་ཞེ་ན། མིག་སོགས་ཆོས་ཅན། མིག་ཤེས་བསྐྱེད་པའི་རྐྱེན་མ་ཡིན་པར་ཐལ། འབྲས་བུ་བསྐྱེད་པའི་བྱ་བ་དང་མི་ལྡན་པའི་ཕྱིར། རྐྱེན་རྣམས་བྱ་བ་དང་ལྡན་ནམ་འོན་ཏེ་ལྡན་པ་མ་ཡིན་པར་འདོད། གཉིས་ཀ་ཡང་མི་འཐད་དེ། བྱ་བ་བཀག་ཟིན་པས་བྱ་བ་དང་ལྡན་པ་མི་འཐད་པའི་ཕྱིར་དང་། བྱ་བ་མི་ལྡན་རྐྱེན་མ་ཡིན་ཞེས་པའི་ཚུལ་གྱིས་ཕྱོགས་གཉིས་པ་ཡང་བཀག་ཟིན་པའི་ཕྱིར་རོ། །སངས་རྒྱས་བསྐྱངས་ཀྱིས་རྣམ་གྲངས་གཞན་བཤད་ཚུལ་ནི། བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ཏེ། བྱ་བ་ཡོད་མེད་གཉིས་ཀ་ལ་རྐྱེན་མི་འཐད་པས་སོ། །རྐྱེན་དང་མི་ལྡན་པའི་བྱ་བ་ཡོད་པར་སེམས་ན། རྐྱེན་དང་མི་ལྡན་བྱ་བ་མེད། གལ་ཏེ་ཡོད་ན་དུས་རྟག་ཏུ་མེ་སོལ་སོགས་ཐམས་ཅད་ལས་མྱུ་གུ་སོགས་ཐམས་ཅད་སྐྱེ་བར་འགྱུར་ཏེ། རྐྱེན་མེད་པར་འབྲས་བུ་སྐྱེ་བའི་ཕྱིར་རོ། །རྒྱུ་མེད་དུ་སྐྱེ་བས་རྩོམ་པ་ཐམས་ཅད་དོན་མེད་པར་ཡང་འགྱུར་རོ། །རྐྱེན་ཡོད་པས་དེ་ལས་འབྲས་བུ་སྐྱེའོ་ཞེ་ན། རྐྱེན་བཀག་ཟིན་པས་བྱ་བ་མི་ལྡན་པའི་ཕྱིར། རྐྱེན་མ་ཡིན་ནོ། །བྱ་བ་དང་མི་ལྡན་ཡང་རྐྱེན་དུ་འགྱུར་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །ཅི་སྟེ་རྐྱེན་བྱ་བ་དང་ལྡན་པའམ་འོན་ཏེ་མ་ཡིན་པར་སྨྲ་བ་གང་ལ་ཡང་ཉེས་པ་སྔ་མ་བཞིན་ནོ། །གཉིས་པ་རྐྱེན་གྱི་འཇོག་བྱེད་དོན་ལྡོག་དགག་པ་ལ། འགྲེལ་པ་གསུམ་གྱིས་ནི། མིག་སོགས་འདི་དག་ལ་བརྟེན་ནས། མིག་ཤེས་སྐྱེ་བས་ན་དེའི་ཕྱིར་མིག་སོགས་འདི་དག་ལ་རྐྱེན་ཞེས་གྲག་སྟེ་འདོད་པ་ཡིན་ན། ཇི་སྲིད་མིག་སོགས་འདི་དག་ལས། འབྲས་བུ་མི་སྐྱེ་བ་དེ་སྲིད་དུ། རྐྱེན་མིན་གྱི་རང་བཞིན་ཇི་ལྟར་མིན་ཏེ་ཡིན་པར་བྱ་དགོས་ཏེ། དེ་སྲིད་དུ་རྐྱེན་གྱི་དོན་མ་ཚང་བས་སོ། །གལ་ཏེ་ཕྱིས་ལྷན་ཅིག་བྱེད་རྐྱེན་དང་ཕྲད་པ་ན་རྐྱེན་དུ་འགྱུར་བར་སེམས་ན། མེ་སོལ་སོགས་ཐམས་ཅད་མྱུ་གུ་སོགས་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་རོ། །ཆོས་འགའ་ཞིག་ལ་ལྟོས་ནས་རྐྱེན་མ་ཡིན་པ་ཡང་རྐྱེན་དུ་འགྱུར་ན། རྐྱེན་དུ་སྦྱོར་བྱེད་ཀྱི་རྐྱེན་དེ་ལ་ཡང་། སྦྱོར་བྱེད་ཀྱི་རྐྱེན་གཞན་འདོད་དགོས་པས་ཐུག་མེད་དུ་འགྱུར་རོ། །ལེགས་ལྡན་བྱེད་ཀྱིས་ནི། ཇི་སྲིད་འབྲས་བུ་མི་སྐྱེ་བའི་སྔ་རོལ་འབྲས་བུ་བསྐྱེད་པ་ལ་མ་ཕྱོགས་པ་དེ་སྲིད་དུ་འདི་དག་རྐྱེན་མིན་ཇི་ལྟར་མིན་ཏེ་ཡིན་པར་བྱ་དགོས་ཏེ། ཇི་སྲིད་མ་ཀློག་པ་དེ་སྲིད་དུ་མཁས་པ་མ་ཡིན་པ་བཞིན་ནོ། །མིག་སོགས་འདི་དག་ཀྱང་སྔ་རོལ་དུ་འབྲས་བུ་བསྐྱེད་བྱེད་མ་ཡིན་ནོ། །སྦྱོར་བ་ནི་ས་བོན་ལས་མྱུ་གུ་སྐྱེ་བའི་སྔ་རོལ་དུ་དེའི་རྐྱེན་མ་ཡིན་ཏེ། མྱུ་གུ་དང་ངོ་བོ་གཅིག་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། ཕྱོགས་ཆོས་བདག་སྐྱེ་དང་གཞན་སྐྱེ་འགོག་པའི་རིགས་པས་བསྟན་ཟིན་ནོ། །གསུམ་པ་ཡོད་མེད་བརྟགས་ནས་སྐྱེ་བ་དགག་པ་ནི། འབྲས་བུ་བསྐྱེད་པའི་རྐྱེན་འདོད་པ་མི་རིགས་ཏེ། འདི་ལྟར་མེད་པའི་དོན་ལ་རྐྱེན་ནི་རུང་བ་མ་ཡིན། ཞེས་པ་དང་། ཡོད་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་པའི་ཕྱིར། སྒྲུབ་བྱེད་རིམ་པ་བཞིན་དུ་འབྲས་བུ་མེད་ན་མིག་སོགས་འདི་དག་གང་གི་རྐྱེན་དུ་འགྱུར། ཡོད་ན་ཡང་བསྐྱེད་བྱེད་ཀྱི་རྐྱེན་གྱི་ཅི་ཞིག་བྱ། ཞེས་པས་སོ། །གྲངས་ཅན་པ་དག་ཡོད་ཀྱང་རྐྱེན་གྱི་གསལ་བར་བྱ་དགོས་ཤེ་ན། གསལ་བ་ཡང་སྔར་ཡོད་མེད་བརྟགས་ན་རིགས་པ་སྔ་མ་བཞིན་ནོ། །བཞི་པ་རྐྱེན་བཞི་སོ་སོའི་མཚན་ཉིད་དགག་པ་ལ། བྱེད་རྒྱུ་ཡོད་དེ་མངོན་པ་ལས་མཚན་ཉིད་བསྟན་པས་སོ་ཞེ་ན། རིགས་པས་དཔྱོད་པ་གང་གི་ཚེ། རྒྱུའི་རྐྱེན་གྱིས་ཆོས་ཡོད་པ་མི་འགྲུབ་སྟེ། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་སོ། དེ་ལས་འབྲས་བུ་མེད་པ་ཡང་མི་འགྲུབ་སྟེ། མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་པས་སོ། །ཡོད་མེད་གཉིས་ཀ་ཡང་མི་འགྲུབ་སྟེ། གཉིས་ཀའི་སྐྱོན་འཇུག་པའི་ཕྱིར་རོ། །དེ་ལྟར་ན་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པ་ལ་རྒྱུའི་རྐྱེན་ཞེས་ཇི་ལྟར་བྱ་སྟེ་མི་རིགས་པར་ཐལ་ལོ། །དེ་ལྟ་ཡིན་ན་རྒྱུའི་རྐྱེན་གྱི་མཚན་ཉིད་མི་རིགས་སོ། །དམིགས་པའི་རྐྱེན་དགག་པ་ལ། སེམས་སེམས་འབྱུང་ཡོད་པའི་ཆོས་འདི་ལ། དམིགས་པའི་རྐྱེན་མི་འཐད་དེ། བཅོམ་ལྡན་འདས་མ་ལས། ཆོས་ཐམས་ཅད་དམིགས་པ་མེད་པར་རོ་གཅིག་པ་ཁོ་ནར་ཉེ་བར་བསྟན་པས་སོ། །དེ་ལྟར་དམིགས་པ་མེད་པར་བསྟན་པ་ན་དམིགས་པའི་རྐྱེན་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། དམིགས་བྱེད་ཀྱི་ཆོས་མེད་པའི་ཕྱིར། ནམ་མཁའ་བཞིན་ནོ། །ཞེས་ག་ལས་འཇིགས་མེད་དོ། །འགྲེལ་པ་གཉིས་ལས་ནི། རིག་པ་ཡོད་པའམ་མེད་པ་ལ་དམིགས་རྐྱེན་འདོད། ཡོད་པའི་ཆོས་འདི་ལ་ནི་དམིགས་པའི་རྐྱེན་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། དམིགས་པའི་རྐྱེན་མེད་པའི་སྔ་རོལ་ནས་གྲུབ་ཟིན་པའི་ཕྱིར། ཅི་སྟེ་མེད་པ་ལ་དམིགས་རྐྱེན་འདོད་ན། མེད་པ་ལ་ཡང་དམིགས་པའི་རྐྱེན་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། དམིགས་བྱེད་མེད་པའི་ཕྱིར། དེ་ལྟར་ན་རིག་པ་ཡོད་པ་དང་མེད་པའི་ཆོས་འདི་གཉིས་ཀ་ལ་དམིགས་པའི་རྐྱེན་དོན་མེད་པ་ཁོ་ནར་གནས་པ་ལ་བློས་བཀོད་ནས་ཉེ་བར་བསྟན་པ་ཙམ་དུ་ཟད་དོ། །ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས་ནི། རིག་པ་ཡོད་པ་ལ་དམིགས་རྐྱེན་འདོད་དམ་མེད་པ་ལ་འདོད། དང་པོ་ལྟར་ན། ཡོད་པའི་ཆོས་འདི་ལ་དམིགས་པའི་རྐྱེན་དོན་མེད་པ་ཁོ་ནར་ཉེ་བར་བསྟན་ཏེ། དོན་དམ་པར་རྐྱེན་བཀག་པའི་ཕྱིར། ཅི་སྟེ་མེད་པ་ལ་འདོད་ན། རིག་པ་མེད་པའི་ཆོས་འདི་ལ་ནི་དམིགས་པའི་རྐྱེན་ཡོད་པར་ག་ལ་འགྱུར་སྟེ། མི་འགྱུར་བར་ཐལ། དམིགས་བྱེད་ཀྱི་ཆོས་མེད་པའི་ཕྱིར། ཉེ་བར་བསྟན་ཞེས་པ་ནི། གོང་དུ་རྐྱེན་མི་འཐད་པར་ཉེ་བར་བསྟན་ཞེས་པའི་དོན་ནོ། །དེ་མ་ཐག་རྐྱེན་དགག་པ་ལ། རིག་པ་གང་དག་རང་མ་འགགས་པ་དེ་སྲིད་དུ་རིག་པ་ཕྱི་མ་སྐྱེ་བའི་གོ་མི་རྙེད་ལ། རང་ཉིད་འགགས་སྟོབས་ཀྱིས་ཕྱི་མ་སྐྱེ་བའི་གོ་ཕྱེ་བ་ཙམ་ལ་དེ་མ་ཐག་རྐྱེན་དུ་འདོད་དོ། །འགག་པ་འཐད་པར་མི་འགྱུར་བར་ཐལ། རྡོ་རྗེ་གཟེགས་མ་སོགས་ཀྱི་རིགས་པས་ཆོས་རྣམས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་དེའི་ཕྱིར་རིག་པ་སྔ་མ་འགགས་པ་ཉིད་ཕྱི་མའི་དེ་མ་ཐག་རྐྱེན་དུ་མི་རིགས་སོ། །འབྲས་བུ་མ་སྐྱེས་པ་རྒྱུ་འགགས་ཟིན་ན། དེ་མ་ཐག་རྐྱེན་དུ་མ་ཟད། སྤྱིར་རྐྱེན་ཙམ་དུ་གྲུབ་པ་ཡང་གང་ཞིག་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོར་མེད་པས་འབྲས་བུ་ལ་ཕན་འདོགས་མི་ནུས་པའི་ཕྱིར། ཞེས་སོ། །ག་ལས་འཇིགས་མེད་ལས་ནི། འགགས་ན་རྐྱེན་དུ་བསྟན་པ་མི་འཐད་དེ་མེད་པ་ནི་གར་ཡང་གང་ཞིག་ཡིན་ཏེ་མི་འཐད་པར་ཐལ། མེད་པ་ནི་རྐྱེན་དུ་བསྟན་དུ་མེད་པའི་ཕྱིར། གཞན་སྔ་མ་བཞིན་ནོ། །འགྲེལ་པ་གཞན་གཉིས་ལས་ནི་ཚིག་རྐང་སྔ་མ་གཉིས་མཐུན་པར་བཤད་ནས་ཕྱི་མ་ལ། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དེ་ཕྱིར་དེ་མ་ཐག་མི་རིགས། །ཞེས་བྱས་ནས། མྱུ་གུ་མ་སྐྱེས་པར་ས་བོན་འགགས་པར་འདོན་ན། མྱུ་གུའི་རྐྱེན་ཡང་གང་ཞིག་ཡིན། ཡང་གི་སྒྲས་ས་བོན་འགག་པའི་རྐྱེན་ཡང་གང་ཞིག་ཡིན་ཏེ། ཕྱི་མ་སྐྱེས་སྟོབས་ཀྱིས་སྔ་མ་འགག་དགོས་པ་ལས། ཕྱི་མ་མ་སྐྱེས་པར་སྔ་མ་འགགས་ཟིན་པའི་ཕྱིར་དང་། སྔ་མ་འགགས་ཟིན་པས་ཕྱི་མ་བསྐྱེད་བྱེད་ཀྱི་རྐྱེན་མེད་པའི་ཕྱིར། ཕྱི་མ་མ་སྐྱེས་པའོ་ཞེས་སོགས་སོ། །ཡང་སངས་རྒྱས་བསྐྱངས་ཀྱིས། སྐྱེ་ནའང་ཇི་ལྟར་རྐྱེན་དུ་འགྱུར། །ཞེས་ཀྱང་གསུངས་སོ། །དེ་མ་ཐག་རྐྱེན་དགག་པའི་སྐབས་སུ་ས་མྱུག་ལ་སྤྱོད་པ་ནི་ནོར་བར་སྣང་ངོ་། །བདག་པོའི་རྐྱེན་དགག་པ་ལ་ག་ལས་འཇིགས་མེད་ལས། ཚིག་ཟིན་ཙམ་ལས་མི་སྣང་ལ། འགྲེལ་པ་གཉིས་ལས་ནི། རྒྱུ་འདི་ཡོད་པས་འབྲས་བུ་འདི་འབྱུང་ཞེས་བྱ་བ་འདི་ནི་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ན། སྔར་བསྟན་པའི་རིགས་པས་དངོས་པོ་རང་བཞིན་མེད་པ་རྣམས་ཀྱི་ཡོད་པའི་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར། སློབ་དཔོན་ཟླ་བས་ནི། དངོས་པོ་རྣམས་རང་བཞིན་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་བཀོད་ནས་ལྷག་མ་མཐུན་ནོ། །གསུམ་པ་རྐྱེན་གྱི་སྒྲུབ་བྱེད་དགག་པ་ལ། ག་ལས་འཇིགས་མེད་ལས། འབྲས་བུ་དེ་ནི་ཆོས་ཅན། རྐྱེན་རྣམས་སོ་སོ་བ་དང་འདུས་པ་ལ་མེད་པ་ཉིད་དེ། གོང་དུ་རྐྱེན་སྤྱི་དང་སོ་སོར་བཀག་ཟིན་པས་སོ། །འདོད་ན་འབྲས་བུ་གང་ཡིན་པ་དེ་ནི་ཆོས་ཅན། ཇི་ལྟར་རྐྱེན་ལས་སྐྱེ་སྟེ་མི་སྐྱེ་བར་ཐལ། རྐྱེན་རྣམས་ལ་མེད་པའི་ཕྱིར། ཅི་སྟེ་དེ་ནི་རྐྱེན་ལ་མེད་པར་ཡང་རྐྱེན་དེ་དག་ལས་སྐྱེ་བར་འགྱུར་ན། རྐྱེན་མིན་ལས་ཀྱང་འབྲས་བུ་ནི་ཅིའི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ་སྐྱེ་བར་ཐལ། རྐྱེན་དང་འབྲས་བུ་མེད་པ་འདྲ་བས་སོ། །འགྲེལ་པར། མེད་པ་འདྲ་བས་རྐྱེན་མ་ཡིན་པ་དག་ལས་ཀྱང་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཞེས་པའི་དོན་ནོ། །གལ་ཏེ་ཁྱོད་ཀྱིས་རྐྱེན་དང་རྐྱེན་མ་ཡིན་པ་ཞེས་རྣམ་དབྱེ་བརྗོད་པས་གཉིས་པོ་ཡོད་དོ་ཞེ་ན། ཁྱོད་ཀྱིས་འབྲས་བུ་རྐྱེན་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་འབྱུང་བར་འདོད་པ་ཡིན་ན། རྐྱེན་རྣམས་རང་ལས་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་བྱུང་བ་མིན་པའི་འབྲས་བུ་གང་ཡིན་པ་དེ་ཇི་ལྟར་ན་ངོ་བོ་ཉིད་ཀྱིས་གྲུབ་པའི་རྐྱེན་ལས་བྱུང་སྟེ་མ་བྱུང་བར་ཐལ། རྐྱེན་རྣམས་རང་བྱུང་སྟེ་ངོ་བོ་ཉིད་ཀྱིས་གྲུབ་པ་མིན་པ་ལས་སོ། །དེའི་ཕྱིར་རང་བཞིན་གྱིས་གྲུབ་པའི་འབྲས་བུ་ཡོད་པ་མིན་ཏེ། འབྲས་བུ་ནི་ངོ་བོ་ཉིད་ཀྱིས་གྲུབ་པའི་རྐྱེན་ལས་བྱུང་བ་ཡང་མ་ཡིན་ཞིང་། རྐྱེན་མིན་ལས་བྱུང་བ་ཡང་མ་ཡིན་པའི་ཕྱིར། འབྲས་བུ་མེད་པས་ན་དེ་ལ་ལྟོས་ནས་རྐྱེན་མིན་དང་རྐྱེན་གཉིས་ཀ་རང་བཞིན་གྱིས་གྲུབ་པ་དག་ཏུ་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། སྐྱེན་ཡོད་དེ་འབྲས་བུ་འབྱུང་བར་མཐོང་བའི་ཕྱིར་ཞེ་ན། སངས་རྒྱས་བསྐྱངས་ཀྱིས། འབྲས་བུ་དེ་ནི་རྐྱེན་རྣམས་སོ་སོ་བ་ལ་ཡང་མེད་པ་དང་། འདུས་པ་ལ་ཡང་མེད་པ་ཉིད་དེ། ཡོད་པ་ལ་རྐྱེན་གྱི་བྱ་བ་མེད་པའི་ཕྱིར་ཏེ། སྐྱེས་ཟིན་པ་ནི་ཡང་བསྐྱེད་མི་དགོས་པའི་ཕྱིར། རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་ཇི་ལྟར་རྐྱེན་ལས་སྐྱེ། །ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང་། །ཅིའི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ། འདི་ལྟར་རྐྱེན་དང་རྐྱེན་མ་ཡིན་པ་རྣམས་ལ་འབྲས་བུ་མེད་པར་མཚུངས་པ་ལ། རྐྱེན་རྣམས་ལས་འབྲས་བུ་སྐྱེ་ལ། རྐྱེན་མ་ཡིན་པ་རྣམས་ལས་མི་སྐྱེ་ཞེས་བྱ་བའི་ཁྱད་པར་མེད་དོ། །ཞེས་གསུངས་སོ། །འདི་དང་ག་ལས་འཇིགས་མེད་གཉིས་ཀས་རྒྱུ་མཚན་མཚུངས་པའི་མགོ་སྙོམས་བསྟན་པ་གཞན་གྱིས་མ་རྟོགས་སོ། །འདི་ན་ཕྱྭ་པ་ཆོས་ཀྱི་སེང་གེས། མིས་སྨྲ་ཤེས་པ་ལྟར། དུད་འགྲོ་ཡང་སྨྲ་ཤེས་པར་འགྱུར་ཏེ། དངོས་པོར་འདྲ་བའི་ཕྱིར། ཞེས་བརྗོད་པ་ནི་མ་རྟོགས་པ་ཁོ་ན་སྟེ། འདིར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱོད་པའི་སྐབས་ཡིན་ལ། རིགས་པས་རྣམ་པར་དཔྱད་པའི་ཚེ་དངོས་པོར་མཚུངས་པ་ཡང་མི་འཐད་པས། སྒྲུབ་བྱེད་སྒྲུབ་བྱ་དང་མཚུངས་སོ། །དགེ་བ་དང་མི་དགེ་བའི་ལས་གཉིས་ལ་ཡང་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་འབྱིན་པའི་ཁྱད་པར་མེད་པར་འགྱུར་ཏེ། སྟོང་པ་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེ་ན། རིགས་པས་རྣམ་པར་དཔྱད་པའི་ཚེ་དེ་གཉིས་ཀྱིས་ཁྱད་པར་ཡོད་པ་མ་ཡིན་ལ། འབྲས་བུ་སོ་སོར་འབྱིན་པ་ནི་ཐ་སྙད་ཙམ་དུ་ཡིན་ནོ། །རིགས་པས་རྣམ་པར་དཔྱད་ན་ནི། སྟོང་པ་ཉིད་དུ་རོ་གཅིག་པས་རྣམ་པར་དབྱེ་བ་ག་ལ་རྙེད། རྣམ་གྲངས་གཞན་ཡང་། རྐྱེན་རྣམས་སོ་སོ་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣལ་མ་མང་བས་འབྲས་བུ་རྣམ་བུ་མང་བ་ཉིད་དུ་ཡང་ཐལ་བར་འགྱུར་རོ། །འདུས་པ་ལ་ཡོད་པ་ཡང་མ་ཡིན་ཏེ། ཆ་ཤས་རེ་རེ་ལ་མེད་པའི་ཕྱིར། འདི་ནི་ག་ལས་འཇིགས་མེད་དང་དོན་གཅིག་གོ །ལེགས་ལྡན་བྱེད་ཀྱང་སྔ་མ་དང་མཐུན་ནོ། །ཅི་སྟེ་དེ་ནི་མེད་པར་ཡང་། །ཞེས་པ་དང་། དེ་ཕྱིར་རྐྱེན་ལས་བྱུང་མ་ཡིན། །ཞེས་པའི་བར་དུ་ཡང་སྔ་མ་དང་དོན་གཅིག་གོ །ཡང་སྔ་མ་རྣམས་ཀྱིས་རྐྱེན་ལས་བྱུང་བའི་འབྲས་བུ་བཀག་པ་ན། སྤྱིར་འབྲས་བུ་ཡོད་དགོས་ལ། རྐྱེན་གྱི་འབྲས་བུ་མི་འཐད་པས་ན་རྐྱེན་མིན་གྱི་འབྲས་བུའོ་ཞེ་ན། རྐྱེན་མིན་ཞེས་སོགས་ཀྱི་ལན་སྔ་མ་བཞིན་དུ་འཆད། སློབ་དཔོན་ཟླ་བས་ནི་འབྲས་བུ་རྐྱེན་གྱི་རང་བཞིན་དུ་འདོད་པ་ཡིན་ན། རྐྱེན་རྣམས་ཆོས་ཅན། རྒྱུའི་བདག་ཉིད་དམ་གང་ཟག་གི་རང་བཞིན་མིན་ཏེ། རྟེན་འབྱུང་ཡིན་པའི་ཕྱིར། འདོད་ན། འབྲས་བུ་གང་ཡིན་པ་དེ་ནི་ཆོས་ཅན། ཇི་ལྟར་རྐྱེན་གྱི་རང་བཞིན་ཡིན་ཏེ། མ་ཡིན་པར་ཐལ། རྐྱེན་གྱི་བདག་གི་དངོས་པོ་ཡོད་པ་མིན་པ་ལས་སོ། །དེ་ཕྱིར་རྐྱེན་གྱི་རང་བཞིན་མིན་ནོ། །འོ་ན་རྐྱེན་མ་ཡིན་པའི་རང་བཞིན་ནོ་ཞེ་ན། རྐྱེན་མིན་པའི་རང་བཞིན་གྱི་འབྲས་བུ་ནི་ཡོད་པ་མིན་ཏེ། སྐྱེན་མ་ཡིན་པ་ལ་འབྲས་བུ་ཡོད་པར་འགལ་བའི་ཕྱིར། འབྲས་བུ་མེད་པས་ན་འབྲས་བུ་དེ་ལ་ལྟོས་པའི་རྐྱེན་མིན་དང་། རྐྱེན་གྱི་རྣམ་དབྱེ་ཡོད་པ་དག་ཏུ་ག་ལ་འགྱུར། གསུམ་པ་ནི། དབུ་མ་རྩ་བ་ལས། རྐྱེན་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་པའོ།།    །།བརྟག་པ་ཞེས་པ་ནི་རིགས་པས་བརྟགས་ན་ཞེས་པའི་དོན་ཡིན་པས་འོག་ཏུ་ཡང་ཤེས་པར་བྱའོ། །འགྲོ་འོང་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པ་དང་། རྒྱས་པར་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་འོང་བ་དང་འགྲོ་བ་མི་སྣང་ངོ་། །ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། མཆོད་བརྗོད་དུ། འོང་བ་མེད་པ་འགྲོ་མེད་པ། །ཞེས་པའི་དོན་སྟོན་པའོ། གཉིས་པ་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། འདིར་འགྲོ་བ་པོ་ཞེས་པ་ནི་གང་ཟག་ཡིན་ལ། འགྲོ་བ་ནི་བྱ་བ། བགོམ་པ་ནི་ལས་སོ། །འདི་དག་ཀྱང་སྣང་ཙམ་འགོག་པ་མ་ཡིན་ལ། འོ་ན་ཅི་ཞེ་ན། རིགས་པས་དཔྱད་བཟོད་འགོག་པ་ཡིན་ཏེ། གཞན་གྱིས་རིགས་པས་བརྟགས་ནས་གྲུབ་པར་ཁས་བླངས་པའི་ཕྱིར། རིགས་པས་དཔྱད་བཟོད་བཀག་པས་བདེན་པ་ཁེགས་པར་འགྱུར་ཏེ། སྒྲུབ་བྱེད་མི་འཐད་པར་རྟོགས་པ་ན་བསྒྲུབ་བྱ་འཛིན་པའི་བློ་ལྡོག་པའི་ཕྱིར། རིགས་པས་དཔྱད་བཟོད་མ་བཀག་པར་བདེན་པ་མི་ཁེགས་ཏེ། བདེན་པའི་དོན་གྱི་སྒྲུབ་བྱེད་རིགས་པས་དཔྱད་བཟོད་ལ་ཐུག་པའི་ཕྱིར་རོ། །རིགས་པ་སྨྲ་བའི་ངོར་ཁེགས་ཀྱང་ཐ་མལ་བ་ལ་མི་ཁེགས་སོ་ཞེ་ན། འགལ་འབྲེལ་ཤེས་པའི་ངོར་དགག་སྒྲུབ་བྱེད་པ་ཡིན་གྱི། ཐ་མལ་པའི་ངོར་མ་ཡིན་པས་འདི་ལ་དགག་བྱ་རྒྱ་ཆུང་བའི་སྐྱོན་བརྗོད་པ་ནི་བླུན་ཚིག་གོ །དགག་བྱ་འགོག་ཚུལ་ཡང་གཉིས་ཏེ། རིགས་པ་སོ་སོས་ངོ་སྐལ་གྱི་དགག་བྱ་འགོག་པ་དང་། ཐམས་ཅད་བསྡོམས་པའི་བྱེད་པས་དགག་བྱ་སྤྱི་ལྡོག་ནས་འགོག་པ་སྟེ། དང་པོ་ནི། མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པས་བདག་དང་གཞན་ལས་སྐྱེ་བ་སོགས་སོ་སོར་འགོག་པ་དང་། གཉིས་པ་ནི། ཐམས་ཅད་ཀྱི་བྱེད་པས་སྐྱེ་བ་བདེན་པ་སྤྱི་ལྡོག་ནས་འགོག་པ་ལྟ་བུའོ། །གཉིས་པ་ཡན་ལག་གི་དོན་ལ། རིགས་པའི་འཐད་པ་རྒྱས་པར་བརྗོད་པ། རིགས་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། བསྒྲུབ་བྱ་དགག་པ་དང་། སྒྲུབ་བྱེད་དགག་པ་དང་། རྣམ་པར་བརྟགས་པའི་རིགས་པས་དགག་པའོ། །དང་པོ་ལ་ཡང་། ལས་ལ་དཔྱད་པས་དགག བྱེད་པ་པོ་ལ་དཔྱད་པས་དགག་པའོ། །དང་པོ་ནི། འགྲོ་བ་ཞིག་ཡོད་པར་གྱུར་ན། སོང་བའི་ལམ་ལའམ་མ་སོང་བའི་ལམ་ལའོ། །བགོམ་པ་ལ་ཡོད་པར་འགྱུར་གྲང་། རེ་ཤིག་སོང་བའི་ལམ་ལ་འགྲོ་བའི་བྱ་བ་མེད་དེ། འགྲོ་བའི་བྱ་བ་འདས་ཟིན་པའི་ཕྱིར། མ་སོང་བ་ལ་ཡང་འགྲོ་བའི་བྱ་བ་མེད་དེ། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར། འདིར་ཤེས་རབ་སྒྲོན་མེ་ལས། རྣམ་གྲངས་གཞན་ཡང་སྨོས་པ་ནི། མ་སོང་བ་ལ་འགྲོ་བ་མེད་དེ། ལམ་ཡིན་པའི་ཕྱིར། སོང་བའི་ལམ་བཞིན་ནོ། །ཞེས་གསུངས། བགོམ་པ་ལ་ཡང་འགྲོ་བའི་བྱ་བ་མེད་དེ་སོང་བ་དང་མ་སོང་བ་མ་གཏོགས་པར་བགོམ་པ་ཚད་མས་ཤེས་པར་མི་འགྱུར་བའི་ཕྱིར། གལ་ཏེ་བགོམ་པ་ཁོ་ན་ལ་འགྲོ་བ་ཡོད་དེ། གང་གི་ཕྱིར་ན། ལུས་ཀྱི་གཡོ་བ་གང་ན་ཡོད་པ་དེ་ན་འགྲོ་བ་ཡོད་ལ། གཡོ་བ་དེ་ཡང་ལམ་ལ་ཡོད་ལ་སོང་བ་ལའང་ཡོད་པ་མིན། མ་སོང་བ་ལའང་ཡོད་པ་མིན་པའི་ཕྱིར། དེའི་ཕྱིར་བགོམ་པ་ཁོ་ན་ལ་འགྲོ་བ་ཡོད་དོ་ཞེ་ན། བགོམ་ལ་འགྲོ་བ་ཡོད་པར་ནི། ཇི་ལྟ་བུར་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལམ་གསུམ་རྣམ་པར་བརྟགས་པའི་རིགས་པས་འགྲོ་བའི་བྱ་བ་མེད་ལ། གང་གི་ཚེ་འགྲོ་བའི་བྱ་བ་མེད་པའི་བགོམ་པ་འཐད་པ་མེད་པའི་ཕྱིར་རོ། །ཞེས་ག་ལས་འཇིགས་མེད་འཆད་དོ། །ཤེས་རབ་སྒྲོན་མེ་ལས། བགོམ་པ་ལ་ཆོས་ཅན། འགྲོ་བའི་བྱ་བ་ཡོད་པར་ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལམ་ཡིན་པའི་ཕྱིར། སོང་བའི་ལམ་བཞིན་ནོ། །སྔ་མ་ལམ་གསུམ་ལ་བརྟགས་པའི་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་དང་། དོན་དམ་པར་འགྲོ་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། ཡང་འགྲེལ་ཆེན་གསུམ་ག་ལས། བགོམ་ལ་འགྲོ་བ་ཡོད་པར་ནི། ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འགྲོ་བའི་བྱ་བ་གཉིས་པ་མེད་ལ། གཅིག་པོ་ཡང་བགོམ་ཞེས་པའི་སྒྲའི་དོན་དུ་སྦྱར་དགོས། གང་གི་ཚེ་ན་འགྲོ་བའི་བྱ་བ་མེད་པའི་བགོམ་པ་འཐད་པ་མེད་པའི་ཕྱིར་རོ། །སྦྱར་བ་དེའི་ཚེ་འགྲོ་ཞེས་པའི་ཚིག་བྱ་བའི་དོན་གྱིས་སྟོང་པས་བགོམ་ཞེས་པའི་ཚིག་ཙམ་སྨོས་པར་རིགས་ཀྱི། འགྲོ་བ་ཡོད་ཅེས་པའི་ཚིག་ཕྱི་མ་སྦྱར་བར་མི་རིགས་སོ། །ཞེས་བཤད་དོ། །ཅི་སྟེ་འགྲོ་བའི་ཚིག་བྱ་བའི་དོན་དང་འབྲེལ་བར་འཇོག་གོ་ཞེ་ན། སྨྲ་བ་པོ་གང་གི་བགོམ་པ་ལ་འགྲོ་བ་ཡོད་པར་འདོད་པ་དེའི་ཕྱོགས་ལ་བགོམ་པ་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ན་འགྲོ་བའི་བྱ་བ་གཅིག་ལས་མེད། གཅིག་པོ་དེ་འགྲོ་བ་ལ་སྦྱར་བས་ན། བགོམ་པ་ལ་འགྲོ་བའི་བྱ་བ་མེད་པར་ཁོང་དུ་ཆུད་པའི་ཕྱིར། དཔེར་ན་ཞྭ་གཅིག་ལས་མེད་ལ། གཅིག་པོ་ལྷ་སྦྱིན་གྱིས་གྱོན་པ་ན་མཆོད་སྦྱིན་ལ་ཞྭ་མི་འབྱུང་བ་བཞིན་ནོ། །འདིར་འགྲེལ་ཆེན་གཞན་གསུམ་ལས། བགོམ་པ་ཁོང་དུ་ཆུད་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །ཚིག་གསལ་ལས། བགོམ་ལ་འགྲོ་བ་མེད་ཕྱིར་རོ། །ཞེས་པ་ལྟར་ན། འགྲོ་བའི་བྱ་བ་དང་བྲལ་བའི་བགོམ་པ་ལ་འགྲོ་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །གལ་ཏེ་བགོམ་པ་དང་འགྲོ་བ་གཉིས་ཀ་ལ་འགྲོ་བའི་བྱ་བ་ཡོད་པར་འདོད་ན་ནི། འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་བགོམ་པའི་ཐ་སྙད་དུ་འཇོག་བྱེད་དེ་དང་། དེ་ལ་འགྲོ་བའི་བྱ་བ་གང་ཡིན་པ་དེའོ། །འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ན། འགྲོ་པོ་ཡང་གཉིས་སུ་འགྱུར་ཏེ། གང་གི་ཕྱིར་ན་རྟེན་འགྲོ་བ་པོ་མེད་པར་ན་བརྟེན་པ་འགྲོ་བ་འཐད་པར་མི་འགྱུར་བའི་ཕྱིར། གལ་ཏེ་བྱེད་པ་པོ་གཅིག་ལ་དུས་གཅིག་ཏུ་ལྟ་བ་དང་། ཉན་པ་ལ་སོགས་པའི་བྱ་བ་དུ་མ་དམིགས་པས་ན་མ་ངེས་སོ་ཞེ་ན། དུས་གཅིག་ལ་བྱ་བ་རིགས་མི་འདྲ་བ་དུ་མ་ཡང་ཡོད་དུ་ཆུག་ཀྱང་བྱེད་པ་པོ་གཅིག་ལ་བྱ་བ་རིགས་འདྲ་དོན་དམ་པ་གཉིས་ཡོད་པ་མ་ཡིན་ནོ། །གཉིས་པ་བྱེད་པ་པོ་ལ་དཔྱད་པས་དགག་པ་ནི། གལ་ཏེ་འགྲོ་བ་པོ་མེད་པར་གྱུར་ན་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་བ་ཞིག་ན། འགྲོ་བ་པོ་ལ་བརྟེན་པའི་འགྲོ་བའི་བྱ་བ་ཡོད་དོ་ཞེ་ན། འགྲོ་བའི་བྱ་བ་འཐད་པར་མི་འགྱུར་ཏེ། རྟེན་འགྲོ་བ་པོ་མེད་པའི་ཕྱིར། རྟེན་འགྲོ་བ་པོ་མེད་པ་མི་འགྲུབ་བོ་ཞེ་ན། འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། འགྲོ་བ་མེད་པའི་ཕྱིར་ཞེས་ག་ལས་འཇིགས་མེད་དང་སངས་རྒྱས་བསྐྱངས་འཆད་དོ། །ཤེས་རབ་སྒྲོན་མེ་དང་ཚིག་གསལ་ལས་འགྲོ་བ་ཡོད་དེ་འགྲོ་བ་པོ་ཡོད་པའི་ཕྱིར་ཞེ་ན། འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། ཇི་སྐད་བཤད་པའི་རིགས་པས་འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །འགྲོ་བ་པོ་མེད་པར་གྱུར་པ་འདོད་ན། འགྲོ་བའི་བྱ་བ་ཡང་འཐད་པར་མི་འགྱུར་རོ། །ཞེས་འཆད་དོ། །གཞན་ཡང་གལ་ཏེ་འགྲོ་བ་ཡོད་དེ། དེས་དེ་དང་ལྡན་པའི་ཐ་སྙད་ཡོད་པའི་ཕྱིར་རོ་ཞེ་ན། འགྲོ་བ་ཞིག་ཡོད་ན་འགྲོ་བ་པོའམ། འགྲོ་བ་པོ་མིན་པའམ། གཉིས་པོ་ལས་གཞན་པ་ཞིག་འགྲོ་བར་འདོད་གྲང་། རེ་ཞིག་འགྲོ་བ་པོ་མི་འགྲོ་སྟེ། འགྲོ་བའི་བྱ་བ་གྲུབ་ཟིན་པའི་དང་། འགྲོ་བའི་བྱ་བ་གཉིས་པ་ཡང་མེད་པའི་ཕྱིར། འགྲོ་བ་པོ་མིན་པ་ཡང་འགྲོ་བ་མིན་ཏེ། འགྲོ་བའི་བྱ་བ་མེད་པའི་ཕྱིར། འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་པའི་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ་མི་འགྱུར་བར་ཐལ། མེད་པའི་ཕྱིར། གལ་ཏེ་འགྲོ་བ་པོ་འགྲོའོ་ཞེས་འཇིག་རྟེན་ན་མཐོང་ངོ་ཞེ་ན། ལན་ལ་འགྲེལ་པ་གསུམ་ལས། རེ་ཤིག་འགྲོ་པོ་འགྲོ་འོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོ་བ་མེད་ན་འགྲོ་བ་པོ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་འབྱུང་བའི་དོན་ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། རེ་ཤིག་འགྲོ་པོ་འགྲོ་འོ་ཞེས། ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་ཏེ། སྔར་གྱི་རིགས་པས་འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ་ཞེས་གསུང་ངོ་། །སངས་རྒྱས་བསྐྱངས་ནི། རེ་ཤིག་འགྲོ་པོ་འགྲོ་འོ་ཞེས། ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ། མི་འགྱུར་བར་ཐལ། འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་ཏེ། འགྲོ་བ་མེད་པའི་ཕྱིར་ཏེ། འགྲོ་བའི་བྱ་བ་གཅིག་པུ་ཞིག་ཡོད་པ་དེ་འགྲོའོ་ཞེས་པའི་ཚིག་ལ་ཉེ་བར་སྦྱར་བའི་ཕྱིར། འགྲོ་བ་པོ་འགྲོ་བ་དང་ནམ་ཡང་ལྡན་པར་མི་འགྱུར་བར་ཐལ། འགྲོ་བའི་བྱ་བ་གཅིག་པོ་དེ་འགྲོ་བ་ལ་སྦྱར་བས་འགྲོ་བ་པོ་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར། ཟླ་བས་ནི། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཤིག་འགྲོ་པོ་འགྲོ་འོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་གསུངས་ནས་དོན་སྔ་མ་བཞིན་ནོ། །འགྲོ་བ་པོ་ལ་བརྟགས་ནས་དགག་པ་ནི། གལ་ཏེ་འགྲོ་བ་པོ་ཞེས་པའི་ཚིག་འགྲོ་བའི་བྱ་བའི་དོན་ལྡན་དུ་འདོད་དོ་ཞེ་ན། འགྲེལ་ཆེན་གསུམ་ལས་ནི། སྨྲ་བ་གང་གི་ཕྱོགས་ལ་འགྲོ་བ་པོ་འགྲོ་བར་འདོད་པ་དེ་ལ། འདི་ལ་ཆོས་ཅན། འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཡིན་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གཅིག་ཏུ་ཟད་ལ། འགྲོ་བ་པོ་འགྲོ་བར་འདོད་པའི་སྐབས་ཡིན་པས་གཅིག་པོ་འགྲོ་ཞེས་པའི་ཚིག་གི་དོན་དུ་ལྡན་དགོས་པའི་ཕྱིར་ཞེས་བཤད། ཡང་འགྲོ་བའི་བྱ་བ་མེད་པར་འགྲོའོ་ཞེས་བྱ་བར་ཐལ་བར་འགྱུར། ཞེས་ཀྱང་སངས་རྒྱས་བསྐྱངས་ལ་སྣང་། གལ་ཏེ་འགྲོ་བ་པོ་དང་འགྲོ་བ་གཉིས་ཀ་ལ་འགྲོ་བའི་བྱ་བ་ཡོད་པར་གྱུར་ན། འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པ་དང་། འགྲོ་བ་པོར་གྱུར་ནས་འགྲོ་བ་གང་ཡིན་པའོ། །འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ན། འགྲོ་བ་པོ་ཡང་གཉིས་སུ་འགྱུར་ཏེ། གང་གི་ཕྱིར་ན་རྟེན་འགྲོ་བ་པོ་མེད་པར་ནི་འགྲོ་བ་འཐད་པར་མི་འགྱུར་བའི་ཕྱིར་རོ། །ཞེས་ལེགས་ལྡན་བྱེད་འཆད་དོ། །སངས་རྒྱས་བསྐྱངས་ཀྱིས་ནི། འགྲོ་བ་པོ་མ་ཡིན་པ་ཡང་མི་འགྲོ་སྟེ། འགྲོ་བའི་བྱ་བའི་མེད་པའི་ཕྱིར། འགྲོ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ་མི་འགྱུར་བར་ཐལ། མེད་པའི་ཕྱིར། འདིར། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །ཞེས་སོགས་ཀྱི་ཤླཽ་ཀ་གཅིག་པོ་འདི་ག་ལས་འཇིགས་མེད་དང་། ཟླ་བ་ལ་ནི་མི་སྣང་ངོ་། །ཡང་། འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་བོ་འགྲོ་པོ་མིན་ལས་གཞན། །ཞེས་སོགས་ཀྱི་ཚིག་ལྷག་མ་གསུམ་ནི། སངས་རྒྱས་བསྐྱངས་ཀྱིས་གསུངས་ལ། གཞན་གསུམ་ག་ལ་མི་སྣང་ངོ་། །གཉིས་པ་སྒྲུབ་བྱེད་དགག་པ་ལ། འགྲོ་བ་ནི་ཡོད་དེ། འགྲོ་བའི་བྱ་བ་རྩོམ་པ་ཡོད་པའི་ཕྱིར་ཞེ་ན། སོང་བ་ལ་འགྲོ་བའི་བྱ་བ་རྩོམ་པ་མེད་དེ། འགྲོ་བའི་བྱ་བ་འདས་པའི་ཕྱིར། མ་སོང་བ་ལ་འགྲོ་བའི་བྱ་བ་རྩོམ་པ་མེད་དེ། སངས་རྒྱས་བསྐྱངས་ལྟར་ན། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་དང་། ལེགས་ལྡན་བྱེད་ལྟར་ན། འགྲོ་བའི་བྱ་བ་མེད་པའི་ཕྱིར། ཟླ་བ་ལྟར་ན། མ་འོངས་པ་དང་ད་ལྟར་བ་འགལ་བའི་ཕྱིར་ཞེས་སོ། །བགོམ་པ་ལ་འགྲོ་བའི་བྱ་བ་རྩོམ་པ་ཡོད་པ་མིན་ཏེ། གཉིས་པོ་ལས་མ་གཏོགས་པར་བགོམ་པ་བརྟག་ཏུ་མེད་པའི་ཕྱིར། དེས་ན་གང་དུ་འགྲོ་བ་རྩོམ་པར་བྱེད། །ཅེས་ལེགས་ལྡན་བྱེད་ཀྱིས་བཤད་དོ། །སངས་རྒྱས་བསྐྱངས་དང་། ཟླ་བས་ནི། བགོམ་པ་མེད་པའི་ཕྱིར་དང་། འགྲོ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང་། འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ག་ལས་འཇིགས་མེད་ལས་ནི་གཞུང་ཙམ་ལས་མི་སྣང་ངོ་། །གལ་ཏེ་འགྲོ་བའི་བྱ་བ་རྩོམ་པ་ཡོད་དེ། འགྲོ་བའི་བྱ་བའི་སྒོ་ནས་ལམ་གསུམ་དུ་འཇོག་པའི་ཕྱིར་ཞེ་ན། ག་ལས་འཇིགས་མེད་ལས། འགྲོ་བ་རྩོམ་པའི་སྔ་རོལ་ན་ལམ་གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་ཡུལ་བགོམ་པ་མེད་ཅིང་སོང་བ་ཡང་མེད་མ་སོང་བ་ཡང་མེད་པས་ན་འགྲོ་བ་རྩོམ་པ་ག་ལ་ཡོད། ཅེས་སོ། །སངས་རྒྱས་བསྐྱངས་ཀྱིས་ནི། འགྲོ་བ་ནི་ཡོད་པ་ཁོ་ན་སྟེ། བགོམ་པ་སོགས་ཀྱི་ལམ་གསུམ་ཡོད་པའི་ཕྱིར་དང་། འགྲོ་བ་དང་ལྡན་པའི་སྒོ་ནས་ལམ་དུ་འཇོག་པའི་ཕྱིར་རོ་ཞེ་ན། འགྲོ་བའི་བྱ་བ་རྩོམ་པའི་སྔ་རོལ་ན། གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་གཞི་བགོམ་པ་མེད་ཅིང་སོང་བ་མེད་པས་ན། དེས་ན་འགྲོ་བའི་བྱ་བ་མི་འཐད་དོ། །འགྲོ་བ་མི་འཐད་པས། བགོམ་པ་དང་སོང་བ་ཡང་མེད་དོ། །མ་སོང་བ་ནི་ཡོད་པས་དེ་ལ་འགྲོ་བ་རྩོམ་མོ་ཞེ་ན། མ་སོང་བ་ལ་འགྲོ་བའི་བྱ་བ་རྩོམ་པ་ག་ལ་ཡོད་དེ་མེད་པར་ཐལ། འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །ཤེས་རབ་སྒྲོན་མེ་ལས་ནི། འགྲོ་བ་རྣམ་པ་གཞན་གྱིས་ཡོད་པར་ཤེས་པར་བྱ་སྟེ། གང་དུ་འགྲོ་བའི་བྱ་བ་ཞུགས་པ་དེ་ནི་སོང་བ་ཡིན་ལ་འཇུག་པ་དེ་ནི་བགོམ་པ་ཡིན་ནོ། །མ་ཞུགས་པ་དེ་ནི་མ་སོང་བ་ཡིན་པས་ན་འགྲོ་བ་ཡོད་པ་ཁོ་ནའོ་ཞེ་ན། འདིར་གཞུང་ཚིག འགྲོ་བ་ཡོད་པར་གྱུར་ན་ཡང་། །འགྲོ་བ་རྩོམ་པའི་སྔ་རོལ་ན། །ཞེས་སོགས་འབྱུང་བས་འགྲོ་བའི་བྱ་བ་ཡོད་པར་གྱུར་ན་ནི། ཞུགས་པ་དང་། འཇུག་པ་དང་། མ་ཞུགས་པའི་སྒོ་ནས་ལམ་གསུམ་དུ་བསྙད་པར་འགྱུར་བ་ཞིག་ན། འགྲོ་བ་དེ་ཡང་མེད་དོ་ཞེས་བསྟན་ཟིན་ཏོ། །འགྲོ་བ་ཡོད་པར་གྱུར་ན་ཡང་། །འགྲོ་བ་རྩོམ་པའི་སྔ་རོལ་ན། །འགྲོ་བའི་བྱ་བ་རྩོམ་པ་ག་ལ་ཡོད་དེ་མེད་པར་ཐལ། གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་ཡུལ། བགོམ་པ་མེད་ཅིང་སོང་བ་ཡང་མེད་མ་སོང་བ་ཡང་མེད་པའི་ཕྱིར། དེ་ལྟར་བརྟགས་ན་འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། ཚད་མ་ལ་སྣང་བ་མེད་པ་ཉིད་ཡིན་ན། འགྲོ་བའི་བྱ་བའི་སྒོ་ནས། སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག །ཅེས་ཐམས་ཅད་མཐུན་ནོ། །གལ་ཏེ་འགྲོ་བ་ཡོད་དེ་མི་མཐུན་ཕྱོགས་སྡོད་པ་ཡོད་པའི་ཕྱིར་ཞེ་ན། འགྲོ་པོའམ་འགྲོ་བ་པོ་མ་ཡིན་པའམ་གསུམ་པ་ཞིག་སྡོད་གྲང་། དགག་པའི་བྱ་བ་དུ་མ་ཡོད་པའི་རེ་ཤིག་འགྲོ་བ་པོ་མི་སྡོད་དེ། སྡོད་པ་དང་འགལ་བའི་འགྲོ་བ་ཡོད་པའི་ཕྱིར་རོ། །འགྲོ་བ་པོ་མིན་པ་ཡང་མི་སྡོད་དེ། སྡོད་པར་གྲུབ་ཟིན་པའི་ཕྱིར་དང་། སྡོད་པའི་བྱ་བ་གཉིས་མེད་པའི་ཕྱིར། འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། མེད་པའི་ཕྱིར། ཞེས་མཐུན་ནོ། །འགྲོ་བ་པོ་སྡོད་པར་མི་འཐད་པ་ནི། འགྲེལ་པ་གཞན་གསུམ་ལས། རེ་ཤིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་ཐོག་མར་བཤད་པ་ལྟར་ན། འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་ཏེ། རིགས་པས་དཔྱད་པ་གང་གི་ཚེ་འགྲོ་བ་མེད་པའི་ཕྱིར་རོ། །ཞེས་ག་ལས་འཇིགས་མེད་དོ། །ཡང་ན། འགྲོ་བ་པོ་སྡོད་དོ་ཞེས་བྱ་བ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། འགྲོ་བའི་བྱ་བ་དང་སྡོད་པའི་བྱ་བ་གཅིག་ལ་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་ཏེ། འགལ་བ་ཡིན་པའི་ཕྱིར། དེས་ན་སྡོད་པའི་བྱ་བ་ཟིན་པའི་ཚེ། འགྲོ་བ་པོའོ་ཞེས་བསྙད་དུ་མེད་དོ། །མེད་པ་དེས་ན་འགྲོ་བ་མེད་པས་ན། འགྲོ་བ་པོ་ནམ་ཡང་འཐད་པར་མི་འགྱུར་རོ། །སློབ་དཔོན་ཟླ་བས་ནི། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཤིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཞེས་གོང་འོག་བསྣོལ་ནས་འཆད་དེ་དོན་གཅིག་གོ་འདིར་བུད་དྷ་པ་ལི་ཏ་ལས། འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །ཞེས་འོག་ཏུ་ཡང་འདོན་པར་མཛད་དོ། །གལ་ཏེ་འགྲོ་བ་པོ་སྡོད་པ་ཡོད་དོ་ཞེ་ན་མི་འཐད་དེ། འགྲོ་བ་དང་ནི་འཇུག་པ་དང་། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་གསུངས་ཏེ། ཇི་ལྟར་འགྲོ་བ་རྒྱ་ཆེར་བསམ་པ་དེ་བཞིན་དུ། འཇུག་པ་དང་ལྡོག་པ་ཡང་འགྲོ་བ་དང་མཚུངས་པར་བསམ་པར་བྱའོ། །ཞེས་ག་ལས་འཇིགས་མེད་ཀྱི་སྒྲ་ཇི་ལྟ་བའོ། །འགྲོ་བ་ཡོད་དེ། འགྲོ་བ་ལས་ལྡོག་པ་ཡོད་པའི་ཕྱིར་རོ་ཞེ་ན། འགྲོ་བ་པོ་སོང་བའི་ལམ་ལས་དང་། མ་སོང་བའི་ལམ་ལས་ཀྱང་ལྡོག་པ་མིན་ཏེ། གཉིས་ཀ་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར། བགོམ་པ་ལས་ཀྱང་ལྡོག་པར་མི་འགྱུར་ཏེ། མ་དམིགས་པའི་ཕྱིར། ཞེས་ཟླ་བའོ། །འགྲེལ་པ་གཞན་གསུམ་ལས། བགོམ་ལས་སྡོད་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཞེས་འབྱུང་བས། གལ་ཏེ་སྡོད་པ་དེ་ཡོད་ན་སོང་བ་ལས་སམ་མ་སོང་བ་ལས་སམ་བགོམ་པ་ལས་སྡོད་པར་འགྱུར་གྲང་ན། བགོམ་པ་ལས་སྡོད་པར་མི་འགྱུར་ཏེ། བགོམ་པ་ལས་སྡོད་པ་བཀག་ཟིན་པའི་ཕྱིར། སོང་བ་ལས་དེ་འགྲུབ་བོ་ཞེ་ན། སོང་བའི་ལམ་ལས་ཀྱང་སྡོད་པ་མི་འགྲུབ་སྟེ། འགྲོ་བའི་བྱ་བ་ལས་ལྡོག་པ་ལ་སྡོད་པ་ཞེས་བརྗོད་ན་སོང་བ་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར། མ་སོང་བ་ལས་ཀྱང་སྡོད་པ་འགྲུབ་པ་མིན་ཏེ། སྡོད་པ་ནི་འགྲོ་བའི་བྱ་བ་ལས་ལོག་པ་ཡིན་ན། མ་སོང་བ་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར། ཞེས་ལེགས་ལྡན་བྱེད་དོ། །སངས་རྒྱས་བསྐྱངས་ལས་ནི། འགྲོ་བ་ལྡོག་པ་ནི་སྡོད་པ་ཞེས་བྱ་ན། སྡོད་པ་དེ་ཡང་བགོམ་པའམ། སོང་བའམ་མ་སོང་བ་ལས་སྡོད་པར་འགྱུར་གྲང་། བགོམ་པ་ལས་སྡོད་པར་མི་འགྱུར་ཏེ། བགོམ་པ་ནི་འགྲོ་བ་དང་ལྡན་ལ། སྡོད་པ་ནི་འགྲོ་བ་དང་མི་ལྡན་པས། གཉིས་དུས་གཅིག་ཏུ་མི་སྲིད་པའི་ཕྱིར། ལྷག་མ་སྔ་མ་བཞིན་ནོ། །ག་ལས་འཇིགས་མེད་ལས། སྡོད་པ་དེ་བགོམ་པ་ལས་སྡོད་པར་འགྱུར་རམ། སོང་བ་དང་མ་སོང་བ་ལས་སྡོད་པར་འགྱུར་གྲང་། སོང་བ་ལས་སྡོད་པར་མི་འཐད་པའི་ཕྱིར། ཞེས་གསུང་ངོ་། །སྡོད་པ་ཡོད་དེ། འགྲན་ཟླ་འགྲོ་བ་ཡོད་པའི་ཕྱིར་རོ་ཞེ་ན། སྡོད་པའི་སྒྲུབ་བྱེད་དུ་བཀོད་པའི་འགྲོ་བ་ཡང་ནི། འགྲོ་དང་མཚུངས་སོ། །ཇི་ལྟར་མཚུངས་ཤེ་ན། རེ་ཤིག་སྡོད་པོ་མི་འགྲོ་སྟེ། །སྡོད་པ་པོ་མིན་འགྲོ་བ་མིན། །ཞེས་སོགས་འདོན་པར་བསྒྱུར་ནས་སྦྱར་རོ། །སྡོད་པ་ཡོད་དེ། སྡོད་པར་རྩོམ་པ་ཡོད་པའི་ཕྱིར་རོ་ཞེ་ན། འཇུག་པ་ཡང་ནི་འགྲོ་དང་མཚུངས། །ཇི་ལྟར་མཚུངས་ཤེ་ན། སོང་ལ་འགྲོ་བའི་རྩོམ་མེད་དེ། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་ལ། སྡོད་ལ་སྡོད་པའི་རྩོམ་མེད་དེ། །མི་སྡོད་པ་ལ་སྡོད་རྩོམ་མེད། །སྡོད་བཞིན་སྡོད་རྩོམ་ཡོད་མིན་ན། །གང་དུ་སྡོད་པ་རྩོམ་པར་བྱེད། །ཅེས་སོགས་འདོན་པ་བསྒྱུར་ནས་འཆད་དོ། །སྡོད་པ་ཡོད་དེ་དེ་ལས་ལྡོག་པ་ཡོད་པའི་ཕྱིར་རོ་ཞེ་ན། སྡོད་བཞིན་ལས་ལྡོག་མི་འགྱུར་ཏེ། སྡོད་དང་མི་སྡོད་ལས་ཀྱང་མིན། །ཞེས་ཟླ་བའོ། །ཤེས་རབ་སྒྲོན་མེ་ལས་ནི། སྡོད་པ་ཡོད་དེ་སྡོད་པ་ལས་སླར་འགྲོ་བ་ཡོད་པའི་ཕྱིར་རོ་ཞེ་ན། སྒྲུབ་བྱེད་ཀྱི་འགྲོ་བ་ཡང་ནི་འགྲོ་བ་འགོག་བྱེད་དང་མཚུངས་སོ། །ཇི་ལྟར་ཞེ་ན། འགྲོ་བ་ནི་ལམ་གསུམ་ལ་མི་འཐད་པ་དང་། འགྲོ་བ་རྩོམ་པ་ཡང་ལམ་གསུམ་ལ་བརྟགས་ན་མ་འཐད་པ་དང་། ལྡོག་པ་ཡང་ལམ་གསུམ་ལ་བརྟགས་ན་མི་འཐད་པ་བཞིན་དུ་སྡོད་པ་ལས་འགྲོ་བ་ཡང་སྡོད་པ་པོ་ཡིན་མིན་དང་ཕུང་པོ་གསུམ་པ་མི་འཐད་པ་དང་། འཇུག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་གསུངས་ཏེ། སྡོད་པའི་འཇུག་པ་ཡང་བསྡད་མ་བསྡད་སྡོད་པ་གསུམ་ལ་མི་འཐད། ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་གསུངས་ཏེ། ལྡོག་པ་ཡང་ནི་དེ་གསུམ་ལ་མི་འཐད་པར་སྔར་གྱི་རིགས་པ་མཚུངས་པར་བརྗོད་དོ། །སངས་རྒྱས་བསྐྱངས་དང་། ཟླ་བ་མཐུན་ནོ། །གསུམ་པ་རྣམ་པར་བརྟགས་པའི་རིགས་པས་དགག་པ་ལ། རྟེན་ལ་གཅིག་དང་དུ་མར་བརྟགས་པས་དགག བྱ་བ་ལ་གཅིག་དང་དུ་མར་བརྟགས་པས་དགག་པའོ། །དང་པོ་ལ་དམ་བཅའ་ནི། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང་། །ཞེས་པ་དང་། འགྲོ་བ་དེ་དང་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང་། །ཞེས་སོ། །འཐད་པ་ལ། དམ་བཅའ་དང་པོའི་འཐད་པ་ནི། གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་བོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང་། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །གཉིས་པའི་འཐད་པ་ནི། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་བརྟག་ན། འགྲོ་བ་པོ་ལ་ལྟོས་པ་མེད་པའི་འགྲོ་བ་དང་། འགྲོ་བ་ལ་ལྟོས་པ་མེད་པའི་འགྲོ་བ་པོར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར་ཞེས་འགྲེལ་ཆེན་གསུམ་ལས་སོ། །ལེགས་ལྡན་བྱེད་ཀྱིས། གཉིས་པོ་ལ་རང་རྒྱུད་ཀྱང་གསུངས་ཏེ་འགྲོ་བ་དང་འགྲོ་བ་པོ་གཅིག་མ་ཡིན་ཏེ། བྱེད་པ་པོ་དང་ལས་ཡིན་པའི་ཕྱིར། གཅོད་པ་དང་གཅད་པར་བྱ་བ་བཞིན་ནོ། །ངོ་བོ་ཉིད་ཀྱིས་གཞན་ཡང་མ་ཡིན་ཏེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར། དོན་བསྡུ་བ་ནི། གང་དག་དངོས་པོ་གཅིག་པ་དང་། །ཞེས་སོགས་ཤླཽ་ཀ་གཅིག་བཤད་དོ། །གཉིས་པ་རྣམ་པ་གཉིས་སུ་བརྟག་པ་དང་། བྱ་བྱེད་རྣམ་གྲངས་དུ་མའི་སྒོ་ནས་དགག་པའོ། །དང་པོ་ནི། འགྲོ་བ་མི་སྲིད་པ་ཉིད་ཀྱི་ཕྱིར། འགྲོ་བ་པོ་ཡང་མི་འགྲུབ་བོ་ཞེས་བསྟན་ཏེ། འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་སྟེ། མཚོན་པར་བྱེད་པའི་འགྲོ་བ་དེ་ལ་ནི། འགྲོ་བ་པོ་དེ་འགྲོ་བ་མིན་ཏེ། གང་གི་ཕྱིར་ན། འགྲོ་བའི་སྔ་རོལ་ན་འགྲོ་བ་པོ་མེད་པའི་ཕྱིར་ཏེ་འགྲོ་བའི་བྱ་བ་མེད་པའི་ཕྱིར། དེས་ན་འགྲོ་བ་པོ་གང་ཞིག་ལམ་གང་དུ་འགྲོ་བར་འགྱུར། ཞེས་ཐམས་ཅད་མཐུན། འགྲོ་བ་གང་གིས་འགྲོ་བ་པོར་མངོན་ཏེ། མཚོན་བྱེད་དེ་ལས་གཞན་པའི་འགྲོ་བ་དེ་ལ་འགྲོ་བ་པོ་འགྲོ་བ་མིན་ཏེ། གང་གི་ཕྱིར་ན། འགྲོ་བ་པོ་གཅིག་པུ་ལ་འགྲོ་བའི་བྱ་བ་གཉིས་སུ་མི་འཐད་པའི་ཕྱིར། གཉིས་པ་ནི། འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བའི་ལམ་སོང་མ་སོང་བགོམ་པ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། འགྲོ་བའི་བྱ་བ་གཅིག་གིས་འགྲོ་བ་པོར་གྲུབ་ཟིན་པའི་ཕྱིར་དང་། འགྲོ་བའི་བྱ་བ་གཉིས་པ་ཡང་མི་འཐད་པའི་ཕྱིར། འགྲོ་བ་པོ་མ་ཡིན་པར་གྱུར་པ་དེ་ཡང་། འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར། སྡོད་པ་པོ་བཞིན་ནོ། །འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ཡང་། འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། ཕྱོགས་གཉིས་ཀར་བསྟན་པའི་རྗེས་སུ་དཔག་པས་གནོད་པའི་ཕྱིར་ཞེས་ལེགས་ལྡན་བྱེད་འཆད་དོ། །གཞན་རྣམས་ཀྱང་འདི་དང་དོན་གཅིག་གོ །གཉིས་པ་རིགས་པས་གྲུབ་པའི་དོན་བསྡུ་བ་ནི། བརྟགས་ན་འགྲོ་བ་དང་འགྲོ་བ་པོ་དང་འགྲོ་བའི་ལམ་གསུམ་མི་འཐད་པ་དེའི་ཕྱིར། འགྲོ་བའི་བྱ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བའི་ལམ་གསུམ་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། དབུ་མ་རྩ་བ་ལས། འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་པའོ།།    །།སྐྱེ་མཆེད་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པ་དང་། གཞུང་གི་ཚིག་དོན་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི། ཡུམ་ལས། མིག་ནི་མིག་གིས་སྟོང་ངོ་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། སྐྱེ་མཆེད་བཅུ་གཉིས་ཡོད་དེ། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཅེས་པ་སྟེ་མིག་སོགས་དབང་པོ་དྲུག་དང་། དེ་དག་གི་སྤྱོད་ཡུལ་ལྟ་བར་བྱ་བ་དང་། ཉན་པར་བྱ་བ་ལ་སོགས་པ་ཡུལ་གྱི་སྐྱེ་མཆེད་དྲུག་ཡོད་པས་སོ་ཞེ་ན། གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། དབང་པོ་ལྟ་བ་པོར་འདོད་པ་དགག བདག་ལྟ་བ་པོར་འདོད་པ་དགག ཚུལ་དེས་གཞན་ཡང་ཁེགས་པའོ། །དང་པོ་ནི། །མིག་གི་དབང་པོ་ལྟ་བའི་རང་གི་བདག་ཉིད་དུ་འདོད་ན། མིག་གི་དབང་པོ་དེ་ནི་ཆོས་ཅན། རང་གི་བདག་ཉིད་དེ་ལ་ལྟ་བ་མ་ཡིན་པ་ཉིད་དེ། ཟླ་བ་ལྟར་ན། རང་གི་བདག་ཉིད་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་འགལ་བའི་ཕྱིར། ལེགས་ལྡན་བྱེད་ལྟར་ན། མིག་རང་ལ་མི་ལྟ་བར་འཇིག་རྟེན་ན་གྲགས་པའི་ཕྱིར་རོ་ཞེས་གསུང་ངོ་། །གང་ཞིག་མིག་གི་དབང་པོ་དེ་ཆོས་ཅན། གཟུགས་རྫས་གཞན་དག་ལ་ཇི་ལྟ་སྟེ་མི་ལྟར་བར་ཐལ། རང་གི་བདག་ཉིད་ལ་མི་ལྟ་བའི་ཕྱིར། རྣ་བའི་དབང་པོ་བཞིན་ནོ། །གལ་ཏེ་རྣ་བ་གཟུགས་ལ་མི་ལྟ་ཡང་མིག་ལྟ་བས་མི་མཚུངས་སོ་ཞེ་ན། གཉིས་པོ་གཞན་ལ་ལྟ་མི་ལྟའི་ཁྱད་པར་མི་རྙེད་དེ། རང་གི་བདག་ཉིད་ལ་མི་ལྟ་བར་མཚུངས་པའི་ཕྱིར། ཞེས་མགོ་སྙོམས་སོ། །གལ་ཏེ་གཉིས་པོ་གཟུགས་ལ་ལྟ་མི་ལྟའི་ཁྱད་པར་འཇིག་རྟེན་ན་མཐོང་ངོ་ཞེ་ན། རིགས་པས་བརྟགས་ན་མཐོང་མ་མཐོང་གི་བྱེ་བྲག་ཀྱང་མི་འགྲུབ་པས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །འཇིག་རྟེན་གྱི་ངོར་སྣང་བ་ཙམ་གྱིས་བདེན་པར་ཡང་བཞག་མི་ནུས་ལ། གྲགས་པ་ཙམ་ལ་རྩོད་པ་ཡང་མ་ཡིན་ནོ། །གཞན་གྱི་རིགས་པས་བདེན་པར་འདོད་པ་ཉིད་འགོག་པ་ཡིན་ནོ། །འགའ་ཞིག་གཟུགས་སྒྲ་གཉིས་མིག་གིས་མཐོང་མི་མཐོང་གི་བྱེ་བྲག་མི་འཐད་དེ་ཤེས་བྱར་མཚུངས་པའི་ཕྱིར་ཞེས་བརྗོད་པ་ནི་མ་རྟོགས་པ་སྟེ། རིགས་པས་དཔྱད་པའི་ཚེ་གཟུགས་སྒྲ་གཉིས་མི་འགྲུབ་པར་ཤེས་བྱར་མཚུངས་པ་ག་ལ་ཡོད། བདེན་པར་ཡོད་མེད་དཔྱད་པའི་དུས་སུ། མི་མཐུན་ཕྱོགས་བདེན་པ་མི་སྲིད་པས། དབུ་མ་པ་ལ་རྟགས་མི་མཐུན་ཕྱོགས་ལ་འཇུག་པ་མེད་པས་མ་ངེས་པའི་སྐྱོན་མི་འཇུག་ལ། དངོས་པོར་སྨྲ་བས། བདེན་པར་སྒྲུབ་པར་འདོད་པ་ན། ཡོད་པ་ཙམ་ཞིག་རྟགས་སུ་བཀོད་པ་ལ་ཁྱབ་པ་མ་ངེས་ལ། བདེན་པར་ཡོད་པ་རྟགས་སུ་བཟུང་ན་མ་གྲུབ་པས། གཉིས་ཀ་ཡང་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །རྩ་བ་ལས་ཀྱང་། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་སོགས་དང་། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །ཞེས་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །འདིར་བརྩད་བྱས་ཚེ་ཞེས་པ་དང་། བཤད་བྱས་ཚེ་ཞེས་པའི་དུས་ཀྱི་ཁྱད་པར་གསུངས་པ་ནི། གནས་ཚུལ་ལ་དཔྱོད་པའི་ཚེ། ཚུལ་འདི་ལྟ་བུའི་མགོ་སྙོམས་ཀྱི་རིགས་པ་བརྗོད་ཅེས་པའི་དོན་ནོ། །ཐ་སྙད་ཀྱི་ངོར་ནི་མ་ཡིན་ཏེ། དགེ་སྡིག་རང་བཞིན་མེད་པར་མཚུངས་སུ་ཟིན་ཀྱང་རྣམ་སྨིན་བཟང་ངན་གྱི་ཁྱད་པར་ཡོད་པ་དང་། རྣམ་སྨིན་ཕྱུང་ཟིན་པ་དང་མ་ཟིན་པའི་ལས་གཉིས་རྣམ་སྨིན་སླར་འབྱིན་མི་འབྱིན་གྱི་ཁྱད་པར་ཡོད་པ་ལྟ་བུ་སྟེ། འཇུག་པ་ལས། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་ཀྱིས། །དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་། །ཞེས་པ་ལྟར་རོ། །རིགས་པ་འདི་ནི་ཁྱབ་འཇུག་གི་མདུང་ཐུང་ལྟ་བུ་སྟེ། འདིས་མི་འཇོམས་པ་གང་ཡང་མེད་དོ། །འཆད་ཚུལ་འདི་ལྟ་བུ་ཤེས་པའི་འགྲེལ་བྱེད་ཁོ་བོ་གཅིག་པུ་ཉིད་དུ་ངེས་སོ། །ལེགས་བཤད་ཉིན་མོར་བྱེད་པའི་དཀྱིལ་འཁོར་འདི། །གཞུང་ལུགས་གླིང་འདིར་མངོན་དུ་གྱུར་པའི་ཚེ། །གཞན་གྱི་རྣམ་བཤད་མུན་སྤྲུལ་ཕྲེང་བ་དང་། །མི་ཤེས་མུན་པ་གླིང་གཞན་འགྲོ་བར་གྱིས། །འགྲེལ་པ་གཞན་གསུམ་གྱི་བཤད་ཚུལ་བསྟན་ཟིན་ལ། སངས་རྒྱས་བསྐྱངས་ལྟར་ན། ཚིག་སྔ་མ་གཉིས་གཞན་དང་གཅིག་ལ། རང་གི་བདག་ཉིད་ལ་དམིགས་པའི་ཆོས་ཡོད་ན་གཞན་ལ་ཡང་དམིགས་པར་འགྱུར་ཏེ། ཆུ་ལ་རླན་མཐོང་བས་ས་ལ་ཡང་འགོད་ནུས་པ་བཞིན་ནོ། །གང་རང་གི་བདག་ཉིད་ལ་མི་སྣང་བ་དེ་ནི་ནུས་པ་གཞན་ལ་ཇི་ལྟར་དམིགས་པ་འགྱུར། དེ་བཞིན་དུ་རང་གི་བདག་ཉིད་ལ་ལྟ་བར་བྱེད་པ་ཡོད་ན་གཟུགས་ལ་ཡང་ལྟ་བ་ཞིག་ན། དེ་མེད་པས་གཞན་ལ་མི་ལྟའོ། །འཕགས་པ་ལྷས་ཀྱང་། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་གྱུར་ན། །མིག་ཉིད་ལ་ཡང་མིག་གིས་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་སོ་ཞེས་བཤད་དོ། །གལ་ཏེ་མེས་རང་མི་བསྲེག་ཀྱང་གཞན་བསྲེག་པས་མ་ངེས་སོ་ཞེ་ན། མིག་གཟུགས་ལ་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་དུ་བཀོད་པའི་མེའི་དཔེས་ནི་དོན་སྒྲུབ་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། མེས་བུད་ཤིང་བསྲེགས་ན་ཤིང་ལས་གུད་ན་མེད་པས་རང་གིས་རང་བསྲེག་པར་འགྱུར་རོ། །གཉིས་པོ་ཐ་དད་དུ་མེད་ཀྱང་། བུད་ཤིང་བསྲེག་བྱ་དང་མེ་སྲེག་བྱེད་དུ་འདོད་ན། བཟློག་སྟེ་སྨྲས་ན་ཁྱད་པར་ཅི་ཞིག་བརྗོད། འཕགས་པ་ལྷས་ཀྱང་། མེས་ནི་ཚ་བ་ཉིད་བསྲེགས་ཏེ། །ཚ་བ་ལ་ཡིན་ཇི་ལྟར་བསྲེགས། །དེས་ན་བུད་ཤིང་བསྲེག་བྱ་མེད། །དེ་མ་གཏོགས་པར་མེ་ཡང་མེད། །ཅེས་གསུངས་སོ་ཞེས་བཤད། གལ་ཏེ་ཁྱེད་མེས་རང་གཞན་གཉིས་ཀ་སྣང་བར་བྱེད་པར་འདོད་པ་ལ་ཡང་རང་གཞན་གཉིས་ཀ་བསྲེག་པར་ཡང་མཚུངས་སོ། །གཞན་བསྲེག་པར་བྱེད་ལ། རང་མི་བསྲེག་གོ་ཞེ་ན། རང་གཞན་གཉིས་ཀ་སྣང་བར་བྱེད་པ་ལྟར། མིག་གི་དབང་པོས་ཀྱང་རང་གཞན་གཉིས་ཀ་ལྟ་བར་བྱེད་པར་མཚུངས་སོ། །དཔེ་དེས་ནི་དོན་ལྟ་བ་དང་བཅས་པ་གཉིས་ཀ་མཚུངས་པར་ལན་བཏབ་ཟིན་ནོ། །གང་གིས་ན། སོང་དང་མ་སོང་བགོམ་པའི་རིགས་པ་ཡིས་སོ་ཞེས་སངས་རྒྱས་བསྐྱངས་སོ། །ཤེས་རབ་སྒྲོན་མེ་ལས་ནི། རྟེན་བཅས་ཀྱི་མིག་ནི་གཟུགས་ལ་མི་ལྟ་སྟེ། མིག་གི་དབང་པོ་ཡིན་པའི་ཕྱིར། དེ་མཚུངས་ཀྱི་མིག་བཞིན་ནོ། །དོན་ལྟ་བ་རབ་ཏུ་སྒྲུབ་པའི་ཕྱིར་དུ། མེ་ཡིས་རང་མི་བསྲེག་ཀྱང་གཞན་བསྲེག་པར་བྱེད་པའི་དཔེས་ལྟ་བ་གཞན་ལ་ལྟ་བར་སྒྲུབ་ནུས་པ་མ་ཡིན་ཏེ། དཔེར་བཀོད་པའི་མེ་དོན་དམ་པར་སྲེག་བྱེད་དུ་མ་གྲུབ་པའི་ཕྱིར། དོན་ཡང་མི་འཐད་དེ། ཐ་སྙད་དུ་ཡང་མིག་ལྟ་བའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར། མེ་ཐ་སྙད་དུ་ཡང་བསྲེག་པར་བྱེད་པའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་ཞེས་གསུངས་སོ། །འདིས་ནི་ཐ་སྙད་དུ་ཡང་རང་བཞིན་མེད་པར་འདོད་པ་བསྟན་ནོ། །གཞན་ཡང་སོང་དང་མ་སོང་བགོམ་པའི་རིགས་པ་ཡིས་དོན་ལྟ་བ་དང་བཅས་པ་དེ་ལ་ནི་ལན་བཏབ་པ། ཇི་ལྟར་ཞེ་ན་དཔེ་ནི། རེ་ཤིག་བསྲེག་པོ་མི་བསྲེག་སྟེ། །མ་བསྲེགས་པ་ཡང་བསྲེག་མི་འགྱུར། །བསྲེགས་དང་མ་བསྲེགས་མ་གཏོགས་པར། །སྲེག་བཞིན་ཤེས་པར་མི་འགྱུར་རོ། །དོན་ལ། རེ་ཤིག་བལྟས་ལ་མི་ལྟ་སྟེ། །མ་བལྟས་པར་ཡང་ལྟ་བ་མིན། །བལྟས་དང་མ་བལྟས་མ་གཏོགས་པར། །བལྟས་བཞིན་ཤེས་པར་མི་འགྱུར་རོ། །ཞེས་པ་དང་། རེ་ཤིག་ལྟ་པོ་མི་ལྟ་སྟེ། །ཞེས་སྦྱར་རོ། །སྣང་བྱེད་ཀྱི་རྒྱུ་ལ་སྣང་བྱེད་ཅེས་བརྗོད་པ་བཞིན། ལྟ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། ལྟ་བར་བྱེད་པ་ཞེས་བརྗོད་དོ། །བྱེད་པ་པོ་ལ་བྱ་བའི་རྐྱེན་བརྗོད་ན་ལྟ་བ་པོ་ལ་ལྟ་བ་ཞེས་བརྗོད་ལ། བྱེད་པའི་རྐྱེན་དང་སྦྱར་ན་ལྟ་བར་བྱེད་པས་ན་ལྟ་བ་ཞེས་བརྗོད་དོ། །གང་གི་ཚེ་གོང་དུ་བཤད་པ་ལྟར་ཅུང་ཟད་ཀྱང་མི་ལྟ་བས་ན་ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བར་བྱེད་པ་མ་ཡིན་པས། ལྟ་བས་ལྟ་བར་བྱེད་ཅེས་བྱ་བར་འདོད་པ་དེ་ནི་ཇི་ལྟར་རིགས་པར་འགྱུར། ཞེས་མཐུན་པར་བཤད་དོ། །ཡང་བུད་དྷ་པ་ལི་ཏ་དང་། ཤེས་རབ་སྒྲོན་མེ་ལས་ནི། ལྟ་བ་ལྟ་ཉིད་མ་ཡིན་ཏེ། ལྟ་བའི་བྱ་བ་གཉིས་མེད་པའི་ཕྱིར། ལྟ་བ་མིན་པ་ཡང་ལྟ་བ་མིན་པ་ཉིད་དེ། ལྟ་བའི་བྱ་བ་མེད་པའི་ཕྱིར། ཞེས་གསུངས་སོ། །ཡང་སངས་རྒྱས་བསྐྱངས་དང་ཟླ་བས་ལྟ་བས་ལྟ་བར་བྱེད་ཅེས་སྦྱར། དེ་ནི་ཇི་ལྟར་རིགས་པར་འགྱུར། །ཞེས་པ་འདིའི་མཇུག་ཏུ་ཡང་སྦྱར་རོ། །གཉིས་པ་བདག་ལྟ་བ་པོར་འདོད་པ་དགག་པ་ནི། བདག་ལྟ་བ་པོའོ་ཞེ་ན། ལྟ་བ་འགོག་པའི་རིགས་པ་འདི་ཉིད་ཀྱིས་ལྟ་བ་པོའང་རྣམ་པར་བཤད་པར་བྱའོ། །ཇི་ལྟར་ན་ལྟ་སྟེ་རང་གི་བདག་ཉིད་ནི། །ཞེས་སོགས་འདོན་པ་བསྒྱུར་རོ། །འདིར་སངས་རྒྱས་བསྐྱངས་དང་ཤེས་རབ་སྒྲོན་མེས། ལྟ་བ་པོ་བདག་ལ་བཟུང་ལ་གཞན་གཉིས་ལ་གསལ་ཁ་མི་སྣང་ངོ་། །བདག་ནི་དོན་དམ་པར་གཟུགས་ལ་ལྟ་བར་མི་བྱེད་དེ། དངོས་པོ་དང་བྲལ་བའི་ཕྱིར། རྣ་བ་བཞིན་ནོ། །ཞེས་ཀྱང་ལེགས་ལྡན་བྱེད་ཀྱིས་བཤད། གལ་ཏེ་གཟུགས་ལ་ལྟ་བར་བྱེད་པའི་ལྟ་བ་དེ་ནི་ཡོད་དོ་ཞེ་ན། ག་ལས་འཇིགས་མེད་ལས། ལྟ་བ་སྤངས་སམ། ལྟ་བ་མ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཏེ། ལྟ་བ་པོ་བཀག་ཟིན་པའི་ཕྱིར། བུད་དྷ་པ་ལི་ཏ་ལས། ལྟ་བའི་བྱ་བ་མ་སྤངས་པའི་ལྟ་བ་པོ་ཡོད་པ་མིན་ཏེ། ལྟ་བའི་བྱ་བ་གཉིས་མེད་པའི་ཕྱིར། ལྟ་བའི་བྱ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་མི་འཐད་དེ། ལྟ་བའི་བྱ་བ་མེད་པའི་ཕྱིར། ལྟ་བ་པོ་མེད་ན་ཁྱོད་ཀྱི་ལྟ་བྱ་དང་ལྟ་བ་དེ་དག་ག་ལ་ཡོད་ཅེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས་ནི། ལྟ་བའི་བྱ་བ་མ་སྤངས་པའི་ལྟ་བ་པོ་ཡོད་པ་མིན་ཏེ། མ་སྤངས་ཞེས་པའི་ཚིག་གིས་སྔ་རོལ་ནས་ལྟ་བ་པོ་ཉིད་དུ་ཁས་བླངས་པའི་ཕྱིར། ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཏེ། ལྟ་བ་མེད་པའི་ངོ་བོར་གྱུར་པའི་ཕྱིར། ཞེས་གསུང་ངོ་། །ཚིག་གསལ་ལས། ལྟ་བའི་བྱ་བ་མ་སྤངས་པའི་ལྟ་བ་པོ་ཡོད་པ་མིན་ཏེ། ལྟ་བ་གྲུབ་མ་གྲུབ་གང་ལ་ཡང་མི་ལྟོས་པའི་ཕྱིར། ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་ཡོད་པ་མ་ཡིན་ཏེ། ལྟ་བའི་བྱ་བ་མེད་པའི་ཕྱིར་ཞེས་བཤད་དོ། །འདིར་ཇི་ལྟར་ཕ་དང་མ་དག་ལ། །ཞེས་སོགས་ཀྱི་གཞུང་འབྱུང་བ་ནི་མ་དག་སྟེ་འགྲེལ་ཆེན་གསུམ་ག་ལ་མི་སྣང་པའི་ཕྱིར་དང་། ཚིག་གསལ་ལ་ཡང་འདིའི་འགྲེལ་པ་མི་སྣང་བའི་ཕྱིར་རོ། །ལྟ་བར་བྱ་བ་དང་ལྟ་བ་དག་ཡོད་དེ། འབྲས་བུ་རྣམ་པར་ཤེས་པ་སོགས་བཞི་ཡོད་པས་སོ་ཞེ་ན། འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པ་བཞི་ཡོད་པ་མིན་ཏེ། རྒྱུ་ལྟ་བྱ་དང་ལྟ་བ་མེད་པའི་ཕྱིར་ཞེས་བཤད་དེ་ཐམས་ཅད་མཐུན་ནོ། །རྣམ་པར་ཤེས་པ་དང་། རེག་ཚོར་སྲེད་པ་བཞི་པོ་མེད་པས་ཉེ་བར་ལེན་པ་དང་སྲིད་པ་དང་། སྐྱེ་བ་ལ་སོགས་པ་ཇི་ལྟ་བུར་ན་ཡོད་པར་འགྱུར། གསུམ་པ་ཚུལ་དེས་གཞན་ཡང་ཁེགས་པ་ནི། ཉན་པ་དང་། སྣོམ་པ་དང་། མྱང་བར་བྱེད་པ་དང་། རེག་པར་བྱེད་པ་དང་། ཡིད་དེ་དབང་པོ་ལྔ་དང་། ཉན་པ་པོ་ལ་སོགས་པ་རྣམ་པར་ཤེས་པ་ལྔ་དང་། མཉན་པར་བྱ་བ་ལ་སོགས་པ་ཡུལ་ལྔ་པོ་འགོག་བྱེད་ཀྱི་རིགས་པའང་རྣམ་པར་བཤད་པར་ཤེས་པར་བྱའོ། །གང་གིས་ཤེ་ན་ལྟ་བ་འགོག་བྱེད་ཀྱི་རིགས་པས་སོ། །ཇི་ལྟར་བཤད་ཅེ་ན། ཉན་ཏེ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །ཅེས་སོགས་སྦྱར་རོ། །གསུམ་པ་ནི། འགྲེལ་ཆེན་གཞན་གསུམ་ལས་སྐྱེ་མཆེད་བརྟག་པ་དང་། ཚིག་གསལ་ལས་དབང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའི་རྣམ་པར་བཤད་པའོ།།    །།ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་ལ་མདོའི་འབྲེལ་ནི། ཤེར་ཕྱིན་ལས། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ཕུང་པོ་ལྔ་ཡོད་དེ་ཆོས་མངོན་པ་ལས་བསྟན་པས་སོ་ཞེ་ན། གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། གཟུགས་ཀྱི་ཕུང་པོ་འགོག་པ། རིགས་པ་གཞན་ལ་སྦྱར་བ། རྩོད་ལན་གྱི་ཚུལ་ལ་བསླབ་པའོ། །དང་པོ་ལ་དམ་བཅའ་དང་། འཐད་པ་གཉིས་སོ། །དང་པོ་ནི། གཟུགས་ཀྱི་རྒྱུ་འབྱུང་བ་མ་གཏོགས་པར་ལོགས་ཤིག་ཏུ་འབྲས་གཟུགས་ནི་དམིགས་པར་མི་འགྱུར་རོ། །འབྲས་གཟུགས་ཞེས་བྱ་བ་མ་གཏོགས་པར་གཟུགས་ཀྱི་རྒྱུ་འབྱུང་བ་ཡང་ལོགས་ཤིག་ཏུ་མི་སྣང་ངོ་། །གཉིས་པ་འཐད་པ་ལ། དང་པོའི་འཐད་པ་ནི། གཟུགས་ཀྱི་རྒྱུ་འབྱུང་བ་མ་གཏོགས་པར་ལོགས་ཤིག་ཏུ་འབྲས་གཟུགས་ངོ་བོ་ཉིད་ཀྱིས་ཡོད་ན། འབྲས་གཟུགས་ནི། རྒྱུ་ལ་ལྟོས་པ་མེད་པར་ཐལ་བར་འགྱུར་བ་ལས། དོན་གང་ཡང་རྒྱུ་མེད་པའི་འབྲས་བུ་ནི་གང་ནའང་མེད་དོ། །འདིར་བུད་དྷ་པ་ལི་ཏ་ལས། དོན་གང་ཡང་རྒྱུ་མེད་པ་གཅིག་ཀྱང་མ་མཐོང་སྟེ། རྟག་ཏུ་ཐམས་ཅད་ལས་སྐྱེ་བར་འགྱུར་བ་དང་། རྩོམ་པ་དོན་མེད་པར་འགྱུར་བའི་ཕྱིར་ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས་ནི། གཟུགས་བློ་ནི་རྫས་ཀྱི་ཡུལ་ཅན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར། ནགས་ཚལ་གྱི་བློ་བཞིན་ནོ། །ཞེས་པ་དང་། གཟུགས་ཞེས་བྱ་བ་མ་གཏོགས་པར་གཟུགས་ཀྱི་རྒྱུ་ལོགས་ཤིག་ཏུ་ཡང་མི་སྣང་སྟེ། བཟུང་དུ་མེད་པའི་ཕྱིར་ཞེས་སོ། །དམ་བཅའ་གཉིས་པའི་འཐད་པ་ནི། གལ་ཏེ་འབྲས་གཟུགས་ལ་མ་གཏོགས་པར། གཟུགས་ཀྱི་རྒྱུ་འབྱུང་བ་ཞིག་ཡོད་ན་ནི། འབྲས་བུ་སྐྱེད་བྱེད་དུ་མེད་པའི་རྒྱུར་འགྱུར་ཏེ། ཉེས་པ་ཅི་ཡོད་ཅེ་ན། འབྲས་བུ་སྐྱེད་བྱེད་དུ་མེད་པའི་རྒྱུ་མེད་དོ། །ངོ་བོ་ཉིད་ཀྱིས་གྲུབ་ན་མི་འགྱུར་བས། འབྲས་བུ་སྐྱེད་བྱེད་དུ་མེད་ཅིང་འབྲས་བུ་སྐྱེད་བྱེད་དུ་མེད་ན་རྒྱུའི་ཐ་སྙད་ཀྱང་མི་འཇུག་གོ །ཞེས་གསུམ་ལས་བཤད་དོ། །ཤེས་རབ་སྒྲོན་མེ་ལས། ཚིག་དོན་སྔ་མ་བཞིན་བཤད་ནས། དགོས་པ་ནི། རྒྱུ་གཟུགས་དང་འབྲས་གཟུགས་གཉིས་འདུས་པ་ཙམ་ལས་མ་གཏོགས་པར་སོ་སོར་ཡན་གར་དུ་གྲུབ་པ་མེད་པར་བསྟན་ལ། དེས་ནི་རྫས་ཡོད་དུ་མ་གྲུབ་པར་བཏགས་པ་ཙམ་ཁོང་དུ་ཆུད་ནས། ངོ་བོ་ཉིད་མེད་པར་རྟོགས་པའི་དོན་ཏེ། བསྟན་བཅོས་མཛད་པས་འདུས་པ་ཙམ་དུ་བསྟན་པ་ནི་རྫས་སུ་ཡོད་པ་དགག་པའི་དོན་དུ་བསྟན་ཏེ། རྫས་ཡོད་དགག་པ་ནི་དོན་ཆེ་བའི་ཕྱིར། ལང་ཀར་གཤེགས་པ་ལས་ཀྱང་། གང་ཕྱིར་འདུས་པ་མ་གཏོགས་པར། །བློ་ཡིས་དངོས་པོ་གཟུང་དུ་མེད། །ཅེས་གསུངས་སོ། །ཞེས་བཤད་དོ། །གཞན་ཡང་འབྲས་གཟུགས་ཀྱི་རྒྱུ་ཡོད་ན་འབྲས་གཟུགས་ཡོད་པ་ལ་འདོད་དམ་མེད་པ་ལ་འདོད། འབྲས་གཟུགས་ཡོད་ན་ཡང་འབྲས་གཟུགས་སྐྱེད་བྱེད་ཀྱི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་པ་ལྟར་རོ། །འབྲས་གཟུགས་མེད་ན་ཡང་འབྲས་གཟུགས་སྐྱེད་བྱེད་ཀྱི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ། མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་པ་ལྟར་རོ། །སངས་རྒྱས་བསྐྱངས་དང་ག་ལས་འཇིགས་མེད་ལས། གོང་དུ་རྐྱེན་བཞི་བཀག་པས་གཟུགས་རྒྱུ་མེད་པའོ་སྙམ་ན། ཞེས་རྩོད་པ་འགོད་ལ། ཟླ་བས་གཟུགས་ཀྱི་རྒྱུ་ནི་མི་སྲིད་མོད། འབྲས་གཟུགས་ནི་ཡོད་དོ་ཞེ་ན། ཞེས་པ་དང་། ཤེས་རབ་སྒྲོན་མེ་ལས། རྒྱུ་མེད་པར་སྨྲ་བ་དང་། རྒྱུ་མེད་པ་ཁོ་ནའོ་ཞེས་ཟེར་བ་དགག་པ་ནི། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །ཅེས་བྱ་སྟེ། མཐུན་ནོ། །དགག་པ་གཉིས་སྨྲ་བ་ནི། ཚིག་གསལ་དང་ཤེས་རབ་སྒྲོན་མེ་ལས། རྒྱུ་མེད་དུ་སྨྲ་བ་ཐ་ཆད་པའི་ཐ་ཚིག་གོ །ཞེས་པ་དང་། སངས་རྒྱས་བསྐྱངས་ཀྱིས། མི་འཐད་པར་ཡང་དང་ཡང་དུ་བཟུང་། ཞེས་པ་ལ་འཆད། དཔྱད་ན་གཟུགས་མི་འཐད་པ་དེའི་ཕྱིར། ཁྱད་གཞི་གཟུགས་ཀྱི་ངོ་བོ་ལ། ཐོགས་བཅས་ཐོགས་མེད་སོགས་འགའ་ཡང་རྣམ་པར་རྟོག་པས་རྣམ་པར་བརྟག་པར་མི་བྱ། ཞེས་པ་དང་། རིགས་པ་གཞན་ཡང་། ག་ལས་འཇིགས་མེད་ལས། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །ས་བོན་དང་མྱུ་གུ་བཞིན་ནོ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ནོ། །མྱུ་གུ་ཕན་ཚུན་བཞིན་ནོ། །ཞེས་གསུང་། ཤེས་རབ་སྒྲོན་མེ་ལས། རྒྱུ་སྤུན་སྔོན་པོ་ནི་དོན་དམ་པར་ལ་བ་སྔོན་པོའི་རྒྱུ་མིན་ཏེ་འདྲ་བའི་ཕྱིར། ལ་བ་སྔོན་པོ་གཞན་བཞིན་ནོ། །མྱུ་གུ་ནི་དོན་དམ་པར་འབྲས་བུ་ཕྱི་མའི་རྒྱུ་མ་ཡིན་ཏེ། མི་འདྲ་བའི་ཕྱིར། གྱོ་མོ་ལ་སོགས་པ་བཞིན་ནོ། །བུད་དྷ་པ་ལི་ཏ་ལས། རྒྱུ་དང་འབྲས་བུ་འདོད་ན་འདྲ་བའམ་མི་འདྲ་བར་བརྟག་གྲང་། འབྲས་བུ་རྒྱུ་དང་མཐའ་གཅིག་ཏུ་འདྲ་བ་ཞེས་བྱ་བ་འཐད་པ་མ་ཡིན་ཏེ། རྒྱུ་གཟུགས་དང་འབྲས་གཟུགས་མཚན་ཉིད་ཐ་དད་པས་སོ། །འབྲས་བུ་རྒྱུ་དང་མཐའ་གཅིག་ཏུ་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ཏེ། འདྲ་བའི་ཆ་མེད་པ་མ་ཡིན་པའི་ཕྱིར། ཞེས་གསུངས་ཏེ། ཟླ་བའང་དེ་ཉིད་དོ། །དེ་དག་ཐམས་ཅད་ལ་དཔེ་དང་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཤེས་པར་བྱའོ། །གཉིས་པ་རིགས་པ་གཞན་ལ་སྦྱར་བ་ནི། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། སེམས་དང་དངོས་པོ་གཞན་ཐམས་ཅད་ཀྱང་རང་བཞིན་མེད་པར་གྲུབ་སྟེ། གཟུགས་ཀྱི་ཕུང་པོ་འགོག་བྱེད་ཀྱི་རིགས་པའི་རིམ་པ་དག་རྣམ་པ་ཐམས་ཅད་དུ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་རྩོད་ལན་གྱི་ཚུལ་ལ་བསླབ་པ་ནི། སྟོང་པ་ཉིད་ཀྱི་འཐད་པ་ཉིད་ཀྱིས་དངོས་པོར་སྨྲ་བ་ལ་བརྩད་པ་བྱས་པའི་ཚེ། དངོས་པོར་སྨྲ་བ་གང་ཞིག་དབུ་མ་པའི་ངོར་སྟོང་པ་ཉིད་མ་ཡིན་པའི་ལན་འདེབས་ཤིང་སྨྲ་བར་བྱེད་པ་དེ་ཡིས་སྨྲས་པ་ཐམས་ཅད་ལན་ཡང་དག་པ་བཏབ་པ་མིན་ཏེ། རང་གི་གྲུབ་མཐའི་རྩོད་སྤོང་གི་སྒྲུབ་བྱེད་ཐམས་ཅད་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར། དཔེར་ན་སྐྱེ་མཆེད་སྟོང་པ་ཉིད་དུ་རིགས་པས་བསྟན་པ་ནི་སྐྱེ་མཆེད་ཡོད་དེ། ཕུང་པོ་ཡོད་པའི་ཕྱིར་ཞེས་པའི་སྒོ་ནས་ལན་འདེབས་པ་ལྟ་བུའོ། །དེའི་ཚེ་སྒྲུབ་བྱེད་ཀྱང་བསྒྲུབ་བྱ་སྒྲུབ་པ་ལ་མཐུ་མེད་པས་བསྒྲུབ་བྱ་དང་མཚུངས་ཞེས་པའི་དོན་ནོ། །འདིར་གཅིག་སྟོང་པ་ཉིད་དུ་གྲུབ་པ་ན། གཞན་ཡང་སྟོང་པ་ཉིད་དུ་གྲུབ་པས་སྟོང་མི་སྟོང་གི་རྣམ་དབྱེ་མི་འཐད་དེ། འཕགས་པ་ལྷས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་རོ། །སྟོང་པ་ཉིད་དུ་གྲུབ་པ་ཉིད་ཀྱིས་གཟུགས་སོགས་སྟོང་པ་ཉིད་དུ་བཤད་པ་བྱས་པའི་ཚེ་གང་ཞིག་སྐྱོན་འདོགས་སྨྲ་བར་བྱེད་པ་དེ་ཡིས་སྨྲས་པ་ཐམས་ཅད་སྐྱོན་བཏགས་པ་མིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར། འདིར་འགྲེལ་པ་བུད་དྷ་པ་ལི་ཏ་ལས། ཚིགས་སུ་བཅས་པ་འདི་གཉིས་ནི་རབ་ཏུ་བྱེད་པ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པར་ལྟ་སྟེ་ཞེས་གསུངས་ལ། ག་ལས་འཇིགས་མེད་ལས། ཚིགས་སུ་བཅད་པ་ཐ་མ་དེ་གཉིས་ནི་སྟོང་པ་ཉིད་དང་ལྡན་པའི་གཏམ་ཐམས་ཅད་ལ་སྙིང་པོར་གྱུར་པ་ཡིན་པར་ལྟ་བར་བྱ་སྟེ་ཞེས་གསུངས་སོ། །དེས་ན་གཅིག་སྟོང་པ་ཉིད་དུ་གྲུབ་པས་གཞན་ཡང་སྟོང་པ་ཉིད་དུ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱིས་གྲུབ་པ་ནི་རིགས་པའི་གནད་ཡིན་ནོ། །གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་པའོ།།    །།ཁམས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། སའི་ཁམས་ལ་རང་བཞིན་མེད་དེ། ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ས་ལ་སོགས་པའི་ཁམས་ཡོད་པ་ཡིན་ཏེ། དེ་དག་གི་མཚན་ཉིད་རྣམ་པར་བཞག་པའི་ཕྱིར་ཞེ་ན། གཞུང་གི་ཚིག་དོན་བཤད་པ་ལ། ནམ་མཁའི་ཁམས་དགག་པ། རིགས་པ་གཞན་ལ་སྦྱར་བ། མཐར་འཛིན་གྱི་ལྟ་བ་སྨད་པའོ། །སྟོང་པ་ཉིད་དུ་རྟོགས་པར་སླ་བས། ཐོག་མར་ནམ་མཁའི་ཁམས་དགག་པ་བསྟན་ཏེ། འདི་ལ་མཚན་གཞི་དགག མཚན་ཉིད་འཇུག་ཚུལ་དགག དངོས་པོ་དང་དངོས་པོ་མེད་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། བྱེ་བྲག་སྨྲ་བས། ནམ་མཁའ་ནི་མི་སྒྲིབ་པའི་མཚན་ཉིད་ཅན་དུ་འདོད་ལ། བྱེ་བྲག་པ་དང་གཉིས་ཀས་རྫས་སུ་གྲུབ་པར་ཡང་འདོད་དོ། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ཀྱི་སྔ་རོལ་ན། མཚན་ཉིད་འཇིག་པའི་གཞི་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འཐད་པ་ནི། གལ་ཏེ་མཚན་ཉིད་ལས་སྔ་བར་གྱུར་ན། སྔ་རོལ་གྱི་ནམ་མཁའ་སྒྲིབ་མེད་ཀྱི་མཚན་ཉིད་ཅན་དུ་མེད་པར་ཐལ་བར་འགྱུར་རོ། །སྔ་རོལ་དུ་མཚན་ཉིད་མེད་ཀྱང་མཚན་གཞི་ཡོད་པར་སེམས་ན། མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་ནི་འགའ་ཡང་ཡུལ་དུས་གང་ནའང་ཡོད་པ་མ་ཡིན་ནོ། །སྔ་རོལ་དུ་མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་མེད་ན། མཚན་ཉིད་གང་དུ་འཇུག་པར་འགྱུར། ལེགས་ལྡན་བྱེད་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། ནམ་མཁའ་རྫས་སུ་གྲུབ་པ་ཅུང་ཟད་ཡོད་པ་མ་ཡིན་ཏེ། སྐྱེ་བ་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ། །གལ་ཏེ་མཚན་ཉིད་ལས་སྔ་བར་གྱུར་ན། སྔ་རོལ་གྱི་ནམ་མཁའ་སྒྲིབ་མེད་ཀྱི་མཚན་ཉིད་ཅན་དུ་མེད་པར་ཐལ་བར་འགྱུར་རོ། །བཟློག་པ་ནི། ནམ་མཁའ་ཆོས་ཅན། སྒྲིབ་མེད་ཀྱི་མཚན་ཉིད་ཅན་མ་ཡིན་ཏེ། དེ་ལས་སྔ་བའི་ཕྱིར། དེ་ལས་གཞན་པ་བཞིན་ནོ། །རང་སྒྲིབ་མེད་ཀྱང་ཆོས་ཅན། ནམ་མཁའ་མཚོན་མི་ནུས་ཏེ། དེ་བས་དུས་ཕྱིན་ཡོད་པའི་ཕྱིར། དེ་ལས་གཞན་པ་བཞིན་ནོ། །དེ་ལས་མཚན་ཉིད་མེད་པའི་མཚན་གཞི་ནི། ཤེས་པར་ཡང་མི་ནུས་ཏེ། མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་ནི། འགའ་ཡང་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར། སྔ་རོལ་དུ་མཚན་གཞི་ནམ་མཁའ་ཡོད་དེ། དེ་ལ་མཚན་ཉིད་འཇུག་པའི་ཕྱིར་རོ་ཞེ་ན། མཚན་ཉིད་མེད་པའི་སྔ་རོལ་དུ་མཚན་གཞིའི་དངོས་པོ་མེད་པའི་ཕྱིར་ན། མཚན་ཉིད་གང་དུ་འཇུག་པར་འགྱུར་ཞེས་བརྗོད་དོ། །གཉིས་པ་ནི། མཚན་ཉིད་འཇུག་པར་འདོད་ན། མཚན་ཉིད་དང་བཅས་པའམ། མཚན་ཉིད་མེད་པའམ། ཕུང་པོ་གསུམ་པ་ལ་འཇུག་གྲང་། ག་ལས་འཇིགས་མེད་ལས། མཚན་ཉིད་མེད་པ་ལ་མཚན་ཉིད་མི་འཇུག་སྟེ། མཚན་ཉིད་མེད་པའི་ཕྱིར་རོ། །མཚན་ཉིད་དང་བཅས་པ་ལའང་མཚན་ཉིད་འཇུག་པ་མིན་ཏེ། གལ་ཏེ་འཇུག་ན་མཚན་ཉིད་གཉིས་སུ་ཐལ་བར་འགྱུར་ཏེ། མཚན་ཉིད་གང་གིས་མཚོན་པར་གྱུར་པ་དང་། སླར་ཡང་འཇུག་པ་གང་ཡིན་པའོ། །མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་པ་ལའང་འཇུག་པར་མི་འགྱུར་ཏེ་མེད་པས་སོ། །ཞེས་གསུང་ངོ་། །ལེགས་ལྡན་བྱེད་ཀྱིས། མཚན་ཉིད་དང་བཅས་པ་ལ་འཇུག་པ་མིན་ཏེ། འཇུག་པའི་མཚན་ཉིད་དང་བཅས་པ་བཀག་པའི་ཕྱིར་ཞེས་པའི་རྣམ་གྲངས་ཀྱང་གསུངས་ཏེ་གཞན་ཐམས་ཅད་མཐུན་ནོ། །རིགས་པས་གོང་དུ་བསྟན་པ་ལྟར། མཚན་ཉིད་འཇུག་པ་མ་ཡིན་པར་གྲུབ་པ་ན། མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་ཉིད་ནི་ཡོད་དོ་ཞེ་ན། མཚན་ཉིད་ཀྱང་ནི་ཡོད་པ་མ་ཡིན་པར་ཐལ། མཚན་གཞི་འཐད་པ་མ་ཡིན་པའི་ཕྱིར་རོ། །དོན་བསྡུ་བ་ནི། དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན་ཏེ། ཞེས་སོ། །གསུམ་པ་ལ་བསྒྲུབ་བྱ་དགག་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ནི། བྱེ་བྲག་སྨྲ་བ་སོགས་ནམ་མཁའ་དངོས་པོ་ཡིན་ཏེ། འདུན་པའི་ཡུལ་ཡིན་པའི་ཕྱིར། གཟུགས་བཞིན་ནོ་ཞེ་ན། ནམ་མཁའ་དངོས་པོར་མི་འཐད་དེ། མཚན་ཉིད་དང་མཚན་གཞི་བཀག་ཟིན་ལ། མཚན་ཉིད་དང་མཚན་གཞི་ལས་མ་གཏོགས་པའི་དངོས་པོ་ཡང་ནི་ཡོད་པ་མ་ཡིན་པའི་ཕྱིར། མདོ་སྡེ་པས་ནམ་མཁའ་དངོས་མེད་ཡིན་ནོ་ཞེ་ན། དངོས་མེད་ཉིད་གང་གི་དངོས་མེད་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དགག་བྱའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། གཞན་གསུམ་གྱིས་སྤྱིར་དངོས་པོ་དང་དངོས་པོ་མེད་པ་དགག་པ་ལ་སྦྱར་རོ། །གཉིས་པ་ནི། དངོས་པོ་དང་དངོས་མེད་ཡོད་དེ། དེ་ལ་རྟོག་པར་བྱེད་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་དངོས་པོའམ། དངོས་པོ་མེད་པའམ། གཉིས་པོ་དང་མི་མཐུན་པའི་ཆོས་གསུམ་པ་ཡིན་གྲང་། དང་པོ་གཉིས་བཀག་ཟིན་ལ། གསུམ་པ་ལྟར་ན། དངོས་པོ་དང་དངོས་མེད་གཉིས་ཀྱི་མི་མཐུན་པའི་ཆོས་ཕུང་པོ་གསུམ་པ་གང་གིས་དངོས་པོ་དང་། དངོས་མེད་ཤེས་ཏེ་མི་ཤེས་པར་ཐལ། མེད་པའི་ཕྱིར། བཞི་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། མཚན་གཞི་སོགས་བཞི་པོ་བཀག་ཟིན་པ་དེའི་ཕྱིར་ནམ་མཁའ་དངོས་པོ་ཡང་མིན་དངོས་མེད་ཀྱང་མ་ཡིན། མཚན་གཞི་ཡང་མིན། མཚན་ཉིད་ཀྱང་མ་ཡིན་པར་གྲུབ་བོ། །གཉིས་པ་ནི། ཁམས་ལྔ་པོ་གཞན་གང་དག་ཀྱང་ཆོས་ཅན། བདེན་པར་མེད་དེ། ནམ་མཁའ་འགོག་བྱེད་ཀྱི་རིགས་པ་ཉིད་མཚུངས་པའི་ཕྱིར། ས་སོགས་མཚན་ཉིད་སྔ་རོལ་ན། །ས་སོགས་ཅུང་ཟད་ཡོད་མ་ཡིན། །ཞེས་སོགས་འདོན་པ་བསྒྱུར་རོ། །གསུམ་པ་ནི། དངོས་པོ་ཐམས་ཅད་ལ་བསྐུར་བ་འདེབས་པ་རྒྱང་འཕེན་པའི་ལུགས་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། ཤེས་རབ་སྒྲོན་མེ་ལས། ངོ་བོ་ཉིད་ཡོད་པ་དགག་པ་བྱས་པར་ཟད་ཀྱི། མེད་པ་ཉིད་དུ་མ་སྨྲས་སོ། །འདིར་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་གསུངས་སོ། །བུད་དྷ་པ་ལི་ཏ་ལས་ནི། ཕུང་པོ་སོགས་མེད་པར་མི་སྨྲའི། ངོ་བོ་ཉིད་ཡོད་པ་སེལ་བར་བྱེད་དོ། །མཐའ་གཉིས་སུ་འཛིན་པ་ལ་ནི་སྐྱོན་ཡོད་དེ། འོག་ཏུ། ཡོད་ཅེས་བྱ་བ་རྟག་པར་འཛིན། །ཞེས་སོགས་ཚིགས་བཅད་གཅིག་འཐད་པར་སྦྱར་རོ། །བློ་ཆུང་གང་དག་དངོས་པོ་རྣམས་ལ་རང་བཞིན་གྱིས་ཡོད་པ་ཉིད་དང་། ཐ་སྙད་དུ་ཡང་མེད་པ་ཉིད་དུ་ལྟ་བ་དེས་ནི་ལྟ་བར་བྱ་བ་ཉེ་བར་ཞི་བའི་ཞི་བ་ཆོས་ཀྱི་སྐུ་མི་མཐོང་ཞེས་བཤད་དོ། །མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། ཁམས་བརྟག་པའི་རབ་ཏུ་བྱེད་པ་སྟེ་ལྔ་པའི་རྣམ་པར་བཤད་པའོ།།    །།འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཡུམ་ལས་འདོད་ཆགས་ཡོངས་སུ་དག་པས་གཟུགས་ཡོངས་སུ་དག་པ། ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། །ག་ལས་འཇིགས་མེད་ལས། འཁོར་བའི་ཆོས་ཐམས་ཅད་ཡོད་དེ། འདོད་ཆགས་དང་ཆགས་པ་གདགས་པའི་ཕྱིར་རོ་ཞེས་སོ། །ཤེས་རབ་སྒྲོན་མེ་ལས་ནི། ཕུང་པོ་སོགས་ཡོད་དེ། དེ་དག་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་བསྟན་པའི་ཕྱིར་རོ་ཞེས་པ་དང་། རྒྱུ་ཆགས་སོགས་ཉོན་མོངས་པ་བསྟན་པའི་ཕྱིར་རོ་ཞེས་པ་དང་། རྒྱུ་ཆགས་སོགས་ཉོན་མོངས་ཡོད་པའི་ཕྱིར་ཞེས་སོགས་ཏེ། ཟླ་བ་ཡང་དེ་དང་མཐུན་ནོ། །སངས་རྒྱས་བསྐྱངས་ཀྱིས་ནི། རྟེན་འབྲེལ་འདོད་ཆགས་ཀྱིས་སྟོང་པའི་རྣམ་གྲངས་སྟོན་པར་བཞེད་དོ། །གཉིས་པ་གཞུང་གི་ཚིག་དོན་ལ། འདོད་ཆགས་སོགས་ཉོན་མོངས་པ་དགག རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ་སྔ་ཕྱིར་རིམ་གྱིས་འབྱུང་བ་དགག ལྷན་གཅིག་ཏུ་འབྱུང་བ་དགག དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། ག་ལས་འཇིགས་མེད་ལས་ནི། གལ་ཏེ་འདོད་ཆགས་དང་ཆགས་པ་གྲུབ་པར་འདོད་ན། ཆགས་ཅན་སྔ་རོལ་དུ་གྲུབ་པའམ། འདོད་ཆགས་སྔ་རོལ་དུ་གྲུབ་པར་འདོད་གྲང་། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་རྟེན་ཆགས་ཅན་ཡོད་ན། སྔར་ཡོད་ཀྱི་ཆགས་ཅན་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འདོད་ལ་རག་སྟེ། ཆགས་ཅན་ཡོད་ན་འདོད་ཆགས་ཡོད་པར་འགྱུར་བའི་ཕྱིར་རོ། །ཚུལ་དེ་ལྟར་སྔ་རོལ་གྱི་ཆགས་ཅན་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་བའང་མི་འཐད་དེ། འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་རྟེན་ཆགས་ཅན་མེད་པའི་ཕྱིར། ཞེས་གསུང་སོ། །སངས་རྒྱས་བསྐྱངས་ཀྱིས་དེ་དང་མཐུན་པར་སྣང་ངོ་། །ཤེས་རབ་སྒྲོན་མེ་ལས། ཚིག་རྐང་དང་པོ་གསུམ་གྱི་བཤད་ཚུལ་སྔ་མ་ལྟར་བྱས་ནས། སྔ་རོལ་གྱི་ཆགས་པ་ཡོད་པ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་བ་ཡིན་ན། སྔ་རོལ་གྱི་ཆགས་ཅན་ཆོས་ཅན། ཁྱོད་ལ་འདོད་ཆགས་སྐྱེ་བ་དོན་མེད་པར་ཐལ། འདོད་ཆགས་དང་བཅས་པར་གྲུབ་ཟིན་པའི་ཕྱིར། འདོད་ཆགས་དང་མེད་ན་མི་འབྱུང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ཏེ། འདོད་ཆགས་ཀྱི་བྱ་བ་ལ་ལྟོས་པ་དང་བཅས་པའི་ཕྱིར། འདོད་ཆགས་ཀྱི་བདག་ཉིད་བཞིན་ནོ། །ཚིག་སྔ་མ་རྣམས་ཀྱི་བཟློག་དོན་ལའང་འདི་བརྗོད་པར་བྱ་བ་ཡིན་ཏེ། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཡོད་ན་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་བ་ལས། དེ་ལ་བརྟེན་ནས་འདོད་ཆགས་ཡོད་པ་མ་ཡིན་པར་ཐལ། འདོད་ཆགས་མ་སྐྱེས་པའི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་ཅན་མེད་པའི་ཕྱིར་ཏེ། ཆགས་ཅན་ནི་འདོད་ཆགས་དང་མེད་ན་མི་འབྱུང་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། གལ་ཏེ་ཆགས་པ་ནི་འདོད་ཆགས་ཀྱི་སྔར་གྲུབ་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། ལན་ལ། འགྲེལ་ཆེན་གསུམ་ལས། ཆགས་པ་ཡོད་པར་གྱུར་ན་ཡང་། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཞེས་པའི་གཞུང་གསུངས་ཏེ། དེའི་དོན་ནི། སྔ་རོལ་དུ་ཆགས་པ་ཡོད་པར་གྱུར་ནའང་། འདོད་ཆགས་སྐྱེ་བར་དོན་ཡོད་པར་ག་ལ་འགྱུར་ཏེ། ཆགས་པ་ཞེས་པ་ཉིད་ཀྱིས་འདོད་ཆགས་དང་བཅས་པར་གྲུབ་ཟིན་པའི་ཕྱིར། དེ་ལ་ཆགས་པའི་བྱ་བ་གཉིས་པ་ཡང་ཡོད་པར་ག་ལ་འགྱུར། གལ་ཏེ་ཆགས་པ་ནི་འདོད་ཆགས་དང་མེད་ན་མི་འབྱུང་བ་ཡིན་པས་འདོད་ཆགས་གྲུབ་བོ་ཞེ་ན། ཞེས་སངས་རྒྱས་བསྐྱངས་སོ། །ཤེས་རབ་སྒྲོན་མེ་ལས་ནི། གལ་ཏེ་ཆགས་པའི་སྔ་རོལ་ན། འདོད་ཆགས་ཡོད་པར་འདོད་དོ་ཞེ་ན། འདོད་ཆགས་སྔར་གྲུབ་པར་འདོད་པ་ལ་ཡང་། ཆགས་པའི་སྔ་རོལ་དུ་ཡོད་པར་འདོད་དམ་མེད་པར་འདོད་ཀྱང་མཚུངས་སོ། །སྔ་མའི་འཐད་པ་ནི། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཆགས་པ་ཡོད་པར་འགྱུར། །ཞེས་སྦྱར་རོ། །ཕྱི་མའི་འཐད་པ་ནི། འདོད་ཆགས་མེད་པར་གྱུར་ན་ཡང་། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་སྦྱར་རོ། །ཡང་། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་འབྱུང་བས། འདོད་ཆགས་ལ་ཡང་སྔ་རོལ་དུ་ཆགས་ཅན་ཡོད་དམ་མེད་ཀྱང་རིམ་པ་མཚུངས། ཞེས་བྱས་ནས་དོན་སྔ་མ་བཞིན་དུ་སྦྱོར་རོ། །ཟླ་བས་ནི། ཆགས་ཅན་སྔ་རོལ་དུ་ཡོད་པར་འདོད་པ་འགོག་པ་ནི་སྔ་མ་དང་འདྲ། ཆགས་ཅན་སྔ་རོལ་དུ་ཡོད་པར་མ་གྱུར་ནའང་། འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །ཕྱི་མ་རྣམས་གཞུང་གི་འདོན་པ་བསྒྱུར་བ་ཙམ་དུ་འདོད་ཀྱི། དཀྱུས་ལས་འབྱུང་བར་མི་འདོད་དོ། །གཉིས་པ་ལྷན་ཅིག་ཏུ་འབྱུང་བ་དགག་པ་ལ། ལྟོས་མེད་དུ་ཐལ་བས་དགག ལྷན་ཅིག་ཏུ་གྲུབ་པ་དགག་པའོ། །དང་པོ་ནི། སྔ་ཕྱིར་གྲུབ་པ་དགག་པ་ན་ལྷན་ཅིག་ཏུ་འདོད་དོ་ཞེ་ན། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །ཞེས་སོ། །འཐད་པ་ནི་འདི་ལྟར། འདོད་ཆགས་དང་ཆགས་པ་དག་ཆོས་ཅན། ཕན་ཚུན་ལྟོས་པ་མེད་པར་འགྱུར་ཏེ། ངོ་བོ་ཉིད་ཀྱི་སོ་སོར་གྲུབ་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། བཟློག་པ་རང་རྒྱུད་ཀྱང་གསུངས་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པའི་རྫས་སོ་སོ་བ་མ་ཡིན་ཏེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར། རྒྱུ་འབྲས་བཞིན་ནོ། །གཉིས་པ་ལ། གཅིག་དང་ཐ་དད་གཉིས་ཀ་ལ་འགོག་པ། བྱེ་བྲག་ཏུ་ཐ་དད་ལ་འགོག་པའོ། །དང་པོ་ནི། གལ་ཏེ་གཉིས་པོ་ལྷན་ཅིག་ཉིད་དུ་འདོད་ན། གཅིག་པ་ལ་འདོད་དམ། ཐ་དད་པ་ལ་འདོད། གཅིག་ཉིད་ལྷན་ཅིག་ཉིད་དུ་གྲུབ་པ་མེད་དེ། དེ་ཉིད་དེ་དང་ལྷན་ཅིག་མིན་པས་སོ། །ཅི་སྟེ་ཐ་དད་པ་ལ་འདོད་པ་ཉིད་ཡིན་ནོ་ཞེ་ན། གཉིས་པོ་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཐ་དད་དུ་གྲུབ་པའི་ཕྱིར། རྟ་དང་བ་ལང་བཞིན་ནོ། །གཞན་ཡང་། གལ་ཏེ་གཅིག་པུ་ལ་ལྷན་ཅིག་པ་འདོད་ན་གྲོགས་མེད་པར་ཡང་ལྷན་ཅིག་པ་དེར་འགྱུར་རོ། །གལ་ཏེ་ཐ་དད་པ་ལ་ལྷན་ཅིག་འདོད་ན། གྲོགས་མེད་པར་ཡང་ལྷན་ཅིག་པ་དེར་འགྱུར་རོ། །གཉིས་པ་ལ་ལྷན་ཅིག་ཏུ་མི་འགྲུབ་པར་བསྟན་པ། རྟོགས་པ་ཕན་ཚུན་བརྟེན་པར་བསྟན་པའོ། །དང་པོ་ནི། གལ་ཏེ་ངོ་བོ་ཐ་དད་པ་ལ་ལྷན་ཅིག་པ་འདོད་ན། འགྲེལ་ཆེན་གསུམ་ལས། འདོད་ཆགས་ཆགས་ལ་ཅི་ཞིག་ཡིན། །ཞེས་འབྱུང་བས། འདོད་ཆགས་དང་ཆགས་པ་དག་ཆོས་ཅན། ལྷན་ཅིག་ཏུ་ཅི་ཞིག་ཡིན་ཏེ་མ་ཡིན་པར་ཐལ། ངོ་བོ་ཉིད་ཀྱིས་ཐ་དད་པའི་ཕྱིར། ཤེས་རབ་སྒྲོན་མེས། འདི་རང་རྒྱུད་དུ་མཛད་དོ། །གཞན་ཡང་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན། དེ་གཉིས་ཆོས་ཅན། ལྷན་ཅིག་ཏུ་ཅི་ཞིག་འགྱུར་ཏེ་མི་འགྱུར་བར་ཐལ། ངོ་བོ་ཐ་དད་དུ་གྲུབ་པ་དེས་ནའོ། །ཞེས་བཤད་དོ། །ཚིག་གསལ་གྱི་འགྱུར་ལས། གལ་ཏེ་ཐ་དད་ལྷན་ཅིག་ན། །གཅིག་གོ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་འགྲུབ་འགྱུར་རམ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །ཞེས་འབྱུང་བ་ལྟར་ན། གལ་ཏེ་དེ་གཉིས་ཐ་དད་དུ་གྲུབ་ན་ལྷན་ཅིག་ཉིད་དུ་འགྱུར་བ་ཞིག་ན། འདོད་ཆགས་དང་ཆགས་པ་དེ་གཉིས་ཆོས་ཅན། གང་གིས་ན་ལྷན་ཅིག་ཏུ་འགྱུར་ཏེ་མི་འགྱུར་བར་ཐལ། ཐ་དད་ཉིད་དུ་འགྲུབ་འགྱུར་རམ་སྟེ་མ་གྲུབ་པའི་ཕྱིར། ཞེས་པ་ནི་འགྱུར་ལེགས་སོ། །གཅིག་གོ་ཞེས་པ་ནི་མ་རངས་པའི་ཚིག་གོ །གལ་ཏེ་འདོད་ཆགས་དང་ཆགས་པ་དག་རང་བཞིན་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན། དེ་གཉིས་ལྷན་ཅིག་ཉིད་དུ་ཅིའི་ཕྱིར་ན་ཡོངས་སུ་རྟོག་སྟེ་རྟོག་པ་དོན་མེད་པར་ཐལ། ཕན་ཚུན་ལྟོས་མེད་དུ་ཐ་དད་པ་ཉིད་དུ་གྲུབ་པའི་ཕྱིར། །གཉིས་པ་ནི། ལྷན་ཅིག་པའི་རྟགས་མེད་ན་ཐ་དད་གྲུབ་པར་མ་གྱུར་པས་ཐ་དད་དུ་བསྒྲུབ་དེའི་ཕྱིར་དུ་ལྷན་ཅིག་པའི་རྟགས་འདོད་པར་བྱེད་ན། ཡང་ཐ་དད་པའི་རྟགས་མེད་ན། ལྷན་ཅིག་ཉིད་དུ་མི་འགྲུབ་པས། ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར་དུ་ཐ་དད་པ་ཉིད་ཀྱི་རྟགས་ཡང་འགོད་པར་འདོད་དམ། དེ་ལྟར་ན་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་གནས་སོ། །ཡང་སྒྲུབ་བྱེད་ཐ་དད་པའི་དངོས་པོ་གང་ཞིག་ཡོད་ན། བསྒྲུབ་བྱ་ལྷན་ཅིག་པའི་དངོས་པོ་འདོད་པར་བྱེད་པ་རིགས་པ་ལས་བསྒྲུབ་བྱ་ལྷན་ཅིག་པའི་དངོས་པོ་འགྲུབ་པར་མི་འགྱུར་ལ། སྒྲུབ་བྱེད་ཐ་དད་པའི་དངོས་པོ་མ་གྲུབ་པས་སོ། །བུད་དྷ་པ་ལི་ཏ་དང་། ཤེས་རབ་སྒྲོན་མེ་ལས། འདོད་ཆགས་དང་ཆགས་པ་དག་ཆོས་ཅན། ལྷན་ཅིག་ཉིད་དུ་བདེན་པའི་དངོས་པོ་ཉིད་དུ་འགྲུབ་པར་མི་འགྱུར་བར་ཐལ། ཐ་དད་པ་ཉིད་དུ་བདེན་པའི་དངོས་པོར་མ་གྲུབ་པས་སོ། །ཞེས་བཤད། ཡང་ཤེས་རབ་སྒྲོན་མེ་ལས། གལ་ཏེ་ཐ་དད་པའི་དངོས་པོ་གང་ཞིག་ཡོད་ན་ལྷན་ཅིག་པའི་དངོས་པོར་འདོད་པར་བྱེད་ན། རིམ་གྱིས་སྐྱེ་བའི་ཐ་དད་པའམ། ལྷན་ཅིག་སྐྱེ་བའི་ཐ་དད་པ་ལ་འདོད། དང་པོ་ལ་ལྷན་ཅིག་པ་མི་འཐད་དེ། དུས་ཐ་དད་པའི་ཕྱིར། གཉིས་པ་ལ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་ལྷན་ཅིག་པ་མི་འཐད་དེ། ལྟོས་པ་དང་བཅས་པའི་ཕྱིར། རྒྱུ་འབྲས་བཞིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་སོ། །གཉིས་པ་རིགས་པ་གཞན་ལ་སྦྱར་བ་ནི། ཆོས་ཇི་སྙེད་པ་རྣམས་ཀུན་ཆོས་ཅན། རང་བཞིན་མེད་དེ། འདོད་ཆགས་འགོག་བྱེད་ཀྱི་རིགས་པ་བཞིན་དུ་ལྷན་ཅིག་དང་ལྷན་ཅིག་མིན་པ་སྔ་ཕྱིར་ཡང་མི་འགྲུབ་པའི་ཕྱིར། གཞན་ལ་སྦྱར་ཚུལ་ནི། གལ་ཏེ་ཞེ་སྡང་སྔ་རོལ་ན། །ཞེ་སྡང་མེད་པའི་སྡར་ཡོད་ན། །ཞེས་སོགས་སྦྱར་རོ། །མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་རབ་ཏུ་བྱེད་པ་དྲུག་པའི་རྣམ་པར་བཤད་པའོ།།    །།འདུས་བྱས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཡུམ་ལས། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་གང་འབྱུང་བ་མེད་ཅིང་འཇིག་པ་མེད། །གནས་པ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི་འགྲེལ་པ་གསུམ་ལས་ནི། འདུས་བྱས་ཡོད་དེ། མཚན་ཉིད་སྐྱེ་གནས་འཇིག་གསུམ་བསྟན་པའི་ཕྱིར། ཞེས་གསུངས་ལ། སངས་རྒྱས་བསྐྱངས་ཀྱིས། རྟེན་འབྲེལ་འདུས་བྱས་ཀྱིས་སྟོང་པར་བསྟན་པ་ནི། ཞེས་འཆད་དོ། །གཞན་དང་མཐུན་པའང་གཉིས་ཡོད་དོ། །གཉིས་པ་གཞུང་གི་ཚིག་དོན་ལ། འདུས་བྱས་དགག་པ། འདུས་མ་བྱས་དགག་པ། ལུང་དང་འགལ་བ་སྤང་པའོ། །དང་པོ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པའོ། །དང་པོ་ལ། འདུས་བྱས་དང་འདུས་མ་བྱས་ལ་དཔྱད་པ་དང་། རེ་རེ་བ་དང་འདུས་བྱས་པ་ལ་དཔྱད་པ་དང་། མཚན་ཉིད་གཞན་ཡོད་མེད་ལ་དཔྱད་དེ་དགག་པའོ། །དང་པོ་ལ་སྤྱིའི་དོན་ནི། འདུས་བྱས་མཚན་ཉིད་བཞི་པོ་ལྷན་ཅིག་ཏུ་གནས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པའི་ཕྱིར། འདུས་བྱས་སྐད་ཅིག་མ་གཅིག་ལ་ཡང་བཞི་ཆར་ཚང་སྟེ། མཚན་ཉིད་དང་མི་ལྡན་པའི་འདུས་བྱས་མེད་པའི་ཕྱིར་རོ། །མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལ། མཚན་ཉིད་བཞི་ཆར་དང་ལྡན་ནོ། །མི་སྐྱེ་བ་ལ་སྐྱེ་བའི་མཚན་ཉིད་ཇི་ལྟར་ལྡན་ཞེ་ན། སྐྱེ་བ་ཚང་ཡང་བྱ་བ་མི་བྱེད་པར་གནས་པས་ཉེས་པ་མེད་དོ། །བྱ་བ་ནི་རིམ་ཅན་དུ་བྱེད་དེ། དེ་ལ་སྐྱེ་བས་མ་འོངས་པའི་ས་ནས་ད་ལྟར་བའི་གནས་སུ་འདྲེན་པར་བྱེད་ལ། གནས་པས་ད་ལྟར་བའི་གནས་སུ་དྲངས་པ་ཉིད་མི་འཇིག་པར་བྱེད་དོ། །རྒ་བས་དེ་རྙིང་པར་བྱེད་ལ། འཇིག་པས་འདས་པའི་སར་འཇུག་པར་བྱེད་དོ། །དཔེར་ན་མི་བཞི་ལྷན་ཅིག་ཏུ་གྲལ་དུ་འཁོད་ཀྱང་རིམ་ཅན་དུ་སྨྲ་བ་བཞིན་ནོ། །ཞེས་འདོད་དོ། །མདོ་སྡེ་པས་ནི། སྐད་ཅིག་མ་གཅིག་ལ་མ་ཡིན་གྱི། རྒྱུན་ལ་འཇོག་པར་བྱེད་དེ། ཇི་སྐད་དུ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་གྱུར་པར་འདོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་གཞུང་གི་དོན་ལ་སྐྱེ་བ་འདུས་བྱས་སམ་འདུས་མ་བྱས་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་གྲང་། གལ་ཏེ་སྐྱེ་བ་འདུས་བྱས་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་ན། དེ་ལ་མཚན་ཉིད་སྐྱེ་གནས་འཇིག་གསུམ་ལྡན་པར་འགྱུར་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་ན། ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་འགྱུར་ཏེ་མ་ཡིན་ནོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས་གནས་པ་དང་འཇིག་པ་ལ་ཡང་རིགས་པ་འདི་སྦྱར་བར་བྱ་སྟེ། གལ་ཏེ་གནས་པ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཞེས་སོགས་ཀྱིས་ཚུལ་དུའོ། །གཉིས་པ་ནི། སོ་སོའམ་འདུས་པ་མཚན་ཉིད་དུ་བརྟག་གྲང་། དང་པོ་ལྟར་ན། སྐྱེ་ལ་སོགས་གསུམ་སོ་སོ་ཡིས། འདུས་བྱས་མཚན་ཉིད་བྱ་བར་ནི་ནུས་པ་མིན་ཏེ། འཐད་པ་ལ། ཤེས་རབ་སྒྲོན་མེ་ལས། ལྐོག་ཤལ་སོགས་ཆ་ཤས་རེ་རེས་བ་ལང་དུ་མཚོན་མི་ནུས་པ་བཞིན་ནོ། །སྐྱེ་སོགས་ཀྱི་བྱ་བ་རིམ་གྱིས་འབྱུང་བར་ཁས་ལེན་ན། དངོས་པོ་མ་སྐྱེས་པ་ལ་མཚན་ཉིད་གསུམ་ག་མེད་པས་གསུམ་པོས་འདུས་བྱས་ཀྱི་མཚན་ཉིད་བྱ་བའི་མཐུ་མེད་དོ། །འགག་པ་ལ་མཚན་ཉིད་ཀྱི་གཞི་མེད་ལ། སྐྱེས་ཟིན་པ་ལ་ནི་སྐྱེ་བ་གཞི་མེད་ལ། གནས་པ་ལ་ནི་འགག་པ་མི་སྲིད་པའི་ཕྱིར་རོ། །འདུས་བྱས་མཚོན་པའི་ནུས་པ་མེད་གསུང་ངོ་། །ག་ལས་འཇིགས་མེད་ལས་ནི། རེ་རེས་ཕྱོགས་གཅིག་ཙམ་ལས་མཚོན་མི་ནུས་པས་ཕྱོགས་གཅིག་མཚན་ཉིད་དང་ལྡན་ལ། ཕྱོགས་གཅིག་མཚན་ཉིད་དང་བྲལ་བར་གྱུར་པས་མི་འཐད་དོ། །ཞེས་གསུང་། གཉིས་པ་ལྟར་ན། གསུམ་པོ་འདུས་ནས་མཚོན་པར་འདོད་པ་ཡིན་ནའང་། གསུམ་པོ་ཆོས་ཅན། མཚན་གཞི་འདུས་བྱས་གཅིག་ལ་དུས་གཅིག་ཏུ་འདུས་པ་སྟེ་ཚོགས་པ་ཡང་ནི་ཇི་ལྟར་རུང་སྟེ་མི་རུང་བར་ཐལ། ཕན་ཚུན་བྱ་བ་མི་མཐུན་པའི་ཕྱིར་དང་། བྱ་བ་རིམ་ཅན་དུ་འབྱུང་བའི་ཕྱིར། ཞེས་པ་ནི་ཐམས་ཅད་ཀྱི་དོན་ནོ། །སངས་རྒྱས་བསྐྱངས་ཀྱིས་འཕགས་པ་ལྷའི་ལུང་དྲངས་པ་ནི། གནས་མེད་དངོས་པོ་ག་ལ་ཡོད། །མི་རྟག་པས་ན་ག་ལ་གནས། །གལ་ཏེ་དང་པོར་གནས་གྱུར་ན། །ཐ་མར་རྙིང་པར་མི་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ལ། ཧ་ཅང་ཐལ་བས་དགག ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། མཚན་ཉིད་དུ་འདོད་པའི་སྐྱེ་གནས་འཇིག་གསུམ་ལ་མཚན་ཉིད་གཞན་ཡོད་པའམ་མེད་གྲང་། གལ་ཏེ། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །ཞེས་བྱའོ། །གཉིས་པ་ལ་ཉེས་སྤོང་དང་པོའི་ལན་དགག་པ་ནི། ཐུག་མེད་དུ་ཐལ་བའི་ཉེས་པ་སྤོང་བར་འདོད་ནས་སྨྲས་པ། འདུས་བྱས་སྐྱེ་བ་ན་མཚན་ཉིད་བཅུ་བཞི། བདག་ཉིད་དང་བཅོ་ལྔ་ལྷན་ཅིག་ཏུ་སྐྱེའོ། །མཚན་ཉིད་བཅུ་བཞི་ནི། རྩ་བའི་མཚན་ཉིད་བདུན་དང་། རྗེས་མཐུན་གྱི་མཚན་ཉིད་བདུན་ནོ། །དང་པོ་ནི། །སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། འཇིག་པ་དང་། ལྡན་པ་དང་། རྣམ་གྲོལ་དང་། ངེས་འབྱུང་ངོ་། །གཉིས་པ་ནི། སྐྱེ་བའི་སྐྱེ་བ་དང་། གནས་པའི་གནས་པ་ནས། ངེས་འབྱུང་གི་ངེས་འབྱུང་གི་བར་བདུན་ནོ། །གལ་ཏེ་དགེ་བའི་ཆོས་ཡིན་ན། ཡང་དག་པའི་རྣམ་གྲོལ་དང་། ཡང་དག་པའི་ངེས་འབྱུང་ཞེས་བྱའོ། །ལོག་པའི་ཆོས་ཞིག་ཡིན་ན། ལོག་པའི་རྣམ་གྲོལ་དང་ལོག་པའི་ངེས་འབྱུང་ཞེས་བྱའོ། །དེ་ལ་རྩ་བའི་སྐྱེ་བས་ནི། མཚན་གཞི་འདུས་བྱས་དང་བདག་ཉིད་མ་གཏོགས་པའི་ཆོས་བཅུ་བཞི་བསྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་འབའ་ཞིག་བསྐྱེད་པར་བྱེད་དོ། །དེ་བཞིན་དུ་རྩ་བའི་གནས་པས་ཀྱང་ཆོས་བཅུ་བཞི་གནས་པར་བྱེད་ལ། རང་ཉིད་ནི་གནས་པ་ཆུང་ངུས་གནས་པར་བྱེད་དོ། །རྩ་བའི་འཇིག་པས་ཀྱང་ཆོས་བཅུ་བཞི་འཇིག་པར་བྱེད་ལ། རང་ཉིད་ནི་འཇིག་པ་ཆུང་ངུས་འཇིག་པར་བྱེད་དོ། །དེ་ལྟར་ན་སྐྱེ་གནས་འཇིག་གསུམ་ལའང་མཚན་ཉིད་ཡོད་པས་འདུས་མ་བྱས་སུ་མི་འགྱུར་ལ། རྗེས་མཐུན་གྱི་མཚན་ཉིད་ཀྱང་རྩ་བའི་མཚན་ཉིད་ཀྱིས་མཚན་པས་ན་མཚན་ཉིད་གཞན་བཙལ་མི་དགོས་པས་ཐུག་མེད་དུ་ཡང་མི་འགྱུར་རོ། །དེ་ཉིད་གཞུང་ལ་སྦྱར་བ་ནི། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་འབའ་ཞིག་བསྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་ལ་སོགས་པའང་བསྐྱེད་པར་བྱེད་པར་འདོད་པ་ཡིན་ན། གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་བསྐྱེད་པར་བྱེད་ན་ཁྱོད་ཀྱི་ལྟར་ན་སྐྱེ་ཆུང་ཆོས་ཅན། རྩ་བས་མ་བསྐྱེད་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། སྐྱེས་ན་རྩ་སྐྱེས་བསྐྱེད་མི་དགོས་པར་འགྱུར། འདོད་ན་རྩ་བས་མ་བསྐྱེད་པའི་རྗེས་མཐུན་གྱི་སྐྱེ་བ་དེས། རྩ་སྐྱེ་དེ་ནི་ཇི་ལྟར་བསྐྱེད་པར་བྱེད་དེ། མི་བྱེད་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། གལ་ཏེ་རྩ་སྐྱེས་བསྐྱེད་པའི་སྐྱེ་ཆུང་གིས་རྩ་སྐྱེ་བསྐྱེད་པར་བྱེད་ཀྱི། མ་སྐྱེས་པས་བསྐྱེད་པར་མི་བྱེད་དོ་ཞེ་ན། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས་བསྐྱེད་པའི་སྐྱེ་ཆུང་དེ་ཡིས་རྩ་བའི་སྐྱེ་བ་བསྐྱེད་ན་རྩ་སྐྱེ་ཆོས་ཅན། སྐྱེ་ཆུང་དེས་མ་བསྐྱེད་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། སྐྱེས་ན་སྐྱེ་ཆུང་གིས་བསྐྱེད་མི་དགོས་པར་འགྱུར། འདོད་ན་ཁྱོད་ཀྱི་སྐྱེ་ཆུང་དེས་མ་བསྐྱེད་པའི་རྩ་བའི་སྐྱེ་བ་དེས་ཆོས་ཅན། སྐྱེ་ཆུང་དེ་ནི་ཇི་ལྟར་བསྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། གལ་ཏེ་རྩ་སྐྱེ་སྐྱེ་བཞིན་པས་སྐྱེ་ཆུང་བསྐྱེད་པར་བྱེད་ཀྱི། མ་སྐྱེས་པས་མི་བསྐྱེད་དོ་ཞེ་ན། ཁྱོད་ཀྱི་ད་ལྟར་མ་སྐྱེས་པའི་རྩ་སྐྱེ་སྐྱེ་བཞིན་པ་དེ་ཡིས་གལ་ཏེ་སྐྱེ་ཆུང་དེ་ནི་བསྐྱེད་པར་བྱེད་ནུས་ན། རྩ་སྐྱེ་སྐྱེ་བཞིན་པ་དེ་ཡིས་སྐྱེ་ཆུང་དེ་བསྐྱེད་པར་འདོད་ལ་རག་པ་ལས་དགག་པ་བཟློག་པའི་སྒོ་ནས་བསྟན་ཏེ། རྩ་སྐྱེ་སྐྱེ་བཞིན་པས་སྐྱེ་ཆུང་བསྐྱེད་མི་ནུས་པར་ཐལ། རྩ་སྐྱེ་སྐྱེ་བཞིན་པ་ཡིན་པས་ད་ལྟར་མ་སྐྱེས་པའི་ཕྱིར། སྐྱེ་ཆུང་སྐྱེ་བཞིན་པས་རྩ་སྐྱེ་མི་བསྐྱེད་པ་ལ་སྦྱར་བར་འགྲེལ་ཆེན་གསུམ་ག་མཐུན་ནོ། །ཉེས་སྤོང་གཉིས་པའི་ལན་དགག་པ་ནི། ཇི་ལྟར་མར་མེས་རང་དང་གཞན་གཉིས་ཀ་སྣང་བར་བྱེད་པ་བཞིན་དུ། སྐྱེ་བའང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་བསྐྱེད་པར་བྱེད་པ་ཡིན་པས། མཚན་ཉིད་གཞན་བཙལ་མི་དགོས་པའི་ཕྱིར་ཐུག་མེད་དུ་མི་འགྱུར་རོ་ཞེ་ན། ལན་ལ། དཔེ་མ་གྲུབ་པ་དང་། དོན་མི་འཐད་པའོ། །དང་པོ་ལ་ཁྱབ་བྱེད་མ་དམིགས་པ་དང་། ཧ་ཅང་ཐལ་བའི་སྐྱོན་ནོ། །དང་པོ་ནི། མུན་པ་སེལ་བས་སྣང་བྱེད་དུ་འཇོག་པ་ཡིན་ན། མར་མེས་མུན་པ་བསལ་བ་ལས་རང་གཞན་ཅི་ཞིག་སྣང་བར་བྱེད་དེ་མི་བྱེད་པར་ཐལ། མར་མེ་གང་ན་འདུག་པ་དག་ན་མུན་པ་མེད། མར་མེའི་ངོ་བོ་ལ་ཡང་མུན་པ་མེད་པའི་ཕྱིར་རོ། །གལ་ཏེ་མར་མེ་སྐྱེ་བཞིན་པས། མུན་པ་སེལ་བར་བྱེད་པ་ཡིན་ཞེས་འདོད་ན། མར་མེ་སྐྱེ་བཞིན་པས་ཇི་ལྟར་མུན་པ་སེལ་བར་བྱེད་པ་ཡིན་ཏེ་མ་ཡིན་པར་ཐལ། གང་ཚེ་མར་མེ་སྐྱེ་བཞིན་པ། མུན་པ་དང་ནི་ཕྲད་པ་མེད་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། མར་མེ་སྐྱེ་བཞིན་པ་ཆོས་ཅན། མུན་པ་སེལ་བར་བྱེད་པ་མ་ཡིན་ཏེ། སྐྱེ་བཞིན་པ་ཡིན་པའི་ཕྱིར། མུན་པ་བཞིན་ནོ། །དོན་དམ་པར་མུན་པ་སེལ་བར་བྱེད་པ་མ་ཡིན་ཏེ། མུན་པ་དང་ཕྲད་པ་མེད་པའི་ཕྱིར། གླིང་བར་གྱི་མུན་པ་བཞིན་ནོ། །མངོན་སྤྱོད་ཀྱི་ལས་གཞན་དུ་མ་ངེས་སོ་ཞེ་ན། མངོན་སྤྱོད་ཀྱི་ལས་ཆོས་ཅན། དོན་དམ་པར་གཞན་ལ་གནོད་པ་མེད་དེ། གཞན་དང་ཕྲད་པ་མེད་པའི་ཕྱིར། ཞེས་གསུངས་སོ། །ཐུན་མོང་དུ་བཤད་པ་ནི། གལ་ཏེ་མར་མེ་མུན་པ་དང་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་པར་འདོད་ན། འདི་ན་འདུག་པའི་མར་མེ་དེས་ཆོས་ཅན། འཇིག་རྟེན་ཀུན་ལ་གནས་པའི་མུན་པ་བསལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་དང་མ་ཕྲད་པའི་ཕྱིར་རོ། །སངས་རྒྱས་བསྐྱངས་ཀྱིས། མ་ཕྲད་པར་འདྲ་བ་ལས། ལ་ལ་སེལ་བར་བྱེད་ལ། ལ་ལ་སེལ་བར་མི་བྱེད་པའི་ཁྱད་པར་ཅི་ཞིག་ཡོད་ཅེས་པ་དང་། ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། ཕྲད་པ་མེད་པར་འདྲ་ན། མར་མེ་སྐྱེ་བཞིན་པས་འདི་ན་འདུག་པའི་མུན་པ་ནི་སེལ། འཇིག་རྟེན་ཀུན་ན་འདུག་པའི་མུན་པ་མི་སེལ་བ་ལ་ཁྱད་པར་ཅི་ཡོད་ཅེས་གསུང་ངོ་། །ཟླ་བས་ཀྱང་། ཚུལ་འདིས་ནི། ཡེ་ཤེས་ཀྱིས་མ་རིག་པ་འཇོམས་པ་དང་། མིག་གིས་གཟུགས་མཐོང་བ་དང་། ནོར་བུ་ཁབ་ལེན་གྱིས་ལྕགས་ལེན་པ་སོགས་ཀྱི་མ་ངེས་པ་སྨྲ་བ་ལ་བསྒྲུབ་བྱ་དང་མཚུངས་པར་བཤད། མགོ་སྙོམས་ཀྱི་གནད་འདི་མ་ཤེས་པར་དབུ་མའི་རིགས་པ་ཕལ་ཆེ་བ་མི་རྟོགས་སོ། །གཉིས་པ་ནི། གལ་ཏེ་མར་མེས་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྣང་བར་བྱེད་པར་འགྱུར་ན། མུན་པའང་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད་དེ། རིགས་པ་མཚུངས་པའི་ཕྱིར། གཉིས་པ་དོན་མི་འཐད་པ་ལ། རྒྱུ་ཕྱོགས་ནས་དགག་པ་དང་། འབྲས་ཕྱོགས་ནས་དགག་པའོ། །དང་པོ་ལ་རང་བསྐྱེད་པ་མི་འཐད་པ་དང་། གཞན་བསྐྱེད་པ་མི་འཐད་པའོ། །དང་པོ་ནི། སྐྱེ་བས་རང་གི་བདག་ཉིད་བསྐྱེད་པར་བྱེད་ན། རང་མ་སྐྱེས་པས་སམ་སྐྱེས་པ་ཞིག་གིས་བསྐྱེད་གྲང་། དང་པོ་ལྟར་ན། སྐྱེ་བ་འདི་ནི་ཆོས་ཅན། རང་གི་བདག་ཉིད་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། རང་ཉིད་མ་སྐྱེད་པས་སོ། །ཅི་སྟེ་སྐྱེས་པས་བསྐྱེད་པར་བྱེད་ན། སྐྱེས་ན་སྐྱེ་བས་ཅི་ཞིག་བསྐྱེད་དུ་ཡོད། ག་ལས་འཇིགས་མེད་ལས། གནས་པ་དང་འཇིག་པ་ལ་ཡང་སྦྱར་བར་གསུངས། གཉིས་པ་གཞན་བསྐྱེད་པ་མི་འཐད་པ་ལ། དུས་གསུམ་དུ་རྣམ་པར་དཔྱད་པ་དང་། སྐྱེ་བ་གཞན་ཡོད་མེད་དཔྱད་པའོ། །དང་པོ་ལ་སྐྱེ་བ་སྤྱིར་དགག་པ། བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པའོ། །དང་པོ་ནི། སྐྱེ་བས་འབྲས་བུ་དོན་གཞན་བསྐྱེད་པར་བྱེད་ན། སྐྱེས་པ་དང་། མ་སྐྱེས་པ་དང་། སྐྱེ་བཞིན་པ་བསྐྱེད་གྲང་། སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་པ་ཇི་ལྟ་བུར་ཡང་མི་བསྐྱེད་པའི་ཚུལ་དེ་དག་ནི། སོང་བ་དང་མ་སོང་བ་དང་། བགོམ་པའི་རིགས་པ་ཡིས་རྣམ་པར་བཤད་པ་ཡིན་ནོ། །བཤད་ཚུལ་ལ། འགྲེལ་ཆེན་གསུམ་གྱི་དོན་ནི། སྐྱེས་ཟིན་པ་ཡང་བསྐྱེད་པར་མི་བྱེད་དེ། སྐྱེ་བའི་བྱ་བ་འདས་ཟིན་པའི་ཕྱིར། བསྐྱེད་ཟིན་ཀྱང་བསྐྱེད་ན་ནམ་ཡང་མི་བསྐྱེད་པར་མི་འགྱུར་བས་ཐུག་མེད་དུ་འགྱུར་རོ། །མ་སྐྱེས་པ་ཡང་བསྐྱེད་པར་མི་བྱེད་དེ། མེད་པའི་ཕྱིར། མེད་ཀྱང་བསྐྱེད་ན་རི་བོང་གི་རྭ་ཡང་བསྐྱེད་པར་འགྱུར་རོ། །སྐྱེ་བཞིན་པ་ཡང་བསྐྱེད་པར་མི་བྱེད་དེ། སྐྱེས་མ་སྐྱེས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར། ཞེས་གསུང་། ཤེས་རབ་སྒྲོན་མེ་ལས། རྩ་སྐྱེ་ཆོས་ཅན། སྐྱེས་ཟིན་པ་བསྐྱེད་པར་མི་བྱེད་དེ། སྐྱེ་བ་དོན་མེད་པའི་ཕྱིར། འགག་བཞིན་པ་བཞིན་ནོ། །སྐྱེ་བཞིན་པ་ཡང་བསྐྱེད་པར་མི་བྱེད་དེ། ངོ་བོ་ཉིད་ངེས་པར་མི་ཟིན་པའི་ཕྱིར། ཕྱེད་སྐྱེས་པ་དང་ཕྱེད་མ་སྐྱེས་པ་ལ་བརྗོད་ན། ཕྱོགས་གཉིས་ཀའི་སྐྱོན་ཡོད་པའི་ཕྱིར། མ་སྐྱེས་པ་ཡང་བསྐྱེད་པར་མི་བྱེད་དེ། སྐྱེ་བས་སྟོང་པའི་ཕྱིར། མ་འོངས་པ་བཞིན་ནོ། །ཞེས་གསུང་ངོ་། །གཉིས་པ་ནི། སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་ཞེས་བརྗོད་པའི་དོན་དེ་ཉིད་བསྐྱེད་པར་བྱེད་དོ་ཞེ་ན། ཤེས་རབ་སྒྲོན་མེ་ལས། སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་ཞེས་བློ་ཡུལ་དུ་བཞག་པ་དེ་ཉིད་སྐྱེ་བར་འདོད་ན་སྐྱེ་བཞིན་པ་ཡོད་པའམ་མེད་པའམ་གཉིས་ཀ་ཞིག་གྲང་ན། དགག་པ་རྒྱས་པར་བསྟན་ཟིན་ནོ། །གང་གི་ཚེ། སྐྱེ་བ་ཡོད་པ་ཡིན་ན་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་ཞེས་འཇོག་པ་ལས། སྐྱེ་བ་ལ་བརྟེན་ནས་འབྱུང་བའི་སྐྱེ་བཞིན་པ་འདི་མེད་པ་དེའི་ཚེ། སྐྱེ་བ་ལ་བརྟེན་ནས་ཇི་ལྟར་སྐྱེ་བཞིན་པ་ཞེས་བརྗོད་པར་བྱ་སྟེ་མི་རིགས་པར་ཐལ་ལོ། །གཞན་གསུམ་ལས་ནི། གང་གི་ཚེ་སྐྱེ་བ་ཡོད་པ་ཡིན་ན་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་འདི་འབྱུང་བ་ལས་སྐྱེ་བཞིན་པ་མེད་པ་དེའི་ཚེ། ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་ཞེས་བརྗོད་པར་བྱ། ཞེས་གསུང་ངོ་། །མེད་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བསྐུར་བ་བཏབ་པའི་ཉེས་པ་ཡོད་དོ་ཞེ་ན། ཤེས་རབ་སྒྲོན་མེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ངོ་བོ་ཉིད་ཀྱིས་ཞི་བ་སྟེ། ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ །བཅོམ་ལྡན་འདས་ཀྱིས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་པ་དང་། ལང་གཤེགས་ལས། བློ་གྲོས་ཆེན་པོ་ངོ་བོ་ཉིད་ཀྱི་སྐྱེ་བ་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་ཏེ་ཞེས་གསུངས་སོ། །ཟླ་བ་ཡང་དེའི་རྗེས་སུ་འབྲང་ངོ་། །སངས་རྒྱས་བསྐྱངས་ཀྱིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི། ཇི་སྐད་བཤད་པའི་རིགས་པས་ངོ་བོ་ཉིད་ཀྱིས་ཞི་བ་དེའི་ཕྱིར། སྐྱེ་བཞིན་ཉིད་དང་ནི་སྐྱེ་བ་ཡང་ནི་ཞི་བ་ཉིད། ཡང་ན་རྟེན་ཅིང་ཞེས་པ་རང་འབྱུང་བ་ཞེས་པ་གཉིས་ཀ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ། །དེའི་ཕྱིར་སྐྱེས་བཞིན་ཉིད་དང་ནི་སྐྱེ་བ་ཡང་ནི་ཞི་བ་ཉིད། ཅེས་སྦྱར་རོ། །གལ་ཏེ་བུམ་པ་མ་འོངས་པ་འགའ་ཞིག་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་འོ་ཞེ་ན། གལ་ཏེ་སྐྱེ་བའི་སྔ་རོལ་དུ་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་དུས་གང་ན་ཡོད་པར་འགྱུར་ན་དེ་ནི་རྩ་སྐྱེ་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཞིག་ན། སྔ་རོལ་དུ་དེ་ལྟ་བུའི་དངོས་པོ་མེད་ན་སྐྱེ་བ་ལ་བརྟེན་ནས་ཅི་ཞིག་སྐྱེ་བར་འགྱུར། ཞེས་ཟླ་བའོ། །འགྲེལ་པ་གཞན་གསུམ་ལས། ཚིག་རྐང་སྔ་མ་གཉིས་སྔར་བཞིན་བཤད་ནས། དེ་ནི་ཅི་ཕྱིར་དེ་སྐྱེ་འགྱུར། །ཡོད་ན་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། མ་སྐྱེས་པའི་དངོས་པོ་དེ་ནི། ཡོད་ན་ཅིའི་ཕྱིར་དེ་སྐྱེ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཡོད་ན་སྐྱེ་བར་མི་འགྱུར་བའི་ཕྱིར་ཞེས་ག་ལས་འཇིགས་མེད་དོ། སངས་རྒྱས་བསྐྱངས་ཀྱིས་ནི། གལ་ཏེ་སྐྱེ་བའི་དངོས་པོ་མ་སྐྱེས་པ་དགའ་ཞིག་ཡུལ་དུས་གང་ན་ཡོད་པར་གྱུར་ན། དེའི་རྒྱུ་རྐྱེན་ཀྱང་བརྟག་ཏུ་རུང་བ་ཞིག་ན། ཅིའི་ཕྱིར་མ་འོངས་པ་དེ་ནི་རྩ་སྐྱེ་དེ་ལ་བརྟེན་ནས་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་ཉིད་མེད་པས་དེའི་རྒྱུ་རྐྱེན་བརྟག་ཏུ་མེད་པའི་ཕྱིར། གལ་ཏེ་ཡོད་ན་ཡང་སྐྱེ་བར་མི་འགྱུར་རོ། །ཞེས་འཆད་དོ། །ཤེས་རབ་སྒྲོན་མེ་ལས་ནི། བྱེ་བྲག་སྨྲ་བ་དག སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་བསྐྱེད་པ། །ཞེས་སྨྲས་པ་མི་རིགས་ཏེ། རྒྱུ་དང་རྐྱེན་ལ་བརྟེན་ནས་བུམ་པ་ལ་སོགས་པ་འབྱུང་བ་མཐོང་བའི་ཕྱིར་རོ་ཞེ་ན། གལ་ཏེ་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་དུས་གང་ན་ཡོད་པར་གྱུར་ན། ཅིའི་ཕྱིར་དེ་ནི་ཡུལ་དུས་དེར་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཡོད་ན་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེས་ན་ཡོད་ན་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ག་ལས་འཇིགས་མེད་དང་དོན་གཅིག་གོ །གཉིས་པ་སྐྱེ་བ་གཞན་ཡོད་མེད་དཔྱད་པ་ནི། གལ་ཏེ་རྩ་བའི་སྐྱེ་བ་དེ་ཡིས་ནི། དངོས་པོ་སྐྱེ་བཞིན་པ་ནི་བསྐྱེད་པར་བྱེད་ན། རྩ་བའི་སྐྱེ་བ་དེ་ནི་བསྐྱེད་པར་བྱེད་པའི་སྐྱེ་བ་ལ་ཡང་ནི་མེད་པས་གང་ཞིག་གིས་ནི་བསྐྱེད་པར་བྱེད། གལ་ཏེ་རྩ་སྐྱེ་དེ་སྐྱེ་བ་གཞན་ཞིག་གིས་བསྐྱེད་པར་བྱེད་དོ་ཞེ་ན། རྩ་སྐྱེ་བསྐྱེད་པར་བྱེད་པའི་སྐྱེ་བ་གཞན་དེ་ལ་ཡང་བསྐྱེད་བྱེད་ཀྱི་སྐྱེ་བ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ། །ཅི་སྟེ་རྩ་བའི་སྐྱེ་བ་བསྐྱེད་བྱེད་མེད་པར་སྐྱེ་ན། གཞན་མཚན་གཞི་འདུས་བྱས་དང་རྗེས་མཐུན་གྱི་སྐྱེ་བ་ཐམས་ཅད་རྩ་སྐྱེ་དེ་བཞིན་དུ་སྐྱེ་བ་གཞན་མེད་པར་སྐྱེ་བར་འགྱུར་བས། དོན་མེད་པའི་རྟོག་པ་འདི་ཅི་ཞིག་བྱ། གཉིས་པ་འབྲས་ཕྱོགས་ནས་དགག་པ་ནི། གལ་ཏེ་དངོས་པོ་འགའ་ཞིག་སྐྱེ་བར་འགྱུར་ན་ཡོད་པའམ་མེད་པ་ཞིག་སྐྱེ་བར་འགྱུར་གྲང་། རེ་ཤིག་ཡོད་པ་དང་མེད་པ་ཡང་སྐྱེ་བར་རིགས་པ་མ་ཡིན་ཞིང་། ཡོད་མེད་གཞི་མཐུན་པ་ཉིད་ཀྱང་སྐྱེ་བ་མ་ཡིན་ཞེས་གོང་དུ་རྐྱེན་བརྟག་པར་བསྟན་པ་ཉིད་ཡིན་ནོ། །ཞེས་ག་ལས་འཇིགས་མེད་གསུངས་ཏེ། གཞན་ཡང་དོན་འདི་དག་གོ །གཉིས་པ་སོ་སོར་དགག་པ་ལ། སྐྱེ་བ་དགག གནས་པ་དགག འཇིག་པ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བའི་ངོ་བོ་ཉིད་རྟོག་པར་བྱེད་ན། དངོས་པོ་འགག་བཞིན་པའམ་འགག་བཞིན་པ་མ་ཡིན་པ་སྐྱེ་བར་འདོད་གྲང་། དངོས་པོ་འགག་བཞིན་ཉིད་ལ་ནི་སྐྱེ་བ་འཐད་པར་མི་འགྱུར་ཏེ། འགག་བཞིན་པ་ཡིན་པའི་ཕྱིར། འཆི་བཞིན་པ་ཉིད་བཞིན་ནོ། །ཞེས་ལེགས་ལྡན་བྱེད་དོ། །སློབ་དཔོན་གསུམ་གས། སྐྱེ་བ་ནི་མངོན་པར་འཕེལ་བ་ལ་ཕྱོགས་པ་ཡིན་པས་བྱ་བ་མི་མཐུན་པའི་ཕྱིར་ཞེས་མཐུན་པར་བཤད་དོ། །སློབ་དཔོན་ཟླ་བ་ནི་ཡོད་པའི་ཕྱིར་ཞེས་འགོད་དོ། །གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་ཆོས་ཅན། སྐྱེ་བ་མ་ཡིན་ཏེ། དངོས་པོར་མི་འཐད་པའི་ཕྱིར། གཉིས་པ་ལ། ལས་རྣམ་པ་གསུམ་དུ་དཔྱད་པ་དང་། འགག་མ་འགག་ལ་དཔྱད་པ་དང་། སྔར་གྱི་རིགས་པ་མཚུངས་པའི་ཚུལ་ལོ། །དང་པོ་ནི། དངོས་པོ་གནས་པ་མི་གནས་ཏེ། གནས་པ་པོ་གཅིག་ལ་གནས་པའི་བྱ་བ་གཉིས་མེད་པའི་ཕྱིར། དངོས་པོ་མི་གནས་པ་ཡང་གནས་པ་མིན་ཏེ། གནས་པའི་བྱ་བ་མེད་པའི་ཕྱིར། གནས་བཞིན་པ་ཡང་མི་གནས་ཏེ། གཉིས་པོ་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་སྐྱེ་བ་བཀག་པ་ན། རྩ་བའི་གནས་པས་མ་སྐྱེས་པའི་དངོས་པོ་གང་ཞིག་གནས་པར་བྱེད་པར་འགྱུར་ཏེ། མི་འགྱུར་བར་ཐལ། མ་སྐྱེས་པའི་ཕྱིར། དངོས་པོ་འགག་བཞིན་པ་ཉིད་ལ་ནི་གནས་པ་འཐད་པར་མི་འགྱུར་ཏེ། གནས་པའི་བྱ་བ་དང་མི་མཐུན་པའི་ཕྱིར་རོ། །བྱ་བ་མི་མཐུན་པ་གཉིས་གཅིག་ལ་དུས་གཅིག་ཏུ་ཡོད་པར་ཇི་ལྟར་འགྱུར། གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་ཆོས་ཅན། གནས་པ་མ་ཡིན་པར་ཐལ། དངོས་པོར་མི་འཐད་པའི་ཕྱིར། ཆོས་གང་དག་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་གང་ཞིག་ཡིན་ཏེ་མེད་པར་ཐལ། དངོས་པོ་ཐམས་ཅད་དུས་ཀུན་ཏུ་རྒ་བ་དང་འཆི་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་སྔར་བཤད་པའི་རིགས་པ་མཚུངས་ཚུལ་ནི། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཞེས་པ་སྟེ། གནས་པ་འདི་ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །ཞེས་སོགས་སྦྱར་རོ། །གསུམ་པ་འཇིག་པ་དགག་པ་ལ། གནོད་བྱེད་ཀྱི་རིགས་པ་བརྗོད་པ། རང་ལ་མཚུངས་པ་སྤང་བའོ། །དང་པོ་ལ། བྱ་བ་ལ་བརྟག་པ། རྟེན་ལ་བརྟག་པ། རྒྱུ་ལ་བརྟག་པ། དངོས་པོ་ཡོད་མེད་ལ་དཔྱད་པ། སྔར་བཤད་ཀྱི་རིགས་པ་སྦྱར་བའོ། །དང་པོ་ནི། འགག་པ་ཆོས་ཅན། རྩ་བའི་འཇིག་པས་འགག་པར་བྱེད་པར་མི་འགྱུར་ཏེ། འགགས་ཟིན་པའི་ཕྱིར། མ་འགགས་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པས་རྩ་བའི་འཇིག་པས་འགག་པར་བྱེད་པར་མི་འགྱུར་ཏེ། འགོག་པའི་བྱ་བ་མེད་པའི་ཕྱིར། གནས་པ་བཞིན་ནོ། །འགག་བཞིན་པ་ཡང་ཆོས་ཅན། སྔ་མ་དེ་བཞིན་དུ་རྩ་བའི་འཇིག་པས་འགག་པ་མིན་ཏེ། མི་སྲིད་པའི་ཕྱིར་དང་། གཉིས་ཀའི་སྐྱོན་ཡོད་པའི་ཕྱིར་ཏེ་ཞེས་ལེགས་ལྡན་བྱེད་དོ། །གཞན་ཡང་དེ་དང་མཐུན་ནོ། །མ་སྐྱེས་པ་གང་ཞིག་རྩ་བའི་འཇིགས་པས་འགག་པར་འགྱུར་ཏེ་མི་འགྱུར་རོ། །མོ་ཤམ་གྱི་བུ་བཞིན་ནོ། །གཉིས་པ་ནི། རེ་ཤིག་དངོས་པོ་གནས་པ་ལ་ཆོས་ཅན། འགག་པ་འཐད་པར་མི་འགྱུར་བར་ཐལ། འགག་པའི་བྱ་བ་དང་མི་མཐུན་པའི་ཕྱིར། དངོས་པོ་མི་གནས་པ་ལ་ཡང་ཆོས་ཅན། འགག་པ་འཐད་པར་མི་འགྱུར་བར་ཐལ། མི་གནས་པའི་ཕྱིར། འགག་བཞིན་པ་བཞིན། ཞེས་སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་དོ། །ག་ལས་འཇིགས་མེད་ཀྱིས། གནས་པ་དང་བྲལ་བའི་ཕྱིར་ཞེས་སྦྱར་རོ། །གནས་སྐབས་ལ་དཔྱད་པ་ནི། གནས་པའི་གནས་སྐབས་དེ་ཡིས་ནི། གནས་སྐབས་དེ་ཉིད་འགག་པར་བྱེད་པ་ཉིད་དུ་མི་འགྱུར་བར་ཐལ། གནས་པའི་གནས་སྐབས་མ་སྤངས་པའི་ཕྱིར། འོ་མའི་གནས་སྐབས་ཀྱིས་འོ་མའི་གནས་སྐབས་འཇིག་པར་མི་བྱེད་པ་བཞིན། སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་དོ། །ཟླ་བས་ནི་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར། ཞེས་གསུངས་སོ། །གནས་པའི་གནས་སྐབས་གཞན་གྱིས་གནས་པའི་གནས་སྐབས་གཞན་ཡང་འགག་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། གཞན་གྱི་གནས་སྐབས་ན་མེད་པའི་ཕྱིར་ཞེས་སངས་རྒྱས་བསྐྱངས་དང་། ཟླ་བའོ། །ལེགས་ལྡན་བྱེད་ཀྱིས་གཞན་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་བཞིན་ནོ། །ཞེས་གསུང་ངོ་། །ཡང་ཟླ་བས། ཞོ་ཡི་གནས་སྐབས་དེ་ཡིས་ཞོ་ཡི་གནས་སྐབས་དེ་ཉིད་འགག་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར། གཞན་ཞོའི་གནས་སྐབས་ཀྱིས་གཞན་འོ་མའི་གནས་སྐབས་ཡང་འགག་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། དེའི་དུས་སུ་འོ་མའི་གནས་སྐབས་མེད་པའི་ཕྱིར། མེད་ཀྱང་འཇིག་པར་བྱེད་ན་བུང་བུའི་རྭའི་རྣོན་པོ་ཡང་འཇིག་པར་བྱེད་པར་འགྱུར་རོ། །ཞེས་མགོ་སྙོམས་མཛད་དོ། །གསུམ་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་འགག་པ་འཐད་པར་མི་འགྱུར་བར་ཐལ། གང་གི་ཚེ་ན་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་འཐད་པར་མི་འགྱུར་བ་དེའི་ཚེའོ། །བཞི་པ་དངོས་པོ་ཡོད་མེད་ལ་དཔྱད་པ་ནི། རེ་ཤིག་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། འགག་པ་དང་མི་མཐུན་པའི་ཕྱིར། ཚ་གྲང་བཞིན་ནོ། །དངོས་པོ་ཉིད་འགག་བཞིན་པ་ཡིན་པས་ཉེས་པ་མེད་དོ་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་དག་དུས་གཅིག་པ་ཉིད་དུ་གྲུབ་པ་འཐད་པ་མེད་དེ། དུས་གཅིག་ཏུ་གྲུབ་པར་འགལ་བའི་ཕྱིར། སྣང་མུན་བཞིན་ནོ། །གལ་ཏེ་སྔར་དངོས་པོར་གྱུར་པ་ཉིད་ཕྱིས་དངོས་པོ་མེད་པར་འགྱུར་རོ་སྙམ་ན། ངོ་བོ་ཉིད་ཀྱི་གྲུབ་པ་ལ་སྐྱེ་འགག་མི་རུང་བས། སྐྱེ་འགག་བྱེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་གསལ་བར་བྱས་ཏེ་སྒྱུ་མ་བཞིན་ནོ། །དངོས་པོ་མེད་པར་གྱུར་པ་ལའང་། འགག་པ་འཐད་པར་མི་འགྱུར་ཏེ། འགག་པར་བྱ་བའི་ཆོས་མེད་པའི་ཕྱིར། དཔེ་ཇི་ལྟར་ན། མགོ་གཉིས་མེད་པ་ལ་མགོ་གཉིས་གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་ལེགས་ལྡན་བྱེད་འཆད་དོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ཀྱིས་ནི། དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པ་གཅིག་ཉིད་དུ་འཐད་པ་མེད་པའི་ཕྱིར་ཞེས་སོ། །ཟླ་བས་ནི། དངོས་པོ་དང་གཅིག་ན་དངོས་མེད་མི་འཐད་ལ། དངོས་མེད་དང་གཅིག་ན་དངོས་པོ་མི་འཐད་དོ། །ཞེས་ཐལ་འགྱུར་གཉིས་སུ་བརྗོད་དོ། །དཔེ་ལ་ཅོག་རོའི་འགྱུར་ལས། ཇི་ལྟར་མགོ་གཉིས་མེད་པ་ལ། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་པ་ནི་རིགས་པར་སྣང་ངོ་། །ལྔ་པ་ནི། འགྲེལ་ཆེན་གསུམ་ལས། འགག་པ་འགག་པ་གཞན་དང་ནི། །དེ་ཉིད་ཀྱི་ཀྱང་འགག་མི་རིགས། །ཞེས་གསུངས་ཤིང་། ཟླ་བས་ནི། འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཞེས་གསུངས་སོ། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཞེས་པ་བསྒྱུར་བ་ནི། འགག་པ་འདི་ནི་མ་འགགས་པས། །རང་གི་བདག་ཉིད་ཇི་ལྟར་འགག །ཅེས་སོགས་སྦྱར་རོ། །གཉིས་པ་རང་ལ་མཚུངས་པ་སྤང་བ་ལ། ཤེས་རབ་སྒྲོན་མེ་ལས། འགག་པ་གཞན་གྱིས་མི་འགག་ཅེས་པ་མི་འཐད་དེ། འཇིག་པ་ཅན་རྣམས་ནི་འཇིག་པའི་རྒྱུ་གཞན་གྱིས་འཇིག་པའི་ཕྱིར་རོ་ཞེ་ན། གང་ཞིག་གང་གིས་འཇིག་པའི་རྒྱུར་འདོད་པ་དེ་ནི། དེའི་འཇིག་བྱེད་ཀྱི་རྒྱུ་མ་ཡིན་ཏེ། དེ་ལས་གཞན་པ་དག་བཞིན་ནོ། །ཞེས་གསུངས་ལ། ཟླ་བས་འགག་པ་ལ་འགག་པ་མེད་ན། འགག་པ་དང་བྲལ་བའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་མི་ལྡན་པ་ཉིད་དུ་འགྱུར་རོ་སྙམ་ན། འཇིག་པ་ལ་འཇིག་པ་གཞན་རྟོག་ན་མི་རིགས་ཏེ། འཇིག་པ་ནི་འཇིག་པའི་རྒྱུ་དོན་གཞན་གྱིས་འཇིག་པར་ཇི་ལྟར་འགྱུར། གལ་ཏེ་བརྟག་པ་འདི་ནི་ཁྱོད་ལའང་མཚུངས་སོ་ཞེ་ན། བརྟགས་ན་གྲུབ་པར་མི་འདོད་པས་ཉེས་པ་མེད་དོ། །རང་སྡེ་འགའ་ཞིག་འཇིག་པ་རྒྱུ་མེད་དང་། །འདུས་བྱས་སྐད་ཅིག་མར་སྨྲ་བ་ནི་འགལ་བ་ཁོ་ན་སྟེ། རྒྱུ་མེད་ན་འདུས་བྱས་མ་ཡིན་པས་འཇིག་པ་མེད་པའི་ཕྱིར། ལུང་ལས་ཀྱང་འཇིག་པ་རྒྱུ་བཅས་སུ་གསུངས་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་སྐྱེ་རྒ་གཉིས་འདུས་བྱས་མ་ཡིན་པས་ཉེས་པ་མེད་དོ་ཞེ་ན། དེ་ནི་མི་འཐད་དེ། འདུ་བྱེད་ཕུང་པོར་འདུས་པའི་ཕྱིར། གལ་ཏེ་འཇིག་པ་ཞེས་བྱ་བ་དངོས་པོ་མེད་པ་ཡིན་ན། དེ་ལ་རྒྱུས་ཅི་ཞིག་བྱ་ཞེ་ན། དངོས་པོ་ཡང་གྲུབ་ཟིན་པས་རྒྱུས་ཅི་ཞིག་བྱ། དེ་ལྟ་ན་ཐམས་ཅད་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །སྔར་མེད་པ་ཕྱིས་ཡོད་པས་སྐྱེ་བ་རྒྱུ་བཅས་སུ་འདོད་ན། འཇིག་པ་ལ་ཡང་མཚུངས་སོ། །དངོས་པོ་མེད་པ་ལ་ཡང་རྒྱུས་ཅི་ཞིག་བྱ། ཞེས་བྱ་བས་ནི་མི་གནོད་དེ། ཞིག་པ་ལ་ནི་རྒྱུས་ཅུང་ཟད་ཀྱང་བྱས་པར་མི་འདོད་ལ། འོན་ཀྱང་འཇིག་པ་ཉིད་བྱེད་དོ་ཞེས་བརྗོད་དོ། །འོ་ན་བྱེད་བཞིན་པ་ཡིན་པའི་ཕྱིར། དངོས་པོར་འགྱུར་རོ་ཞེ་ན། འདོད་པ་ཡིན་ཏེ། གྱོ་དུམ་ལྟ་བུ་རང་གི་ངོ་བོ་ལ་ལྟོས་ནས་དངོས་པོ་ཡིན་ལ། བུམ་སོགས་ཀྱི་ཆོས་ལོག་པའི་ཆ་ནས་དངོས་པོ་མེད་པ་ཞེས་བརྗོད་དོ། །འདི་ལྟ་བུའི་འཇིག་པ་ལ་དངོས་མེད་དུ་བརྗོད་པ་ནི། རྒྱུ་དང་བཅས་པ་ཡང་ཡིན་ལ། འབྲས་བུ་འབྱིན་པ་ཡང་ཡིན་ཏེ། ལུང་ལས། འཆི་བ་ཡང་བྱ་བ་ཉེ་བར་གནས་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་ལ། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་གསུངས་པ་ལྟ་བུའོ། །འདིར་འཇིག་པ་ལ་དངོས་མེད་དུ་བརྗོད་པ་དང་། འདུས་མ་བྱས་ལ་དངོས་མེད་དུ་བརྗོད་པ་གཉིས་ལས། དངོས་མེད་རྒྱུ་བཅས་དང་། འདུས་བྱས་སུ་བཤད་པ་ནི། དང་པོ་ལ་དགོངས་ཏེ། མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པ་ལྟར་རོ། །གཉིས་པའི་དབང་དུ་བྱས་པ་ནི། འཇུག་པ་ལས། མདོར་བསྡུ་ན་ནི་དངོས་མེད་པར། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །ཅེས་པ་སྟེ། འདི་ནི་རྒྱུ་ལ་ལྟོས་པར་ཡང་ཁས་མི་ལེན་ནོ། །འདི་ནི་འགའ་ཞིག་འཇིག་པ་ལ་དངོས་མེད་དུ་བརྗོད་པ་ཉེ་བར་བཟུང་ནས། འདུས་བྱས་སུ་བཤད་པའི་དོན་མ་རྟོགས་པར་འཇིག་པ་དང་དངོས་མེད་གང་ཡིན་རྒྱུ་ལ་ལྟོས་བཅས་སུ་སྨྲ་བ་ནོར་པ་ཁོ་ནའོ། །སྤྲོས་པས་ཆོག་གོ །གཉིས་པ་དོན་བསྡུ་བ་ནི། རིགས་ངོར་འདུས་བྱས་མེད་དེ། སྐྱེ་བ་དང་གནས་པ་དང་། འཇིག་པ་དག་མ་གྲུབ་པའི་ཕྱིར་རོ། །གཉིས་པ་འདུས་མ་བྱས་དགག་པ་ནི། འདུས་མ་བྱས་ཡོད་པས་འདུས་བྱས་ཀྱང་ཡོད་དོ་ཞེ་ན། འགྲེལ་པ་གསུམ་ལས་ནི། འདུས་མ་བྱས་ནི་ཇི་ལྟར་འགྲུབ་སྟེ། གང་ལ་ལྟོས་ནས་འདུས་མ་བྱས་སུ་འཇོག་བྱེད་འདུས་བྱས་རབ་ཏུ་མ་གྲུབ་པས་སོ། །ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས་ནི། འདུས་བྱས་ལས་ལྡོག་པའི་སྒོ་ནས་འདུས་མ་བྱས་སུ་འཇོག་པས་འདུས་མ་བྱས་ཡོད་དོ་ཞེ་ན། འདུས་བྱས་རབ་ཏུ་མ་གྲུབ་པས་འདུས་མ་བྱས་ནི་རྫས་སུ་གྲུབ་པར་ཇི་ལྟར་འགྲུབ་སྟེ་མི་འགྲུབ་བོ་ཞེས་གསུང་ངོ་། །གསུམ་པ་ལུང་དང་འགལ་བ་སྤང་བ་ནི། བུད་དྷ་པ་ལི་ཏ་ལས། སྐྱེ་གནས་འཇིག་གསུམ་མི་འཐད་པ་ཡིན་ན། མདོ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཞེས་པ་དང་། ག་ལས་འཇིགས་མེད་ལས་མཚན་ཉིད་གསུམ་པོ་མེད་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ཇི་ལྟར་ཞེས་པ་ཙམ་ལས་མི་སྣང་། ཟླ་བས། འདུས་བྱས་སྐྱེ་བར་ཡང་མངོན། གནས་པ་དང་འཇིག་པ་གཞན་དུ་གྱུར་པར་ཡང་མངོན། ཞེས་གསུངས་པ་ཇི་ལྟར་ཞེ་ན། ཞེས་པ་དང་། ཤེས་རབ་སྒྲོན་མེ་ལས། མཚན་ཉིད་གསུམ་གསུངས་པ་དང་འགལ་བར་རྩོད་པའི་ལན་དུ། དོན་དམ་པར་ཡོད་པ་མིན་ཡང་། རྨི་ལམ་དང་ཉམས་སུ་མྱོང་བ་དྲན་པ་ཇི་ལྟ་བ་བཞིན་དང་། སྒྱུ་མ་མཁན་གྱི་སྔགས་དང་སྨན་གྱི་མཐུ་ལས། སྒྱུ་མའི་རྟ་གླང་དུ་སྣང་བ་བཞིན་དང་། དྲི་ཟའི་གྲོང་ཁྱེར་འོབས་རྒྱ་ཆེན་པོས་བསྐོར་བར་སྣང་བ་ཇི་ལྟ་བ་དེ་བཞིན་དུ། སྐྱེ་བ་དང་། དེ་བཞིན་དུ་གནས་པ་དང་། དེ་བཞིན་དུ་འཇིག་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས། ཉན་ཐོས་ཀྱི་ཐེག་པ་ལས། འདུ་བྱེད་ལ་བདག་དང་བདག་གི་བའི་ངོ་བོ་ཉིད་མེད་པར་བསྟན་པའི་དོན་དུ། གཟུགས་ནི་ལྦུ་བ་གདོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །དེ་ཉིད་གཟིགས་པས་བཀའ་བསྩལ་ཏོ། །ཞེས་གསུངས་ཏེ། འདུ་བྱེད་བདག་མེད་པ་བསྟན་པའི་དོན་དུ་དཔེ་འདི་དག་གསུངས་པའི་དོན་ནོ། །ཐེག་ཆེན་ལའང་ངོ་བོ་ཉིད་མེད་པ་སྣང་ཙམ་ལ་བདེན་པར་རྟོག་པའི་ཤེས་སྒྲིབ་ཀྱི་གཉེན་པོར། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟར་བུ། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་གསུང་ངོ་། །ཆོས་བདག་མེད་པར་བསྟན་ནོ། །བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ལས། བདག་མེད་ཅེས་བྱ་བའི་སྒྲ་གང་ཟག་ལ་བྱེ་བྲག་ཏུ་བརྟག་པར་བྱ་བ་ཡིན་པའི་ཕྱིར། ཆོས་ཀྱི་བདག་མེད་པ་བསྟན་པ་ནི་མ་ཡིན་ནོ། །གཞན་དུ་ན་ཐེག་ཆེན་ལོགས་སུ་བསྟན་པ་དོན་མེད་པར་འགྱུར་རོ་ཞེས་གསུང་ངོ་། །རྒྱས་པར་ནི་གཞན་དུ་བཀོད་ཟིན་ཏོ། །དབུ་མ་རྩ་བ་ལས། འདུས་བྱས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པའི་རྣམ་པར་བཤད་པའོ།།    །།བྱེད་པ་པོ་དང་ལས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཡུམ་ལས། གང་ན་བྱེད་པ་པོ་མི་དམིགས་པ་དེ་ལ་ལས་ཀྱང་མི་དམིགས་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་ལས། ལས་དང་བྱེད་པ་པོ་ཡོད་དེ། བསྟན་བཅོས་དང་འཇིག་རྟེན་ན་གྲགས་པའི་ཕྱིར། །ཞེས་གསུང་ངོ་། ལེགས་ལྡན་བྱེད་དང་ཟླ་བས་ནི། ཕུང་པོ་སོགས་ཡོད་དེ། བཅོམ་ལྡན་འདས་ཀྱིས་དེ་ལ་བརྟེན་ནས་ལས་དང་བྱེད་པ་པོ་བསྟན་པའི་ཕྱིར། ཞེས་གསུང་ངོ་། །སངས་རྒྱས་བསྐྱངས་ཀྱིས་ནི། རྟེན་འབྲེལ་ལས་དང་བྱེད་པ་པོས་སྟོང་པའི་རྣམ་གྲངས་སུ་བཞེད་དོ། །གཞུང་གི་ཚིག་དོན་ལ། དོན་དམ་པར་ལས་དང་བྱེད་པ་པོ་དགག་པ། ཐ་སྙད་ཙམ་དུ་རྣམ་པར་བཞག་པ། རིགས་པ་གཞན་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ། ཕྱོགས་མཐུན་གྱི་བྱ་བྱེད་དགག་པ། ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ལ། ཤེས་རབ་སྒྲོན་མེ་ལས། མངོན་པ་ལས་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་གསུངས་ལ། དགེ་བ་ལ་ཡང་ངོ་བོ་ཉིད་དང་། མཚུངས་ལྡན་དང་། ཀུན་སློང་དང་། དོན་དམ་པར་དགེ་བ་སྟེ་བཞི། མི་དགེ་བ་ལ་ཡང་དེ་བཞིན་དུ་བཞི། ལུང་མ་བསྟན་ལ་ཡང་། རྣམ་སྨིན་སྐྱེས། སྤྱོད་ལམ་ལས་བྱུང་བ། བཟོད་གནས། སྤྲུལ་སེམས་དང་བཞི་ཞེས་འབྱུང་བས། ལས་དང་བྱེད་པ་པོ་ནི་ཡོད་པ་ཁོ་ནའོ། །ཞེས་འགོད་དོ། །ཚིག་གསལ་ལས་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱེད་དོ་ཞེས་འབྱུང་བས་ལས་དང་བྱེད་པ་པོ་ཡོད་པ་ཁོ་ནའོ། །ཞེས་འགོད་དོ། །གཞན་གཉིས་ལ་ནི་མི་སྣང་ངོ་། །ལན་ལ། བྱེད་པ་པོ་ཡིན་པ་དང་། མ་ཡིན་པ་དང་། ཡིན་མ་ཡིན་གཉིས་འདུས་དང་། ལས་ལ་ཡང་། ཡིན་པ་དང་། མ་ཡིན་པ་དང་། གཉིས་འདུས་ཞིག་བྱེད་པར་འགྱུར་གྲང་ན། རིགས་པས་བརྟགས་ན་མི་འཐད་ཅེས་བཤད་པ་ཚིག་དོན་མཐུན་པས་ཕྱོགས་གཅིག་ཏུ་བཤད་དེ། བྱེད་པ་པོ་ཡིན་པར་གྱུར་པ་དེ་ལས་སུ་གྱུར་པ་མི་བྱེད་དོ། །ཞེས་པ་དང་། བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་། ལས་སུ་མ་གྱུར་པ་མི་བྱེད་དོ། །ཞེས་པ་སྟེ། དམ་བཅའ་དང་པོའི་འཐད་པ་ནི། བྱེད་པ་པོ་ཡིན་པར་གྱུར་པ་ལ་ལས་ཀྱི་བྱ་བ་མེད་དེ། བྱ་བ་གཅིག་གིས་བྱེད་པ་པོར་གྲུབ་ཟིན་པའི་ཕྱིར་དང་། བྱ་བ་གཉིས་པ་ཡང་མེད་པའི་ཕྱིར། ཡོད་ན་བྱེད་པ་པོ་ཡང་གཉིས་སུ་ཐལ་བར་འགྱུར་རོ། །རིགས་པ་འདི་ནི་དངོས་སུ་མ་སྦྱར་བ་གཞན་ལ་ཡང་དོན་གྱིས་ཐོབ་པར་བྱའོ། །བྱེད་པ་པོ་ལ་བྱ་བ་གཉིས་པ་བཀག་པས་ལས་ཀྱང་བྱེད་པ་པོ་མེད་པའི་ལས་སུའང་འགྱུར་རོ། །བྱེད་པ་པོའི་ངོས་ནས་བཀག་པའོ། །ལས་ཀྱི་ཕྱོགས་ནས་དགག་པ་ནི། ལས་ཡིན་པར་གྱུར་པ་ལ་བྱ་བ་མེད་དེ། ལས་ཞེས་བརྗོད་པ་ཉིད་ཀྱིས་བྱ་བ་དང་ལྡན་པར་གྲུབ་ཟིན་པའི་ཕྱིར་དང་། བྱ་བ་གཉིས་པ་ཡང་མེད་པའི་ཕྱིར་རོ། །བྱེད་པ་པོ་ཡང་ལས་བྱེད་པ་མེད་དེ། ལས་ལ་བྱེད་པ་བཀག་ཟིན་པའི་ཕྱིར་རོ། །དེ་ལྟ་ན་ལས་བྱེད་པ་མེད་པའི་བྱེད་པ་པོར་ཡང་འགྱུར་རོ། །ཞེས་འགྲེལ་པ་གསུམ་གྱིས་འཆད་དོ། །ཤེས་རབ་སྒྲོན་མེ་ལས་ནི། བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་མེད་དེ། ངོ་བོ་ཉིད་ཀྱིས་གྲུབ་པ་ལ་འགྱུར་བ་མེད་པའི་ཕྱིར། བྱེད་པ་པོ་ཡིན་པར་གྱུར་པ་ལ་བྱ་བ་མེད་པའི་ཕྱིར། ལས་ཀྱང་བྱེད་པ་པོ་མེད་པའི་ལས་སུའང་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར། ལས་ཡིན་པར་གྱུར་པ་ལ་ཡང་བྱ་བ་མེད་དེ། ངོ་བོ་ཉིད་ཀྱི་གྲུབ་པའི་ཕྱིར། བྱེད་པ་པོ་ཡང་ལས་ལ་ལྟོས་པ་མེད་པར་འགྲུབ་པར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར། དམ་བཅའ་གཉིས་པའི་འཐད་པ་ནི། གལ་ཏེ་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་ན་ནི། བྱེད་པ་པོར་མ་གྱུར་པ་ཞེས་པའི་ཚིགས་ལས་མ་བྱས་པར་བསྟན་པས་ན། ལས་ཀྱང་བྱེད་པ་པོས་མ་བྱས་པར་བསྟན་པས། ལས་ལ་ཡང་ལས་སུ་བསྙད་པའི་རྒྱུ་མེད་པར་འགྱུར་བ་དང་། བྱེད་པ་པོ་ཡང་བྱེད་པ་པོར་བསྙད་པའི་རྒྱུ་མེད་པར་ཐལ་བར་འགྱུར་རོ། །ཞེས་སངས་རྒྱས་བསྐྱངས་དང་ཟླ་བས་འཆད་དོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས་ནི། བྱེད་པ་པོས་མ་བྱས་ན་སྐྱེད་བྱེད་གཞན་མེད་པའི་དོན་གྱིས་ལས་ལ་རྒྱུ་ནི་མེད་པར་འགྱུར་བ་དང་། བྱེད་པ་པོ་ཡང་ལས་བྱེད་པ་ལ་མ་ལྟོས་པས་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །འདིས་ཕན་ཚུན་མ་ལྟོས་པ་ལའང་གནོད་བྱེད་བརྗོད་པས་ཕན་ཚུན་ལྟོས་ནས་གྲུབ་པར་བྱས་སོ་ཞེས་གསལ་བར་འཆད་དོ། །ལས་དང་བྱེད་པ་པོ་འདི་ནས་ཕྱོགས་གཅིག་ཏུ་འཆད་དེ། ལས་དང་བྱེད་པ་པོ་ལ་རྒྱུ་མེད་ན་ནི། འབྲས་བུ་དང་རྒྱུ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་འབྲས་དེ་དག་མེད་ན་ནི། བྱ་བ་དང་བྱེད་པ་པོ་དང་། བྱེད་པའི་ཆོས་གསུམ་མི་རིགས་པར་འགྱུར་རོ། །བྱ་བ་ལ་སོགས་པའི་ཆོས་གསུམ་མི་རིགས་ན། ཆོས་དང་ཆོས་མིན་ཏེ་དགེ་སྡིག་གི་ལས་ཡོད་པ་མ་ཡིན་པར་འགྱུར་རོ། །ཆོས་དང་ཆོས་མིན་མེད་ན་ནི། དེ་ལས་བྱུང་བའི་འབྲས་བུ་བདེ་སྡུག་མེད་པར་འགྱུར་རོ། །འབྲས་བུ་བདེ་སྡུག་མེད་ན་ཐར་པ་དང་མཐོ་རིས་ཐོབ་པར་འགྱུར་བའི་ལམ་ཡང་མི་འཐད་པར་འགྱུར་རོ། །གཞན་ཡང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དག་ཀྱང་དོན་མེད་པར་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་གནོད་བྱེད་ཀྱི་ཐལ་བ་དྲུག་རྒྱུད་དོ། །འདིས་སྔར་རྒྱུ་མེད་པར་སྐྱེ་བ་མི་འཐད་པ་བསྟན་པ་ཡིན་ནོ། །གལ་ཏེ་བྱེད་པ་པོ་ཡིན་མ་ཡིན་གཉིས་འདུས་ཀྱིས་ལས་ཡིན་མ་ཡིན་གཉིས་འདུས་བྱེད་དོ་ཞེ་ན། བྱེད་པ་པོར་གྱུར་པ་དང་མ་གྱུར་བ་གཉིས་འདུས་ཀྱིས་ལས་སུ་གྱུར་པར་དང་། མ་གྱུར་པ་གཉིས་འདུས་མི་བྱེད་དེ། བྱེད་པ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་གཉིས་དུས་གཅིག་ལ་ཚོགས་པ་ག་ལ་ཡོད་དེ་མེད་པའི་ཕྱིར་ཏེ། ཕན་ཚུན་འགལ་བས་སོ་སྣང་མུན་བཞིན་ནོ། །ལས་ལའང་དེ་བཞིན་དུ་སྦྱར། འགྲེལ་པ་གཞན་གསུམ་ལས། ཕན་ཚུན་འགལ་བས་ག་ལ་གཅིག །ཅེས་འབྱུང་སྟེ་དོན་གཅིག་གོ །གཉིས་པ་ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པ་ལ་བྱེད་པ་རེ་རེས་རེ་རེ་བྱེད་པ་དགག རེ་རེས་རེ་རེ་དང་གཉིས་འདུས་བྱེད་པ་དགག གཉིས་འདུས་ཀྱིས་རེ་རེ་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། ལས་སུ་མ་གྱུར་པ་མི་བྱེད་དེ། འདིར་ཡང་སྔ་མའི་སྐྱོན་དེར་ཐལ་བར་འགྱུར་བས་སོ། །ཇི་ལྟར་འགྱུར་ཞེ་ན། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་འགྱུར་རོ། །ལས་ཀྱི་ངོས་ནས། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར་རོ། །ཞེས་སོ། །བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ། བྱེད་པོའི་ངོས་ནས། བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་པའི་སྐྱོན་འདིར་ཐལ་བར་འགྱུར། ལས་ཀྱི་ངོས་ནས། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་པའི་སྐྱོན་འདིར་ཐལ་བར་འགྱུར་རོ། །གཉིས་པ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། ལས་སུ་མ་གྱུར་པ་དང་བཅས་པ་དང་། ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་འདུས་ཀྱང་མི་བྱེད་དེ། གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན། བྱེད་པ་པོའི་ཕྱོགས་ནས། ཡིན་པར་འགྱུར་ལ་བྱ་བ་མེད། །ཅེས་དང་ལས་ཀྱི་ཕྱོགས་ནས། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་པ་དང་། གཉིས་འདུས་ཀྱི་ཕྱོགས་ནས། ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་སྦྱར་རོ། །ཞེས་སོ། །ཡང་བྱེད་པ་པོར་ཡང་མ་གྱུར་པས་ལས་སུ་གྱུར་པ་དང་བཅས་པ་དང་། ལས་སུ་གྱུར་པ་དང་མ་གྱུར་པ་གཉིས་འདུས་ཀྱང་མི་བྱེད་དེ། གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །ཇི་ལྟར་བསྟན་ཞེ་ན། བྱེད་པ་པོའི་ཕྱོགས་ནས། ལས་སུ་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ལས་ཀྱི་ཕྱོགས་ནས། ཡིན་པ་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །གཉིས་འདུས་ཀྱི་ཕྱོགས་ནས། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་སྦྱར་རོ། །གསུམ་པ་གཉིས་འདུས་ཀྱིས་རེ་རེ་བྱེད་པ་དགག་པ་ནི། བྱེད་པ་པོར་གྱུར་མ་གྱུར་གཉིས་འདུས་ཀྱིས། ལས་སུ་གྱུར་པ་མི་བྱེད་མ་གྱུར་པ་མི་བྱེད་དེ། འདིར་ཡང་གཏན་ཚིགས་ནི་གོང་དུ་བསྟན་པས་ཤེས་པར་བྱ། ཇི་ལྟར་ཞེ་ན། བྱེད་པ་པོའི་ཕྱོགས་ནས། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་པ་དང་། ལས་ཀྱི་ཕྱོགས་ནས། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་སོ། །དོན་ཐམས་ཅད་མཐུན་པར་སྣང་ངོ་། །ཞེས་ཤེས་རབ་སྒྲོན་མེ་ལས་ནི། སྔར་གྱི་རིགས་པ་སྦྱོར་རོ་ཞེས་པ་ཙམ་ལས་མི་སྣང་ངོ་། །གཉིས་པ་ཐ་སྙད་ཙམ་དུ་རྣམ་པར་བཞག་པ་ནི། ལས་དང་བྱེད་པ་པོ་ཐ་སྙད་ཙམ་དུ་མེད་པ་མིན་ཏེ། བྱེད་པ་པོ་ཡང་ལས་ལ་བརྟེན་ནས་གདགས་པར་བྱས་ཤིང་། ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་ཙམ་ཡིན་པའི་ཕྱིར། ལས་གྲུབ་ཙམ་མ་གཏོགས་པར་རང་བཞིན་གྱིས་འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་ལེགས་ལྡན་བྱེད་ཀྱིས་གསུངས་ཏེ། དོན་གཅིག་གོ །འདིར་སངས་རྒྱས་བསྐྱངས་ཀྱི། ཡོད་པ་དང་མེད་པའི་ཕྱོགས་བསལ་ནས་དབུ་མའི་ལམ་བསྟན་པའི་ཕྱིར་དུ་གསུངས་ཞེས་བཤད་དོ། །གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི། ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་གྲུབ་ཙམ་མ་གཏོགས་པ་རང་བཞིན་གྱིས་གྲུབ་པར་མི་འདོད་པ་དེ་བཞིན་དུ་ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་ཡང་ཤེས་པར་བྱ་སྟེ། ལས་དང་བྱེད་པ་པོ་བསལ་བའི་རིགས་པ་མཚུངས་པའི་ཕྱིར། དངོས་པོ་ལྷག་མ་རྒྱུ་དང་འབྲས་བུ་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་ལའང་བྱེད་པ་པོ་དང་ལས་འགོག་པའི་རིགས་པ་དག་གིས་རང་བཞིན་མེད་པར་ཤེས་པར་བྱ་སྟེ། ལས་དང་བྱེད་པ་པོ་བསལ་བའི་རིགས་པ་མཚུངས་པའི་ཕྱིར། གཏན་ཚིགས་འདི་ནི་སྔ་ཕྱི་གཉིས་ཀའི་འཐད་པར་སྣང་ངོ་། །དབུ་མ་རྩ་བ་ལས། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།།    །།སྔ་རོལ་ན་གནས་པ་བརྟག་པའི་རབ་དུ་བྱེད་པ་ལ། མདོའི་འབྲེལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། འདུ་བྱེད་བདག་དང་བདག་གིས་སྟོང་སྟེ་ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། སེམས་ཅན་མེད་ན་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་དག་ནི་ལྦུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། རབ་ཏུ་བྱེད་པ་སྔ་མར། ད་བཞིན་ཉེར་ལེན་ཤེས་པར་བྱ། །ཞེས་པ་ལ་བརྟེན་ནས། ཤེས་རབ་སྒྲོན་མེ་ལྟར་ན། གནས་མ་བུའི་སྡེ་པ་དང་། ཚིག་གསལ་ལྟར་ན། མང་པོས་བཀུར་བའི་སྡེ་པ་ཁ་ཅིག ཉེ་བར་ལེན་པ་པོ་ནི་ཡོད་དོ། །ཇི་ལྟར་ན། ལྟ་དང་ཉན་ལ་སོགས་པ་དང་། །དེར་མ་ཟད། ཚོར་སོགས་ལ་དབང་དུ་བྱས་པ་ཅན་གྱི་དབང་བསྒྱུར་བྱ། གང་གི་ཡིན་པ་དེ་དག་གི་སྔ་རོལ་ན། ཉེ་བར་ལེན་པ་པོར་གནས་པ་དེ་ནི་ཡོད་པ་ཡིན་ནོ་ཞེས་སྨྲའོ། །དང་ནི་བསྡུ་བའི་དོན་ཡིན་ལ། ཡང་གི་སྒྲ་ནི། ལེགས་ལྡན་བྱེད་ཀྱིས་ཁས་ལེན་པར་མ་ཟད། ཡིད་ཀྱིས་སེམས་པའི་སྒོ་ནས་ཀྱང་དབང་དུ་བྱས་པ་ཡིན་པར་འཆད། འགྲེལ་པ་གཞན་གཉིས་ལས་ནི་སྨྲ་བ་པོའི་གསལ་ཁ་མི་སྣང་ངོ་། །གལ་ཏེ་བླང་བྱ་ལྟ་སོགས་ཀྱི་སྔ་རོལ་དུ་ཉེ་བར་ལེན་པ་པོ་མེད་ན། ལྟ་བ་ལ་སོགས་པ་ཉེ་བར་བླང་བྱར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྔ་རོལ་དུ་ཉེ་བར་ལེན་པ་པོའི་བདག་གི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། སྔ་རོལ་དུ་མེད་པ་ལ་གནོད་བྱེད་ཡོད་པ་དེའི་ཕྱིར། ལྟ་སོགས་དེ་དག་གི་སྔ་རོལ་ན་ལེན་པ་པོའི་བདག་གི་དངོས་པོ་གནས་པ་དེ་ཡོད་དོ། །རྗེས་སུ་དཔག་པ་ནི། ཤེས་རབ་སྒྲོན་མེ་ལས། ཉེ་བར་ལེན་པ་པོ་ཆོས་ཅན། ལྟ་སོགས་ཀྱི་སྔ་རོལ་ན་ཡོད་དེ། ལྟ་སོགས་ཉེ་བར་ལེན་པ་པོ་ཡིན་པའི་ཕྱིར། རྩི་མཁན་རྩི་རྐྱང་གི་སྔ་རོལ་ན་ཡོད་པ་བཞིན་ཞེས་འགོད་དེ་དོན་གཅིག་པར་སྣང་ངོ་། །གཉིས་པ་གནོད་བྱེད་ཀྱི་རིགས་པ་བཤད་པ་ལ་ལེན་པ་པོའི་བདག་དགག་པ་དང་། ཚུལ་དེས་གཞན་ཡང་ཁེགས་པ་དང་། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་དགག རེ་རེའི་སྔ་རོལ་ན་ཡོད་པ་དགག རྒྱུའི་ལེན་པ་པོར་རྟོག་པ་དགག དང་པོ་ནི། ལྟ་བ་དང་ཉན་པ་ལ་སོགས་པའི་དབང་པོ་དང་། ཚོར་བ་དང་རྣམ་པར་ཤེས་པ་ལ་སོགས་པ་ཉིད་ཀྱི་སྔ་རོལ་ན་གནས་པའི་ལེན་པ་པོའི་དངོས་པོ་གང་ཡིན་པ་དེ་ནི་ཆོས་ཅན། ལེན་པ་པོའི་ཐ་སྙད་དུ་གང་གིས་གདགས་པར་བྱ་སྟེ། གདགས་སུ་མེད་པར་ཐལ། རང་དུས་སུ་ཉེ་བར་བླང་བྱ་མེད་པའི་ཕྱིར། རང་དུས་སུ་མེད་ཀྱང་སྤྱིར་ཡོད་པས་ཉེས་པ་མེད་དོ་ཞེ་ན། འོ་ན་རང་དུས་སུ་ལེན་པ་པོར་མ་གྲུབ་པས་སྔ་རོལ་གྱི་ཉེ་བར་ལེན་པ་པོ་གང་ཞིག་ཡིན། གཞན་ཡང་གལ་ཏེ་ལྟ་བ་ལ་སོགས་པའི་དངོས་པོ་ལ་ལྟོས་པ་མེད་པར་ཡང་། ཉེ་བར་ལེན་པ་པོ་དེ་ནི་ཡན་གར་དུ་གནས་པར་གྱུར་ན། ལེན་པ་པོ་དེ་མེད་པར་ཡང་ལྟ་སོགས་དེ་དག་ཡན་གར་དུ་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དེ། ལྟོས་མེད་དུ་ངོ་བོ་ཉིད་ཀྱིས་སོ་སོར་གནས་པའི་ཕྱིར། ཞེས་སློབ་དཔོན་གཞན་གསུམ་འཆད་དོ། །ཉེ་བར་ལེན་པ་པོ་ཆོས་ཅན། ཉེ་བར་བླང་བྱའི་སྔ་རོལ་དུ་མེད་དེ། ཉེ་བར་བླང་བྱ་ལས་ཐ་སྙད་གདགས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་སྣམ་བུ་རྒྱུ་སྤུན་གྱི་སྔ་རོལ་ན་མེད་པ་བཞིན་ནོ་ཞེས་བཟློག་པ་རང་རྒྱུད་ཀྱང་ལེགས་ལྡན་བྱེད་འཆད་དོ། །ལྷག་མ་སྔར་བཞིན་ནོ། །ཕན་ཚུན་ལྟོས་མེད་དུ་གནས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། ལྟ་སོགས་ཅི་ཡིས་བདག་གང་ཞིག་ལེན་པ་པོའི་ཐ་སྙད་དུ་གསལ་བར་བྱེད། བདག་གང་གིས་ལྟ་སོགས་ཉེ་བར་བླང་བྱའི་ཐ་སྙད་དུ་ཅི་ཞིག་གསལ་བར་བྱེད་དེ། མི་བྱེད་པར་ཐལ་བ་ལས། ཕན་ཚུན་ལྟོས་ནས་ཐ་སྙད་གསལ་བར་བྱེད་དགོས་ཏེ། ལྟ་བ་ལ་སོགས་པ་ཅི་ཞིག་ལ་ལྟོས་པ་མེད་ན་ལེན་པ་པོ་གང་ཞིག་ག་ལ་ཡོད་དེ་མེད་པའི་ཕྱིར། ལེན་པ་པོ་གང་ཞིག་མེད་ན་ཡང་ལྟ་སོགས་ཅི་ཞིག་ག་ལ་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། གནས་མ་བུའི་སྡེ་པ་དག བདག་གང་ཞིག་ལྟ་བ་ལ་སོགས་པ་རེ་རེ་ཁོ་ནའི་སྔ་རོལ་ན་ཡོད་ཀྱི། ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མིན་ནོ། །རེ་རེའི་སྔ་རོལ་ན་ཡོད་པའི་ཚུལ་ནི། ལྟ་བ་དང་ཉན་པ་ལ་སོགས་པ་གཞན་ཞིག་གིས། གཟུགས་ལ་ལྟ་བ་དང་། སྒྲ་ཉན་པ་ལ་སོགས་པའི་དུས་གཞན་གྱི་ཚེ་ན་བལྟ་བ་པོ་དང་། ཉན་པ་པོ་ལ་སོགས་པའི་བདག་ཏུ་གསལ་བར་བྱེད་དོ་ཞེ་ན། གལ་ཏེ་བལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་ཡོད་པ་མིན་ན། བདག་དེ་ནི་ཆོས་ཅན། བལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཇི་ལྟར་ཡོད་དེ་མེད་པར་ཐལ། བལྟ་སོགས་ཐམས་ཅད་ཀྱི་སྔ་རོལ་ན་མེད་པའི་ཕྱིར། ཤིང་ཐམས་ཅད་ཀྱི་སྔོན་དུ་ནགས་ཚལ་མེད་ན། ཤིང་རེ་རེའི་སྔོན་དུའང་མེད་པ་བཞིན་ནོ། །ཞེས་འགྲེལ་པ་གསུམ་གྱིས་འཆད་དོ། །ཤེས་རབ་སྒྲོན་མེ་ལས་ནི། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན། བླང་བྱ་ལ་མ་ལྟོས་པའི་ལེན་པ་པོ་དེ་ནི་ཇི་ལྟར་ཡོད་དེ་མེད་པར་ཐལ། ཞེས་འཆད་དེ་ལེགས་པར་སྣང་ངོ་། །ཕྱི་མ་རྣམས་ཀྱི་འཆད་ཚུལ་ཡང་ཤེས་རབ་སྒྲོན་མེ་ལས། རེ་རེའི་སྔ་རོལ་ན་ཡོད་པ་ལ་གནོད་བྱེད་གཞན་ཡང་སྟོན་པ་ནི། རེ་རེའི་སྔ་རོལ་དུ་ཡོད་པར་སྨྲ་ན། བལྟ་བའི་ལེན་པ་པོ་དེ་ཉིད་ཉན་པ་སོགས་ཀྱི་ལེན་པ་པོ་ཡིན་ནམ་གཞན་ཡིན་པར་འགྱུར་གྲང་། གལ་ཏེ་རེ་རེའི་སྔ་རོལ་དུ་ཡོད་པར་འགྱུར་ན་ལེན་པ་པོ་གཅིག་ཁོ་ནར་གནས་པ་དེས། བལྟ་བ་དང་ཉན་པ་ལ་སོགས་པ་ཐམས་ཅད་བྱེད་དོ་ཞེ་ན། འོ་ན་བལྟ་བ་པོའི་བདག་དེ་ཉིད་ཉན་པ་པོའི་བདག་དང་། དེ་ཉིད་ཚོར་བ་པོའི་བདག་དེ་ཉིད་དུའང་འགྱུར་བ་ལས། ལེན་པ་པོའི་བདག་དེ་ནི་གཅིག་དེ་ལྟར་དུ་མི་རིགས་སོ། །གཞན་ཡང་སྔ་རོལ་གྱི་བདག་གཅིག་ཁོ་ནར་གནས་པ་དེ། རྫས་སུ་མེད་ན་ལེན་པ་པོར་མི་རིགས་ལ། རྫས་སུ་ཡོད་ན་སྐད་ཅིག་གཅིག་ལས་ལྷག་པར་མི་གནས་པའི་ཕྱིར། བལྟ་བ་པོའི་བདག་ཉན་པ་པོའི་དུས་སུ་ཞིག་ནས་མེད་པའི་ཕྱིར། བལྟ་བ་པོའི་འོག་རོལ་དུ་ཉན་པ་ལ་སོགས་པའི་བདག་མེད་པ་ཉིད་དུ་ཐལ་བར་འགྱུར་བས། བདག་གཅིག་པུ་བ་རེ་རེའི་སྔོན་རོལ་དུ་ཡོད་པར་ག་ལ་རིགས། བརྟག་པ་གཉིས་པ་ལྟར་ན། གལ་ཏེ་ལྟ་བ་པོ་ཡང་གཞན་ཉིད་ཡིན་ལ། ཉན་པ་པོ་ཡང་གཞན། ཚོར་བ་པོ་ཡང་གཞན་ཡིན་ན། བལྟ་བ་པོའི་བདག་གི་ཚེ་ན་ཉན་པ་པོའི་བདག་ཀྱང་ཡོད་པར་ཐལ་བར་འགྱུར་ཏེ། ལེན་པ་པོ་གསུམ་པོ་རྫས་གཞན་ཡིན་པའི་ཕྱིར། འདོད་ན། རྒྱུད་གཅིག་ལ་བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་ལེགས་ལྡན་བྱེད་ཀྱིས་གསུང་ངོ་། །འགྲེལ་པ་གཞན་གསུམ་ལས་ནི། གལ་ཏེ་ལྟ་སོགས་རེ་རེའི་སྔ་རོལ་ན་རེ་རེ་སྟེ་གང་རུང་གཅིག་གི་སྔ་རོལ་དུ་བདག་གཅིག་ཏུ་གནས་པ་ཞིག་ཡོད་པར་འགྱུར་ན། ལྟ་ཉན་ཚོར་གསུམ་གྱི་བདག་ཁས་ལེན་དགོས་ལ། བདག་གཅིག་ལས་མེད་པས་ལྟ་བ་པོའི་བདག་དེ་ཉིད་ཉན་པ་པོའི་བདག་དེ་ཉིད་དུ་འགྱུར་བ་དང་། དེ་ཉིད་ཚོར་བ་པོའི་བདག་དུའང་ཐལ་བར་འགྱུར་བ་ལས། གསུམ་པོའི་བདག་དེ་ནི་གཅིག་དེ་ལྟར་དུ་འགྱུར་བ་མི་རིགས་སོ། །གཅིག་ཏུ་འདོད་པ་ལ་ཉེས་པ་མཐོང་ནས། གསུམ་པོའི་བདག་སོ་སོའོ་ཞེ་ན། འོ་ན་ལྟ་བ་པོའི་བདག་གི་ཚེ་ན། ཉན་པ་པོའི་བདག་དང་། སྣོམ་པ་པོའི་བདག་ལ་སོགས་པ་གཞན་ཡང་ཡོད་པར་འགྱུར་ཏེ། ལྟ་བ་པོའི་བདག་ཀྱང་གཞན་ཉིད་ཡིན་ལ། ཉན་པ་པོའི་བདག་ཀྱང་གཞན་ཚོར་བ་པོའི་བདག་ཀྱང་གཞན་ཡིན་པའི་ཕྱིར། འདོད་ན་རྒྱུད་གཅིག་ལ་བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་རོ། །གསུམ་པ་རྒྱུའི་ལེན་པོར་རྟོག་པ་དགག་པ་ལ། གལ་ཏེ་ལྟ་སོགས་ཀྱི་སྔ་རོལ་ན་མིག་སོགས་སྐྱེ་མཆེད་དྲུག་དང་། ཚོར་བ་ལ་སོགས་པ་རིམ་གྱིས་འབྱུང་བར་འགྱུར་བའི་རྒྱུ་འབྱུང་བ་ཡོད་པ་ལས། ལེན་པ་པོར་འཇོག་པའི་ཕྱིར་ན། གང་གིས་གདགས་པར་བྱ་ཞེས་པའི་ཉེས་པ་མེད་དོ་ཞེ་ན། ལྟ་བ་མིག་གི་དབང་པོ་དང་། ཉན་པ་རྣ་བའི་དབང་པོ་ལ་སོགས་པ་དང་། ཚོར་བ་ལ་སོགས་པ་དག་ལ་ཡང་གང་ལས་འབྱུང་བར་འགྱུར་བའི་རྒྱུ་འབྱུང་བ་དེ་ལའང་སྔ་རོལ་ན་ལེན་པ་པོའི་བདག་དེ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན། སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ཞེས་པ་ནས། ཅི་ཡིས་གང་ཞིག་གསལ་བར་བྱེད། །ཅེས་པའི་བར་གྱི་ཐལ་བ་རྣམས་བརྗོད་དོ་ཞེས་འགྲེལ་པ་གསུམ་ལས་སོ། །ཤེས་རབ་སྒྲོན་མེ་ལས་ནི། བལྟ་བ་དང་ཉན་པ་ལ་སོགས་པ་དང་། ཚོར་བ་ལ་སོགས་པ་དག་ལ་ཡང་གང་ལས་རིམ་གྱིས་འབྱུང་བར་འགྱུར་བའི་རྒྱུ་འབྱུང་བ་དེ་ལའང་། ངོ་བོ་ཉིད་ཀྱིས་གྲུབ་པའི་ལེན་པ་པོ་དེ་ནི་ཡོད་པ་མ་ཡིན་ཏེ། བླང་བྱ་གཟུགས་ལ་སོགས་པ་ལ་བརྟེན་ནས་ལེན་པ་པོ་ཞེས་གདགས་པ་ཙམ་དུ་ཟད་པའི་ཕྱིར། གཞན་ཡང་འབྱུང་བའི་ལེན་པ་པོར་འཇོག་པའི་དུས་སུ་ལྟ་སོགས་མེད་པས་དེའི་ལེན་པ་པོར་མི་འགྱུར་ལ། བལྟ་སོགས་ཀྱི་ལེན་པ་པོར་གྲུབ་པའི་དུས་སུ་རྒྱུ་འབྱུང་བ་ཞིག་པས་དེའི་ལེན་པ་པོར་མི་འཐད་པའི་ཕྱིར། ཕྱོགས་གང་རུང་ཞིག་མེད་པར་འགྱུར་རོ་ཞེས་འཆད། གཉིས་པ་ཚུལ་དེས་གཞན་ཡང་ཁེགས་པ་ནི། གལ་ཏེ་ཇི་སྐད་བཤད་པའི་རིགས་པས། བལྟ་བ་དང་ཉན་པ་ལ་སོགས་པ་དང་། ཚོར་བ་ལ་སོགས་པ་དག་ལ་ཡང་། གང་གི་ཡིན་པའི་ལེན་པ་པོ་མེད་དོ་ཞེ་ན། འོ་ན་ལྟ་བ་ལ་སོགས་པ་དེ་དག་ཀྱང་ནི་ཡོད་པ་མ་ཡིན་པར་ཐལ། རྟེན་མེད་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས་ནི། བལྟ་བ་ལ་སོགས་པ་དག་ཉེ་བར་བླང་བྱ་ཡིན་པ་དེའི་ཚེ་ཡང་། བལྟ་བ་ལ་སོགས་པ་དག་འདུས་པ་ཙམ་དུ་ཟད་པའི་ཕྱིར། རྫས་སུ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་བཞིན་ཡིན་ནོ་ཞེ་ན། དེའི་ཕྱིར། གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ཞེས་སོ། །གསུམ་པ། བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ལེན་པ་པོ་དེ་ལ་རིགས་པས་དཔྱད་ན་མེད་པར་རྟོགས་པའི་ཚེ། ཡོད་དམ་མེད་དོ་ཞེས་རྟོག་པ་དག་ནི་ལྡོག་པར་འགྱུར་ཏེ། ལེན་པ་པོ་གང་ཞིག་ལྟ་བ་ལ་སོགས་པའི་སྔ་རོལ་དང་། ད་ལྟ་དང་། ཕྱི་ནའང་མེད་པའི་ཕྱིར། དབུ་མ་རྩ་བ་ལས། སྔ་རོལ་ན་གནས་པ་བརྟག་པའམ། ཉེ་བར་བླང་བྱ་དང་། ཉེ་བར་ལེན་པ་པོ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དགུ་པའི་རྣམ་པར་བཤད་པའོ།།    །།མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་ཚིག་མིན་ལྟར། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པ། །དེ་ནི་ནམ་ཡང་མེ་ཡིས་ཡོང་མི་ཚིག །ཞེས་གསུངས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ཉེ་བར་ལེན་པ་པོ་དང་། ཉེ་བར་བླང་བྱ་དགག་པ་མ་བཟོད་ནས། གཉིས་པོ་ཡོད་པ་ཡིན་ཏེ། ཕན་ཚུན་ལྟོས་པའི་ཕྱིར་མེ་དང་བུད་ཤིང་བཞིན་ནོ། །ཞེའོ། །གཞུང་གི་ཚིག་དོན་ལ་གསུམ་སྟེ། མེ་དང་བུད་ཤིང་དགག་པ། རིགས་པ་གཞན་ལ་སྦྱར་བ། མི་མཐུན་ཕྱོགས་ལ་ལྟ་བ་སྨད་པའོ། །དང་པོ་ལ་ཕྱོགས་ལྔར་བརྟགས་ཏེ་དགག་པ། ལྟོས་ནས་གྲུབ་པ་དགག་པ། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། གཅིག་དང་ཐ་དད་དུ་བཀག་པ་ལ། མེ་དང་བུད་ཤིང་རང་བཞིན་གྱིས་གྲུབ་པར་འདོད་ན། མེ་དང་བུད་ཤིང་གཅིག་ཉིད་དུ་འགྱུར་བའམ། གཞན་ཉིད་དུ་འགྱུར་གྲང་། གལ་ཏེ་བུད་ཤིང་གང་ཡིན་པ་དེ་ཉིད་མེ་ཡིན་པར་འདོད་པ་ཡིན་ན། བྱེད་པ་པོ་དང་ལས་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། བསྲེག་བྱའི་ཤིང་དེ་ཉིད་སྲེག་བྱེད་ཀྱི་མེ་ཡིན་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། ལས་དང་བྱེད་པ་པོ་དག་ཆོས་ཅན། གཅིག་མིན་ཏེ། བྱེད་པོ་དང་ལས་ཡིན་པའི་ཕྱིར། གཅོད་པ་པོ་དང་གཅད་བྱ་བཞིན་ནོ། །ཞེས་བཟློག་པ་རང་རྒྱུད་ཀྱང་གསུངས་སོ། །གཉིས་པ་གཞན་དུ་གྲུབ་པ་དགག་པ་ནི། ཧ་ཅང་ཐལ་བས་དགག་པ་དང་། ཉེས་སྤོང་གི་ལན་དགག གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པའོ། །དང་པོ་ནི། གལ་ཏེ་མེ་བུད་ཤིང་ལས་ངོ་བོ་ཉིད་ཀྱི་གཞན་ཡིན་ནོ་ཞེ་ན། བུད་ཤིང་ལ་ལྟོས་པ་མེད་པར་ཡང་འབྱུང་བར་འགྱུར་ཏེ། དེ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར། ངོ་བོ་ཉིད་ཀྱིས་གྲུབ་པ་ནི། གཞན་ལ་མི་ལྟོས་པར་འོག་ཏུ་འཆད་དོ། །ཤེས་རབ་སྒྲོན་མེ་ལས། མེ་ནི་དོན་དམ་པར་བུད་ཤིང་ལས་གཞན་མ་ཡིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར། བུད་ཤིང་བཞིན། ཞེས་བཟློག་པ་རང་རྒྱུད་ཀྱང་བྱས་སོ། །འདོད་ན། རྟག་ཏུ་འབར་བ་ཉིད་དུ་འགྱུར་བ་དང་། འབར་བར་བྱེད་པའི་རྒྱུ་བུད་ཤིང་ལས་མི་འབྱུང་བར་ཐལ་བར་འགྱུར་ཞིང་། བུད་ཤིང་བསྒུལ་བ་ལ་སོགས་པའི་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཐལ་བ་གསུམ་པོ་ལ་འདོད་པ་དེ་ལྟ་ཡིན་ན། བསྲེག་བྱའི་ལས་བུད་ཤིང་འདི་ལྟ་བུ་བསྲེག་གོ་ཞེས་བསྟན་དུ་མེད་པའམ། བསྲེག་བྱའི་ལས་མེད་པའི་སྲེག་བྱེད་དག་ཏུ་ཐལ་བར་འགྱུར་རོ་ཞེས་སངས་རྒྱས་བསྐྱངས་སོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། བུད་ཤིང་བསྲེག་པའི་ལས་ཀྱང་མེད་པ་ཉིད་དུ་འགྱུར། ཞེས་གསུང་ངོ་། །ཟླ་བས། ལས་ཀྱང་མེད་པ་ཉིད་དུ་འགྱུར། ཞེས་པ་ཙམ་ལས་མི་སྣང་། གལ་ཏེ་འབར་བྱེད་ཀྱི་རྒྱུ་ལས་མི་འབྱུང་བ་ལ་ཉེས་པ་ཅི་ཡོད་ཅེ་ན། རྒྱུ་གཞན་བུད་ཤིང་ལ་ལྟོས་པ་མེད་པར་འགྱུར་ཏེ། བུད་ཤིང་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར། འདོད་ན། འདོད་པ་དེའི་ཕྱིར། འབར་བར་བྱེད་པའི་རྒྱུ་བུད་ཤིང་ལས་མི་འབྱུང་བར་ཐལ། འདོད་ན་རྟག་ཏུ་འབར་བར་ཉིད་དུ་ཐལ། རྟག་ཏུ་འབར་བ་ཉིད་ཡིན་ན། རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །གཉིས་པ་ཉེས་སྤོང་གི་ལན་དགག་པ་ནི། ཐལ་བ་དགོད་པ་དེ་ལ་གལ་ཏེ་འདི་སྙམ་དུ་སྲེག་བཞིན་པ་ཉིད་བུད་ཤིང་ཡིན་པས། མེ་བུད་ཤིང་ལ་ལྟོས་དགོས་པའི་ཕྱིར། ཤིང་མེད་པར་ཡང་འབྱུང་བར་ཐལ་བའི་ཉེས་པ་མེད་པར་སེམས་ན། གང་གི་ཚེ་མེས་སྲེག་བཞིན་པ་དེ་ཙམ་དེ་བུད་ཤིང་ཡིན་ན། བུད་ཤིང་དེ་མེ་དོན་གཞན་གང་གིས་སྲེག་པར་བྱེད་དེ་བྱེད་པར་མི་འགྱུར་རོ། །གསུམ་པ་གནོད་བྱེད་ཀྱི་རིགས་པ་གཞན་བསྟན་པ་ལ། དགག་པ་དངོས་དང་། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། མེ་དང་བུད་ཤིང་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། མེ་ཆོས་ཅན། བུད་ཤིང་སྲེག་བྱེད་དུ་མི་འཐད་པར་ཐལ། བུད་ཤིང་དང་གཞན་ཡིན་པའི་ཕྱིར། ཞེས་ལེགས་ལྡན་བྱེད་དོ། །ག་ལས་འཇིགས་མེད་ལས། བུད་ཤིང་ལ་མི་ལྟོས་པར་གྲུབ་པའི་ཕྱིར། ཞེས་པ་དང་། ཚིག་གསལ་ལས། གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །ཞེས་འབྱུང་ངོ་། །མི་ཕྲད་པར་ཐལ། ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར། ཕྲད་པ་མེད་ན་བུད་ཤིང་བསྲེག་པར་མི་འགྱུར་བར་ཐལ། མི་བསྲེག་ན། བུད་ཤིང་ཟད་སྟོབས་ཀྱིས་འཆི་བར་མི་འགྱུར་བར་ཐལ། མི་འཆི་ན། རང་གི་རྟགས་རྟག་ཏུ་འབར་བ་དང་ལྡན་པར་ཐེར་ཟུག་ཏུ་གནས་པར་འགྱུར་རོ་ཞེས་སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་དོ། །ཡང་གི་སྒྲ་ནི། སངས་རྒྱས་བསྐྱངས་ཀྱིས། བུད་ཤིང་ལས་གཞན་ཡང་མིན་པར་འགྱུར། ཞེས་གསུངས། ཟླ་བ་ཡང་དེ་དང་མཐུན་ནོ། །གཞན་གཉིས་ལས་ནི། རང་གི་རྟགས་དང་ལྡན་པར་གནས། །ཞེས་གསུངས་ཏེ། ཡང་གི་སྒྲ་མེད་དོ། །གཉིས་པ་ནི། གལ་ཏེ་ཤིང་ལས་མེ་གཞན་ཡིན་ན་ཡང་། ཤིང་དང་ཕྲད་དུ་རུང་བར་འགྱུར་ཏེ། ཇི་ལྟར་ན་བུད་མེད་སྐྱེས་པ་དང་གཞན་ཡིན་ཡང་སྐྱེས་པ་དང་བུད་མེད་ཕྲད་པ་གྲུབ་པ་བཞིན་ནོ་ཞེ་ན། ལེགས་ལྡན་བྱེད་ཀྱིས་དཔེ་དོན་གོང་འོག་བསྣོར་ནས་འཆད། གལ་ཏེ་མེ་དང་ཤིང་དག་ཕན་ཚུན་གཅིག་གིས་གཅིག་བསལ་བར་གྱུར་ན་བྱེད་པ་པོ་དང་ལས་སུ་འབྲེལ་བའི་མཚན་ཉིད་མེད་པ་འགྱུར་ལ། ཕན་ཚུན་མ་བསལ་ན་ཤིང་ལས་མེ་གཞན་ཉིད་ཡིན་ཡང་། ཤིང་དང་ཕྲད་པར་འདོད་ལ་རག་པ་ལས། མེ་དང་བུད་ཤིང་ཕྲད་དུ་མི་རུང་བར་ཐལ། ཕན་ཚུན་ལྟོས་མེད་དུ་སོ་སོར་གྲུབ་པ་ཡིན་པའི་ཕྱིར། གཅིག་གིས་གཅིག་བསལ་བའི་དོན་ཡུལ་དུས་སོ་སོར་གྲུབ་པ་ལ་ལེགས་ལྡན་བྱེད་འཆད་དོ། །གཞན་གསུམ་གྱིས་ནི། གལ་ཏེ་མེ་དང་བུད་ཤིང་དག་ནི། གཅིག་གིས་གཅིག་བསལ་བ་སྟེ། ཕན་ཚུན་མ་ལྟོས་པར་སོ་སོར་གྲུབ་པར་གྱུར་ན། ཤིང་ལས་མེ་དོན་གཞན་ཉིད་ཡིན་ཡང་། སྐྱེས་པ་དང་། བུད་མེད་བཞིན་དུ་ཤིང་དང་ཕྲད་པར་འདོད་ལ་རག་པ་ལས། དགག་པ་བཟློག་པའི་སྒོ་ནས་བསྟན་ནོ། །གལ་ཏེ་གཅིག་དང་ཐ་དད་དུ་བརྟགས་པས་ཅི་ཞིག་བྱ། མེ་དང་བུད་ཤིང་རང་བཞིན་གྱིས་གྲུབ་བོ་ཞེ་ན། སངས་རྒྱས་བསྐྱངས་ཀྱིས། གང་དག་དངོས་པོ་གཅིག་པ་དང་། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །ཅེས་སོགས་ཀྱིས་བཀག་ཟིན་ཏོ། །ཞེས་བཤད། གཉིས་པ་ལྟོས་ནས་གྲུབ་པ་དགག་པ་ལ། ལྟོས་ནས་གྲུབ་པ་དགག་པ་དངོས་དང་། ཞར་ལ་རིགས་པ་གཞན་བཤད་པའོ། །དང་པོ་ནི། སྔ་ཕྱི་ལྟོས་པ་དགག གྲུབ་མ་གྲུབ་ལྟོས་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་ཤིང་ལ་ལྟོས་ནས་མེ་གྲུབ་པ་ཡིན་ལ། གལ་ཏེ་མེ་ལ་ལྟོས་ནས་ཀྱང་བུད་ཤིང་གྲུབ་པས་ལྟོས་ནས་རང་བཞིན་གྱིས་གྲུབ་པ་ཡིན་ནོ་ཞེ་ན། ལྟོས་ས་བུད་ཤིང་གང་ལ་ལྟོས་པའི་ལྟོས་ཆོས་མེ་དང་། ལྟོས་ས་མེ་གང་ལ་ལྟོས་པའི་ལྟོས་ཆོས་བུད་ཤིང་དུ་འགྱུར་བ་གཉིས་ལས། དང་པོར་བུད་ཤིང་གྲུབ་པའམ་མེ་གྲུབ་པ་གང་ཞིག་ཡིན། གལ་ཏེ་ཤིང་དང་པོར་གྲུབ་པ་ལ་ལྟོས་ནས་མེ་འབྱུང་བ་ཡིན་ནོ་ཞེ་ན། མ་གྲུབ་པ་ཞིག་ལྟོས་པར་མི་རིགས་པ་གྲུབ་པ་ཞིག་ལྟོས་གྲང་ན། དེའི་ཚེ་མེ་གྲུབ་ཟིན་པ་ལ་སླར་བསྒྲུབ་པར་འགྱུར་རོ། །གཞན་ཡང་། བུད་པར་བྱ་བའི་ཤིང་ལ་ཡང་ལྟོས་པ་མེ་མེད་པར་ཡང་འབྱུང་བར་འགྱུར་བ་ཡིན་པར་ཐལ། མེ་མ་སྐྱེས་པའི་དང་པོར་གྲུབ་ཟིན་པའི་ཕྱིར། འདོད་ན་ཕན་ཚུན་ལྟོས་ནས་གྲུབ་པ་ཉིད་ཀྱི་ཕྱོགས་བཏང་བར་འགྱུར་རོ། །གལ་ཏེ་མེ་སྔར་གྲུབ་པ་ལ་ལྟོས་ནས་བུད་ཤིང་གྲུབ་པར་འདོད་ན། མེ་རྒྱུ་མེད་དུ་ཐལ་བ་དང་། མེ་བུད་ཤིང་ལ་མི་ལྟོས་པར་གྲུབ་པར་ཐལ་བས་ཕན་ཚུན་ལྟོས་གྲུབ་ཏུ་སྨྲ་བ་ཉམས་སོ། །གཉིས་པ་གྲུབ་མ་གྲུབ་ལྟོས་པ་དགག་པ་ནི། དུས་མཉམ་དུ་ལྟོས་གྲུབ་ཏུ་ཁས་ལེན་ནོ་ཞེ་ན། ཤེས་རབ་སྒྲོན་མེ་ལས། གལ་ཏེ་དུས་མཉམ་པའི་དངོས་པོ་མེ་དང་བུད་ཤིང་གཉིས་ལས། བུད་ཤིང་གང་ལ་ལྟོས་ནས་འགྲུབ་པར་བཞག་པའི་མེ་དེ་ཉིད་ལ་ཡང་ལྟོས་ནས་ལྟོས་བྱ་བུད་ཤིང་གང་ཡིན་པ་དེ་འགྲུབ་ན། དང་པོར་བུད་ཤིང་གང་ལ་ལྟོས་ནས་མེ་གང་ཞིག་འགྲུབ་བམ། མེ་གང་ལ་ལྟོས་ནས་བུད་ཤིང་གང་ཞིག་འགྲུབ་པ་སྨྲོས་ཤིག ཅེས་གསུངས་ལ། ཟླ་བས་ཀྱང་བཤད། གཞན་གཉིས་ཀྱང་དོན་མཐུན་ནོ། །གལ་ཏེ་དང་པོར་ཤིང་གྲུབ་པ་ལ་ལྟོས་ནས་མེ་གྲུབ་པར་འདོད་ན་ཡང་། གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་བསྒྲུབ་པར་འགྱུར། །ཞེས་བརྗོད་ཟིན་ནོ། །དང་པོར་མེ་གྲུབ་པ་ལ་ལྟོས་ན་ཡང་། རྒྱུ་མེད་དུ་ཐལ་བའི་ཉེས་པ་སོགས་བརྗོད་ཟིན་ལ། ལྟོས་ས་ལྟོས་ཆོས་ཕན་ཚུན་འཆོལ་བས་ངོས་མི་ཟིན་པའི་ཉེས་པ་ཡང་ཡོད་དོ། །གཞན་ཡང་ལྟོས་ནས་གྲུབ་ཏུ་ཆུག་མོད་ཀྱི། མེའི་དངོས་པོ་བུད་ཤིང་ལ་ལྟོས་སམ། བུད་ཤིང་གི་དངོས་པོ་མེ་ལ་ལྟོས་ནས་འགྲུབ་པར་འདོད་པ་གང་ཡིན་པ་ལ། གྲུབ་པ་ཞིག་ལྟོས་སམ། མ་གྲུབ་པ་ཞིག་ལྟོས། མ་གྲུབ་པ་དེ་ཇི་ལྟར་ལྟོས་ཏེ་མི་ལྟོས་པར་ཐལ། ལྟོས་པ་པོ་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་པ་ཞིག་ལྟོས་ཤེ་ན། གྲུབ་ཟིན་པ་དེ་ནི་ཆོས་ཅན། ལྟོས་པར་མི་རིགས་པར་ཐལ། གྲུབ་ཟིན་པའི་ཕྱིར། གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ཤིང་ལ་ལྟོས་པའི་མེ་མེད་དེ། མེ་གྲུབ་པ་དང་མ་གྲུབ་པ་ལྟོས་པ་མི་འཐད་པའི་ཕྱིར། ཤིང་ལ་མ་ལྟོས་པའི་མེ་ཡང་མེད་དེ། གཞན་ལ་ལྟོས་པ་མེད་པར་ཐལ་བ་དང་། འབར་བྱེད་ཀྱི་རྒྱུ་ལ་མི་ལྟོས་པ་དང་། རྟག་ཏུ་འབར་བར་ཐལ་བའི་ཕྱིར། ཞེས་སངས་རྒྱས་བསྐྱངས་དང་། ག་ལས་འཇིགས་མེད་དོ། །ལེགས་ལྡན་བྱེད་དང་། ཟླ་བས་ནི། ཤིང་ལ་ལྟོས་པའི་མེ་མེད་དེ། ལྟོས་པ་བཀག་ཟིན་པའི་ཕྱིར། ཤིང་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་ལོགས་སུ་གྲུབ་པའི་མེ་ཡང་མེད་དེ། གཞན་ཉིད་བཀག་ཟིན་པའི་ཕྱིར། མེ་ལ་ལྟོས་པའི་ཤིང་ཡང་མེད་དེ། ལྟོས་པ་བཀག་ཟིན་པའི་ཕྱིར། མེ་ལ་མ་ལྟོས་པའི་ཤིང་ཡང་མེད་དེ། གཞན་ཉིད་བཀག་ཟིན་པའི་ཕྱིར། གཉིས་པ་ཞར་ལ་རིགས་པ་གཞན་བཤད་པ་ལ། རྣམ་པར་བརྟགས་ཏེ་དགག་པ་དང་། སྔར་གྱི་རིགས་པ་སྦྱར་ཚུལ་ལོ་དང་པོ་ནི། གལ་ཏེ་མེ་བུད་ཤིང་ལ་གཞན་ནས་འོང་ངམ། མི་འོང་བར་དང་པོ་ནས་ཡོད་གྲང་། དང་པོ་ལྟར་ན། བུད་ཤིང་དང་བཅས་པའམ། བུས་ཤིང་མེད་པར་འོང་བ་ཙམ་ཡང་མི་འཐད་དེ། གཞན་ཉིད་བཀག་པའི་ཕྱིར་དང་། འགྲོ་བ་བཀག་པའི་ཕྱིར་དང་། རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ། །བུད་ཤིང་དང་བཅས་པར་འོང་བ་ཡང་མ་ཡིན་ཏེ། བུད་ཤིང་ལ་ལྟོས་པ་དང་བཅས་པར་མ་གྲུབ་པའི་ཕྱིར། བུད་ཤིང་མེད་པར་འོང་བ་ཡང་མ་ཡིན་ཏེ། བུད་ཤིང་མེད་ན་གཞི་མེད་པའི་ཕྱིར། དང་པོ་ནས་ཡོད་དོ་ཞེ་ན། ཤིང་ལའང་མེ་ནི་དང་པོ་ནས་ཡོད་པ་མ་ཡིན་པར་ཐལ། གསར་དུ་སྐྱེ་བ་ཅན་ཡིན་པའི་ཕྱིར་རྣམ་པར་ཤེས་པ་བཞིན། ཤེས་རབ་སྒྲོན་མེའོ། །ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས། བརྟག་པ་སྔ་མ་བཞིན་མཛད་ནས། མེ་ནི་གཞི་གཞན་ལས་བུད་ཤིང་ལ་མི་འོང་སྟེ། བུད་ཤིང་དང་བཅས་པར་འོང་བ་ཡང་མ་ཡིན། བུད་ཤིང་མེད་པར་འོང་བ་ཡང་མ་ཡིན་པའི་ཕྱིར། གལ་ཏེ་དང་པོར་བུད་ཤིང་དང་བཅས་ན་བུད་ཤིང་ལ་འོང་བ་དོན་མེད་ལ། བུད་ཤིང་མེད་ན་རྒྱུ་མེད་པར་འགྱུར་རོ། །དང་པོ་ནས་བུད་ཤིང་ལ་ཡོད་དོ་སྙམ་ན། མེ་ནི་ཆོས་ཅན། དང་པོ་ནས་བུད་ཤིང་ལ་ཡོད་པའང་མ་ཡིན་ཏེ། མ་དམིགས་པའི་ཕྱིར། རྩོམ་པ་དོན་མེད་པའི་ཕྱིར་རོ། །ཞེས་གསུང་ངོ་། །ཟླ་བས་ཐམས་ཅད་འདྲེས་པར་བཤད་དོ། །གཉིས་པ་སྔར་གྱི་རིགས་པ་སྦྱར་ཚུལ་ནི། སོང་དང་མ་སོང་བགོམ་པའི་རིགས་པས་འགྲོ་འོང་དགག་པ་དེ་བཞིན་དུ། བུད་ཤིང་འགོག་བྱེད་ཀྱི་རིགས་པའི་ལྷག་མ་དག་སྔར་གྱི་རིགས་པས་བསྟན་ནོ། །ཇི་ལྟར་ཞེ་ན། རེ་ཤིག་བསྲེགས་པ་མི་བསྲེག་སྟེ། །མ་བསྲེགས་པ་ཡང་བསྲེག་མི་བྱེད། །བསྲེགས་དང་མ་བསྲེགས་མ་གཏོགས་པར། །སྲེག་བཞིན་ཤེས་པར་མི་འགྱུར་རོ། །ཞེས་པའི་ཚུལ་གྱིས་སྦྱར་རོ། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ཤིང་ཉིད་མེ་ནི་མ་ཡིན་ཏེ། །བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པའོ། །ཤིང་ལས་གཞན་ན་མེ་ཡང་མེད་དེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཅེས་པའོ། །མེ་ནི་ཤིང་དང་ལྡན་པ་མ་ཡིན་ཏེ། ལྡན་པ་ལ་ཐ་དད་དང་ཐ་མི་དད་ཀྱི་ལྡན་པ་གཉིས་སུ་ངེས་ལ། ཐ་དད་དང་ཐ་མི་དད་གཉིས་ཀ་བཀག་ཟིན་པའི་ཕྱིར། མེ་ལ་ཤིང་བརྟེན་པར་མེད་ལ། ཤིང་དེར་མེ་དེ་བརྟེན་པར་ཡང་མེད་དེ། གཞན་ཉིད་བཀག་ཟིན་པའི་ཕྱིར། གཉིས་པ་ནི། ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས། མེ་དང་བུད་ཤིང་ཕྱོགས་གསུམ་དུ་བརྟག་པའི་རིགས་པ་དག་གིས། བདག་དང་ཉེ་བར་ལེན་པའི་ཕུང་པོ་གཅིག་པ་ཉིད་དང་། གཞན་ཉིད་དང་། ཕན་ཚུན་ལྟོས་པར་མི་འཐད་པའི་རིགས་པའི་རིམ་པ་གསུམ་པོ་ཀུན་རྣམ་པར་བཤད་དོ། །ཇི་ལྟར་བཤད་ཅེ་ན། བུམ་སྣམ་སོགས་དང་ལྷན་ཅིག་ཏུ། རིགས་པའི་རིམ་པ་གསུམ་པོ་མ་ལུས་པར་བཤད་ཅེས་སྦྱར་རོ། །ཤེས་རབ་སྒྲོན་མེ་དང་། ཚིག་གསལ་གྱིས་ནི། རིགས་པའི་རིམ་པ་ཕྱོགས་ལྔར་བརྟག་པ་ལ་འཆད། གསུམ་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི། དངོས་པོར་སྨྲ་བ་གང་དག་བདག་ཉེ་བར་བླང་བྱ་དང་བཅས་པ་དང་། ཡན་ལག་ཅན་གྱི་དངོས་པོ་རྣམས་ཡན་ལག་དང་བཅས་པ་ཉིད་གཅིག་དང་ཐ་དད་པར་སྟོན་པ་དེ་དག་ཆོས་ཅན། སངས་རྒྱས་ཀྱི་བསྟན་པ་ངེས་པའི་དོན་ལ་མཁས་སོ་སྙམ་དུ་མི་སེམས་ཏེ། ཚད་མ་དང་འགག་པའི་དོན་ཁས་ལེན་པའི་ཕྱིར། ཞེས་ལེགས་ལྡན་འཆད་དོ། །གཞན་རྣམས་ཀྱང་དེ་དང་དགོངས་པ་གཅིག་པར་སྣང་ངོ་། །དབུ་རྩ་བ་ལས། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་པའི་རྣམ་པར་བཤད་པའོ།།    །།འཁོར་བ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པ་དང་། གཞུང་གི་ཚིག་དོན་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས། ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། སངས་རྒྱས་བསྐྱངས་དང་ཟླ་བས། བདག་ཡོད་པ་ཡིན་ཏེ། འཁོར་བ་ཡོད་པའི་ཕྱིར། ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས། ཕུང་པོ་སོགས་ཡོད་པ་ཡིན་ཏེ། དེ་ཟད་པར་བྱ་བའི་ཕྱིར། ཆོས་བསྟན་པའི་ཕྱིར་ཏེ་དགེ་སློང་དག་འཁོར་བ་ཟད་པར་བྱ་བའི་ཕྱིར་ནན་ཏན་བྱའོ་ཞེས་བཤད་དོ། །ག་ལས་འཇིགས་མེད་ལས་ནི། ཆོས་དང་གང་ཟག་རང་བཞིན་མེད་ན། བཅོམ་ལྡན་འདས་ཀྱིས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དོ་ཞེས་འཁོར་བ་ཡོད་པར་གསུངས་པ་བཤད་དགོས་སོ་ཞེ་ན། ཞེས་སོ། །གཉིས་པ་གཞུང་གི་ཚིག་དོན་ལ། རྟེན་འཁོར་བ་མ་གྲུབ་པ། བརྟེན་པ་སྐྱེ་འཆིའི་ཆོས་མ་གྲུབ་པ། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ། ག་ལས་འཇིགས་མེད་ལས། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དེ་ཞེས་བྱ་སྟེ། འཐད་པ་ལ་ལུང་ནི། སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས། རིགས་པ་ནི། འཁོར་བ་དེ་ལ་སྔོན་གྱི་མཐའ་གཟུང་དུ་མེད་ཅིང་། ཕྱི་མའི་མཐའ་ཡང་གཟུང་དུ་མེད་པའི་ཕྱིར་རོ། །ཞེས་བྱའོ། །གལ་ཏེ་དབུས་ཡོད་པར་སེམས་ན། འཁོར་བ་གང་ཡིན་པ་དེ་ལ་ཆོས་ཅན། དབུས་ནི་ག་ལ་ཡོད་དེ་མེད་པར་ཐལ། འཁོར་བ་གང་ལ་ཐོག་མ་དང་ཐ་མ་མེད་པར་ལུང་དང་རིགས་པ་གཉིས་ཀྱིས་རྣམ་པར་བཞག་པའི་ཕྱིར། ཞེས་གསུངས་སོ། །བུད་དྷ་པ་ལི་ཏ་ལས། བཅོམ་ལྡན་འདས་ཀྱིས་འཁོར་བ་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་ཏེ། ཐོག་མ་དང་ཐ་མ་མེད་པར་གསུངས་པའི་ཕྱིར་ཏེ། སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས་པས་སོ། །ཕྱི་མའི་མཐའ་མེད་ན་སྟོན་པས། འཁོར་བ་ཟད་པའི་ཕྱིར་དུ་ཆོས་གསུངས་པ་ཇི་ལྟར་ཞེ་ན། གང་ཟག་སོ་སོའི་ཐ་སྙད་པའི་དབང་དུ་བྱས་ཀྱི་དོན་དམ་པར་མ་ཡིན་ཏེ། སྔོན་དང་ཕྱི་མཐའ་གཉིས་ཀ་མེད་པར་གསུངས་པས་སོ། །དབུས་ཡོད་དོ་སྙམ་ན། འཁོར་བ་དེ་ལ་དབུས་ནི་ག་ལ་ཡོད་དེ། མེད་པར་ཐལ། གང་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཟླ་བ་ཡང་གཙོ་བོར་དེ་དང་མཐུན། ཤེས་རབ་སྒྲོན་མེ་ལས་ནི། དོན་དམ་པར་འཁོར་བ་མེད་དེ། དེ་ལ་སྔོན་དང་ཕྱི་མཐའ་མེད་པའི་ཕྱིར་ཏེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར། ཇི་ལྟར་ཤེས་ཤེ་ན། བཅོམ་ལྡན་འདས་ལ་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས་པས་སོ། །ཐ་མ་མེད་པ་ནི། དོན་དམ་པའི་དབང་དུ་བྱས་ལ། ཐོག་མ་ནི་ཐ་སྙད་དུ་ཡང་མ་གྲུབ་སྟེ། རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །འཁོར་བ་སྤྱི་ཉེ་བར་བཟུང་ན་མཐའ་ཡོད་པ་ཡང་མ་ཡིན་ལ། འོ་ན་བཅོམ་ལྡན་འདས་ཀྱིས་འཁོར་བ་ཟད་པར་བྱ་བའི་ཆོས་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། གང་ཟག་སོ་སོ་ལ་ནི་ཐོག་མ་མེད་ཀྱང་མཐའ་ཡོད་པ་ཡིན་ཏེ། དཔེར་ན་ས་བོན་བཞིན་ནོ། །འཕགས་པ་ལྷས། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །མུ་སྟེགས་པ་དག་འཁོར་བ་ལ་ཐོག་མ་ཡོད་དེ། ཐ་མ་ཡོད་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེ་ན། ཡང་དག་པའི་ཡེ་ཤེས་སྐྱེས་པའི་འཁོར་བ་ལ་ཐ་མ་ཡོད་ཀྱང་ཐོག་མ་མེད་པས་མ་ངེས་པ་ཉིད་དོ། །ཐོག་མ་ཡོད་པ་ལ་ནི། རྒྱུ་མེད་དུ་ཐལ་བའི་ཉེས་པ་བརྗོད་ལ། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །ཞེས་འཆད་པར་འགྱུར་རོ་ཞེས་ཀྱང་བཤད་དོ། །ཟླ་བ་ཡང་། སྤྲོས་པ་ལྷག་མ་འདིའི་རྗེས་སུ་འབྲང་ངོ་། །གཉིས་པ་བརྟེན་པ་སྐྱེ་འཆིའི་ཆོས་མ་གྲུབ་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ། གཞན་གསུམ་ལས་ནི། འཁོར་བ་ལ་ཐོག་མཐའ་དབུས་གསུམ་མེད་པ་དེའི་ཕྱིར་ཞེས་གསུངས་ལ། ཤེས་རབ་སྒྲོན་མེ་ལས། རྟེན་གྱི་འཁོར་བ་ངོ་བོ་ཉིད་མེད་པ་དེའི་ཕྱིར་འཁོར་བའི་ཆོས་སྐྱེ་བ་དང་། རྒ་ཤི་དེ་ལ་སྔ་ཕྱིའི་རིམ་པ་མི་འཐད་པ་དང་། ལྷན་ཅིག་གི་རིམ་པ་མི་འཐད་པ་ཉིད་དོ། །འཐད་པ་ལ། སྐྱེ་བ་དང་རྒ་ཤི་ཡང་མི་འཐད་དེ། སྔ་ཕྱིར་གྱུར་པའི་རིམ་པ་དང་། ལྷན་ཅིག་ཏུ་གྱུར་པའི་རིམ་པ་ཡང་མི་འཐད་པའི་ཕྱིར། ཞེས་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། གལ་ཏེ་སྐྱེ་བ་ནི་སྔ་བར་གྱུར་ལ། རྒ་ཤི་ཕྱི་བ་ཡིན་ན་ནི། སྐྱེ་བ་ལ་རྒ་ཤི་མེད་པ་དང་། ཚེ་སྔ་མ་མ་ཤི་བར་ཡང་ཚེ་འདིར་དང་པོར་སྐྱེ་བར་ཐལ་བར་འགྱུར་རོ། །གལ་ཏེ་སྐྱེ་བ་ནི་ཕྱི་བར་འགྱུར་ལ། རྒ་ཤི་ནི་སྔ་བ་ཡིན་ན་ནི། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ་ཞེས་ཁྱོད་འདོད་པས་ན་སྐྱེ་བའི་རྐྱེན་མེད་པའི་རྒ་ཤི་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྐྱེ་བའི་རྒྱུ་མེད་པའི་ཕྱིར། རྒྱུ་མེད་པས་མ་སྐྱེས་སོ་སྙམ་དུ་དགོངས་སོ་ཞེས་ལེགས་ལྡན་བྱེད་དོ། །གལ་ཏེ་སྐྱེ་བ་དང་རྒ་ཤི་ལྷན་ཅིག་པར་འདོད་དོ་ཞེ་ན། སྐྱེ་བ་དང་ནི་རྒ་ཤི་དག་ལྷན་ཅིག་རུང་བ་མ་ཡིན་ནོ། །ཞེས་གསུངས་ཏེ། འཐད་པ་ནི། སྐྱེ་བཞིན་པའི་དུས་ན་འཆི་བཞིན་པར་ཐལ་བར་འགྱུར་ཞིང་། སྐྱེ་འགག་མི་མཐུན་པ་གཉིས་དུས་གཅིག་ལ་ཅིག་ཆར་དུ་ཐལ་བར་ཡང་འགྱུར་རོ། །གཞན་ཡང་སྐྱེ་བ་དང་རྒ་ཤི་གཉིས་ཀ་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་ཏེ། སྐྱེ་བ་ལ་རྒ་ཤི་སྔོན་དུ་མ་སོང་། རྒ་ཤི་ལ་སྐྱེ་བ་སྔོན་དུ་མ་སོང་བའི་ཕྱིར་ཏེ་ལྷན་ཅིག་པར་འདོད་པས་སོ། །སྔ་རོལ་དུ་གྲུབ་པའི་རྒ་ཤི་སྐྱེ་བ་ལ་མ་ལྟོས་པའི་རང་དབང་ཅན་དུ་གྲུབ་པ་དང་། སྔ་རོལ་གྱི་སྐྱེ་བ་ཡང་རྒ་ཤི་ལ་མ་ལྟོས་པར་རང་དབང་ཅན་དུ་འགྱུར་བས། སྐྱེ་བ་ཡང་རྒ་ཤིའི་རྒྱུ་ལ་མི་ལྟོས། རྒ་ཤིའང་སྐྱེ་བའི་རྒྱུ་ལ་མི་ལྟོས་པའི་ཕྱིར། རྒྱུ་མེད་པར་འགྱུར་རོ་ཞེས་པའི་དོན་ནོ། །གསུམ་པ་དོན་བསྡུ་བ་ནི། སྐྱེ་བ་དེ་དང་རྒ་ཤི་དེ་དག་སྔ་ཕྱི་དང་ལྷན་ཅིག་ཏུ་ཅིའི་ཕྱིར་ན་སྤྲོ་བར་བྱེད་དེ་སྤྲོ་བར་མི་རིགས་པར་ཐལ། སྐྱེ་བ་དང་རྒ་ཤི་གང་ལ་སྔ་ཕྱིར་གྲུབ་པ་དང་། ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པའི་ཕྱིར་རོ། །གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི། སྐྱེ་བ་དང་རྒ་ཤི་སྔ་ཕྱི་དང་ལྷན་ཅིག་རིམ་པ་མི་སྲིད་པ་བཞིན་དུ་རྒྱུ་དང་འབྲས་བུ་ཉིད་དང་། མཚན་ཉིད་དང་མཚན་གཞི་ཉིད་དང་། ཚོར་བ་དང་ཚོར་བ་པོ་ཉིད་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། ཚད་མ་དང་གཞལ་བྱ་ལ་སོགས་པའི་དོན་ཡོད་པར་འདོད་པ་གང་ཅི་ཡང་རུང་བ་དག་ཆོས་ཅན། ངོ་བོ་ཉིད་ཀྱི་ཡོད་པ་མ་ཡིན་ཏེ། སྔ་ཕྱི་དང་ལྷན་ཅིག་ཏུའང་མི་འཐད་པའི་ཕྱིར་རོ། །ཐུན་མོང་དུ་སྔོན་གྱི་མཐའ་མེད་པ་ནི། འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་དང་། མཚན་ཉིད་དང་མཚན་གཞི་སོགས་ཐམས་ཅད་ཉིད་ལའང་ཆོས་ཅན། སྔོན་གྱི་མཐའ་ནི་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བས་སོ། །ཞེས་འགྲེལ་ཆེན་གསུམ་ལས་བཤད། ཚིག་གསལ་ལས་ནི། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །ཞེས་ཚིག་རྐང་པ་གཉིས་སྔོན་ལ་འདོན་པར་མཛད་དོ། །ཕྱོགས་གཅིག་ལ་དཔེར་མཚོན་ན་འབྲས་བུ་ནི་རྒྱུའི་སྔ་རོལ་ན་ཡོད་པ་མིན་ཏེ། འབྲས་བུ་ཡིན་པའི་ཕྱིར། དཔེར་ན་མྱུ་གུ་བཞིན་ནོ། །རྒྱུ་ལས་འབྲས་བུ་སྔ་བ་ཡང་མི་འཐད་དེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །རྒྱུ་སྔ་བ་ཡང་མི་འཐད་དེ། འབྲས་བུ་མེད་པའི་རྒྱུ་ཡང་མི་འཐད་པའི་ཕྱིར་རོ། །མཚན་ཉིད་སྔ་བ་ཡང་མི་འཐད་དེ། མཚོན་བྱ་མེད་པའི་མཚན་ཉིད་མི་འཐད་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་ཀྱི་དུས་སུ་མཚོན་བྱ་མེད་ཀྱང་ཕྱིས་མཚོན་བྱ་ཡོད་པ་ལ་བརྟེན་ནས་ཕྱིས་མཚན་ཉིད་དུ་འཇོག་གོ་ཞེ་ན། སྔ་རོལ་དུ་མཚན་ཉིད་མ་ཡིན་ཏེ། མཚོན་བྱ་མེད་པའི་ཕྱིར། སྔར་མཚན་ཉིད་མ་ཡིན་ཡང་ཕྱིས་མཚོན་བྱ་དང་ལྡན་པས་མཚན་ཉིད་དུ་འགྱུར་རོ་ཞེ་ན། རང་དུས་སུ་མཚན་ཉིད་མ་ཡིན་ན་ཕྱིས་ཀྱང་མཚན་ཉིད་དུ་མི་འགྱུར་ཏེ། སྔར་གྱི་མཚན་ཉིད་མ་ཡིན་པའི་རང་བཞིན་མི་འདོར་བའི་ཕྱིར་རོ། །གལ་ཏེ་འདོར་ན་སྔ་རོལ་དུ་མཚན་ཉིད་མ་ཡིན་པའི་རང་བཞིན་དུ་མི་འགྱུར་བར་ཐལ། དུས་ཕྱིས་མཚན་ཉིད་མ་ཡིན་པའི་རང་བཞིན་དོར་ནས་མཚན་ཉིད་དུ་འགྱུར་བའི་ཕྱིར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པ་ལྟར་རོ། །སྔ་རོལ་ནས་མཚན་ཉིད་ཀྱི་རང་བཞིན་ཡིན་ན་ནི། མཚོན་བྱ་ལ་ལྟོས་ནས་མཚན་ཉིད་དུ་འཇོག་པ་ཡང་མ་ཡིན་ཏེ། རང་བཞིན་གཞན་ལ་མི་ལྟོས་པས་མཚན་ཉིད་དུ་འགྱུར་བ་ཕྱིས་གཞན་ལ་ལྟོས་པས་ཅི་ཞིག་བྱ། སྔ་རོལ་དུ་མཚན་ཉིད་མ་ཡིན་ན་ཕྱིས་ཀྱང་མཚན་ཉིད་དུ་མི་འགྱུར་ཏེ། རང་བཞིན་ལ་འགྱུར་བ་མེད་པའི་ཕྱིར་རོ། །རིགས་པ་འདི་ནི་སྔ་ཕྱིར་ཁས་བླངས་པ་ཐམས་ཅད་ལ་སྦྱར་རོ། །གཞན་དག་གིས་ནི། འདི་ལྟ་བུའི་རིགས་པ་ཕྲ་མོ་རྟོགས་པར་མི་སྣང་ངོ་། །ལེགས་ལྡན་བྱེད་ཀྱི་བཤད་ཚུལ་ལོ། །འགྲེལ་པ་གཞན་གསུམ་ལས་ནི་འཁོར་བ་འབའ་ཞིག་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་འབའ་ཞིག་ཏུ་མ་ཟད་ཀྱི། དངོས་པོར་འདོད་པ་ཐམས་ཅད་ཉིད་ལ་ཡང་སྔོན་གྱི་མཐའ་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུང་ངོ་། །ཟླ་བས། མཐའ་དང་ཆ་ཤས་རྣམ་གྲངས་སུ་ཞེས་གསུངས་པས་སྔོན་གྱི་ཆ་ཁས་བླངས་པ་ན། གང་ལ་ལྟོས་ནས་ཕྱི་མའི་ཆར་འཇོག་པའི་ཕྱི་མའི་མཐའ་ཡང་ཁས་ལེན་དགོས་སོ། །དེའི་ཚེ་སྔ་ཕྱི་ཁས་བླངས་པས་སྔ་ཕྱི་འགོག་པའི་རིགས་པ་འཇུག་པའི་གནད་འདི་ཡིན་ནོ། །གསུམ་པ་ནི། དབུ་མ་རྩ་བ་ལས། སྔོན་དང་ཕྱི་མའི་མཐའ་བརྟག་པའམ། འཁོར་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་པར་བཤད་པའོ།།    །།སྡུག་བསྔལ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པ་དང་། གཞུང་གི་ཚིག་དོན་བཤད་པ་དང་། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་མདོའི་འབྲེལ་ནི། ཤེར་ཕྱིན་ལས། སྡུག་བསྔལ་བ་ཡང་སྡུག་བསྔལ་བས་སྟོང་ངོ་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ལ། ག་ལས་འཇིགས་མེད་ལས། རབ་བྱེད་གོང་མ་ལས་འཕྲོས་པའི་ཚུལ་དུ་མི་བཞེད་པར། རྟེན་འབྲེལ་ལ་སྡུག་བསྔལ་ཀྱི་ཁྱད་པར་ཡོད་པར་རྟོག་པ་དགག་པའི་ཕྱིར་ཞེས་མཚམས་སྦྱར་རོ། །སངས་རྒྱས་བསྐྱངས་དང་ཟླ་བས། བདག་ཡོད་དེ་སྡུག་བསྔལ་ཡོད་པའི་ཕྱིར་ཞེས་གསུངས་ལ། ཤེས་རབ་སྒྲོན་མེ་ལས། ཕུང་པོ་ཡོད་དེ། སྡུག་བསྔལ་ཡོད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་སོ། །ཞེས་འཆད་དོ། །གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། གཞན་གྱི་འདོད་པ་བརྗོད། གནོད་བྱེད་ཀྱི་རིགས་པ་བརྗོད། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ནི། རྟོག་གེ་པ་ཁ་ཅིག སྡུག་བསྔལ་བདག་གིས་བྱས་པར་འདོད་ལ། ཡང་ལ་ལ་ནི་གཞན་གྱིས་བྱས་པར་འདོད་པ་དང་། གཞན་དག་གཉིས་ཀས་བྱས་པར་འདོད་པ་དང་། རྒྱང་འཕན་པ་སོགས་རྒྱུ་མེད་པར་ཡང་འབྱུང་བར་འདོད་དོ། །གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་སོགས་སུ་དམ་འཆའ་བ་དེ་ནི་བྱ་བར་མི་རུང་ངོ་། །གཉིས་པ་ལ། བདག་གིས་བྱས་པ་དགག གཞན་གྱིས་བྱས་པ་དགག གཉིས་ཀས་བྱས་པ་དགག རྒྱུ་མེད་པར་འབྱུང་བ་དགག་པའོ། །སྡུག་བསྔལ་ཉིད་ཀྱིས་བྱས་པ་ལ་བདག་བྱས་སུ་བརྗོད་པ་དང་། གང་ཟག་གིས་བྱས་པ་ལ་བདག་བྱས་སུ་བརྗོད་པ་གཉིས་ལས། དང་པོ་དགག་པ་ནི། གལ་ཏེ་སྡུག་བསྔལ་བདག་གིས་སྡུག་བསྔལ་བྱས་པར་གྱུར་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྱུང་དུ་མི་འགྱུར་བར་ཐལ། བདག་ཉིད་ཀྱིས་བདག་ཉིད་བྱས་པས་སྔ་མའི་རྒྱུ་རྐྱེན་ལ་མི་ལྟོས་པ་དེའི་ཕྱིར། རྟེན་འབྱུང་མ་ཡིན་པར་འདོད་པ་ཡང་མི་འཐད་དེ། གང་གི་ཕྱིར་ན་ད་ལྟར་བའི་ཕུང་པོ་འདི་དག་ལ་བརྟེན་ནས་མ་འོངས་པའི་ཕུང་པོ་དེ་དག་འབྱུང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །ཞེས་པ་ལྟར་རོ། །ཐམས་ཅད་ཀྱི་དོན་ནོ། །སྡུག་བསྔལ་གཞན་བྱས་དགག་པ་ལ་ཡང་། སྡུག་བསྔལ་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་དང་། གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་བརྗོད་པ་གཉིས་ལས། དང་པོ་དགག་པ་ནི། གལ་ཏེ་མ་འོངས་པའི་ཕུང་པོ་དེ་ལས་ད་ལྟར་གྱི་ཕུང་པོ་འདི་གཞན་ཡིན་ཞིང་། ད་ལྟར་གྱི་ཕུང་པོ་འདི་ལས་མ་འོངས་པའི་ཕུང་པོ་དེ་གཞན་ཡིན་ན། ད་ལྟར་གྱི་ཕུང་པོ་གཞན་དེ་དག་གིས་མ་འོངས་པའི་ཕུང་པོ་གཞན་དེ་བྱས་པར་འགྱུར་ཞིང་སྡུག་བསྔལ་གཞན་གྱིས་བྱས་པར་འཐད་པར་འགྱུར་བ་ལས། འཐད་པ་ཡང་མ་ཡིན་ཏེ། མ་འོངས་པའི་ཕུང་པོ་དེ་ད་ལྟར་བའི་ཕུང་པོ་འདི་ལས་གཞན་དུ་མེད་པའི་ཕྱིར་ཞེས་ག་ལས་འཇིགས་མེད་དང་སངས་རྒྱས་བསྐྱངས་འཆད་དོ། །ཤེས་རབ་སྒྲོན་མེ་ལས། གལ་ཏེ་སྔོན་གྱི་ཕུང་པོ་ལས་ཉིང་འཚམས་སྦྱོར་བའི་ཕུང་པོ་འདི་གཞན་ཡིན་ན་ཞེས་པའི་ཚུལ་དུ་འཆད། ཟླ་བས་དེ་ཞེས་པ་ནི་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དང་། འདི་ཞེས་པ་ནི་འཆི་བའི་ཆར་གཏོགས་ཀྱི་ཕུང་པོ་ལ་འཆད། གང་ཟག་གིས་བྱས་པ་ལ་བདག་བྱས་སུ་འདོད་པ་འགོག་པ་ནི། གལ་ཏེ་མིའི་གང་ཟག་བདག་གིས་ནི། མིའི་སྡུག་བསྔལ་གྱི་ཕུང་པོ་བྱས་པས། སྡུག་བསྔལ་བདག་གིས་བྱས་པར་འདོད་ན། མིའི་གང་ཟག་བདག་གིས་མིའི་སྡུག་བསྔལ་བྱས་པའི་མིའི་གང་ཟག་དེ་ཆོས་ཅན། མིའི་སྡུག་བསྔལ་གྱི་ཕུང་པོའི་སྔ་རོལ་དུ་མིའི་སྡུག་བསྔལ་གྱི་ཕུང་པོ་བྱེད་པ་པོར་མ་གྲུབ་པར་ཐལ། མིའི་སྡུག་བསྔལ་གྱི་ཕུང་པོ་ལ་གདགས་པ་མ་གཏོགས་པར་སྔ་རོལ་ཏུ་སྡུག་བསྔལ་གྱི་ཕུང་པོ་བྱེད་པ་པོ་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར། ཞེས་ག་ལས་འཇིགས་མེད་དོ། །འགྲེལ་པ་གཞན་གསུམ་ལས་ནི། མིའི་སྡུག་བསྔལ་ལས་ལོགས་ཤིག་ཏུ་མིའི་སྡུག་བསྔལ་བྱེད་པ་པོར་མ་གྲུབ་པར་ཐལ། མིའི་སྡུག་བསྔལ་གྱི་ཕུང་པོ་ལས་མ་གཏོགས་པར་ལོགས་སུ་གྲུབ་པ་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར། ཞེས་གསུང་ངོ་། །སྔ་རོལ་དུ་ཞེས་པ་དམིགས་ཀྱིས་བསལ་བ་མ་གཏོགས་པར་གཞན་དོན་གཅིག་གོ །གང་ཟག་གཞན་གྱིས་བྱས་པ་ལ་གཞན་བྱས་སུ་འདོད་པ་འགོག་པ་ནི། གལ་ཏེ་མིའི་གང་ཟག་གཞན་གྱིས་ལྷའི་སྡུག་བསྔལ་གྱི་ཕུང་པོ་བྱས་ནས། ལྷ་ལ་སྟེར་བར་བྱེད་པའི་ཕྱིར་གཞན་བྱས་སོ་ཞེ་ན། གལ་ཏེ་མིའི་གང་ཟག་གཞན་ལ་ནི་ལྷའི་སྡུག་བསྔལ་གྱི་ཕུང་པོ་བྱུང་ནས་ལྷ་ལ་སྟེར་བར་འདོད་ན། མིའི་གང་ཟག་གཞན་ཞིག་གིས་ལྷའི་སྡུག་བསྔལ་གྱི་ཕུང་པོ་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བའི་ལྷའི་གང་ཟག་དེ་ཆོས་ཅན། ལྷའི་སྡུག་བསྔལ་གྱི་ཕུང་པོ་ལས་ལོགས་ཤིག་ཏུ་ལྷའི་སྡུག་བསྔལ་ལེན་པ་པོར་མ་གྲུབ་པར་ཐལ། ལྷའི་སྡུག་བསྔལ་གྱི་ཕུང་པོ་ལ་གདགས་པ་མ་གཏོགས་པར་ལོགས་ཤིག་ཏུ་གྲུབ་པ་ཇི་ལྟར་རུང་སྟེ་མི་རུང་བའི་ཕྱིར། ཞེས་གཞན་གསུམ་འཆད་དོ། །ག་ལས་འཇིགས་མེད་ལས་ནི། ལྷའི་སྡུག་བསྔལ་མ་བྱིན་པའི་སྔ་རོལ་ཏུ་ལེན་པ་པོའི་ལྷའི་གང་ཟག་མ་གྲུབ་པའི་ཕྱིར། ཞེས་གསུང་ངོ་། །སྦྱིན་པར་བྱ་བ་དོན་གཞན་འགོག་པ་ནི། གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་གྱི་ཕུང་པོ་འབྱུང་བར་འདོད་ན། མིའི་གང་ཟག་གང་གིས་ལྷའི་སྡུག་བསྔལ་གྱི་ཕུང་པོ་དེ་བྱས་ནས་ལྷའི་གང་ཟག་གཞན་ལ་སྟེར་བར་བྱེད་པའི་མིའི་གང་ཟག་གཞན་ཆོས་ཅན། ལྷའི་སྡུག་བསྔལ་གྱི་ཕུང་པོ་བྱས་ནས་ལྷའི་སྡུག་བསྔལ་ལས་ལོགས་སུ་ལྷའི་སྡུག་བསྔལ་སྟེར་བ་པོར་མ་གྲུབ་པར་ཐལ། མིའི་སྡུག་བསྔལ་གྱི་ཕུང་པོ་མ་གཏོགས་པར་ལོགས་ཤིག་ཏུ་གྲུབ་པ་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར། ཚིག་རྐང་པ་བཞི་པོ་འདི་ཚིག་གསལ་མ་གཏོགས་པ་གཞན་གསུམ་ལ་མི་སྣང་ངོ་། །ཕུང་པོ་གང་ཟག་གིས་བྱས་པར་འགོག་པའི་རིགས་པས་ཕུང་པོ་བདག་གིས་བྱས་པར་མ་གྲུབ་པས་ན་ལྷའི་སྡུག་བསྔལ་གྱི་ཕུང་པོ་མིའི་གང་ཟག་གཞན་གྱི་ག་ལ་བྱས་ཏེ་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་སྡུག་བསྔལ་གྱི་ཕུང་པོ་གང་ཡིན་པ་དེ་ནི་མིའི་གང་ཟག་བདག་དེ་ཡིས་བྱས་པར་འགྱུར་ན། མིའི་གང་ཟག་གཞན་གྱིས་ལྷའི་སྡུག་བསྔལ་གྱི་ཕུང་པོ་བྱེད་པའི་ཕྱིར། ལྷའི་སྡུག་བསྔལ་གྱི་ཕུང་པོ་གང་ཡིན་པ་དེ་ནི་མིའི་གང་ཟག་བདག་དེ་ཡིས་བྱས་པར་འགྱུར་ན། མིའི་གང་ཟག་གཞན་གྱིས་ལྷའི་སྡུག་བསྔལ་གྱི་ཕུང་པོ་བྱེད་པར་འགྱུར་བ་ཞིག་ན། ལྷའི་སྡུག་བསྔལ་གྱི་ཕུང་པོ་ཆོས་ཅན། མིའི་གང་ཟག་གཞན་གྱིས་ག་ལ་བྱས་ཏེ་མ་བྱས་པར་ཐལ། ཇི་སྐད་བཤད་པའི་རིགས་པས་མིའི་གང་ཟག་བདག་གིས་བྱས་པར་མ་གྲུབ་པས་སོ། །རིགས་པ་གཞན་གྱིས། བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་དགག་པ་ནི་ག་ལས་འཇིགས་མེད་ལས། སྡུག་བསྔལ་ལས་གང་ཟག་ལོགས་ཤིག་ཏུ་མེད་པས་ན། སྡུག་བསྔལ་གྱིས་བྱས་པ་ལ་སྡུག་བསྔལ་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ཞིང་། སྡུག་བསྔལ་དང་གང་ཟག་གཅིག་མ་ཡིན་པའི་ཆ་ནས། བདག་གིས་བྱས་པ་ལ་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་བརྗོད་དོ་ཞེ་ན། སྡུག་བསྔལ་གྱིས་བྱས་པ་ལ་སྡུག་བསྔལ་བདག་གིས་བྱས་སོ་ཞེས་འཐད་པ་མིན་པར་ཐལ། སྡུག་བསྔལ་དེ་ཉིད་ཀྱིས་སྡུག་བསྔལ་དེ་ཉིད་མ་བྱས་པའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་ཆོས་ཅན། གང་ཟག་གིས་བྱས་པའི་ཆ་ནས་གཞན་བྱས་སུ་ག་ལ་འགྱུར་ཏེ་མི་འགྱུར་བ་ཐལ། གཞན་དུ་འདོད་པའི་བདག་གང་གིས་ཀྱང་མ་བྱས་པས་མེད་པས་ནའོ། །བུད་དྷ་པ་ལི་ཏ་དང་། ཤེས་རབ་སྒྲོན་མེ་ལས་ནི། གང་ཟག་གིས་བྱས་པའི་ཆ་ནས་སྡུག་བསྔལ་བདག་གིས་བྱས་སོ་ཞེས་འདོད་ན། རེ་ཤིག་སྡུག་བསྔལ་གང་ཟག་གིས་བྱས་པའི་ཆ་ནས་བདག་བྱས་མིན་པར་ཐལ། སྡུག་བསྔལ་དང་གང་ཟག་གཅིག་ཏུ་མ་གྲུབ་པའི་ཕྱིར། གལ་ཏེ་གཅིག་ཏུ་གྲུབ་ན་བདག་གིས་བྱས་པ་ཉིད་དང་། སྡུག་བསྔལ་གྱིས་བྱས་པ་དོན་གཅིག་ཏུ་སོང་བས་བདག་ཉིད་ཀྱིས་བདག་ཉིད་བྱས་པར་ཐལ་བར་འགྱུར་བ་ལས་མ་ཡིན་ཏེ། སྡུག་བསྔལ་དེ་ཉིད་ཀྱིས་སྡུག་བསྔལ་དེ་ཉིད་མ་བྱས་པའི་ཕྱིར། དེས་བྱས་ན་མི་འཐད་དེ། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་པའི་སྐབས་སུ་བཀག་ཟིན་པའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་དང་གང་ཟག་གཅིག་མ་ཡིན་པས་གང་ཟག་གིས་བྱས་པ་ལ་གཞན་བྱས་སུ་འདོད་དོ་ཞེ་ན། སྡུག་བསྔལ་གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། བྱེད་པ་པོ་གཞན་དུ་འདོད་པའི་བདག་དེ། གང་ཟག་སུས་ཀྱང་མ་བྱས་པས་མ་གྲུབ་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་བཤད་པ་ནི། མུ་སྟེགས་པ་དག་གིས། བདག་གིས་བྱས་པའི་ཆ་ནས་བདག་བྱས་ཀྱང་ཡིན་ལ། ཕུང་པོ་ལས་དོན་གཞན་གྱི་བདག་གིས་བྱས་པས་གཞན་བྱས་ཀྱང་ཡིན་ནོ་ཞེ་ན། བདག་གིས་བྱས་པ་འགོག་པ་ལ་ཚིག་སྔ་མ་གཉིས་དང་། གཞན་གྱིས་བྱས་པ་འགོག་པ་ལ་ཚིག་རྐང་ཕྱི་མ་གཉིས་མཚུངས་པར་བཞེད་དོ། །བུད་དྷ་པ་ལི་ཏ་ལས་ནི། སྡུག་བསྔལ་དེ་གང་ཟག་གིས་བྱས་པའི་ཆ་ནས་བདག་གིས་བྱས་སོ་ཞེས་པ་དང་། སྡུག་བསྔལ་དང་གང་ཟག་གཞན་མ་ཡིན་པས་སྡུག་བསྔལ་གྱིས་སྡུག་བསྔལ་བྱས་པའི་ཆ་ནས་བདག་གིས་བྱས་སོ་ཞེས་ཀྱང་སྨྲ་ལ། སྡུག་བསྔལ་ཉིད་གང་ཟག་གི་ལྡོག་པ་མ་ཡིན་པས། སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་ཀྱང་སྨྲ་ཞེ་ན། རེ་ཤིག་གང་ཟག་གིས་བྱས་པའི་ཆ་ནས་སྡུག་བསྔལ་བདག་གིས་བྱས་སོ་ཞེས་འཇོག་པ་རིགས་པ་མིན་པར་ཐལ། སྡུག་བསྔལ་ལས་ལོགས་ཤིག་ཏུ་གང་ཟག་མ་གྲུབ་པའི་ཕྱིར། ཡང་སྡུག་བསྔལ་གྱིས་བྱས་པའི་ཆ་ནས་བདག་བྱས་སུ་འདོད་པ་ཡང་མི་འཐད་པར་ཐལ། སྡུག་བསྔལ་དེ་ཉིད་ཀྱིས་སྡུག་བསྔལ་དེ་ཉིད་མ་བྱས་པའི་ཕྱིར། སྡུག་བསྔལ་དེ་ཉིད་གང་ཟག་མ་ཡིན་པའི་ཆ་ནས་སྡུག་བསྔལ་གཞན་གྱིས་བྱས་སོ་ཞེས་སྨྲ་བ་ལ་ཡང་བཤད་པར་བྱ་སྟེ། སྡུག་བསྔལ་གྱི་ཕུང་པོ་ལས་ལོགས་ཤིག་ཏུ་གྲུབ་པའི་གང་ཟག་གཞན་གྱིས་བྱས་པར་ག་ལ་འགྱུར་ཏེ་མ་ཡིན་པར་ཐལ། བྱེད་པ་པོ་གཞན་དུ་འདོད་པའི་བདག་ཕུང་པོ་ལས་ལོགས་ཤིག་ཏུ་མ་བྱས་པ་སྟེ་མ་གྲུབ་པའི་ཕྱིར་ཞེས་གསུང་ངོ་། །ཚིག་གསལ་ལ་ནི་རྒྱས་པོ་མི་སྣང་ངོ་། །གཉིས་ཀས་བྱས་པ་འགོག་པ་ནི། གལ་ཏེ་སྡུག་བསྔལ་བདག་དང་གཞན་རེ་རེས་བྱས་པར་གྱུར་ན། གཉིས་ཀས་བྱས་པར་འགྱུར་བ་ཞིག་ན། གཉིས་ཀས་བྱས་པ་མི་འཐད་པར་ཐལ། རེ་རེས་བྱས་པ་མི་འཐད་པའི་ཕྱིར། བཞི་པ་རྒྱུ་མེད་པར་འབྱུང་བ་འགོག་པ་ནི། ཇི་སྐད་བཤད་པའི་རིགས་པས། བདག་གིས་ཀྱང་མ་བྱས་གཞན་གྱིས་ཀྱང་མ་བྱས་པའི་སྡུག་བསྔལ་ཆོས་ཅན། དངོས་པོར་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། རྒྱུ་མེད་ཡིན་པའི་ཕྱིར། གསུམ་པ་རིགས་པ་གཞན་ལ་སྦྱར་བ་ནི། སྡུག་བསྔལ་འབའ་ཞིག་ཕྱོགས་རྣམ་པ་བཞིར་ཡོད་པ་མ་ཡིན་པར་མ་ཟད་ཀྱི། ཕྱི་རོལ་གྱི་དངོས་པོ་རྣམས་ལ་ཡང་ཆོས་ཅན། བདག་གིས་བྱས་པ་སོགས་རྣམ་པ་བཞིའི་དངོས་པོར་ཡོད་པ་མ་ཡིན་པར་ཐལ། བདག་གིས་བྱས་པ་ལ་སོགས་པ་འགོག་པའི་རིགས་པ་མཚུངས་པའི་ཕྱིར། འདིར་བུད་དྷ་པ་ལི་ཏ་ལས། བཅོམ་ལྡན་འདས་ཀྱིས། འོད་སྲུང་སྡུག་བསྔལ་ཡོད་དེ། ངས་སྡུག་བསྔལ་ཤེས་སོ་མཐོང་ངོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་མེད་དོ་ཞེས་དེ་སྐད་སུས་སྨྲས། ཁོ་བོས། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །ཞེས་མ་སྨྲས་སམ། དེའི་ཕྱིར་ཁོ་བོ་ནི། སྡུག་བསྔལ་བརྟེན་ནས་འབྱུང་བར་སྨྲའི། བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་དང་། གཉིས་ཀས་བྱས་པ་དང་། རྒྱུ་མེད་པར་འབྱུང་ངོ་ཞེས་མི་སྨྲའོ། །ཞེས་གསུངས་སོ། །དེས་ན་རྟེན་འབྲེལ་སྤྱི་ལྡོག་ནས་མེད་པར་སྨྲ་བ་མ་ཡིན་ནོ། །གསུམ་པ་ནི་དབུ་མ་རྩ་བ་ལས། བདག་གིས་བྱས་པ་དང་། གཞན་གྱིས་བྱས་པ་བརྟག་པའམ། སྡུག་བསྔལ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་རྣམ་པར་བཤད་པའོ།།    །།ལོ་ཙྪ་བ་ཉི་མ་གྲགས་ལྟར་ན་འདུ་བྱེད་བརྟག་པ། འགྲེལ་པ་གཞན་གསུམ་ལྟར་ན་དེ་ཁོ་ན་ཉིད་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བསླུ་བའི་ཆོས་ཅན་ནོ། །ཞེས་གསུང་ངོ་། །རབ་ཏུ་བྱེད་པའི་འབྲེལ་ལ། ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས། རྣམ་པ་བཞིའི་སྒོ་ནས་མེད་དུ་ཟིན་ཀྱང་། དངོས་པོ་རྣམས་ཡོད་དོ་ཞེས་འགོད། ཤེས་རབ་སྒྲོན་མེ་དང་ཟླ་བས་ནི། ཇི་སྐད་བཤད་པའི་རིགས་པས། མཐའ་བཞིའི་ཚུལ་དུ་གྲུབ་པར་མི་འཐད་པས་ན། མདོ་ལས་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་པ་སྟོན་པའི་དོན་དུ་གསུངས་པ། ཞེས་འགོད་དོ། །གཞུང་གི་ཚིག་དོན་ལ་བཞི་སྟེ། ལུང་གི་དགོངས་པ་བརྗོད། དགོངས་པ་གཞན་དུ་འདོད་པ་དགག གཞན་གྱི་རྩོད་པ་སྤང་བ། སྟོང་ཉིད་གསུངས་པའི་དགོས་པའོ། །དང་པོ་ལ་ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི། འདུ་བྱེད་དེ་དག་ཐམས་ཅད་ཆོས་ཅན། བརྫུན་པ་ཡིན་ཏེ། བསླུ་བའི་ཆོས་ཡིན་པ་དེས་ནའོ། །འདི་ཇི་ལྟར་ཤེས་ཤེ་ན། ལོག་པའི་ཤེས་པས་དམིགས་པར་བྱ་བར་ཡིན་པའི་ཕྱིར་དང་། བྱིས་པའི་སྐྱེ་བོ་འབྲིད་པའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །བསླུ་བའི་ཆོས་ཅན་བརྫུན་པར་ཇི་ལྟར་ངེས་ཤེ་ན། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་བསླུ་བ་དེ་ནི་བརྫུན་ཞེས་དེ་སྐད་དུ་གསུངས་པའོ། །ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་འདི་ལྟ་སྟེ། འདུས་བྱས་གང་ཡིན་པ་དེ་ནི་བརྫུན་པ་བསླུ་བའི་ཆོས་སོ། །དགེ་སློང་དག་འདི་ལྟ་སྟེ་མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ །འདུས་བྱས་དེ་ནི་བསླུ་བའི་ཆོས་ཀྱང་ཡིན། དེ་ནི་རབ་ཏུ་འཇིག་པའི་ཆོས་ཀྱང་ཡིན་ནོ་ཞེས་གསུང་ལ། ཐེག་པ་ཆེན་པོ་ལས་ཀྱང་། རབ་འབྱོར་ཅི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ནོ་ཞེས་གསུང་། དེ་ལ་བརྫུན་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ལ། བསླུ་བ་ཞེས་བྱ་བ་ནི་བཤད་པའི་ཚིག་གོ །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་བྱ་བ་ནི་མཇུག་བསྡུ་བའོ། །སྦྱོར་བའི་ཚིག་ནི། དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། བསླུ་བའི་ཆོས་ཡིན་པའི་ཕྱིར། སྒྱུ་མ་མཁན་གྱིས་སྤྲུལ་པའི་ལུས་བཞིན་ནོ། །ཞེས་བཤད། ག་ལས་འཇིགས་མེད་ལས་ནི། འདུ་བྱེད་དེ་དག་ཐམས་ཅད་ཆོས་ཅན། བརྫུན་པ་ཡིན་ཏེ། བསླུ་བའི་ཆོས་ཡིན་པ་སྟེ། ལོག་པར་སྣང་བའི་ཕྱིར། མགལ་མེའི་འཁོར་ལོ་བཞིན་ནོ། །བསླུ་བ་བརྫུན་པར་གང་གིས་ཤེས་ཤེ་ན། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག་བསླུ་བ་དེ་ནི་བརྫུན་པའོ། །མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་ཡིན་ནོ་ཞེས་གསུངས་སོ། །གཞན་གཉིས་ཀྱང་དོན་སྔ་མ་གཉིས་དང་མཐུན་ན། ཤེས་རབ་སྒྲོན་མེ་ལས། བསླུ་བ་དང་བརྫུན་པ་གཉིས་ཀ་མེད་པའི་དོན་ཡིན་པས་བསླུ་བའི་ཆོས་ཀྱིས་བརྫུན་པ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། གལ་ཏེ་བསླུ་བའི་ཆོས་གང་ཡིན་པ་དེ་ལ་བརྫུན་པའོ་ཞེས་གསུངས་པ་དེ་ལ། འདུ་བྱེད་ཅི་ཞིག་བསླུ་བའི་ཆོས་སུ་སྟོན་ཏེ་སྟོན་པ་མ་ཡིན་པར་ཐལ། ཁྱོད་ལྟར་ན། བསླུ་བ་ནི་མེད་པའི་དོན་དུ་འདོད་པ་ཡིན་པའི་ཕྱིར། འོ་ན་བསླུ་བ་དང་བརྫུན་པའི་དོན་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་བསླུ་བ་ཞེས་གང་གསུངས་པ་དེ་ནི་སྟོང་པ་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །ཞེས་གསུང་ངོ་། །ཟླ་བས་ནི་ཚིག་སྔ་མ་གསུམ་གཞན་དང་མཐུན་པར་བཤད་ནས། འདུ་བྱེད་ཐམས་ཅད་བརྫུན་པ་ཡིན་ནོ། །བསླུ་བའི་ཆོས་ཅན་ཡིན་པ་དེས་ནའོ། །སྨིག་རྒྱུའི་ཆུ་བཞིན་ནོ། །ཞེས་ཚིག་ཕྱི་མ་ལོགས་སུ་འཆད་དོ། །གཞན་རྣམས་དོན་གཅིག་གོ །གཉིས་པ་ལ། གཞན་གྱི་འདོད་པ་བརྗོད་པ་ནི། ག་ལས་འཇིགས་མེད་ལས། ལུང་གི་དགོངས་པའི་དོན་དངོས་པོའི་ཆོས་རྣམས་ཆོས་ཀྱི་བདག་མེད་པ་སྟོན་པ་མ་ཡིན་གྱི། གང་ཟག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ཏེ། གནས་སྐབས་གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །ཆོས་ཀྱི་ངོ་བོ་ཉིད་མེད་པའི་དངོས་པོ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ངོ་བོ་ཉིད་མེད་ན། གཞན་དུ་འགྱུར་བ་གང་གི་ཡིན་ཏེ་མ་ཡིན་པར་ཐལ། གང་གི་ཕྱིར། དངོས་པོ་རྣམས་སྟོང་པ་ཉིད་ཡིན་པའི་ཕྱིར། ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས། བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པའི་དོན་དངོས་པོ་རྣམས་ངོ་བོ་ཉིད་གནས་པ་མེད་པའི་དོན་ཏེ། གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །ཆོས་ཀྱི་ངོ་བོ་ཉིད་མེད་པའི་དངོས་པོ་ནི་མེད་དེ། གང་གི་ཕྱིར་དངོས་པོ་རྣམས་སྟོང་པ་ཉིད་དུ་གསུངས་པའི་དོན་ནི། བདག་དང་བདག་གིས་བ་དང་བྲལ་བ་ལ་དགོངས་ལ། ཆོས་ཀྱི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །གལ་ཏེ་ངོ་བོ་ཉིད་མེད་ན། གཞན་དུ་འགྱུར་བ་གང་གི་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །བུད་དྷ་པ་ལི་ཏ་ལས་ནི། དངོས་པོ་རྣམས་ངོ་བོ་ཉིད་མེད་དེ་ཞེས་གསུངས་པའི་དོན་ནི། ཆོས་ཀྱི་ངོ་བོ་ཉིད་མེད་པར་བསྟན་པ་ནི་མ་ཡིན་ཏེ། གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །ཆོས་ཀྱི་ངོ་བོ་ཉིད་མེད་པའི་དངོས་པོ་ནི་མེད་དེ། གང་གི་ཕྱིར་ན་དངོས་པོ་རྣམས་སྟོང་པ་ཉིད་དུ་གསུངས་པས། དེའི་རྟེན་ཆོས་ཅན་ཁས་ལེན་དགོས་པའི་ཕྱིར་རོ། །གལ་ཏེ་ངོ་བོ་ཉིད་མེད་ན་གཞན་དུ་འགྱུར་བ་གང་གི་ཡིན། ཞེས་གསུང་ངོ་། །ཟླ་བ་ནི་སངས་རྒྱས་བསྐྱངས་དང་གཅིག་གོ །གཉིས་པ་དགག་པ་བཤད་པ་ལ། གལ་ཏེ་ངོ་བོ་ཉིད་ཡོད་ན་ཡང་ཇི་ལྟ་བུར་ན་གཞན་དུ་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་ལ་འགྱུར་བ་མེད་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། ལུང་གི་དོན་མི་གནས་པའི་དོན་དུ་འདོད་པ་དགག་པ་ལ། ཆོས་སྔ་མ་དེ་ཉིད་ལ་གནས་སྐབས་གཞན་དུ་འགྱུར་བ་མེད་དེ། ཞེས་པ་དང་། གཞན་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཞེས་གསུངས་ཏེ། དང་པོའི་འཐད་པ་ནི། གང་ཕྱིར་གཞོན་ནུ་མི་རྒ་སྟེ། །ཞེས་པ་ཡིན་ལ། གཉིས་པའི་འཐད་པ་ནི། གང་ཕྱིར་རྒས་པའང་མི་རྒ་འོ། །ཞེས་པའོ། །བུད་དྷ་པ་ལི་ཏ་དང་ཟླ་བས་ནི། ངོ་བོ་ཉིད་ཡོད་པས་གཞན་དུ་འགྱུར་བ་མི་འཐད་ན། ངོ་བོ་ཉིད་ལས་གཞན་པ་ཇི་ལྟར་གཞན་དུ་འགྱུར་ཞེ་ན། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །ཞེས་སྔ་མ་བཞིན་དུ་འཆད། ག་ལས་འཇིགས་མེད་ལས། དེ་ཉིད་ལ་གཞན་དུ་འགྱུར་བའམ། གཞན་གཞན་དུ་འགྱུར་གྲང་། དེ་ཉིད་ལ་གཞན་དུ་འགྱུར་བ་ཡང་མེད་དེ། གང་ཕྱིར་གཞོན་ནུ་མི་རྒ་བའི་ཕྱིར་གཞན་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཏེ། གང་ཕྱིར་རྒས་པའང་མི་རྒ་བའི་ཕྱིར། སྔ་མའི་འཐད་པ་གཞན་ཡང་བསྟན་པ་ནི། གལ་ཏེ་སྔ་མ་དེ་ཉིད་རང་གི་ངོ་བོ་མ་ཞིག་པར་གཞན་དུ་འགྱུར་ན། འོ་མ་ཉིད་ནི་ཞོར་འགྱུར་རམ། འོ་མ་ལས་གཞན་ཞིག་ཞོར་འགྱུར་གྲང་། འོ་མ་ལས་གཞན་ཞིག་ཞོར་འགྱུར་རོ་ཞེ་ན། འོ་མ་ལས་གཞན་གང་ཞིག་ཞོའི་དངོས་པོ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གཞན་ཞོའི་དངོས་པོར་འགྱུར་བའི་ཆོས་མ་དམིགས་པའི་ཕྱིར་ཞེས་བཤད་དོ། །ག་ལས་འཇིགས་མེད་ལས། གང་ཕྱིར་གཞོན་ནུ་མི་རྒ་ཞེས་སོགས་ཀྱིས་ནི་རྗེས་འགྲོའི་སྒྲུབ་བྱེད་ལྷག་མ་རྣམས་ཀྱིས་བཟློག་པ་ལ་གནོད་བྱེད་འཆད་པ་ནི་ཁྱད་པར་རོ། །སློབ་དཔོན་ཟླ་བས་ནི། གནོད་བྱེད་ཀྱི་རིགས་པའི་རྣམ་གྲངས་གཞན་འཆད་པར་བཞེད་དོ། །གསུམ་པ་གཞན་གྱི་རྩོད་པ་སྤང་བ་ནི། ག་ལས་འཇིགས་མེད་ལས། མྱ་ངན་ལས་འདས་པ་ནི་བདེན་པའི་མཆོག་གོ །ཞེས་སྟོང་ཉིད་བདེན་པར་བཞེད་ན། ཞེས་བཤད། སངས་རྒྱས་བསྐྱངས་དང་ལེགས་ལྡན་བྱེད་གཉིས་ཀྱིས་ནི། མི་སྟོང་བའི་ཆོས་ཅན་ཡོད་དེ། གཉེན་པོ་སྟོང་པ་ཉིད་ཡོད་པའི་ཕྱིར། གང་མེད་པ་ལ་ནི་གཉེན་པོ་མེད་དེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་མཚམས་སྦྱར་ལ། ཟླ་བས་ནི། རྟེན་ཆོས་ཅན་ཡོད་པས་སྟོང་པ་ཉིད་ཀྱང་ཡོད་དོ་ཞེས་འཆད་དོ། །འགྲེལ་ཆེན་གསུམ་ལས། གལ་ཏེ་སྟོང་པ་ཉིད་མིན་པ་ཅུང་ཟད་ཡོད་ན། གཉེན་པོ་སྟོང་པའང་ཅུང་ཟད་ཡོད་པར་འགྱུར་བ་ལས། མི་སྟོང་པ་ཅུང་ཟད་ཡོད་པ་མིན་ན། གཉེན་པོ་སྟོང་པ་ཉིད་ཡོད་པར་ག་ལ་འགྱུར། ཞེས་བཤད་ལ། ཟླ་བས་ནི། གལ་ཏེ་རྟེན་ཆོས་ཅན་སྟོང་པ་ཉིད་མིན་པ་ཅུང་ཟད་ཡོད་ན། དེ་ལ་བརྟེན་པའི་ཆོས་ཉིད་སྟོང་པའང་ཅུང་ཟད་ཡོད་པར་འགྱུར་བ་ལས། རྟེན་ཆོས་ཅན་མི་སྟོང་པ་ཅུང་ཟད་ཡོད་པ་མིན་ན། དེ་ལ་བརྟེན་པའི་ཆོས་ཉིད་སྟོང་པ་ཉིད་ཡོད་པར་ག་ལ་འགྱུར་ཞེས་སོ། །ཤེས་རབ་སྒྲོན་མེ་ལས། རྣམ་གྲངས་མང་དུ་བསྟན་པ་ནི། སྟོང་པ་དང་མི་སྟོང་པ་ལ་རྣམ་པར་རྟོག་པ་ནི། ཐ་སྙད་པ་ཙམ་ལ་འཇོག་པ་ཡིན་ལ། དོན་དམ་པར་ནི་མི་སྟོང་པ་ཅུང་ཟད་ཡོད་པ་མ་ཡིན་ན། གཉེན་པོར་བརྟགས་པ་གང་ཡིན་པའི་སྟོང་པའང་ཡོད་པར་ག་ལ་འགྱུར། ཞེས་པའོ། །ཡང་ན་ཀུན་བརྟགས་ཀྱིས་སྟོང་པས། དེས་སྟོང་པའི་སྟོང་ཉིད་ནི་དེ་ཁོ་ནའོ་སྙམ་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཡང་སྟོང་པ་ཉིད་མ་ཡིན་པའི་ཡུལ་ཅན་ཤེས་པའི་དངོས་པོ་ཅུང་ཟད་ཅིག་ཡོད་ན། དེ་ལ་ལྟོས་ནས་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་ཅུང་ཟད་ཅིག་ཡོད་པར་འགྱུར་གྲང་ན། སྟོང་པ་ཉིད་མ་ཡིན་པའི་ཡུལ་ཅན་ཤེས་པའི་དངོས་པོ་ཅུང་ཟད་ཅིག་ཡོད་པ་མིན་ན། དེ་ལ་ལྟོས་ནས་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་དངོས་པོ་ཅུང་ཟད་ཅིག་ཡོད་པར་ག་ལ་འགྱུར། ཡང་ན་མི་སྟོང་པ་རང་བཞིན་གྱིས་གྲུབ་པ་ཡོད་ན་བདེན་འཛིན་གྱི་རྣམ་པར་རྟོག་པ་སྤང་དུ་མི་རུང་བ་ལས་སྟོང་པ་ཉིད་མ་ཡིན་པར་འཛིན་པའི་རྟོག་པའི་དྲ་བ་སྟོང་པ་ཉིད་མཐོང་བའི་མེས་སྲེག་པའི་ཕྱིར། མི་སྟོང་པ་བདེན་པར་གྲུབ་པར་ཅུང་ཟད་ཀྱང་ཡོད་པ་མིན་ལ། སྟོང་པ་ཉིད་དུ་རྣམ་པ་རྟོག་པའི་དྲྭ་བ་ཡང་དེ་ཉིད་ཀྱིས་སྲེག་པའི་ཕྱིར། སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་བདེན་པའི་དོན་ཅན་མ་ཡིན་ཏེ། རྣམ་པར་རྟོག་པ་ཡིན་པའི་ཕྱིར། དངོས་པོར་རྣམ་པར་རྟོག་པ་བཞིན་ནོ། །དེས་ན། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་སོ། །ཡང་ན། གཟུང་འཛིན་གཉིས་སུ་མངོན་པར་ཞེན་པ་ལས། སྟོང་མི་སྟོང་གཉིས་སུ་རྟོགས་པ་འབྱུང་ལ། རྣམ་པར་མི་རྟོག་པའི་ཤེས་རབ་ལ་གནས་ཤིང་། གཉིས་སུ་མེད་པར་རྟོགས་པའི་ངོར་སྟོང་མི་སྟོང་གཉིས་སུ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་རོ་གཅིག་པ་ཉིད་དུ་ཐུགས་སུ་ཆུད་པའི་ཕྱིར། གཞུང་སྔ་མ་བཞིན་དུ་སྦྱར་རོ། །གཞན་དག་གིས་སྨྲས་པ། ཁོ་བོ་ནི་སྟོང་པ་ཉིད་སྨྲ་བ་ལ་རྒོལ་བའི་ཕྱིར་ན་སྟོང་པ་ཉིད་བཀག་པས་འདོད་པའི་དོན་གྲུབ་བོ་ཞེ་ན། སྟོང་པ་ཉིད་གསལ་བར་བྱས་པ་ཡིན་ཏེ། སྟོང་པ་ཉིད་རྟོགས་པའི་ཤེས་པས་དངོས་པོ་རྣམས་གསར་དུ་སྟོང་པར་བྱེད་པ་མ་ཡིན་གྱི། སྟོང་པ་ཉིད་ངོ་ཤེས་པར་བྱེད་པ་ཙམ་མོ། །དཔེར་ན་མར་མེའི་སྣང་བས་ཁང་པ་ན་བུམ་པ་མེད་པ་གསལ་བར་བྱེད་པ་ཡིན་གྱི། གསར་དུ་མེད་པར་བྱེད་པ་ནི་མ་ཡིན་པ་བཞིན་ནོ། །མདོ་ལས་ཀྱང་། གཟུགས་སྟོང་ཞེས་བྱ་བར་མི་རྟོག ཅེས་གསུངས་པས། སྟོང་པ་ཉིད་དུ་བདེན་པར་ལྟ་བ་བཟློག་པའི་དོན་དུ་དེ་སྐད་དུ་གསུངས་པ་ཡིན་ཏེ། མི་སྟོང་པར་རྟོགས་པ་བཞིན་དུ་སྟོང་པར་བདེན་པར་རྟོག་པ་དེ་ཡང་མི་རྟོག་པའི་ཡེ་ཤེས་ཀྱི་གེགས་ཡིན་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་ཞེས་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་སྟོང་ཉིད་གསུངས་པའི་དགོས་པ་ནི། རྒྱལ་བ་རྣམས་ཀྱིས་ནང་དང་ཕྱི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་ལ་བདེན་པར་འཛིན་པའི་ལྟ་བ་ཀུན་ངེས་པར་འབྱིན་པའི་གཉེན་པོར་གསུངས་ཏེ། གང་དག་སྟོང་པ་ཉིད་ལ་བདེན་པར་ལྟ་བ་དེ་དག་ནི་ཐར་པ་སྒྲུབ་ཏུ་མེད་པར་གསུངས་སོ། །དཔེར་ན། ནད་ཀྱི་གཉེན་པོར་སྨན་བཏང་བ་ན། སྨན་ཉིད་ཁོང་དུ་འཁྱིལ་བས་སླར་ཡང་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་བ་བཞིན་ནོ། །ཞེས་ལེགས་ལྡན་བྱེད་གསུང་ངོ་། །ག་ལས་འཇིགས་མེད་ཀྱང་དོན་དེ་ཉིད་དོ། །སངས་རྒྱས་བསྐྱངས་ཀྱིས་ནི། སྔར། །བཅོམ་ལྡན་འདས་ཀྱི་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །ཞེས་སྨྲས་པས་འདིར་སྟོང་ཉིད་འགོག་པ་དང་འགལ་བར་འགྱུར་རོ་ཞེ་ན། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་བདེན་པར་འཛིན་པའི་ལྟ་བ་ཀུན་ངེས་པར་འབྱིན་པའི་གཉེན་པོར་སྟོང་ཉིད་གསུངས་མོད་ཀྱི། སྟོང་ཉིད་ཅེས་བྱ་བ་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་དོན་གྱིས་རང་བཞིན་གྱིས་སྟོང་པར་བསྟན་པས་དངོས་པོར་མངོན་པར་ཞེན་པ་བཟློག་པར་ནུས་པ་ཡིན་གྱི། གང་དག་སྟོང་པ་ཉིད་ལ་བདེན་པར་ལྟ་བ་དེ་དག་ནི་བཟློག་པར་མི་ནུས་པས་ཐར་པ་སྒྲུབ་ཏུ་མེད་པར་གསུངས་སོ། །དཔེར་ན། ཅི་ཡང་མེད་དོ་ཞེས་པ་ན། ཅི་ཡང་མེད་པ་དེ་ཉིད་བྱིན་ཅིག་ཅེས་སྨྲ་བ་ལ། མེད་པ་ཉིད་འཛིན་དུ་གཞུག་པར་མི་ནུས་པ་བཞིན་ནོ། །གང་དག་གིས་སྟོང་པ་ཉིད་ཀྱང་སྟོང་པར་མཐོང་བས་ན། ཐམས་ཅད་སྟོང་པ་ཉིད་འཐད་དོ། །འདི་དག་གིས་ནི་གཞན་སྟོང་གི་བཀག་པ་ཡང་བསྟན་ནོ། །ཟླ་བ་ཡང་དེ་དང་མཐུན་ནོ། །མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། དེ་ཁོ་ན་ཉིད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་རྣམ་པར་བཤད་པའོ།།    །།ཕྲད་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་ཕྲད་པའམ་བྲལ་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། ཞེས་སོགས་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་ཡང་རང་བཞིན་གྱིས་སྟོང་ངོ་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། འགྲེལ་བ་བཞི་ཆར་ལས། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་དེ། དེ་དག་གིས་ཕྲད་པ་བསྟན་པའི་ཕྱིར་ཞེ་ན། གཉིས་པ་གཞུང་གི་ཚིག་དོན་བསྟན་པ་ལ། དམ་བཅའི་སྒོ་ནས་མདོར་བསྟན། འཐད་པའི་སྒོ་ནས་རྒྱས་པར་བཤད། བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི་བལྟ་བྱ་གཟུགས་དང་། ལྟ་བ་དབང་པོ་དང་། ག་ལས་འཇིགས་མེད་ལྟར་ན། ལྟ་བ་པོ་བདག་དང་། ཟླ་བ་ལྟར་ན། རྣམ་པར་ཤེས་པ་སྟེ། གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །ཞེས་བྱ་སྟེ། ག་ལས་འཇིགས་མེད་ལས། དཔེ་མར་མེ་དང་མུན་པ་བཞིན་ཞེས་ཀྱང་འཆད་དོ། །དེ་བཞིན་དུ་འདོད་ཆགས་དང་། ཆགས་པ་ཅན་དང་། ཆགས་པར་བྱ་བའི་ཡུལ་རྣམས་ཀྱང་། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །ཞེས་སྦྱར་རོ། །ཉོན་མོངས་པའི་ལྷག་མ་རྣམས་དང་། སྐྱེ་མཆེད་ཀྱི་ལྷག་མའང་རྣམ་པ་གསུམ་དུ་བཞག་པའི་ཚུལ་གྱིས་སྔར་བཞིན་དུ་བལྟ་སྟེ། ཞེ་སྡང་སྡང་བ་སྡང་བ་པོ། །ཞེས་སོགས་དང་། མཉན་བྱ་ཉན་པ་ཉན་པ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །ཞེས་བྱའོ། །གཉིས་པ་ལ་གཞན་དུ་མ་གྲུབ་པས་ཕྲད་པ་མི་འཐད། གཅིག་དང་ཐ་དད་ལ་མེད་པས་ཕྲད་པ་མི་འཐད་པའོ། །དང་པོ་ལ། མདོར་བསྟན་པ་དང་། འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི། བལྟ་བྱ་དང་། ལྟ་བ་པོ་སོགས་དོན་གཞན་དུ་གྱུར་ན། བལྟ་བྱ་གཞན་དང་། ལྟ་བ་པོ་ལ་སོགས་པ་ཕྲད་པར་འགྱུར་བ་ཞིག་ན། བལྟ་བྱ་དང་། ལྟ་བ་པོ་ལ་སོགས་པ་དེ་ལ་ཆོས་ཅན། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྲད་པ་ཡོད་པར་མི་འགྱུར་བར་ཐལ། གང་གི་ཕྱིར་ན། གཞན་དུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །ཤེས་རབ་སྒྲོན་མའི་སྦྱོར་བ་ནི། ལྟ་བ་པོ་ནི་བལྟ་བྱ་དང་ཕྲད་པ་མ་ཡིན་ཏེ། གཉིས་པོ་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མ་ཡིན་པའི་ཕྱིར། གཉིས་པ་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མི་འཐད་པ། གཞན་ཉིད་ཀྱི་སྤྱི་མ་གྲུབ་པའོ། །དང་པོ་ལ། རིགས་པ་གཞན་ལ་སྦྱར་ཚུལ། གཞན་གྱི་ངོ་བོ་ཉིད་དགག་པའོ། །དང་པོ་ནི། འོག་ནས་འབྱུང་བའི་ཚུལ་གྱིས་བལྟ་བྱ་ལ་སོགས་པ་འབའ་ཞིག་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་མེད་པར་མ་ཟད་ཀྱི། བུམ་པ་ལ་སོགས་པ་གང་ཡང་སྣམ་བུ་སོགས་གང་དང་ལྷན་ཅིག་ཏུ་གྲུབ་པའི་གཞན་པ་ཉིད་དུ་མི་འཐད་པས་ཕྲད་པ་མི་འཐད་དེ། ཐམས་ཅད་མཐུན་ནོ། །གཉིས་པ་གཞན་གྱི་ངོ་བོ་ཉིད་དགག་པ་ལ། སྣམ་བུ་སོགས་ལ་ལྟོས་ནས་གཞན་དུ་བཞག་པའི་བུམ་སོགས་ནི། སྣམ་བུ་སོགས་གཞན་ལ་བརྟེན་ཏེ་གཞན་དུ་འཇོག་པ་ཡིན་ན། བུམ་སོགས་ནི་ཆོས་ཅན། གཞན་སྣམ་བུ་སོགས་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མ་འགྱུར་བར་ཐལ། སྣམ་བུ་སོགས་ཁྱོད་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མེད་པའི་ཕྱིར། རིགས་པ་གཞན་ཡང་། ལྟ་བ་སོགས་གང་ལ་བརྟེན་ཏེ་གཞན་གྱི་ཐ་སྙད་དུ་བཞག་པའི་བལྟ་བྱ་སོགས་གང་ཡིན་པ་དེ་ནི་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མི་འཐད་དེ། གལ་ཏེ་བལྟ་བྱ་གཟུགས་སོགས་གཞན་ནི། བལྟ་བ་སོགས་གཞན་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། དེའི་ཚེ་བལྟ་བ་སོགས་གཞན་མེད་པར་ཡང་གཞན་དུ་རུང་བར་འགྱུར་བ་ཞིག་ན། བལྟ་བྱ་གཟུགས་ཆོས་ཅན། ལྟ་བ་སོགས་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མེད་དེ། ལྟོས་སའི་གཞན་བལྟ་བ་སོགས་མེད་པར་དེ་ལས་གཞན་དུ་འགྱུར་བ་ཡོད་པ་མིན་པ་དེའི་ཕྱིར་རོ། །ཞེས་འགྲེལ་ཆེན་གསུམ་ལས་འཆད་དོ། །ཟླ་བས་ནི། ཚིག་སྔ་མ་གཉིས་གཞན་དང་འདྲ་ལ། ཕྱི་མའི་དོན་ནི། སྣམ་བུ་སོགས་གང་ལ་བརྟེན་ཏེ་གཞན་དུ་བཞག་པ་གང་ཡིན་པའི་བུམ་སོགས་དེ་ནི་ཆོས་ཅན། སྣམ་བུ་སོགས་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མི་འཐད་པར་ཐལ། སྣམ་བུ་ལ་ལྟོས་ནས་གཞན་དུ་འཇོག་པའི་ཕྱིར། རིང་པོ་དང་ཐུང་ངུ་བཞིན་ནོ། །ཞེས་ཏེ་ལྷག་མ་སྔ་མ་བཞིན་ནོ། །གཉིས་པ་གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་ནི། འགྲེལ་ཆེན་གསུམ་ལས། གཟེགས་ཟན་པ་དག གཞན་ཉིད་ཀྱི་སྤྱི་གཟུགས་ལ་སོགས་པ་གང་ལ་འདུ་བ་དེ་ནི་གཞན་ལ་ལྟོས་པ་མེད་པར་ངོ་བོ་ཉིད་ཀྱིས་གཞན་གྱི་སྒྲ་བློ་བསྐྱེད་པའི་རྒྱུ་ཡིན་ནོ་ཞེ་ན། གཞན་ཉིད་ཀྱི་སྤྱི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་ཐལ། གཞན་ཉིད་ཀྱི་སྤྱི་ཞེས་བྱ་བ་གཞན་དུ་གྲུབ་ཟིན་པ་ལ་ཡོད་པ་མ་ཡིན་ལ། གཞན་མ་ཡིན་པ་ལའང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཞན་དུ་གྲུབ་ཟིན་ན་གཞན་གྱི་སྒྲ་བློ་འཇུག་པའི་དོན་དུ་གཞན་གྱི་སྤྱི་བརྟགས་པ་ལ་དགོས་པ་མེད་ལ། གཞན་མ་ཡིན་པ་ནི་གཅིག་ཡིན་པས་ཟླ་ལ་མ་ལྟོས་པར་གཞན་གྱི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །ཇི་སྐད་བཤད་པའི་རིགས་པས་གཞན་ཉིད་ཡོད་པ་མ་ཡིན་ན། གཞན་ནམ་དེ་ལ་ལྟོས་པའི་དེ་ཉིད་དེ་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་འཆད་དོ། །ག་ལས་འཇིགས་མེད་ཀྱང་དོན་དེ་ཉིད་དོ། །ཡང་བུད་དྷ་པ་ལི་ཏ་ལས་རྣམ་གྲངས་གཞན་བསྟན་པ་ནི། གཞན་བུམ་པ་སོགས་ལ་གཞན་ཉིད་ཀྱི་སྤྱི་ཡོད་པ་མ་ཡིན་པར་ཐལ། རེ་ལྡེ་སོགས་ལས་གཞན་དུ་འཇོག་པའི་ཕྱིར། གཞན་མ་ཡིན་པ་གཅིག་ཏུ་གནས་པ་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ཡོད་པ་མ་ཡིན་པར་ཐལ། ཟླ་ལ་ལྟོས་ནས་གཞན་དུ་འཇོག་དགོས་པའི་ཕྱིར། དེས་ན་དོན་དམ་པའི་དབང་གིས་གཞན་མེད་དོ་ཞེས་བཤད་དོ། །ཚིག་གསལ་ལས་གཞན་པའི་འགྲེལ་པ་གསུམ་གྱི་དོན་བསྡུ་བ་ནི། གཞན་ལ་ལྟོས་ནས་གཞན་མ་ཡིན་པ་ཉིད་དུ་འཇོག་དགོས་ལ། གཞན་དེ་ཉིད་བརྟགས་ན་ཡོད་པ་ལ་ཡིན་པས་ན། གཞན་ནམ་དེའི་གཉེན་པོ་དེ་ཉིད་དེ་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ན་གཞན་བཀག་པས་ཕྲད་པ་མེད་ལ། ཕྲད་པ་མེད་པས་ཕྲད་པའི་འཐད་པས་བསྒྲུབ་པའི་དངོས་པོ་ཡང་མེད་དོ། །གཉིས་པ་གཅིག་དང་ཐ་དད་ལ་མེད་པས་ཕྲད་པ་མི་འཐད་པ་ནི། བུད་དྷ་པ་ལི་ཏ་དང་། ཤེས་རབ་སྒྲོན་མེ་ལས། ལྟོས་སའི་གཞན་བཀག་པས་གཅིག་མ་གྲུབ་ལ། གཞན་དང་གཅིག་མ་གྲུབ་པ་དེའི་ཕྱིར། དེ་ཉིད་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཞེས་མཇུག་བསྡུད་དོ། །ཞེས་བཤད་དོ། །འགྲེལ་པ་གཞན་གཉིས་ལས་ནི། དེ་ཉིད་དེ་དང་ཕྲད་པ་མེད་དེ་གཅིག་ཡིན་པའི་ཕྱིར། གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གཞན་ཡིན་པའི་ཕྱིར་སོ་སོར་གནས་པའི་འོ་མ་དང་ཆུ་བཞིན་ནོ། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ཕྲད་པའི་བྱ་བ་བྱེད་བཞིན་པ་དང་། བྱ་བ་རྫོགས་པའི་ཕྲད་པ་དང་། སྔ་རོལ་དུ་གྲུབ་པའི་ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ཏེ། ཕྲད་པ་བཀག་པས་སོ། །གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་པར་བཤད་པའོ།།    །།དངོས་པོ་དང་དངོས་མེད་བརྟག་པའི་རབ་ཏུ་བྱེད་པའམ། པ་ཚབ་ལྟར་ན། རང་བཞིན་བརྟག་པའི་རབ་ཏུ་བྱེད་པ་ལ་མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་ཆད་པའི་དངོས་པོའམ། རྟག་པའི་དངོས་པོ་མེད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཆད་པའི་དངོས་པོའམ། རྟག་པའི་དངོས་པོ་མེད་དོ་ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་ལས། དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་དེ། སོ་སོ་བྱ་བ་བྱེད་པར་སྣང་བའི་ཕྱིར་དང་། བུམ་སོགས་ཀྱི་ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། ཞེས་གསུང་། བུད་དྷ་པ་ལི་ཏ་ལས། དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་འགལ་བ་ཡིན་ནོ་ཞེས་འགོད་དོ། །ཤེས་རབ་སྒྲོན་མེ་ལས། དངོས་པོ་རྣམས་ངོ་བོ་ཉིད་མེད་པར་དམ་འཆའ་ན་རང་ཚིག་འགལ་བའི་སྐྱོན་ཡོད་དེ། སྨྲས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ངོ་བོ་ཉིད་མེད་ན་ཇི་ལྟར་དངོས་པོ་ཡིན། དངོས་པོ་ཁས་བླངས་ནས་ངོ་བོ་ཉིད་མེད་དོ་ཞེས་སྨྲས་ན། དངོས་པོ་ལ་སྐུར་པ་བཏབ་པའི་ཉེས་པ་ཡོད་དོ་ཞེས་འགོད་དོ། །ཟླ་བས། དངོས་པོ་རྣམས་ལ་རང་བཞིན་ཡོད་དེ། རྒྱུ་རྐྱེན་ལ་ལྟོས་པའི་ཕྱིར། ཞེས་འགོད་དོ། །གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། ཕྱོགས་བཞིའི་སྤྲོས་པ་དགག མི་མཐུན་ཕྱོགས་ལ་ལྟ་བ་སྨད། དབུ་མ་ལ་བློ་སྦྱོང་བར་གདམས་པའོ། །དང་པོ་ལ་ཡང་། རང་བཞིན་དང་གཞན་དངོས་དགག དངོས་པོ་དང་དངོས་མེད་དགག་པའོ། །དང་པོ་ནི། ག་ལས་འཇིགས་མེད་ལས། ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་འབྱུང་བར་རིགས་པ་མ་ཡིན་ནོ། །འབྱུང་ན་ཉེས་པ་ཅིར་འགྱུར་ཞེ་ན། ངོ་བོ་ཉིད་ནི་བྱས་པ་ཉིད་དུ་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། དེ་ལ་ཡང་ཉེས་པ་ཅིར་འགྱུར་ཞེ་ན། རང་བཞིན་ནམ་ངོ་བོ་ཉིད་ནི་བྱས་པ་ཅན་ཞེས་བྱ་བར་ཇི་ལྟ་བུར་ན་རུང་བར་འགྱུར། ཞེས་སོགས་སོ། །འཐད་པ་ནི། ངོ་བོ་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་བྱའོ། །བུད་དྷ་པ་ལི་ཏ་ལས། རང་བཞིན་ནི་རྒྱུ་དང་རྐྱེན་ལས་འབྱུང་བར་རིགས་པ་མ་ཡིན་ནོ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་པས་སོ། །གལ་ཏེ་རྒྱུ་རྐྱེན་ལས་འབྱུང་ན། རང་བཞིན་ནི་བྱས་པ་ཅན་དུ་འགྱུར་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། གལ་ཏེ་བྱས་པ་ཡིན་ཏེ། རྒྱུ་རྐྱེན་གྱིས་སྔོན་མ་བྱུང་བ་ཕྱིས་བསྐྱེད་པའི་ཕྱིར་རོ་ཞེ་ན། རང་བཞིན་ནི་བྱས་པ་ཅན་ཞེས་བྱ་བར་ཇི་ལྟ་བུར་ན་རུང་བར་འགྱུར། ངོ་བོ་ཉིད་དུ་འདོད་པ་དང་། བྱས་པར་འདོད་པ་ཡང་འགལ་བ་ཡིན་ནོ། །འདི་ལ་འཐད་པ་ཅི་ཞིག་ཡོད་ཅེ་ན། རང་བཞིན་དག་ནི་རྒྱུ་རྐྱེན་གྱིས་བཅོས་པ་མིན་པ་དང་། གཞན་ལ་ལྟོས་པ་མེད་པ་ཡིན་པའི་ཕྱིར། རྒྱུ་དང་རྐྱེན་ལ་སོགས་པ་གཞན་ལ་རག་ལས་ནས་འཇུག་པ་ནི། རང་རྐྱ་མ་ཐུབ་པས་རང་གི་བདག་ཉིད་ཀྱིས་མ་གྲུབ་པ་ཡིན་ན། ངོ་བོ་ཉིད་ཅེས་བྱ་བར་ཇི་ལྟར་འཐད་པར་འགྱུར། ཞེས་འཆད་དོ། །ཤེས་རབ་སྒྲོན་མེ་ལས་ནི། ངོ་བོ་ཉིད་རྒྱུ་དང་རྐྱེན་ལས་འབྱུང་བར་རིགས་པ་མ་ཡིན་ནོ། །བཟློག་པ་རང་རྒྱུད་ནི། ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་བཞིན་ནོ། །ངོ་བོ་ཉིད་ཡོད་པ་ནི། གཞན་ལ་རག་མ་ལས་པས་མི་མཐུན་ཕྱོགས་ལས་ལྡོག་པ་གྲུབ་བོ། །འདིར་འགའ་ཞིག་སྒྱུ་མ་ནི། སྔགས་དང་སྨན་ལ་སོགས་པའི་མཐུས། སྤྲུལ་གཞིའི་འཇིམ་པ་དང་། ས་ལ་སོགས་པ་རྫས་སུ་གྲུབ་པ་ཉིད་གླང་པོ་ཆེ་ལ་སོགས་པར་སྣང་བའི་ཕྱིར། དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་ངོ་ཞེ་ན། མ་ཡིན་ཏེ། གླང་པོ་ཆེར་སྣང་ཡང་གླང་པོ་ཆེའི་ངོ་བོ་ཉིད་མེད་པ་དཔེར་འགོད་པར་བྱེད་ཀྱི། འཇིམ་པ་ལ་སོགས་པ་དཔེར་མི་འདོད་པའི་ཕྱིར་དང་། འཇིམ་པ་སོགས་དེ་དག་གི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་དག་གི་སྐྱེ་བ་དགག་པའི་ཕྱིར་དང་། རྫས་སུ་ཡོད་པ་དགག་པའི་ཕྱིར་རོ། །ཚ་བ་ལ་མེའི་རང་བཞིན་ཞེས་བརྗོད་པ་མ་ཡིན་ནམ། ཇི་ལྟར་ན་རང་བཞིན་བྱས་པ་ཅན་དུ་མི་འཐད་ཅེ་ན། དེ་ནི་ཐ་སྙད་པ་ཙམ་ཡིན་གྱི་དོན་དམ་པ་མ་ཡིན་ནོ། །དོན་དམ་པར་ནི། ངོ་བོ་ཉིད་ནི་བྱས་པ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །འཐད་པ་བསྟན་པ་ནི། ངོ་བོ་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་སོ། །སློབ་དཔོན་ཟླ་བ་ནི། སངས་རྒྱས་བསྐྱངས་དང་དོན་མཐུན་པར་སྣང་ངོ་། །འཇིག་རྟེན་ན་གྲགས་པའི་རང་བཞིན་ནི། མེའི་ཚ་བ་དང་། ཆུའི་གཤེར་བ་ལྟ་བུ་སྟེ། མེའི་ཚ་བ་ནི་མེ་གྲུབ་ཙམ་ཉིད་ནས་བྱས་པ་ལ་མི་རྟག་པ་ལྟར་རྗེས་སུ་འབྲེལ་བས་ཕྱིས་རྐྱེན་གཞན་གྱིས་གསར་དུ་བྱས་པ་མ་ཡིན་པ་དང་། རིང་པོ་དང་ཐུང་ངུ་ལྟར་ཆོས་འགའ་ཞིག་ལ་ལྟོས་ནས་ཚ་བར་བཞག་པ་མ་ཡིན་པའི་ཕྱིར་དང་། རྣམ་པ་ཀུན་ཏུ་མེ་ལ་མི་འཁྲུལ་བའི་ཕྱིར་རང་བཞིན་ཞེས་བརྗོད་དོ། །མི་འཁྲུལ་བའི་ཚུལ་ནི། ཡུལ་སོ་སོར་ཡ་བྲལ་དུ་གནས་མི་སྲིད་པ་དང་། དུས་སྔ་ཕྱི་སོ་སོར་གྲུབ་པ་མི་སྲིད་པས་ཡུལ་དུས་གཉིས་ཀྱི་སྒོ་ནས་འཁྲུལ་བ་ཡིན་ནོ། །ཆུའི་གཤེར་བ་ལ་སོགས་པ་ལ་ཡང་སྦྱར་རོ། །མ་བཅོས་པ་དང་། གཞན་ལ་མ་ལྟོས་པའི་ཆོས་གཉིས་ལས་བཟློག་པ་ནི། རང་བཞིན་མ་ཡིན་པ་ཞེས་བརྗོད་དེ། ཆུའི་ཚ་བ་དང་། བཅོས་མའི་ནོར་བུ་བཞིན་ནོ། །དེ་ལ་ཆུའི་ཚ་བ་ནི། ཆུ་གྲུབ་ཙམ་ཉིད་ནས་རྗེས་སུ་འབྲེལ་བ་མ་ཡིན་པར་ཕྱིས་མེ་ལ་སོགས་པའི་རྐྱེན་དང་འབྲེལ་བ་ལས་གསར་དུ་བྱུང་བས་མ་བཅོས་པའི་དོན་མ་ཚང་ལ། ཚ་བའི་རྐྱེན་དང་བྲལ་ན་ཚ་བ་ལ་སོགས་པའི་གནས་སྐབས་ལས་གཞན་དུ་ཡང་འགྱུར་བས་གནས་སྐབས་གཞན་དང་གཞན་དུ་འགྱུར་བའི་ཕྱིར། ཆུའི་རང་བཞིན་མ་ཡིན་ནོ། །ནོར་བུའི་གཟུགས་བརྙན་དུ་བྱས་པའི་བཅོས་མ་ནི་ནོར་བུ་གྲུབ་ཙམ་ཉིད་ནས་རྗེས་སུ་མ་འབྲེལ་བར་ཕྱིས་གཞན་གྱིས་བཅོས་པ་ཡིན་པའི་ཕྱིར། འཇིག་རྟེན་ན་ནོར་བུའི་རང་བཞིན་མ་ཡིན་ནོ་ཞེས་ཐ་སྙད་བྱེད་དོ། །ཚ་བ་ལ་སོགས་པ་ལ་རང་བཞིན་དུ་བརྗོད་པ་ཡང་། མ་རིག་པའི་རབ་རིབ་ཀྱིས་བསླད་པའི་འཇིག་རྟེན་གྱི་ཞེན་པའི་ཚུལ་ལ་ལྟོས་ནས་རང་བཞིན་དུ་རྣམ་པར་བཞག་གི དོན་དམ་པའི་རང་བཞིན་ནི་མ་ཡིན་ཏེ། རྒྱུ་རྐྱེན་གྱིས་གསར་དུ་བྱས་པའི་ཕྱིར་དང་། སྐད་ཅིག་རེ་རེ་ཞིང་འཇིག་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། གལ་ཏེ་འཇིག་རྟེན་ན་ཚ་བ་མེའི་རང་བཞིན་དུ་གྲགས་པ་མ་ཡིན་ནམ་ཞེ་ན། འཇིག་རྟེན་ན་མ་གྲགས་པར་སུ་ཞིག་སྨྲ། གྲགས་པ་ཙམ་གྱིས་དོན་དམ་པའི་རང་བཞིན་དུ་མི་འགྲུབ་སྟེ། འཇིག་རྟེན་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚད་མ་མ་ཡིན་པའི་ཕྱིར། དེས་ན་གཟུགས་ལ་སོགས་པའི་དངོས་པོ་ལ་རང་བཞིན་དུ་མངོན་པར་ཞེན་པ་ནི། དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། རང་བཞིན་གྱི་མཚན་ཉིད་དང་བྲལ་བའི་ཕྱིར། རང་བཞིན་ནི། ཁྱད་པར་གསུམ་དང་ལྡན་པ་སྟེ། རྒྱུ་རྐྱེན་གྱིས་མ་བཅོས་པ་དང་། གཞན་ལ་ལྟོས་ནས་བཞག་པ་མ་ཡིན་པ་དང་། གནས་སྐབས་གཞན་དུ་མི་འགྱུར་བ་སྟེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པ་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མཚན་ཉིད་དེ་དང་ལྡན་པའི་རང་བཞིན་གང་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་སྟེ་སྟོང་པ་ཉིད་དེ་ཡང་བདེན་པར་བརྟགས་པའི་རང་བཞིན་མེད་པ་སྟེ། དེ་བཞིན་ཉིད་དོ། །དེ་བཞིན་ཉིད་དེ་ཡང་གང་ཞེ་ན། ངོ་བོ་འགྱུར་བ་མེད་པར་རྟག་ཏུ་གནས་པ་སྟེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་སྟེ། ཞེས་གསུངས་པ་དང་། མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཉིད་རྣམ་པར་འཁྲུག་མེད་དང་། །འདུ་མི་བྱེད་དང་རྣམ་མི་རྟོག །ཅེས་གསུངས་པ་སྟེ། གང་ཟག་དང་རྒྱུ་རྐྱེན་གྱིས་མ་བཅོས་པར་བསྟན་པ་དག་གོ །འདི་ནི་འཁྲུལ་བ་ལ་སྣང་བ་ཉིད། འཕགས་པའི་ཡེ་ཤེས་ཀྱིས་མ་གཟིགས་པའི་ཚུལ་གྱིས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་སྟེ། མ་མཐོང་སྟོན་པར་མཛད་པ་དང་། །ཞེས་གསུངས་པ་ལྟར་རོ། །འོ་ན་སྟོང་པ་ཉིད་ཡོད་པས་སྔར་སྟོང་པ་ཉིད་བཀག་པ་དང་འགལ་ལོ་ཞེ་ན། ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བའི་ཕྱིར། སྒྲོ་བཏགས་ནས་ཀུན་རྫོབ་ཏུ་ཡོད་དོ་ཞེས་རྣམ་པར་བཞག་སྟེ། བཅོམ་ལྡན་འདས་ཀྱིས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །དེ་ནི་ཉན་ཅིང་སྟོན་པ་ཡིན། །ཞེས་གསུངས་པ་དང་། སློབ་དཔོན་སེང་གེ་བཟང་པོས། སྐྱེ་བོ་དམིགས་པ་ཅན་གྱིས་ངོར་གཟུགས་ལ་སོགས་པ་དངོས་པོ་མེད་པ་ཉིད་ངོ་བོ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །འཕགས་པའི་མཉམ་བཞག་གི་ཡེ་ཤེས་ལ་ལྟོས་ནས་ནི། ཆོས་ཐམས་ཅད་ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པས་སྟོང་མི་སྟོང་དང་ཡོད་མེད་ལ་སོགས་སོ་སོར་རྣམ་པར་དབྱེ་བ་བྱར་མེད་དེ། དེ་ནི་འཇིག་རྟེན་གྱི་ཞེན་ངོ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་ཏེ། སྟོང་ཉིད་བདུན་ཅུ་པ་ལས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་པ་ལྟར་རོ། །ཡོད་མེད་ལ་སོགས་པའི་ཐ་སྙད་ཀྱིས་བརྗོད་ཀྱང་དེ་ཁོ་ན་ཉིད་ལ་རེག་པ་མེད་དེ། ནམ་མཁའ་ལ་རི་མོ་བྲིས་པ་བཞིན་ནོ། །དེ་ཁོ་ན་ཉིད་ཇི་ལྟར་གནས་པའི་ཚུལ་ལ། ཐ་སྙད་ཀྱིས་རེག་པ་མེད་པས་སྟོང་མི་སྟོང་དང་ཡོད་མེད་ལ་སོགས་པ་ནི་རྟོག་ངོར་རྟོག་པས་བཟོས་ནས་སྦྱར་བས་སྤྲོས་པ་ཞེས་བྱའོ། །སྤྲོས་པ་ངོས་མ་ཟིན་པར་སྤྲོས་བྲལ་ཞེས་སྨྲ་བ་ནི་ཚིག་ཙམ་མོ། །ག་ལས་འཇིགས་མེད་ལས། གཞན་གྱི་དངོས་པོའི་ངོ་བོ་ཉིད་ནི་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་པ་ཡིན་ན། གཞན་གྱིས་དངོས་པོ་ག་ལ་ཡོད་དེ་མེད་པར་ཐལ། ངོ་བོ་ཉིད་སྤྱི་ལྡོག་ནས་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དངོས་པོ་ཙམ་ཞིག་ཡོད་དོ་ཞེ་ན། ངོ་བོ་ཉིད་རང་གཞན་དངོས་དག་ཡོད་ན། དངོས་པོ་འགྲུབ་པར་འགྱུར་བ་ཞིག་ན་དངོས་པོ་ག་ལ་ཡོད་དེ་མེད་པར་ཐལ། ངོ་བོ་ཉིད་དང་གཞན་དངོས་དག་གང་དུ་ཡང་མ་གཏོགས་པའི་ཕྱིར་ཏེ། གཉིས་པོ་བཀག་ཟིན་པས་སོ། །བུད་དྷ་པ་ལི་ཏ་ལས། བདག་གིས་དངོས་པོ་གང་ལ་ལྟོས་ནས། དངོས་པོར་འགྱུར་བའི་གཞན་གྱི་དངོས་པོ་ཡོད་དོ་ཞེ་ན། རང་བཞིན་ལ་ལྟོས་ནས་གཞན་གྱིས་དངོས་པོ་ག་ལ་ཡོད་དེ་མེད་པར་ཐལ། ལྟོས་ས་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཞན་གྱི་དངོས་པོའི་རང་བཞིན་ལ་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་པའི་ཕྱིར། གལ་ཏེ་དངོས་པོའི་ངོ་བོ་ཉིད་དང་། གཞན་གྱི་དངོས་པོའི་ངོ་བོ་ཉིད་ཡོད་དོ་ཞེས་བྱ་བ་འདིས་ཅི་ཞིག་བྱ། དངོས་པོ་ནི་ཡོད་དོ་ཞེ་ན། དངོས་པོ་འགྲུབ་པར་འགྱུར་བ་ལས། དངོས་པོ་མེད་པར་ཐལ། རང་བཞིན་དང་གཞན་དངོས་ཀྱང་བཀག་ཟིན་ལ། རང་བཞིན་དང་གཞན་དངོས་དག་ལས་མ་གཏོགས་པའི་དངོས་པོ་འབའ་ཞིག་པ་ག་ལ་ཡོད་དེ་མེད་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས་ནི། གཞན་གྱི་དངོས་པོའི་ངོ་བོ་ཉིད་ནི་ཆོས་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་ན། ཆོས་གཞན་ལ་ལྟོས་ནས། གཞན་གྱི་དངོས་པོའི་ངོ་བོ་ཉིད་ག་ལ་ཡོད་དེ་མེད་པར་ཐལ། ངོ་བོ་ཉིད་ཙམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ངོ་བོ་ཉིད་མེད་པ་སྟོན་པའི་རྗེས་དཔག་མང་དུ་བརྗོད་ཟིན་པའི་ཕྱིར། གལ་ཏེ་མིག་ལ་སོགས་པ་ནི་དོན་དམ་པའི་ངོ་བོ་ཉིད་དུ་ཡོད་དེ། དངོས་པོ་ཡིན་པའི་ཕྱིར། མེའི་ཚ་བ་བཞིན་ནོ་ཞེ་ན། སྔར་མེའི་ཚ་བ་ཉིད་བསལ་བའི་ཕྱིར་དང་། དོན་དམ་པར་ཡོད་པ་ཉིད་བཀག་པའི་ཕྱིར་དང་། སྐྱེ་བ་བཀག་པའི་ཕྱིར་དང་། དཔེ་མ་གྲུབ་པ་དང་། བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་སྐྱོན་ཡང་ཡོད་དོ། །གཟུགས་སོགས་ཀྱི་བདག་ཉིད་ནི་ངོ་བོ་ཉིད་ཅེས་བརྗོད་ལ། སྐྱེ་བྱེད་ཀྱི་རྒྱུ་ལ་གཞན་གྱི་དངོས་པོ་ཞེས་བརྗོད་དོ་ཞེ་ན། སྔ་མ་ལྟར་ངོ་བོ་ཉིད་གཞན་དངོས་དག་ཡོད་ན། དངོས་པོ་འགྲུབ་པར་འགྱུར་བ་ཞིག་ན། དངོས་པོ་མེད་དེ། ངོ་བོ་ཉིད་དང་གཞན་དངོས་དག་བཀག་པའི་ཕྱིར་དང་། ངོ་བོ་ཉིད་རང་གཞན་དངོས་ལས་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ་མེད་པའི་ཕྱིར། འདིར་གཟུགས་སོགས་ཀྱི་བདག་ཉིད་ནི་ངོ་བོ་ཉིད་ཅེས་བྱ་ལ། སྐྱེད་བྱེད་ཀྱི་རྒྱུ་ནི་གཞན་གྱི་དངོས་པོ་ཞེས་འདོད་པར་གསུང་ངོ་། །ཟླ་བ་ཡང་སྔ་མ་རྣམས་དང་གཅིག གལ་ཏེ་དངོས་མེད་ནི་ཡོད་དོ་ཞེ་ན། ག་ལས་འཇིགས་མེད་ལས། གལ་ཏེ་དགག་བྱའི་དངོས་པོ་མ་གྲུབ་ན། དངོས་པོ་བཀག་པའི་དངོས་མེད་གྲུབ་པར་མི་འགྱུར་ཏེ། བུམ་སོགས་ཀྱི་དངོས་པོ་གཞན་གྱོ་དུམ་དུ་གྱུར་པ་ལ་བུམ་པའི་དངོས་མེད་ཡིན་པར་སྐྱེ་བོས་སྨྲ་བའི་ཕྱིར། གཞན་རྣམས་ཀྱང་དོན་གཅིག་གོ །གཉིས་པ་མི་མཐུན་ཕྱོགས་ལ་ལྟ་བ་སྨད་པ་ནི། འགྲེལ་པ་གསུམ་ལས། དངོས་པོའི་དེ་ཁོ་ན་མཐོང་བས་ཐར་བར་འགྱུར་རོ་ཞེས་བྱ་བ་ཡིན་པས། དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་ཡོད་དོ་ཞེ་ན། དངོས་པོར་སྨྲ་བ་གང་དག་རང་བཞིན་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མེད་པ་ཉིད་ཅེས་བྱ་བ་རྣམ་པ་བཞི་པོ་ལ་ལྟ་བ་དེ་དག་ནི། སངས་རྒྱས་ཀྱི་བསྟན་པ་མཆོག་ཏུ་ཟབ་པ་ལ་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཁོ་ན་ལ་ཐར་བར་འཐད་དེ། སྟོན་པས། ཀ་ཏ་ཡ་ནའི་གདམས་ངག་ལས། ཡོད་པ་དང་མེད་པ་གཉིས་ཀ་ལའང་དགག་པ་མཛད་པའི་ཕྱིར། སྟོན་པ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པར་མཁྱེན་པའོ། །ཞེས་པའོ། །ཤེས་རབ་སྒྲོན་མེ་ལས་ནི། དངོས་པོ་དང་དངོས་པོ་མེད་པར་ཞེན་པས་བློ་གྲོས་ཉམས་པར་གྱུར་བ་གང་དག་ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ཏེ། རང་བཞིན་དང་གཞན་དངོས་སོགས་སུ་ལྟ་བ་ནི་རིགས་པ་དང་། ལུང་དང་འགལ་བའི་ཕྱིར། རིགས་པ་དང་འགལ་བ་བཤད་ཟིན་ལ། ལུང་དང་འགལ་བ་ནི། བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པའི་གནས་ཚུལ་མཁྱེན་པའི་སྟོན་པས་ཀ་ཏ་ཡ་ནའི་གདམས་ངག་ལས་ཡོད་པ་དང་མེད་པ་དང་། གཉིས་ཀའང་དགག་པ་མཛད་པའི་ཕྱིར་ཏེ། ཀ་ཏ་ཡ་ན། འཇིག་རྟེན་འདི་ནི་གཉིས་ལ་གནས་ཏེ། ཕ་རོལ་ཡོད་པ་ཉིད་དང་མེད་པ་ཉིད་ལའོ་ཞེས་གསུངས་པས་སོ། །གཞན་ཡང་ཀུན་དགའ་བོ་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་ལ། མེད་ཅེས་བྱ་བ་ནི་ཆད་པར་འགྱུར་རོ་ཞེས་ཀྱང་གསུངས་སོ། །ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས། རྣམ་གྲངས་གཞན་བཤད་པ་ནི། དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་ན། དངོས་པོའི་དེ་ཁོ་ན་མཐོང་བ་ཞེས་ཇི་ལྟར་བྱ་སྙམ་ན། ཤེས་རབ་ཀྱིས་ཡོངས་སུ་རྟོགས་པ་ནི། ངོ་བོ་ཉིད་དང་དངོས་པོ་དང་དངོས་པོ་མེད་པ་སོགས་མེད་དོ་ཞེས་དགག་པའི་ཚུལ་གྱིས་མཐོང་བ་དེ་དག་ནི་དེ་ཁོ་ན་མཐོང་བར་འགྱུར་བ་ཡིན་ཏེ། ངོ་བོ་ཉིད་དགག་པ་སོགས་ནི་དེ་ཁོ་ན་མཐོང་བའི་རྒྱུ་ཡིན་པའི་ཕྱིར། གཞན་དག་སྟོང་པ་ཉིད་དུ་ལྟ་བས་འཇིགས་ཤིང་སྐྲག་པར་གྱུར་པ་ནི་ནམ་མཁས་འཇིགས་ཤིང་སྐྲག་པས་ནམ་མཁའ་སེལ་བར་འདོད་པ་ལྟ་བུའོ། །བདེན་པར་ལྟ་བ་གང་དག རང་བཞིན་དང་གཞན་དངོས་དང་། དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་ལྟ་བ་དེའི་ཕྱིར། དེ་དག་སངས་རྒྱས་བསྟན་པ་ལ་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་དངོས་དང་དངོས་མེད་པ། །སྟོན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་ཁུངས་སུ་མཛད་ནས་གསུངས་སོ། །འདིར་སངས་རྒྱས་བསྐྱངས་ཀྱིས་ཀྱང་། རང་བཞིན་མེད་པ་མཐོང་བ་ཁོ་ནས་ཐར་བར་འགྱུར་ཏེ། འཕགས་པ་ལྷས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་སྦྱར་ནས་བཤད་དོ། །ག་ལས་འཇིགས་མེད་ལས། དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་དག་སྤང་བར་བྱ་སྟེ། གང་གི་ཕྱིར་ན་བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པར་མཁྱེན་པའི་སྟོན་པས། ཀ་ཏ་ཡ་ནའི་གདམས་ལས། ཡོད་པ་དང་མེད་པ་གཉིས་ཀའང་དགག་པ་མཛད་པ་དེའི་ཕྱིར། གཞན་ཡང་གལ་ཏེ་རང་བཞིན་གྱིས་ཡོད་པ་ཡིན་ན་ནི། དེ་ནི་མེད་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར། །གཞན་ཡང་རང་བཞིན་ཡོད་པ་མ་ཡིན་ན། ཁྱེད་ལྟར་ན་མེད་པས་གཞན་དུ་འགྱུར་བ་གང་གི་ཡིན། རང་བཞིན་ཡོད་པ་ཡིན་ན་ཡང་། གཞན་དུ་འགྱུར་བར་ཇི་ལྟར་རུང་སྟེ། རང་བཞིན་ལ་འགྱུར་བ་མེད་པའི་ཕྱིར། སངས་རྒྱས་བསྐྱངས་ལྟར་ན། གཟུགས་སོགས་ཀྱི་དངོས་པོ་རང་བཞིན་མེད་པར་ཤེས་པར་བྱའོ། །གལ་ཏེ་རང་བཞིན་ཡོད་ན་ནི། །ཞེས་སོགས་སྔ་མ་བཞིན་དུ་འཆད། ཟླ་བས་ནི། རང་བཞིན་དང་། གཞན་དངོས་དང་། དངོས་པོ་དང་དངོས་པོ་མེད་པ་ཉིད་དུ་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་སོགས་ནི་རིགས་པས་མི་འཐད་པའི་ཕྱིར་དང་། ལུང་གི་དོན་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ནི་རིགས་པ་དང་འགལ་བའི་ངག་མི་གསུང་བའི་ཕྱིར་ཏེ། དངོས་པོའི་རང་བཞིན་ཐུགས་སུ་ཆུད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་སོགས་རིགས་པས་མི་འཐད་པས་ཐར་པ་འདོད་པ་རྣམས་ལ་བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པ་མཁྱེན་པས་ཀ་ཏ་ཡ་ནའི་གདམས་ངག་ལས་ཡོད་པ་དང་། མེད་པ་གཉིས་ཀའང་དགག་པ་མཛད་པའི་ཕྱིར། གལ་ཏེ་གཟུགས་སོགས་རང་བཞིན་གྱིས་ཡོད་ན་དེ་ནི་མེད་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར། ཤེས་རབ་སྒྲོན་མེ་ལས་ནི། གཟུགས་སོགས་ཀྱི་ངོ་བོ་ཉིད་མི་མཐོང་བའི་ཚུལ་གྱིས་གཟིགས་པ་དག་གིས་དེ་ཁོ་ན་ཉིད་མཐོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། གལ་ཏེ་གཟུགས་སོགས་རང་བཞིན་གྱིས་ཡོད་ན་ཡོངས་གཅོད་དུ་ཐེར་ཟུག་ཏུ་གནས་པས་དེ་ནི་ཕྱིས་མེད་ཅིང་འཇིག་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར། དཔེར་ན་མེའི་ཚ་བ་གྲང་བ་ཉིད་དུ་མི་འགྱུར་བ་བཞིན། འདིར་རྗེས་སུ་དཔག་པ་ནི་ནང་གི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། གཞན་དུ་འགྱུར་བའི་ཕྱིར། ཆུའི་ཚ་བ་བཞིན་ནོ། །དངོས་པོ་ཡོད་པར་འཛིན་པ་ལ་སྐྱོན་གཞན་ཡང་། གལ་ཏེ་རང་བཞིན་ཉིད་ཡོད་ན། གཟགས་སོགས་དེ་དག་ནི་ཕྱིས་མེད་པ་ཉིད་དུ་མི་འགྱུར་ཏེ། རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་ཏེ། རང་བཞིན་ནི་མི་འགྱུར་བའི་ཕྱིར་རོ། །རང་བཞིན་ཡོད་པ་མ་ཡིན་ནའང་། གཞན་དུ་འགྱུར་བ་གང་གི་ཡིན་ཏེ་མི་འགྱུར་བར་ཐལ། མོ་གཤམ་གྱི་བུའི་ན་ཚོད་བཞིན་ནོ། །རང་བཞིན་མི་འཐད་བཞིན་དུ་གོམས་པའི་དབང་གིས་སླར་ཡང་རྟོག་པར་བྱེད་ན། རང་བཞིན་ཡོད་པ་ཡིན་ན་ཡང་གཞན་དུ་འགྱུར་བར་ཇི་ལྟར་རུང་། ལན་བཏབ་ཟིན་པའི་ཕྱིར་དང་། སྟོང་པ་ཉིད་མེད་ན་གཞན་དུ་འགྱུར་བ་མི་རུང་བའི་ཕྱིར་རོ། །གཞན་ཡང་ཡོད་ཅེས་བྱ་བ་རྟག་པར་འཛིན་པ་དང་། མེད་ཅེས་བྱ་བ་ཆད་པར་ལྟ་བ་གཉིས་ཀ་ཡང་ལྟ་བ་ངན་པ་ཡིན་ཏེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གེགས་སུ་གྱུར་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་སོ། །གསུམ་པ་དབུ་མ་ལ་བློ་སྦྱང་བར་གདམས་པ་ལ། ཤེས་རབ་སྒྲོན་མེ་ལས། ཡོད་ཅེས་བྱ་བར་འཛིན་པ་རྟག་པར་འཛིན་པ་དང་། མེད་ཅེས་བྱ་བར་འཛིན་པ་ཆད་པར་ལྟ་བ་དེའི་ཕྱིར། ཡོད་པ་དང་མེད་པའི་ཕྱོགས་ལ་མཁས་པས་གནས་པར་མི་བྱའོ། །དེ་ཇི་ལྟར་རྟག་ཆད་དུ་ལྟ་བར་འགྱུར་ཞེ་ན། གང་ཞིག་ངོ་བོ་ཉིད་ཀྱིས་ཡོད་པ་དེ་ནི་ཕྱིས་མེད་པ་ཉིད་དུ་འགྱུར་བ་མིན་པས་རྟག་པར་འགྱུར་ལ། དེ་ལྟ་ན། དེར་འཛིན་པ་ལ་རྟག་པར་ལྟ་བ་ཞེས་བྱའོ། །དངོས་པོ་གང་སྔོན་བྱུང་ལ་ད་ལྟར་མེད་དོ་ཞེས་པར་འཛིན་པ་ཡང་རང་བཞིན་གྱིས་ཡོད་པ་འཇིག་པར་འཛིན་པ་དེས་ན་ཆད་པར་ལྟ་བ་ཉིད་དུ་ཐལ་བར་འགྱུར་རོ། །ག་ལས་འཇིགས་མེད་དང་བུད་དྷ་པ་ལི་ཏ་ལས་ནི། ཡོད་ཅེས་བྱ་བ་རྟག་པར་འཛིན་པ་དང་། མེད་ཅེས་བྱ་བ་ཆད་པར་ལྟ་བ་དེའི་ཕྱིར། ཡོད་པ་དང་མེད་པ་ལ་མཁས་པས་གནས་པར་མི་བྱའོ། །ཇི་ལྟར་འདི་རྟག་ཆད་དུ་ལྟ་བར་ཐལ་བར་འགྱུར་ཞེ་ན། གང་ཞིག་རང་བཞིན་གྱིས་ཡོད་པ་དེ་ནི་ནམ་ཡང་མེད་པ་མིན་ཏེ་མི་འགྱུར་བས་སོ། །དེའི་ཕྱིར། ཡོད་པ་ཉིད་དུ་ལྟ་བས་ནི་རྟག་པར་ལྟ་བར་ཐལ་བར་འགྱུར་བས་སོ། །དངོས་པོ་གང་སྔོན་བྱུང་ལ་ད་ལྟར་མེད་ཅེས་པ་འཛིན་པ་ནི། ཡོད་པ་ལ་འཇིག་པར་ལྟ་བ་དེས་ན་ཆད་པར་ལྟ་བ་ཉིད་དུ་ཐལ་བར་འགྱུར་རོ། །ཞེས་བཤད་དོ། །ཉེས་པ་འདི་ཁྱེད་ལ་ཡང་མཚུངས་སོ་ཞེ་ན། ཤེས་རབ་སྒྲོན་མེ་ལས། དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པས་ཡོད་མེད་དུ་ལྟ་བ་མེད་ལ། ཐ་སྙད་དུ་ཡང་སྒྱུ་མར་གནས་པ་བཞིན་ཡིན་པས། ཡོད་མེད་དུ་ལྟ་བ་མེད་པའི་ཕྱིར། མཐའ་གཉིས་སུ་མཐོང་བ་མེད་དོ། །ཇི་སྐད་དུ་མདོ་སྡེ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །དངོས་རྣམས་ཐམས་ཅད་ཡོད་པ་ཉིད། །གལ་ཏེ་ཇི་ལྟར་དེ་མཐོང་ཡོད། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཆོས་རྣམས་ཐམས་ཅད་ཡོད་མིན་པས། །ཉོན་མོངས་མེད་ཅིང་རྣམ་བརྟགས་མེད། །དེ་དག་བྱེད་པ་མཐོང་ལྟར་མེད། །དེ་དག་མེད་པ་ཉིད་ཀྱང་མིན། །ཞེས་ཁུངས་སུ་དྲངས་ནས་གསུངས་སོ། །འདིས་ནི་རང་རྒྱུད་པས་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པ་འདོད་ཅེས་པ་ཡང་བཀག་པ་ཡིན་ནོ། །གསུམ་པ་ནི། དབུ་མ་རྩ་བ་ལས། དངོས་པོ་དང་དངོས་པོ་མེད་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅོ་ལྔ་པའི་རྣམ་པར་བཤད་པའོ།།    །།བཅིངས་ཐར་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་འཁོར་བའམ་འཁོར་བའི་ཆོས་ཅན་མེད་དོ། །ཞེས་སོགས་དང་། ཡུམ་ལས། གཟུགས་མ་སྐྱེས་པའི་ཕྱིར། མ་བཅིངས་མ་གྲོལ་ལོ་ཞེས་པ་ལ་སོགས་པའོ། །རབ་ཏུ་བྱེད་པའི་འབྲེལ་ལ། ག་ལས་འཇིགས་མེད་ལས་ནི། དངོས་པོ་དང་དངོས་པོ་མེད་པ་སོགས་མི་འཐད་ན། གཞི་མེད་པ་ལ་འཁོར་འདས་དང་བཅིངས་གྲོལ་མེད་པས་ཇི་ལྟར་མི་འཐད་པའི་ཚུལ་བསྟན་པར་བྱ་དགོས་སོ་ཞེའོ། །སངས་རྒྱས་བསྐྱངས་ཀྱིས་ནི། དངོས་པོ་ངོ་བོ་ཉིད་མེད་པར་མཐོང་བ་ལ་དེ་ཁོ་ན་ཉིད་མཐོང་བར་འདོད་ན། འཁོར་འདས་སོགས་མི་འཐད་པར་ཐལ་བ་ལས། འཐད་པ་དེའི་ཕྱིར། ངོ་བོ་ཉིད་མེད་པར་མཐོང་བས་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་གྱི། དངོས་པོ་སོགས་མཐོང་བ་ཉིད་དེ་ཁོ་ན་ཉིད་མཐོང་བའོ་ཞེ་ན། འཁོར་འདས་མི་འཐད་པའི་ཚུལ་སྟོན་པ་ནི་ཞེའོ། །ཤེས་རབ་སྒྲོན་མེ་ལས་ནི། བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མེད་ལ། མྱ་ངན་ལས་འདས་པ་ཡང་མེད་དོ་ཞེས་གསུངས་པའི་དོན་རིགས་པས་སྟོན་པའི་དབང་དུ་མཛད་ནས་རབ་ཏུ་བྱེད་པ་འདི་གསུངས་སོ། །ཞེས་སོ། །ཟླ་བས་ནི། དངོས་པོའི་རང་བཞིན་ཡོད་དེ། འཁོར་བ་ཡོད་པའི་ཕྱིར། ཞེས་བཤད་དོ། །གཉིས་པ་གཞུང་གི་དོན་བཤད་པ་ལ། འཁོར་འདས་དགག་པ། བཅིངས་གྲོལ་དགག་པ། གཞན་གྱི་ཉེས་པ་སྤང་བའོ། །དང་པོ་ལ། ག་ལས་འཇིགས་མེད་ལས་ནི། གལ་ཏེ་འཁོར་བ་འདོད་ན་འདུ་བྱེད་དམ་སེམས་ཅན་ནམ། གང་ཟག་འཁོར་བར་འདོད། གལ་ཏེ་འདུ་བྱེད་འཁོར་རོ་ཞེ་ན། འདུ་བྱེད་དེ་དག་རྟག་ན་མི་འཁོར་ཏེ། མི་འགྱུར་བའི་ཕྱིར། མི་རྟག་ན་ཡང་འཁོར་བར་མི་འགྱུར་ཏེ། སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་དང་། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་དང་། སྐད་ཅིག་གིས་རྣམ་པར་འཇིག་པའི་ཕྱིར། གལ་ཏེ་སེམས་ཅན་འཁོར་རོ་ཞེ་ན། མི་འཐད་དེ། སེམས་ཅན་ལ་ཡང་སྔ་མའི་རིགས་པའི་རིམ་འདི་མཚུངས་པའི་ཕྱིར། གལ་ཏེ་རྟག་མི་རྟག་སོགས་སུ་བརྗོད་དུ་མེད་པའི་གང་ཟག་འཁོར་རོ་ཞེ་ན། བརྗོད་མེད་ཀྱི་གང་ཟག་དེ་ནི་གང་ཞིག་འཁོར་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་ལ་གཅིག་དང་ཐ་དད་རྟེན་དང་བརྟེན་པ་དང་། ལྡན་པ་དང་རྣམ་པ་ལྔའི་སྒོ་ནས་བཙལ་ན་མེད་པའི་ཕྱིར་ཞེས་གསུང་ངོ་། །སངས་རྒྱས་བསྐྱངས་ཀྱིས་ནི། གལ་ཏེ་འདུ་བྱེད་འཁོར་རོ་ཞེ་ན། འདུ་བྱེད་དེ་དག་རྟག་ན་མི་འཁོར་ཏེ། མི་འགྱུར་བས་འཁོར་བའི་བྱ་བ་མེད་པའི་ཕྱིར། མི་རྟག་ན་ཡང་འཁོར་བར་མི་འགྱུར་ཏེ། སྔ་མ་ཉིད་འགག་པས་ཕྱི་མའི་དུས་གཞན་དུ་མི་སྐྱེ་བའི་ཕྱིར་ཞེས་གསུང་ངོ་། །ཟླ་བ་ཡང་ག་ལས་འཇིགས་མེད་བཞིན་དུ་འཆད། ཤེས་རབ་སྒྲོན་མེ་ལས་ནི། གལ་དེ་འདུ་བྱེད་འཁོར་རོ་ཞེ་ན། འདུ་བྱེད་རྟག་པའམ། མི་རྟག་པ་འཁོར་གྲང་། གྲངས་ཅན་དག་འདུ་བྱེད་གནས་སྐབས་སྔ་མ་སྔ་མ་བོར་ནས་ཕྱི་མ་ཕྱི་མ་ཐོབ་ཅིང་། རང་བཞིན་མི་འཇིགས་པའི་ཕྱིར། རྟག་པ་ཁོ་ན་འཁོར་རོ་ཞེ་ན། འདུ་བྱེད་དེ་དག་རྟག་པར་འདོད་ན་མི་འཁོར་ཏེ། འདུ་བྱེད་རྟག་པ་ཉིད་དུ་སྟོན་པའི་རྗེས་དཔག་མེད་པའི་ཕྱིར་དང་། རྟག་པ་ལ་བཅིངས་ཐར་མི་རུང་བའི་ཕྱིར་དང་། སྐྱེ་བ་བཀག་པའི་ཕྱིར་དང་། དངོས་པོའི་ངོ་བོ་ཉིད་བཀག་པའི་ཕྱིར་རོ། །རང་གི་སྡེ་པ་དག འདུ་བྱེད་མི་རྟག་པ་འཁོར་བར་འདོད་ན་ཡང་། མི་རྟག་པ་འཁོར་བར་མི་འགྱུར་བར་ཐལ། སྐད་ཅིག་ཕྱི་མ་སྐྱེས་པ་ན་སྔ་མ་ཞིག་ཟིན་པས། སླར་སྐྱེ་བ་མེད་པའི་ཕྱིར་རོ། །སྦྱོར་བའི་ཚིག་ནི། ནང་གི་འདུ་བྱེད་རྣམས་དོན་དམ་པར་འཁོར་བར་མི་འཐད་དེ། མི་རྟག་པ་ཡིན་པའི་ཕྱིར། དཔེར་ན་ཕྱིར་རོལ་གྱི་བུམ་པ་བཞིན་ནོ། །གལ་ཏེ་སེམས་ཅན་འཁོར་བར་འདོད་པ་ལ་ཡང་སྔ་མའི་རིགས་པའི་རིམ་པ་འདི་མཚུངས་སོ། །གལ་ཏེ་འདུ་བྱེད་དང་སེམས་ཅན་གཉེན་པོ་མ་སྐྱེས་པ་དེ་སྲིད་དུ་གཅིག་ནས་གཅིག་ཏུ་རྒྱུད་པའི་རྒྱུན་ཆགས་པའི་རིམ་པས་འཁོར་རོ་ཞེ་ན། མི་འཐད་དེ། དེ་མ་ཐག་རྐྱེན་བཞིན་དུ་སྔ་མ་འགགས་པ་ཉིད་ཕྱི་མ་རྐྱེན་ཡིན་པ་བཀག་པའི་ཕྱིར་རོ། །གལ་ཏེ་གནས་མ་བུའི་སྡེ་པ་དག་རྟག་སོགས་སུ་བརྗོད་དུ་མེད་པའི་གང་ཟག་འཁོར་རོ་ཞེ་ན། ལན་ག་ལས་འཇིགས་མེད་བཞིན་ནོ། །སྦྱོར་བ་ནི། གང་ཟག་དོན་དམ་པར་ཡོད་པ་མ་ཡིན་ཏེ། ཕུང་པོ་ཡང་མ་ཡིན་ལ། ཕུང་པོ་ལས་མ་གཏོགས་པར་དམིགས་སུ་ཡང་མེད་པའི་ཕྱིར། བོང་བུའི་རྭ་བཞིན་ནོ། །གང་ཟག་འཁོར་བ་བཀག་མོད། འོན་ཀྱང་མངོན་པར་ཞེན་པས་སླར་ཡང་གང་ཟག་འཁོར་བར་འདོད་ན། ག་ལས་འཇིགས་མེད་ལས། ཉེ་བར་ལེན་པ་དང་བཅས་པའམ། ཉེ་བར་ལེན་པ་མེད་པའི་གང་ཟག་འབའ་ཞིག་འཁོར་གྲང་། ཉེ་བར་ལེན་པ་དང་བཅས་པ་འཁོར་བར་མི་འཐད་དེ། སྔ་མའི་ཉེ་བར་ལེན་པ་ནས་ཕྱི་མའི་ཉེ་བར་ལེན་པར་འཁོར་བར་འདོད་དགོས་ན། དེའི་བར་སྐབས་ན་སྲིད་པ་མེད་པར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པའི་གང་ཟག་འབའ་ཞིག་ཡང་མི་འཁོར་ཏེ། བར་དུ་སྲིད་པ་མེད་ལ། སྲིད་པ་མེད་ན་ཉེ་བར་ལེན་པ་མེད་ཅིང་། ཉེ་བར་ལེན་པ་མེད་ན། གང་ཟག་དེ་གང་ཞིག་ཡིན་ཅིང་། མེད་པས་ཅི་ཞིག་འཁོར་བར་འགྱུར། །ཞེས་གསུང་ངོ་། །སངས་རྒྱས་བསྐྱངས་ལྟར་ན། སྔ་མའི་ཉེ་བར་ལེན་པ་ནས། ཕྱི་མའི་ཉེ་བར་ལེན་པར་འཁོར་བ་ན། སྔ་མ་བཏང་། ཕྱི་མ་མ་བླངས་པའི་བར་འདིར་སྲིད་པ་མེད་པར་འགྱུར་ཏེ། སྲིད་པར་གདགས་པའི་གཞི་ཉེ་བར་ལེན་པ་མེད་པས་སོ། །བར་འདིར་སྲིད་པ་ཡང་མེད། ཉེ་བར་ལེན་པ་ཡང་མེད་ན། གང་ཟག་དེ་གང་ཞིག་ཡིན་ཏེ་མེད་པར་འགྱུར་རོ། །གང་ཟག་མེད་ན་ཡང་གང་ཟག་ཅི་ཞིག་འཁོར་བར་འགྱུར། བར་དུ་བར་མ་དོའི་སྲིད་པ་ཡོད་པས་སྲིད་པ་མེད་པར་མི་འགྱུར་རོ་ཞེ་ན། འདིར་ཡང་སྔ་མའི་སྲིད་པ་བཏང་བར་མ་དོའི་སྲིད་པ་མ་བླངས་པའི་བར་འདིར་སྲིད་པ་མེད་པར་ཐལ་བ་སྔ་མ་བཞིན་དུ་གནས་སོ། །ཤེས་རབ་སྒྲོན་མེ་ལས་ནི། གང་ཟག་འཁོར་བ་བསལ་བས་མེད་ན་ཡང་མངོན་པར་ཞེན་པའི་དབང་གིས་སླར་ཡང་འཁོར་བར་རྟོག་པར་བྱེད་ན། ཉེ་བར་ལེན་ནས་ལེན་མེད་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ནའང་། །ཞེས་པའི་བར་སངས་རྒྱས་བསྐྱངས་དང་དོན་གཅིག་པར་སྣང་ངོ་། །གལ་ཏེ་སྲིད་པ་སྔ་ཕྱི་གཉིས་ཀྱི་བར་དུ་བར་མ་དོའི་སྲིད་པ་ཡོད་པས་སྲིད་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེ་ན། ལན་ལ་སངས་རྒྱས་བསྐྱངས་ཀྱིས། སྔར་བཤད་པའི་ཉེས་པ་འཇུག་གོ་ཞེས་འདོད་པ་ཉིད་མི་འཐད་དེ། སྐད་ཅིག་མ་གཅིག་ཁོ་ན་ལ་སྔ་ཕྱི་གཏོང་ལེན་བྱེད་པར་མི་ནུས་པའི་ཕྱིར། ཞེས་དགག་པ་མཛད་ནས། རང་ལུགས་ལ་བར་འདིར་འཁོར་བ་པོའི་གང་ཟག་དེ་མེད་པས་ན་གང་ཟག་ཅི་ཞིག་འཁོར་བར་འགྱུར་ཞེས་འཆད་དོ། །ཟླ་བ་ཡང་ཚིག་དོན་སློབ་དཔོན་ལེགས་ལྡན་བྱེད་དང་གཅིག་ལ། འཕྲོས་དོན་ནི། འདུ་བྱེད་རྒྱུ་དང་འབྲས་བུ་རིམ་པ་གཅིག་ནས་གཅིག་ཏུ་རྒྱུད་པས་འཁོར་རོ་ཞེ་ན། འབྲས་བུ་སྐྱེས་པ་མི་འཁོར་ཏེ། འགྲོ་འོང་མེད་པའི་ཕྱིར།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号