ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 རྒྱུ་ཞིག་པ་ཡང་མི་འཁོར་ཏེ་འགྲོ་འོང་མེད་པའི་ཕྱིར། ཕྱི་མ་སྐྱེས་པ་ན་སྔ་མ་འཁོར་རོ་ཞེ་ན། སྔ་ཕྱི་གཅིག་གམ་ཐ་དད་གཅིག་ཏུ་མི་འཐད་དེ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། སྔ་མ་དང་ཕྱི་མ་ཞེས་པའི་ཐ་སྙད་ཀྱང་མི་ཐོབ་པར་འགྱུར་རོ། །ཕྱི་མའི་དུས་སུ་སྔ་མ་མ་ཞིག་པར་ཡང་འགྱུར་ཏེ། སྔ་ཕྱི་ཐ་མི་དད་པའི་ཕྱིར། སྔ་མའི་དུས་སུ་ཕྱི་མ་སྐྱེས་པར་ཡང་འགྱུར་ཏེ། སྔ་མ་དང་གཅིག་ཡིན་པའི་ཕྱིར། ཅི་སྟེ་གཞན་ཡིན་ནོ་ཞེ་ན། སྔ་མ་གཞན་འཁོར་བས་ཕྱི་མ་གཞན་འཁོར་བར་ཇི་ལྟར་འགྱུར། འཁོར་བར་འགྱུར་ན། སོ་སྐྱེ་འཁོར་བས་གཞན་དགྲ་བཅོམ་པ་འཁོར་བར་འགྱུར་བ་དང་། མར་མེ་གཞན་འབར་བ་ན་ཤི་བའི་མར་མེ་ཡང་འབར་རོ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་སེམས་ཅན་འཁོར་བར་འདོད་པ་ལ་ཡང་སྔ་མའི་རིགས་པའི་རིམ་པ་འདི་མཚུངས་ལ། གལ་ཏེ་གང་ཟག་འཁོར་ཞེ་ན། །ཞེས་པ་ནས། དེ་གང་ཅི་ཞིག་འཁོར་བར་འགྱུར། ཞེས་པའི་བར་སྔ་མ་བཞིན་དུ་འཆད། འཕྲོས་དོན་ནི། ཉེ་བར་ལེན་པ་སྔ་མ་བཏང་ནས་འཁོར་བའམ། མ་བཏང་བར་འཁོར། དང་པོ་ལྟར་ན་བར་དུ་སྲིད་པ་མེད་པར་ཐལ་བར་འགྱུར་ལ། ཅི་སྟེ་མ་བཏང་བར་འཁོར་ན་སྔ་མ་མིའི་ཕུང་པོ་མ་བཏང་བར། ཕྱི་མ་ལྷའི་ཕུང་པོ་བཟུང་བས་བདག་གཅིག་གཉིས་སུ་འགྱུར་རོ། །ཅིག་ཆར་གཏོང་ལེན་བྱེད་པས་ཉེས་པ་མེད་ཅེ་ན། ཅི་ཕྱོགས་གཅིག་གིས་སྔ་མ་གཏོང་ཞིང་ཕྱོགས་གཅིག་གིས་ཕྱི་མ་ལེན་ན་སྔ་མ་བཞིན་དུ་བདག་གཉིས་སུ་ཐལ་བར་འགྱུར་ལ། བདག་ཉིད་ཐམས་ཅད་ཀྱིས་གཏོང་ལེན་བྱེད་ན་གཏོང་ལེན་དངོས་པོ་གཅིག་ལ་ཅིག་ཆར་མཐོང་བ་མིན་ནོ། །གལ་ཏེ་རྐང་པ་གཅིག་གིས་ཕྱོགས་གཅིག་གནོན་ལ། ཡ་གཅིག་གིས་གཞན་ལེན་པ་བཞིན་དུ་གཏོང་ལེན་བྱེད་དོ་ཞེ་ན། ཆ་ཤས་གཅིག་གིས་སྔ་མ་ལ་གནས་ལ། གཅིག་གིས་ཕྱི་མ་ལེན་པས་བདག་ཆ་ཤས་དུ་མ་ཉིད་ཐལ་བར་འགྱུར་རོ་ཞེའོ། །མྱ་ངན་ལས་འདས་པ་དགག་པ་ལ། ག་ལས་འཇིགས་མེད་ལས། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང་། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །ཞེས་བྱ་སྟེ། འདུ་བྱེད་དང་སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བུད་དྷ་པ་ལི་ཏ་དང་ཟླ་བས་ནི། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དེ། །རྟག་པ་དང་མི་རྟག་པ་གཉིས་ཀ་ལ་མི་འཐད་པའི་ཕྱིར། སེམས་ཅན་མྱ་ངན་འདའ་བར་ཡང་། ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་ཏེ། གཉིས་ཀ་ངོ་བོ་ཉིད་མེད་པའི་ཕྱིར། ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས། འདུ་བྱེད་མྱ་ངན་ལས་འདའ་བར་ནི། ཇི་ལྟ་བུར་ཡང་མི་འཐད་དེ། དོན་དམ་པར་མ་སྐྱེས་པའི་ཕྱིར། སྦྱོར་བ་ནི། འདུ་བྱེད་མི་རྟག་པ་རྣམས་དོན་དམ་པར་མྱ་ངན་ལས་མི་འདའ་སྟེ། མི་རྟག་པའི་ཕྱིར། ཕྱི་རོལ་གྱི་ས་བཞིན་ནོ། །རྟག་པ་མྱང་ངན་ལས་འདའ་བར་མི་འཐད་དེ། རྒྱུ་མེད་པའི་ཕྱིར། ནམ་མཁའ་བཞིན་ནོ། །སེམས་ཅན་མྱ་ངན་ལས་འདའ་བར་ཡང་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་ཏེ། ཞེས་བྱ་སྟེ། སྔ་མ་བཞིན་ནོ། །གཉིས་པ་བཅིངས་གྲོལ་དགག་པ་ནི། ག་ལས་འཇིགས་མེད་ལས། བཅིངས་གྲོལ་ནི་ཡོད་དེ། འདུ་བྱེད་དང་སེམས་ཅན་སྔར་བཅིང་བ་དག་ཕྱིས་གྲོལ་བར་འགྱུར་རོ་ཞེ་ན། འདུ་བྱེད་རྣམས་ཆོས་ཅན། སྔར་མི་འཆིང་ཞིང་ཕྱིས་ཀྱང་གྲོལ་བར་མི་འགྱུར་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། གང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ནི། གྲུབ་མ་ཐག་ཏུ་འཇིག་པས་བཅིང་བ་དང་གྲོལ་བའི་བྱ་བ་འཇུག་པའི་གོ་སྐབས་ག་ལ་ཡོད་དེ། སྔ་མ་བཞིན་དུ་མེད་དོ། །སེམས་ཅན་ཡང་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། རྣམ་པ་ལྔས་ཕུང་པོ་སོགས་ལ་བཙལ་དུ་མེད་པའི་ཕྱིར་ཞེས་བཤད་དོ། །བུད་དྷ་པ་ལི་ཏ་ལས། ཚིག་རྐང་སྔ་མ་གཉིས་ག་ལས་འཇིགས་མེད་དང་མཐུན་ལ། ཚིག་ཕྱི་མ་གཉིས་ཀྱི་འཆད་ཚུལ་ལ། སྔར་སེམས་ཅན་རྟག་པ་དང་། མི་རྟག་པ་ལ་འཁོར་འདས་མི་འཐད་པར་བསྟན་པ་བཞིན་དུ། སེམས་ཅན་ལ་ཡང་རྟག་པ་དང་མི་རྟག་པ་མི་འཆིང་ཞིང་གྲོལ་བར་མི་འགྱུར་རོ་ཞེས་བྱའོ། །ཤེས་རབ་སྒྲོན་མེ་ལས་སྔ་མ་འདུ་བྱེད་ལ་འཁོར་འདས་མི་འཐད་པར་བསྟན་པ་བཞིན་དུ། འདུ་བྱེད་རྣམས་ལ་ཡང་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། སེམས་ཅན་ལ་ཡང་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། རྟག་མི་རྟག་གཉིས་ཀ་ལ་སྐྱོན་བསྟན་པའི་ཕྱིར་རོ། །ཟླ་བས་ནི། སྔ་མ་བཞིན་དུ་ཞེས་པ་འདུ་བྱེད་ལ་འཁོར་འདས་མི་འཐད་པར་བསྟན་པ་དེ་བཞིན་དུ་ཞེས་འཆད་དེ། ལྷག་མ་རྣམས་ལེགས་ལྡན་བྱེད་དང་དོན་གཅིག་གོ །འགྲེལ་ཆེན་གསུམ་ལས་ནི། རྟག་པ་དང་མི་རྟག་པར་བརྗོད་དུ་མེད་པའི་སེམས་ཅན་ཉིད་འཆིང་ངོ་ཞེ་ན། ཞེས་པའི་རྩོད་པ་འགོད་ལ། ཟླ་བས་ནི། འཆིང་བྱེད་ཀྱི་ཉེ་བར་ལེན་པ་ཡོད་པས་འཆིང་བ་ཡང་ཡོད་དོ་ཞེ་ན། ཞེས་པའི་རྩོད་པ་འགོད་དོ། །ལན་ལ་འགྲེལ་ཆེན་གསུམ་གྱི་དོན་ནི། གལ་ཏེ་ཉེ་བར་ལེན་པ་ཉིད་འཆིང་བའི་འཆིང་བྱེད་དུ་འདོད་ན། དེས་ཉེ་བར་ལེན་པ་དང་བཅས་པའམ། ཉེ་བར་ལེན་པ་མེད་པ་ཞིག་འཆིང་གྲང་། ཉེ་བར་ལེན་པ་དང་བཅས་པ་ཉིད་འཆིང་བར་མི་འགྱུར་ཏེ། བཅིངས་ཟིན་པའི་ཕྱིར་དང་། འཆིང་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་ཉེ་བར་ལེན་པའང་གཉིས་སུ་ཐལ་བར་འགྱུར་རོ། །ཉེ་བར་ལེན་པ་མེད་པ་ཡང་མི་འཆིང་སྟེ། འཆིང་བ་དང་བྲལ་བའི་ཕྱིར། དེ་བཞིན་གཤེགས་པ་བཞིན་ནོ། །གཉིས་པོ་ལས་ཐ་དད་པའི་གནས་སྐབས་གང་ཞིག འཆིང་བར་འགྱུར་ཏེ་མེད་པས་སོ། །གཞན་ཡང་གལ་ཏེ་བཅིང་བར་བྱ་བའི་སྔ་རོལ་ན། འཆིང་བར་བྱེད་པའི་ཆགས་སོགས་ཡོད་ན་དེས་འཆིང་ལ་རག་པ་ལས། སྔ་རོལ་གྱི་འཆིང་བྱེད་ཀྱི་འཆིང་བ་མི་འཐད་པར་ཐལ། སྔ་རོལ་གྱི་འཆིང་བྱེད་དེ་ཡང་མེད་པའི་ཕྱིར་ཏེ་སྔ་རོལ་གྱི་རྟེན་གྱི་གང་ཟག་མེད་པའི་ཕྱིར། གཞན་ཡང་འགོག་བྱེད་ཀྱི་རིགས་པའི་ལྷག་མ་ནི། སོང་དང་མ་སོང་བགོམ་པའི་རིགས་པས་བསྟན་ཏེ། རེ་ཤིག་བཅིངས་པ་མི་འཆིང་སྟེ། །མ་བཅིངས་པར་ཡང་འཆིང་མི་འགྱུར། །བཅིངས་དང་མ་བཅིངས་མ་གཏོགས་པར། །འཆིང་བཞིན་ཤེས་པར་མི་འགྱུར་རོ། །ཞེས་སྦྱར་རོ། །ཤེས་རབ་སྒྲོན་མེ་ལས་ནི། གལ་ཏེ་ཉེ་བར་ལེན་པ་ཉིད་འཆིང་ན། ཉེ་བར་ལེན་པ་དང་བཅས་པ་འཆིང་བར་མི་འགྱུར་ཏེ། ཉེ་བར་ལེན་པ་དང་བཅས་པ་ནི་ཉེ་བར་ལེན་པ་སླར་མི་ལེན་པའི་ཕྱིར། ལྷ་སྦྱིན་གྱིས་མཆོད་སྦྱིན་གྱིས་ལུས་ཉེ་བར་ལེན་པ་མེད་པ་བཞིན་ནོ། །གལ་ཏེ་ཉེ་བར་ལེན་འཆིང་ན། །ཉེ་བར་ལེན་བཅས་གྲོལ་མི་འགྱུར། །ཞེས་འཆད་དེ། ལྷག་མ་རྣམས་སྔ་མ་བཞིན་ནོ། །གྲོལ་བ་དགག་པ་ནི། ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས་ནི། རེ་ཤིག་བཅིངས་པ་མི་གྲོལ་ཏེ། བཅིངས་ཟིན་པའི་ཕྱིར། མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། བཅིངས་པ་མེད་པའི་ཕྱིར། གལ་ཏེ་བཅིངས་པ་ཉིད་གྲོལ་བཞིན་པ་ཡིན་པར་གྱུར་ན། བཅིངས་པ་དང་གྲོལ་བ་མི་མཐུན་པ་གཉིས་ཆོས་ཅན་གཅིག་ལ་དུས་གཅིག་ཏུ་གྲུབ་པར་ཐལ་བར་འགྱུར་རོ་ཞེས་བཤད་དོ། །ཟླ་བས། བཅིངས་པ་གྲོལ་ལོ་ཞེས་མི་བརྗོད་པར། གྲོལ་བར་འགྱུར་རོ། །ཞེས་བརྗོད་དགོས་པར་འགྱུར་རོ། །གྲོལ་བ་དང་ཉེ་བས་གྲོལ་ལོ་ཞེས་བརྗོད་ཅེ་ན། གང་ལ་ཉེ་བའི་གྲོལ་བ་ཉིད་མེད་པའི་ཕྱིར། མི་འཐད་དོ། །ལྷག་མ་རྣམས་སྔ་མ་བཞིན་ནོ། །ཤེས་རབ་སྒྲོན་མེ་ལས་ནི། རེ་ཤིག་བཅིངས་པ་མི་གྲོལ་ཏེ། འཆིང་བའི་གཉེན་པོ་མ་སྐྱེས་པའི་ཕྱིར། འཆིང་བ་ཀུན་ལྡན་བཞིན་ནོ། །མ་བཅིངས་པར་ཡང་གྲོལ་བར་མི་འགྱུར་ཏེ། བཅིངས་པ་མེད་པའི་ཕྱིར། བཅིངས་པ་མེད་ན་གང་ལས་གྲོལ་བར་འགྱུར། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་འབྱུང་བས་བཅིངས་བཞིན་པ་ཉིད་གྲོལ་བཞིན་པ་ཡིན་པར་གྱུར་ན། བཅིངས་པ་དང་གྲོལ་བ་བྱ་བ་མི་མཐུན་པ་གཉིས་དུས་གཅིག་ཏུ་ཐལ་བར་འགྱུར་རོ། །གསུང་ངོ་། །གསུམ་པ་གཞན་གྱི་ཉེས་པ་སྤང་བ་ལ། ཐར་པ་ཡོད་དེ། བདག་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་མྱ་ངན་ལས་འདས་པ་ནི་བདག་གི་ཐོབ་བྱར་འགྱུར་རོ་སྙམ་དུ་སེམས་པ་ཡོད་པའི་ཕྱིར་ཞེ་ན། ཐར་པ་འདོད་པ་གང་དག་བདག་ནི་ལེན་པ་མེད་པར་མྱ་ངན་ལས་འདའ། མྱ་ངན་ལས་འདས་པ་ནི་བདག་གི་ཐོབ་བྱར་འགྱུར་རོ་ཞེས་དེ་ལྟར་བདག་དང་བདག་གིར་འཛིན་པ་དེའི་འཇིག་ཚོགས་ལ་ལྟ་བ་དང་། ཉེ་བར་ལེན་པ་མངོན་པར་ཞེན་པ་དང་ལྡན་པས་ན་ཐར་པ་མི་འཐོབ་སྟེ། བདག་དང་བདག་གིར་འཛིན་པ་ཉིད་ཐར་བའི་གེགས་སུ་གྱུར་པའི་འཛིན་པ་ཆེན་པོ་ཡིན་པའི་ཕྱིར། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། འཁོར་བ་པོ་དང་མྱ་ངན་ལས་འདས་པ་པོ་ཡོད་དོ་ཞེའམ། ལེགས་ལྡན་བྱེད་ལྟར་ན་སྔར་འདུ་བྱེད་དང་སེམས་ཅན་དང་གང་ཟག་ལ་བཅིངས་གྲོལ་མི་འཐད་པར་བསྟན་པའི་མཇུག་བསྡུ་བ་ནི་ཞེས་གསུངས་ཏེ། དོན་དམ་པ་དེ་ལ་འཁོར་བ་ཅི་ཞིག་བརྟག་ཏུ་ཡོད་པ་ཡིན་ཏེ། མེད་པར་ཐལ་བ་དང་མྱ་ངན་ལས་འདས་པའང་ཅི་ཞིག་བརྟག་ཏུ་ཡོད་དེ་མེད་པར་ཐལ། དོན་དམ་པ་གང་ལ་མྱ་ངན་ལས་འདས་པ་གསར་དུ་བསྐྱེད་པའང་མེད། འཁོར་བ་གསར་དུ་གསལ་བར་བྱ་བའང་ཡོད་པ་མིན་པའི་ཕྱིར། ནམ་མཁའ་བཞིན་ནོ། །ཞེས་དོན་མཐུན་ནོ། །གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩབ་ལས། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་པར་བཤད་པའོ།།    །།ལས་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད་ལ། ལས་ཀྱི་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་ལས། དངོས་པོ་ཐམས་ཅད་སྟོང་པ་མ་ཡིན་ཏེ། ལས་དང་འབྲས་བུ་རྣམ་པར་བཞག་པའི་ཕྱིར། ཅེས་པ་དང་། བུད་དྷ་པ་ལི་ཏ་དང་། ལེགས་ལྡན་བྱེད་ལྟར་ན། འདུ་བྱེད་དང་འཁོར་བ་ཡོད་དེ། ལས་དང་འབྲས་བུའི་འབྲེལ་བ་ཡོད་པའི་ཕྱིར་རོ། །ཟླ་བ་ལྟར་ན། འཁོར་བ་ཡོད་དེ། ལས་དང་འབྲས་བུའི་འབྲེལ་པ་བསྟན་པའི་ཕྱིར། གཉིས་པ་གཞུང་གི་དོན་ལ། གཞན་གཞུང་རྗེས་སུ་བརྗོད་པ། ཧ་ཅང་ཐལ་བའི་ཉེས་པ་བརྗོད་པ། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ། ལས་མདོར་བསྟན་པ་དང་། ལས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ནི། བདག་ཉིད་མི་དགེ་བ་ལས་ལེགས་པར་སྡོམ་པ་དང་། སྙན་པར་སྨྲ་བ་སོགས་ཀྱིས་གཞན་ལ་ཕན་འདོགས་པ་དང་། བྱམས་སེམས་ནི་བྱམས་པའི་སེམས་ཏེ། གསུམ་པོ་གང་ཡིན་པ་དེ་ནི་ཆོས་ཡིན་ལ་དེ་ནི་འདི་དང་གཞན་དུ་འབྲས་བུ་དག་གི་ས་བོན་ཡིན་པར་འདོད་དོ། །གཉིས་པ་ལས་ཀྱི་དབྱེ་བ་བཤད་པ་ལ། མདོར་དབྱེ་བ་དང་། རྒྱས་པར་དབྱེ་བའོ། །དང་པོ་ནི། དྲང་སྲོང་མཆོག་གི་ལས་རྣམས་ནི། སེམས་པའི་ལས་དང་། བསམ་པར་བྱས་པའི་ལས་གཉིས་སུ་གསུངས་སོ། །སླར་ཡང་ལས་དེ་དག་གི་བྱེ་བྲག་ནི། རྣམ་པ་དུ་མར་ཡོངས་སུ་བསྒྲགས་སོ། །གཉིས་པ་ནི། དེ་ལ་གསུམ་དུ་གསུངས་ཚུལ་ནི། དེ་ལ་ལས་གང་སེམས་པའི་ལས་ཞེས་གསུངས་པ་དེ་ནི་ཡིད་ཀྱིར་འདོད་ལ། གང་བསམ་པའི་ལས་ཞེས་གསུངས་པ་དེ་ནི་ལུས་དང་ངག་གི་ལས་ཡིན་ནོ། །བདུན་དུ་བསྟན་པ་ནི། དགེ་མི་དགེས་བསྡུས་པའི་ངག་གི་རྣམ་པར་རིག་བྱེད་དང་། ཡང་བསྐྱོད་པ་སྟེ་གཉིས་པོས་བསྡུས་པའི་ལུས་ཀྱི་རྣམ་པར་རིག་བྱེད་དེ། གཞན་རིག་བྱེད་མ་ཡིན་པ་དག་ཀྱང་རིག་བྱེད་དེ་བཞིན་དུ་དགེ་མི་དགེ་གཉིས་སུ་འདོད་དེ། མི་དགེ་བ་ནི་སྲོག་གཅོད་སོགས་མི་སྤོང་བའི་རྣམ་པར་རིག་བྱེད་མིན་པ་ཞེས་བྱ་བ་ཁས་བླངས་པ་ལས་ཐོབ་པའི་སྡོམ་མིན་གང་ཡིན་པའོ། །དགེ་བ་ནི་སྲོག་གཅོད་སོགས་སྤོང་བའི་རྣམ་པར་རིག་བྱེད་མིན་པ་སྡོམ་པའི་ངོ་བོའོ། །རིག་བྱེད་ལ་དགེ་མི་དགེ་གཉིས་སུ་ཕྱེ་བ་ལ་དེ་བཞིན་དུ། བར་མ་ལུས་བསྐྱེད་པ་ལས་ཐོབ་པ་ཡང་གཉིས་ཏེ། དགེ་བ་ནི་གཙུག་ལག་ཁང་ལ་སོགས་པ་དགེ་འདུན་ལ་ཕུལ་བ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་དང་། མི་དགེ་བ་ནི་སྲོག་གཅོད་པའི་ཁང་པ་ལ་སོགས་པ་བྱས་པའི་བསོད་ནམས་མ་ཡིན་པའི་ལས་སོ། །ཐམས་ཅད་ཀྱི་ཀུན་སློང་གི་སེམས་པ་དེ་དང་ཆོས་བདུན་པོ་ནི་ལས་སུ་མངོན་པར་འདོད་པ་ཡིན་ནོ་ཞེས་པ་ནི་ཟླ་བའོ། །འགྲེལ་པ་གཞན་གསུམ་ལས་ནི། མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་ཁས་བླངས་པ་ལས་ཐོབ་པ་དེ་བཞིན་དུ། དགེ་བའི་རྣམ་པར་རིག་བྱེད་མིན་པ་ཡང་ཁས་བླངས་པ་ལས་ཐོབ་ཅེས་པའི་དོན་དུ་འཆད་དོ། །གཉིས་པ་ཧ་ཅང་ཐལ་བའི་ཉེས་པ་བརྗོད་པ་ནི། གལ་ཏེ་ལས་དེ་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་གནས་ན་རྟག་པར་འགྱུར་ལ། རྣམ་པར་སྨིན་པ་འབྱིན་པར་ཡང་མི་འགྱུར་རོ། །གལ་ཏེ་འབྲས་བུ་མ་སྐྱེས་པའི་སྔ་རོལ་དུ་འགགས་ཟིན་ན་ཕྱིས་འབྲས་བུ་ཇི་ལྟར་བསྐྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འབྲས་བུའི་སྔ་རོལ་ནས་འགགས་པར་གྱུར་པའི་ཕྱིར། འདི་སློབ་དཔོན་གསུམ་གྱིས་དབུ་མའི་རིགས་པར་འཆད་ལ། ཟླ་བས་ནི། ཟུར་ན་གནས་པའི་རྒོལ་བས་རྩོད་པར་འདོད་དོ། །གསུམ་པ་ཉེས་སྤོང་གི་ལན་དགག་པ་ལ། གཞན་གྱི་ཉེས་སྤོང་བརྗོད་ཚུལ་ལ་གཉིས་ཏེ། མདོ་སྡེ་པའི་འདོད་ཚུལ་ལ། རྟག་ཆད་སྤོང་ཚུལ། ལས་ཀྱི་འབྲས་བུ་བཤད་པའོ། །དང་པོ་ལ་འགྲེལ་པ་གསུམ་གྱི་དོན་ནི། ལས་དང་འབྲས་བུར་འབྲེལ་བ་ནི་འཐད་དེ། སེམས་ཀྱི་རྒྱུན་ལས་འབྲས་བུ་འགྲུབ་པའི་ཕྱིར། དཔེར་ན་མྱུ་གུ་དང་སྡོང་བུ་ལ་སོགས་པའི་རྒྱུན་གང་ཡིན་པ་ནི། ས་བོན་ལས་མངོན་པར་འབྱུང་ཞིང་། དེ་ལས་འབྲས་བུ་འབྱུང་བས་རྗེས་འགྲོ་གྲུབ་བོ། །ས་བོན་མེད་ན་མྱུ་གུ་དང་སྡོང་བུ་ལ་སོགས་པའི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་བའི་ཕྱིར། ལྡོག་པ་གྲུབ་བོ། །ཆད་པའི་སྐྱོན་ཡང་ཡོད་པ་མིན་ཏེ། གང་གི་ཕྱིར་ན། ས་བོན་ལས་སྡོང་བུ་དང་མྱུ་གུ་ལ་སོགས་པའི་རྒྱུན་དང་། རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་བའི་ཕྱིར། རྟག་པ་ཡང་མ་ཡིན་ཏེ། ས་བོན་འབྲས་བུའི་སྔོན་དུ་འགྲོ་བའི་སྒོ་ནས་མྱུ་གུའི་དུས་སུ་འགག་པ་དེའི་ཕྱིར། དཔེ་དེ་བཞིན་དུ་དགེ་སྡིག་གི་སེམས་ཀྱི་རྒྱུན་གང་ཡིན་པ་སེམས་པ་སོགས་ཀྱི་ལས་ལས་མངོན་པར་འབྱུང་བར་འགྱུར་ལ། དེ་ལས་འབྲས་བུ་བདེ་སྡུག་འབྱུང་བའི་ཕྱིར། རྗེས་འགྲོ་གྲུབ་བོ། །སེམས་པའི་ལས་ལྟ་བུ་ཞིག་མེད་ན་སེམས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་བའི་ཕྱིར། ལྡོག་པ་ངེས་སོ། །ལས་ནི་ཆད་པ་མིན་ཏེ། གང་གི་ཕྱིར་ན་སེམས་པ་ལ་སོགས་པའི་ལས་ལས་དགེ་སྡིག་གི་སེམས་ཀྱི་རྒྱུན་དང་། རྒྱུན་ལས་འབྲས་བུ་དང་སྡུག་བསྔལ་འབྱུང་བར་འགྱུར་བའི་ཕྱིར། རྟག་པ་མ་ཡིན་ཏེ། ལས་ནི་འབྲས་བུའི་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་སྨིན་གྱི་དུས་སུ་འགག་པ་དེའི་ཕྱིར། ཐོག་མཐའི་ཞིང་གཉིས་ནི་ཕྱི་མ་སྡུད་པའི་ཚིག་གོ །གཉིས་པ་ལས་ཀྱི་འབྲས་བུ་བཤད་པ་ནི། ཆོས་བསྒྲུབ་པ་ཡི་ཐབས་རྣམས་ནི། །དཀར་པོ་ལས་ཀྱི་ལམ་བཅུ་སྟེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔ་འོ། །ཞེས་གསུངས་པ་ལྟར་རོ། །ཟླ་བ་ཡང་དོན་དེ་ཉིད་དོ། །བྱེ་བྲག་སྨྲ་བའི་འདོད་ཚུལ་ལ། གཞན་ལ་ཉེས་པ་བརྗོད་པ། རང་གི་འདོད་ཚུལ་བཞག་པའོ། །དང་པོ་ལ་ཡང་འགྲེལ་པ་བཞི་ཆར་གྱི་དོན་ནི། གལ་ཏེ་ས་བོན་དང་མྱུ་གུ་རྒྱུན་འབྲེལ་བའི་དཔེས། ལས་འབྲས་ཀྱི་རྟག་ཆད་ཀྱི་སྐྱོན་སྤོང་ཚུལ་གྱི་བརྟག་པ་དེར་འགྱུར་ན། འདི་ཕྱི་དང་འགལ་བའི་ཉེས་པ་ཆེན་པོ་མང་པོར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུའི་རྒྱུན་ཁོ་ན་འབྱུང་ལ། ས་ལུའི་ས་བོན་ལས་ས་ལུའི་མྱུ་གུའི་རྒྱུན་ཁོ་ན་འབྱུང་བ་ལྟར། དགེ་བའི་སེམས་ལས་དགེ་བའི་སེམས་ཁོ་ན་དང་། མི་དགེ་བའི་སེམས་ལས་མི་དགེ་བའི་སེམས་ཁོ་ན་འབྱུང་བ་དང་། སྔར་མིར་སྐྱེས་པ་ཕྱིས་ཀྱང་མི་ཁོ་ནར་སྐྱེ་བར་ཐལ་བ་སོགས་སྐྱོན་མང་པོ་གནས་སོ། །ས་མྱུག་ཆོས་མཐུན་པ་ཁས་བླངས་པའི་སྒོ་ནས་ཉེས་པ་བརྗོད་པ་ནི། འགྲེལ་པ་གསུམ་གྱི་འཆད་ཚུལ་ཡིན་ལ། ག་ལས་འཇིགས་མེད་ལས་ནི། ཆོས་མཐུན་པ་ཞེས་མ་སྨོས་པར། ས་བོན་ལས་མྱུ་གུའི་རྒྱུན་ཁོ་ན་སྐྱེ་བ་ལྟར། དགེ་བའི་སེམས་ལས་དགེ་བའི་སེམས་ཀྱི་རྒྱུན་ཁོ་ན་སྐྱེ་བ་སོགས་སྔ་མ་བཞིན་བརྗོད་དོ། །ཁྱོད་ཀྱི་འདོད་ཚུལ་ལ་སྐྱོན་ཡོད་པ་དེ་ལྟ་བས་ན་ཁྱོད་ཀྱི་བརྟག་པ་དེ་ལས་འབྲས་ཀྱི་སྐྱོན་སྤོང་ཚུལ་འདིར་ནི་འཐད་པ་མ་ཡིན་ནོ། །གཉིས་པ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། སངས་རྒྱས་རྣམས་དང་། རང་རྒྱལ་དང་། ཉན་ཐོས་རྣམས་ཀྱིས་གང་གསུངས་པའི་རྟག་ཆད་སྤོང་བའི་བརྟག་པ་གང་ཞིག འཐད་པའི་ཚུལ་གང་ཡིན་པ་དེ་ནི་འདིར་རབ་ཏུ་བརྗོད་པར་བྱ། རྒྱས་པར་བཤད་པ་ལ་ནི། ཆུད་མི་ཟ་བའི་དཔེས་བསྟན་པ། དབྱེ་བ་དང་རང་བཞིན་བསྟན་པ། དཔང་རྒྱ་གང་དུ་གཏོགས་པ། སྐྱེ་འགག་བྱེད་པའི་ཚུལ། ངོ་བོའི་སྒོ་ནས་དབྱེ་བ་བསྟན་པའོ། །དང་པོ་ནི། ཉི་མ་གྲགས་ཀྱི་འགྱུར་ལས། དཔང་རྒྱ་ཇི་ལྟར་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །ཞེས་འབྱུང་ལ། གཞན་གསུམ་གྱི་འགྱུར་ལས་ནི། ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །དེ་ལྟར་ལས་དང་ཆུད་མི་ཟ། །ཞེས་སོ། །བུ་ལོན་ཇི་ལྟ་བ་དེ་ལྟར་ནི་ལས་ཡིན་ལ། དཔང་རྒྱ་ཇི་ལྟ་བ་དེ་ལྟར་ནི་ཆུད་མི་ཟ་བ་སྟེ། བུ་ལོན་གྱི་ནོར་དེ་སྤྱད་ཀྱང་དཔང་རྒྱ་ཡོད་པས། ནོར་བདག་གི་ནོར་ཆུད་མི་ཟ་ཞིང་སྐྱེད་དང་བཅས་པ་འོང་བ་བཞིན་དུ་ལས་འགགས་སུ་ཟིན་ཀྱང་ནོར་ཁུགས་པ་ན་དཔང་རྒྱ་དོན་མེད་པ་བཞིན་དུ། ལས་ཀྱི་འབྲས་བུ་སྨིན་ཟིན་ནས་ཆུད་མི་ཟ་ཡང་དོན་མེད་པར་འགྱུར་རོ། །གཉིས་པ་ནི། ཆུད་མི་ཟ་དེ་ནི། ཁམས་གསུམ་གྱི་དབྱེ་བ་ལས་གསུམ་དང་། ཟག་མེད་ཀྱི་ལས་ཀྱི་ཆུད་མི་ཟ་དང་རྣམ་པ་བཞིའོ། །དེ་ཡང་རང་བཞིན་ལུང་མ་བསྟན་ཏེ། གལ་ཏེ་དགེ་བའི་ལས་ཀྱི་ཆུད་མི་ཟ་དགེ་བ་ཡིན་ན། དགེ་རྩ་ཆད་པའི་རྒྱུད་ལ་མེད་པར་འགྱུར་ལ། མི་དགེ་བ་ཡིན་ན། འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྒྱུད་ལ་མེད་པར་འགྱུར་བས་ལུང་མ་བསྟན་ཁོ་ནའོ། །གསུམ་པ་ནི། བདེན་པ་མཐོང་བའི་དུས་སུ་མཐོང་སྤང་སྤོང་བས་སྤང་བ་མ་ཡིན་ཏེ། འོ་ན་ཇི་ལྟར་ཞེ་ན། སྒོམ་པའི་ལམ་གྱི་སྤང་བར་བྱ་བ་ཉིད་ཀྱང་ཡིན་ནོ། །ཀྱང་གི་སྒྲ་ནི་དེར་མ་ཟད། འབྲས་བུ་ཕྱི་མ་ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུ་ཐོབ་པས་ཀྱང་སྤོང་བ་ཡིན་ནོ། །ཞེས་ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་དོ། །ཟླ་བས་ཁམས་ལས་འདའ་བའི་ཚེ་ཡང་སྤོང་ངོ་ཞེས་འཆད་དོ། །བུད་དྷ་པ་ལི་ཏ་ལས་ནི། ཀྱང་གི་སྒྲའི་ནུས་པ་མི་སྣང་ངོ་། །མཐོང་སྤང་སྤོང་བས་སྤང་བ་མ་ཡིན་པ་དེའི་ཕྱིར། ལས་སྤངས་སུ་ཟིན་ཀྱང་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་འགྲེལ་ཆེན་གཉིས་ལས་བཤད་དོ། །བུད་དྷ་པ་ལི་ཏ་ལས་ནི། བདེན་པ་མཐོང་བའི་དུས་སུ་མཐོང་སྤང་སྤོང་བས་མི་སྤོང་བ་དེའི་ཕྱིར། འབྲས་བུ་ཐོབ་ཏུ་ཟིན་ཀྱང་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་རོ་ཞེས་བཤད། ཟླ་བས་ལས་སྤངས་ཀྱང་སྤང་བ་མ་ཡིན་པ་དེའི་ཕྱིར་ཞེས་བཤད་དོ། །གལ་ཏེ་བདེན་པ་མཐོང་བའི་དུས་སུ་མཐོང་སྤངས་སྤོང་བས་སྤང་བ་དང་། ལས་སྔ་མ་བྱས་ནས་ཕྱི་མ་བྱེད་པ་ལ་འཕོ་བ་ཡིས། སྔ་མའི་ཆུད་མི་ཟ་འཇིག་པར་འགྱུར་བར་འདོད་ན། ཕྱོགས་དེ་ལ་ལས་བྱེད་པ་པོའི་གང་ཟག་གི་རྒྱུད་ལ་ལས་ཀྱི་རྒྱུན་འཇིག་པ་དང་། རྣམ་པར་སྨིན་པ་མྱོང་བ་མེད་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་རོ་ཞེས་ཟླ་བའོ། །གཞན་གསུམ་ལས་ནི། གལ་ཏེ་སྤོང་བས་སྤང་བ་དང་། །ལས་འཕོ་བ་དང་མཐུན་གྱུར་ན། །ཞེས་གསུངས་ཏེ། ལས་འཕོ་བ་སྟེ་འགགས་པའི་ལས་དང་། ཆུད་མི་ཟ་རིགས་མཐུན་པར་གྱུར་ན། དེ་ལ་བདེན་པ་མཐོང་བའི་དུས་སུ་སྔར་གྱི་ལས་ཀྱི་ཆུད་མི་ཟ་འཇིག་པ་དང་། སོ་སྐྱེའི་ལས་འགགས་པས་དེའི་ཆུད་མི་ཟ་ཡང་འཇིག་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་རོ། །དེ་ལྟ་ན། སྔོན་སོ་སྐྱེའི་དུས་སུ་བསགས་པའི་ལས་ཀྱི་རྣམ་སྨིན་འཕགས་པ་ཐོབ་པས་ནི་མྱོང་དུ་མེད་པར་ཐལ་བར་འགྱུར་རོ། །བཞི་པ་སྐྱེ་འགག་བྱེད་པའི་ཚུལ་ནི། འདོད་པ་དང་གཟུགས་ཀྱི་ཁམས་ལ་སོགས་པའི་ཁམས་སུ་མཚུངས་པའི་ལས་དགེ་བ་སོགས་སུ་ཆ་མཚུངས་པ་དང་། དགེ་མི་དགེ་སོགས་ཆ་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་དེ་ནི་ཉིང་འཚམས་སྦྱོར་བའི་ཚེ་སོ་སོ་བ་བཏང་ནས་གཅིག་བུ་ཁོ་ན་སྐྱེ་བར་འགྱུར་རོ། །མཐོང་བའི་ཆོས་ལ་རྣམ་གཉིས་སོ། །ཀུན་གྱི་ལས་དང་ལས་ཀྱི་སྟེ། །ཞེས་གསུངས་ཏེ། མཐོང་བའི་ཆོས་ལ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམ་པ་གཉིས་པོའི་ལས་ཀུན་གྱི་སེམས་པའི་ལས་དང་བསམ་པའི་ལས་ཐམས་ཅད་ཀྱི་ཆུད་མི་ཟ་དེ་ནི་ལས་ཀྱི་གྲངས་དང་མཐུན་པར་ཐ་དད་པར་སྐྱེ་བར་འགྱུར་ཞིང་། ལས་རྣམ་པར་སྨིན་ཀྱང་གནས་པ་ཡིན་ནོ་ཞེས་ཟླ་བའོ། །གཞན་གསུམ་ལས་ནི། ཚེ་འདིའི་ལས་ནི་སེམས་པ་དང་། བསམ་པའི་བྱེ་བྲག་གམ། དགེ་བ་དང་མི་དགེ་བའི་བྱེ་བྲག་གིས་རྣམ་པ་གཉིས་པོ་ཀུན་གྱི་ལས་དང་ལས་ཀྱི་ཆུད་མི་ཟ་དེ་ནི་ལས་ཀྱི་གྲངས་དང་མཐུན་པར་ཐ་དད་པར་སྐྱེ་བར་འགྱུར་ཞིང་། ལས་རྣམ་པར་སྨིན་ཀྱང་གནས་པ་ཡིན་ཞེས་འཆད་དོ། །འགག་ཚུལ་ལ་ཆུད་མི་ཟ་དེ་ནི། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་སྔ་མ་ལས་ཕྱི་མ་ལ་འཕོ་བ་དང་། ཤི་བར་གྱུར་ན་འགག་པར་འགྱུར་བས་འགག་ཚུལ་གཉིས་སུ་བསྟན་ནོ། །ལྔ་པ་ངོ་བོའི་སྒོ་ནས་དབྱེ་བ་བསྟན་པ་ལ། ཆུད་མི་ཟ་དེའི་རྣམ་པར་དབྱེ་བ་ནི་ཟག་མེད་དང་ཟག་པ་དང་བཅས་པའི་ལས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་དུ་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། ཆུད་མི་ཟ་ནི་སྟོང་པ་ཉིད་དུ་བཤད་དེ། གཞན་གྱིས་བརྟགས་པའི་བདག་གིས་སྟོང་པའི་ཕྱིར། ཆད་པ་ཡང་མིན་ཏེ། ཆུད་མི་ཟ་བར་གནས་པའི་ཕྱིར་དང་། འཁོར་བ་ཡང་འཐད་དེ། འགྲོ་བ་ཐ་དད་པར་གནས་པའི་ཕྱིར་དང་། འདུ་བྱེད་ཐ་དད་པ་མངོན་པར་འགྲུབ་པའི་ཕྱིར། རྟག་པ་མིན་ཏེ། ལས་རྣམས་འཇིག་པའི་ཕྱིར་ཞེས་གསུང་ངོ་། །བུད་དྷ་པ་ལི་ཏ་ལས་སྟོང་པ་ཉིད་དུ་བཤད་དོ། །ངོ་བོ་ངེས་པར་མི་གནས་པའི་ཕྱིར། ཆད་པ་ཡང་མིན་ལ། འཁོར་བ་ཡང་འཐད་པ་ཡིན་ནོ། །འཁོར་བ་ཡོད་ཀྱང་རྟག་པ་མིན་ནོ་གསུང་ངོ་། །ཟླ་བས། སྟོང་པ་ཉིད་མིན་ཏེ། རང་བཞིན་གནས་པ་མིན་པའི་ཕྱིར། ཆད་པ་མིན་ཏེ། རྣམ་སྨིན་འབྱིན་པའི་ཕྱིར། འཁོར་བ་ཡང་གྲུབ་པ་ཡིན་ཏེ། འགྲོ་བ་སྣ་ཚོགས་པ་གྲུབ་པའི་ཕྱིར། རྟག་པ་ཡང་མིན་ཏེ། ངོ་བོ་མི་གནས་པའི་ཕྱིར་ཞེས་བཤད་དོ། །ཁྱད་པར་བཞི་ལྡན་གྱིས་ལས་རྣམས་ཆུད་མི་ཟ་བའི་ཆོས་སངས་རྒྱས་ཀྱིས་ནི་བསྟན་པ་ཡིན་ནོ་ཞེས་བྱའོ། །ཉེས་སྤོང་གི་ལན་སྟོན་པ་ལ་ནི། རང་བཞིན་མེད་པས་རྟག་ཆད་མེད་པའི་ཚུལ། རང་བཞིན་ཡོད་པར་འདོད་པ་ལའང་གནོད་བྱེད་བརྗོད། བདེན་པར་ཡོད་པའི་སྒྲུབ་བྱེད་དགག ཐ་སྙད་དུ་ཇི་ལྟར་བཞག་པའི་ཚུལ་ལོ། །དང་པོ་ལ། འགྲེལ་པ་གསུམ་གྱི་དོན་ནི། ལས་ཡོད་ན་རྣམ་པར་སྨིན་པ་དང་འབྲེལ་བས་ཆུད་མི་ཟ་རྟོག་པར་རིགས་ན། ལས་བདེན་པར་གྲུབ་པ་མེད་དེ། ལས་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་ཡང་གང་གི་ཕྱིར་ན། འདི་ལྟར་རང་བཞིན་མེད་པ་དེའི་ཕྱིར། དེ་ནི་རྡོ་རྗེ་གཟེགས་མའི་རིགས་པས་བསྟན་ཟིན་ནོ། །ལས་སྐྱེ་བ་ཡོད་དེ། བཅོམ་ལྡན་འདས་ཀྱིས། ལས་རྣམས་ཆུད་མི་ཟ་བའོ། །ཞེས་གསུངས་སོ་ཞེ་ན། ལས་དེ་ནི་ཆུད་ཟ་བར་མི་འགྱུར་ཏེ། གང་གི་ཕྱིར་ན་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར། རི་བོང་གི་རྭ་བཞིན་ནོ། །གལ་ཏེ་ལས་ལ་རང་བཞིན་ཡོད་པར་འདོད་ན། རྒྱུ་རྐྱེན་གྱིས་མ་བཅོས་པས་རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། རང་བཞིན་ནི་མི་འགྱུར་བའི་ཕྱིར་རོ། །འདོད་ན། ལས་ནི་བྱས་པ་མ་ཡིན་པར་འགྱུར་ཏེ། རྟག་པ་ལ་རྐྱེན་གྱི་བྱ་བ་འཇུག་པ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་མ་བྱས་པར་འབྲས་བུ་འབྱུང་བར་རྟོག་ན། རང་གིས་མ་བྱས་པའི་ལས་ཀྱི་རྣམ་སྨིན་དང་། ཕྲད་པའི་འཇིགས་པ་ཆེན་པོར་འགྱུར་རོ། །ཞེས་བཤད་དོ། །ཟླ་བས་ནི། ཅི་སྟེ་ལས་མ་བྱས་པ་ཡིན་ན། མ་བྱས་པའི་ལས་ཀྱི་རྣམ་སྨིན་དང་ཕྲད་པའི་འཇིགས་པ་ཆེན་པོར་འགྱུར་ཞེས་པ་ཙམ་ལས་མི་སྣང་། གཞན་ཡང་དེ་ལ་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པའང་ཚངས་པར་སྤྱོད་པ་ལ་གནས་པ་སོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཚངས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ཐོབ་པའི་ལས་མ་བྱས་ཀྱང་ཡོད་པའི་ཕྱིར། ཞེས་འགྲེལ་ཆེན་གཉིས་ལས་སོ། །བུད་དྷ་པ་ལི་ཏ་དང་། ཟླ་བས་ནི། ཚངས་སྤྱོད་ལ་གནས་པའང་ཚངས་སྤྱོད་ལ་གནས་པ་མ་ཡིན་པར་ཐལ་ཞེས་སོགས་ཀྱི་སྒོ་ནས་སྦྱར་རོ། །གཞན་ཡང་། འཇིག་རྟེན་ན་ཞིང་ལས་དང་ཚོང་ལས་ལ་སོགས་པ་བྱེད་པའི་ཐ་སྙད་ཐམས་ཅད་ཉིད་དང་ཡང་འགལ་བར་ཐེ་ཚོམ་མེད་དེ། ཞིང་ལས་སོགས་མ་བྱས་ཀྱང་འབྲས་བུ་འོང་བའི་ཕྱིར། ཞེས་འགྲེལ་ཆེན་གཉིས་ལས་སོ། །ཤེས་རབ་སྒྲོན་མེ་དང་། ཟླ་བས་ནི། འཇིག་རྟེན་ན་བུམ་པ་དང་སྣམ་བུ་གྱིས་ཤིག་ཅེས་བསྐུལ་བའི་ཐ་སྙད་ཐམས་ཅད་ཉིད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དོ་ཞེས་སྦྱར་རོ། །གཞན་ཡང་། གང་ཟག་འདི་ནི་བསོད་ནམས་ཏེ་དགེ་བའི་ལས་བྱེད་པ་དང་། འདི་ནི་སྲོག་གཅོད་སོགས་སྡིག་པ་བྱེད་པའོ་ཞེས་པའི་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་ཏེ། མི་དགེ་བ་དང་། དགེ་བའི་ལས་མ་བྱས་ཀྱང་ཡོད་པའི་ཕྱིར། གཞན་ཡང་། གལ་ཏེ་ལས་ལ་རང་བཞིན་ཡོད་ན་ནི། ལས་དེ་ནི་རྣམ་པར་སྨིན་པ་སྨིན་པར་གྱུར་པའི་འོག་ཏུ་ཡང་། ཡང་དང་ཡང་དུ་རྣམ་པར་སྨིན་པར་འགྱུར་ཏེ། གང་གི་ཕྱིར་ན། ལས་རང་བཞིན་གྱིས་གནས་པ་དེའི་ཕྱིར། ཤེས་རབ་སྒྲོན་མེ་ལས། ཕ་རོལ་པོས་ལས་བྱས་སུ་ཟིན་ཀྱང་རྣམ་སྨིན་སླར་མི་བསྐྱེད་དེ། རྣམ་སྨིན་བསྐྱེད་ཟིན་པའི་ཕྱིར། སྤྱད་ཟིན་པའི་དཔང་རྒྱ་བཞིན་ནོ་ཞེ་ན། དོན་དམ་པར་དཔེ་ཡང་མ་གྲུབ་པས་ལན་མ་ཡིན་ནོ་ཞེས་གསུངས། གསུམ་པ་བདེན་པར་ཡོད་པའི་སྒྲུབ་བྱེད་དགག་པ་ལ། རྒྱུ་ཉོན་མོངས་པ་དགག འབྲས་བུ་རྣམ་སྨིན་དགག ལོངས་སྤྱོད་པ་པོ་དགག་པའོ། །དང་པོ་ནི། ལས་ནི་ཡོད་པ་ཡིན་ཏེ། དེའི་རྒྱུ་ཡོད་པའི་ཕྱིར་ཞེ་ན། ལས་འདི་ཉོན་མོངས་པ་ལས་བྱུང་བའི་བདག་ཉིད་ཡིན་ན། ཉོན་མོངས་དེ་དག་ཆོས་ཅན། ཡང་དག་པར་གྲུབ་པ་མིན་ཏེ། སྔར་སྐྱེ་བ་བཀག་ཟིན་པའི་ཕྱིར་དང་། རབ་བྱེད་དྲུག་པར་ཉོན་མོངས་ཀྱི་ངོ་བོ་བཀག་ཟིན་པའི་ཕྱིར་དང་། འོག་ནས་ཀྱང་འགོག་པར་འགྱུར་བའི་ཕྱིར། ཇི་སྐད་དུ། གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལས་རྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཅེས་འཆད་པར་འགྱུར་རོ། །ཞེས་འགྲེལ་ཆེན་གཉིས་ལས་བཤད་དོ། །བུད་དྷ་པ་ལི་ཏ་དང་། ཟླ་བས་རྣམ་གྲངས་ཕྱི་མ་འགོད་དོ། །གལ་ཏེ་ཉོན་མོངས་ཡང་དག་པར་ཡོད་པ་མིན་པར་འདོད་ན། ཁྱོད་ཀྱིས་བདེན་པར་མེད་ན་མེད་པར་སྨྲས་པས་ན་ལས་མེད་པར་ཐལ་རང་བཞིན་མེད་པའི་ཕྱིར། འདོད་ན། ལས་ནི་ཡང་དག་པར་གྲུབ་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་འགྱུར་རོ། །གཉིས་པ་ནི། ལས་དང་ཉོན་མོངས་པ་ཡོད་དེ། འབྲས་བུ་རྣམ་སྨིན་ཡོད་པའི་ཕྱིར་རོ་ཞེ་ན། ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་གཉིས་ཀྱི་དོན་ནི། བསྟན་བཅོས་ལས། ལས་དང་ཉོན་མོངས་པ་དག་ལུས་རྣམས་ཀྱི་རྐྱེན་དུ་བསྟན་པ་ནི། ཐ་སྙད་པ་ཙམ་ཡིན་གྱི། དོན་དམ་པར་མ་ཡིན་ནོ། །གལ་ཏེ་ལས་དང་ཉོན་མོངས་པ་དེ་དག་སྟོང་པ་ཉིད་དུ་འདོད་པ་ཡིན་ན། འོ་ན་རྣམ་སྨིན་གྱི་ལུས་ལ་རང་བཞིན་ཡོད་པར་ཇི་ལྟར་བརྗོད་ཅེས་གསུང་ངོ་། །བུད་དྷ་པ་ལི་ཏ་ལས་ནི། ལས་དང་ཉོན་མོངས་པ་དེ་དག་ཆོས་ཅན། རྣམ་སྨིན་གྱི་ལུས་ལ་རང་བཞིན་ཡོད་ཅེས་ཇི་ལྟར་བརྗོད་དེ་མེད་པར་ཐལ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ཏེ། ལས་དང་ཉོན་མོངས་པ་དག་ལུས་རྣམས་ཀྱི་རྐྱེན་དུ་བསྟན་པས་སོ། །ཞེས་བཤད་དོ། །ཟླ་བས་ཚིག་རྐང་སྔ་མ་གཉིས་ཀྱི་བཤད་པ་ཟུར་ན་མི་སྣང་ལ། ལྷག་མ་སྔ་མ་བཞིན་ནོ། །གསུམ་པ་ལ་ལས་ནི་ཡོད་པ་ཡིན་ཏེ། རྣམ་སྨིན་ཟ་བ་པོ་ཡོད་པའི་ཕྱིར་ཏེ། མ་རིག་པས་བློ་གྲོས་ཀྱི་མིག་བསྒྲིབས་པའི་སྐྱེ་བོ་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་གང་ཡིན་པ་དེ་ནི་ཟ་བ་པོར་བསྟན་པས་སོ། །ཇི་སྐད་དུ་ཐོག་མ་དང་ཐ་མ་མེད་པའི་མདོ་ལས། མ་རིག་བསྒྲིབས་པའི་སེམས་ཅན་གང་། །སྲེད་པ་ཀུན་ཏུ་སྦྱོར་དང་ལྡན། །ཞེས་པ་དང་། སྡིག་པའི་ལས་འདི་བྱས་ན་ཁྱོད་རང་ཉིད་ཀྱིས་དེའི་རྣམ་པར་སྨིན་པ་མྱོང་བར་བྱ་དགོས་སོ། །ཞེས་གསུངས་སོ། །རྣམ་སྨིན་ཟ་བ་པོ་དེ་ཡང་ལས་བྱེད་པ་པོ་ལས་གཞན་མིན་ཞིང་། དེ་ཉིད་སྔར་དེ་ཡང་མ་ཡིན་པའི་ཚུལ་གྱིས་ཡོད་པ་ཡིན་ནོ་ཞེ་ན། ཞེས་ག་ལས་འཇིགས་མེད་གསུངས་ཏེ། གཞན་གསུམ་ཡང་དོན་གཅིག་གོ །འོན་ཀྱང་གཞན་ལས་ལུང་གི་ཁུངས་ངོས་གཟུང་བ་མི་སྣང་ངོ་། །རིགས་པ་གཞན་ཡང་། གལ་ཏེ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་ལས་ཡོད་དོ་ཞེ་ན། ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། ལས་འདི་ནི་རྐྱེན་བཀག་པས་རྐྱེན་ལས་འབྱུང་བ་ཡང་མ་ཡིན་ཞིང་། རྐྱེན་མིན་ནི་རྒྱུ་མ་ཡིན་པས་རྐྱེན་མིན་ལས་བྱུང་བར་ཡང་ཡོད་པ་མིན་ཏེ། གང་གི་ཕྱིར་ན། ལས་དེ་བཞིན་དུ་བྱེད་པ་པོ་ཡང་མེད་པ་དེའི་ཕྱིར་དང་། བཀག་པའི་ཕྱིར་དང་། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དང་། རྐྱེན་བརྟག་པའི་རབ་ཏུ་བྱེད་པར་བཀག་ཟིན་པའི་ཕྱིར་ཏེ། ཇི་སྐད་དུ། དེ་ཕྱིར་རྐྱེན་ལས་བྱུང་བ་མིན། །རྐྱེན་མིན་ལས་བྱུང་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །ཞེས་སོགས་བཤད་དོ། །བུད་དྷ་པ་ལི་ཏ་ལྟར་ན། ལས་འདི་ནི་ཆོས་ཅན། བྱེད་པ་པོ་ཡང་མེད་དེ། གང་གི་ཕྱིར་ན་རྐྱེན་ལས་བྱུང་བ་མ་ཡིན་ཞིང་། རྐྱེན་མིན་ལས་བྱུང་བའང་མིན་པ་དེའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པའི་ཕྱིར། ལྷག་མའི་ཚིག་དོན་མཐུན་པར་བཤད་པ་ནི། གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །ཅེས་སོ། །ཟླ་བས་ནི། ལས་ཡོད་ན་རྐྱེན་དང་རྐྱེན་མིན་ལས་འབྱུང་གྲང་། དང་པོ་མི་འཐད་དེ། རྐྱེན་བརྟག་པར་བཀག་ཟིན་པའི་ཕྱིར། གཉིས་པའང་མི་འཐད་དེ། ལས་དང་བྱེད་པ་པོ་བརྟག་པར་བཀག་ཟིན་པའི་ཕྱིར། ལས་མེད་པ་དེའི་ཕྱིར་བྱེད་པ་པོ་ཡང་མེད་དོ། །ཞེས་གསུངས་ཏེ། ལྷག་མ་སྔ་མ་བཞིན་ནོ། །བཞི་པ་ཐ་སྙད་དུ་ཇི་ལྟར་བཞག་པའི་ཚུལ་ནི། གལ་ཏེ་ལས་འབྲས་ལ་རང་བཞིན་མེད་ན། ཁྱོད་ཀྱི་ཕྱོགས་ལ་ཇི་ལྟར་བཞག་ཅེ་ན། ཟླ་བས། ཇི་ལྟར་སྟོན་པས་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་སྟོབས་ཀྱི་རྩ་བའི་སྤྲུལ་པ་སྤྲུལ་ཞིང་། སྤྲུལ་པ་དེ་ཡང་སྤྲུལ་པ་གཞན་ཞིག་ནི་སྤྲུལ་ཞིང་། ཡང་སྤྲུལ་དེས་ཀྱང་སླར་ཡང་སྤྲུལ་པ་གཞན་ཞིག་སྤྲུལ་པ་རང་བཞིན་མེད་པ་ལྟར། དཔེ་དེ་བཞིན་དུ་བྱེད་པ་པོས་ལས་གང་བྱས་པ་དེའང་རང་བཞིན་མེད་པ་སྤྲུལ་པའི་རྣམ་པ་བཞིན་ནོ། །རྣམ་པར་སྨིན་པ་ནི། དཔེར་ན། སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས་ནི། ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པ་གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །དེ་བཞིན་བྱེད་པོ་ལས་གང་བྱས། །དེ་ཡང་སྤྲུལ་པའི་རྣམ་པ་བཞིན། །ཞེས་བཤད་དོ། །ཇི་ལྟར་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཐུ་ཡིས་སྤྲུལ་པ་སྟོན་པར་བྱེད་པ་ན། སྤྲུལ་པ་སྤྲུལ་ཞིང་རྩ་བའི་སྤྲུལ་པས་སྤྲུལ་པ་གཞན་སྤྲུལ་པར་བྱེད་ལ། སྤྲུལ་པ་གཞན་དེས་ཀྱང་ཕྱི་མ་གཞན་དག་སྤྲུལ་པ་ལྟར། དེ་བཞིན་དུ་བྱེད་པ་པོས་གང་བྱས་པའི་ལས་དེ་ཡང་སྤྲུལ་པའི་རྣམ་པ་བཞིན་ནོ། །རྒྱུ་རྐྱེན་རྒྱུད་པ་ལས་བྱུང་བའི་ཕྱིར་དང་། ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་ཡང་ངོ་བོ་ཉིད་མེད་པ་དེ་བཞིན་ནོ། །དེ་ལྟར་ན་ཉོན་མོངས་པ་དང་། ལས་དང་རྣམ་སྨིན་གྱི་ལུས་རྣམས་དང་བྱེད་པ་པོ་དང་འབྲས་བུ་དག་ཆོས་ཅན། རང་བཞིན་མེད་པ་ཡིན་ཏེ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་དང་། རྨི་ལམ་དང་འདྲ་བ་ཡིན་པའི་ཕྱིར། ཞེས་བཤད་དོ། །ག་ལས་འཇིགས་མེད་ལས། གཞུང་ལས་མི་སྣང་། བུད་དྷ་པ་ལི་ཏ་ལས། སྤྲུལ་པ་བྱེད་པ་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་། དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དཔེ་དྲུག་བཀོད་ནས་བྱེད་པ་པོ་དང་། ལས་དང་། ཉོན་མོངས་པ་དང་། ལུས་དང་། འབྲས་བུ་དང་། རྣམ་སྨིན་མྱོང་བ་པོ་དང་དྲུག་ལ་རིམ་པ་བཞིན་སྦྱར་རོ། །གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའི་རྣམ་པར་བཤད་པའོ།།    །།བདག་དང་ཆོས་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི། ཡུམ་ལས། གཟུགས་ནི་བདག་དང་བདག་གིས་སྟོང་། ཚོར་བ་ནི་བདག་དང་བདག་གིས་སྟོང་། ཞེས་སོགས་སོ། །གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་ལས། སོ་སོ་སྐྱེ་བོས་དམིགས་པ་འདི་དག་དེ་ཁོ་ན་ཉིད་མ་ཡིན་ན། དེ་ཁོ་ནའི་མཚན་ཉིད་ནི་གང་། གང་གིས་དེ་ཁོ་ནའི་དོན་རྟོགས་པར་འགྱུར། ཞེས་འཆད་ལ། ཤེས་རབ་སྒྲོན་མེ་ལས། འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་རང་ཕྱོགས་སུ་བསྟན་པའི་དོན་དུ་རབ་ཏུ་བྱེད་པ་འདི་གསུངས་སོ། །ཞེས་བཤད། གཞན་གཉིས་ཀྱིས་ནི། ཉོན་མོངས་པ་དང་། དྲི་ཟའི་གྲོང་ཁྱེར་ལྟར་དེ་ཁོ་ན་ཉིད་མ་ཡིན་ན། དེ་ཁོ་ན་ཉིད་ནི་གང་ཡིན། དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པར་འགྱུར། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ་ཇི་ལྟར་ཡིན་ཞེས་བཤད་དོ། །གཞུང་གི་ཚིག་དོན་བཤད་པ་ལ། དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ། དེ་ཁོ་ན་ཉིད་ལ་སློབ་པའི་འབྲས་བུའོ། །དང་པོ་ལ། བདག་དང་བདག་གི་བ་དགག་པ། འཛིན་པ་ཟད་པས་གྲོལ་བ་ཐོབ་ཚུལ། ལུང་དང་འགལ་བ་སྤང་པའོ། །དང་པོ་ལ། ག་ལས་འཇིགས་མེད་ལས་ནི། བདག་དང་བདག་གི་བ་དང་བྲལ་བ་ནི་དེ་ཁོ་ན་ཉིད་ཡིན་ལ། རིགས་པས་ཕུང་པོ་ལ་བདག་ཡོད་མེད་ཡོངས་སུ་རྟོག་པས་ནི། དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །ཇི་ལྟར་ཡོངས་སུ་རྟོག་ཅེ་ན། གལ་ཏེ་ཕུང་པོ་བདག་ཡིན་ན། བདག་སྐྱེ་བ་དང་འཇིག་པ་ཅན་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན་ཡིན་ན། ཕུང་པོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་བས་རྟག་པར་འགྱུར་རོ། །གཉིས་ཀ་ལྟར་ཡང་མི་འཐད་པ་དེའི་ཕྱིར། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་འཆད་དོ། །བུད་དྷ་པ་ལི་ཏ་ལས། ནང་དང་ཕྱི་ལ་བདག་དང་བདག་གི་བ་མེད་པ་ཉིད་དུ་ལྟ་བ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་ལ། དེ་ཁོ་ན་ཉིད་ཀྱི་ལྟ་བ་གོམས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས་ན་དེ་ཁོ་ན་རྟོགས་པར་འདོད་པ་དག་གིས། བདག་ཡོད་མེད་སོ་སོར་བརྟག་པར་བྱ་སྟེ། བདག་ཕུང་པོ་རྣམས་ཡིན་ནམ། ཕུང་པོ་རྣམས་ལས་གཞན་ཞིག་ཡིན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་པ་དང་། བདག་མང་པོ་ཉིད་དུ་ཐལ་བར་འགྱུར་བ་དང་། ཕུང་པོ་ཉེ་བར་ལེན་པ་པོར་སྨྲ་བ་དོན་མེད་པར་འགྱུར་རོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན་ཡིན་ན། ཕུང་པོའི་མཚན་ཉིད་སྐྱེ་འཇིག་མེད་པར་ཐལ་བར་འགྱུར་བས་རྟག་པར་འགྱུར་རོ། །གལ་ཏེ་རྟག་པ་ཡིན་ན་བདག་གི་དོན་དུ་བྱ་བ་རྩོམ་པ་དོན་མེད་པར་འགྱུར་རོ། །ཚིག་ཕྱི་མ་གཉིས་སྔ་མ་བཞིན་དུ་འཆད་དོ། །ཤེས་རབ་སྒྲོན་མེའི་འཆད་ཚུལ་ནི། བདག་ཏུ་འཁྲུལ་བའི་ཡུལ་ནི་ཕུང་པོ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། དགེ་སྦྱོང་ངམ། བྲམ་ཟེ་གང་དག་བདག་གམ་བདག་གིར་ལྟ་བ་ཐམས་ཅད་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས་སོ། །བདག་ཏུ་འཛིན་པའི་ཡུལ་ཕུང་པོ་ལ་བདག་ཡོད་མེད་བརྟགས་པ་ན། བདག་མེད་རྟོགས་པའི་ལྟ་བ་སྐྱེ་བས་ཕུང་པོ་ལ་བདག་ཡོད་མེད་ཀྱི་བརྟག་པ་སྔ་མ་བཞིན་དུ་བྱས་ནས། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར་བ་དང་། བདག་མང་པོ་ཉིད་དུ་ཐལ་བར་ཡང་འགྱུར་རོ། །སྦྱོར་བ་ནི། གཟུགས་སོགས་འདུས་ཙམ་གྱི་ལུས་ཆོས་ཅན། བདག་མིན་ཏེ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ཕྱི་རོལ་གྱི་འབྱུང་བ་བཞིན་ནོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན་ཡིན་ན་ཕུང་པོའི་མཚན་ཉིད་གཟུགས་སུ་རུང་བ་སོགས་མེད་པར་འགྱུར་བས་དངོས་པོར་མེད་པར་ཐལ་བར་འགྱུར་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །སྦྱོར་བ་ནི། གཟུགས་ལ་སོགས་པ་ལས་གཞན་དུ་རྫས་སུ་གྲུབ་པ་མེད་དེ། ཕུང་པོའི་མཚན་ཉིད་དང་བྲལ་བའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །ཕྱི་རོལ་པ་འགའ་ཞིག་བདག་ཐམས་ཅད་དུ་ཁྱབ་བོ་ཞེ་ན། བདག་གི་སྒྲས་བརྗོད་པར་བྱ་བ་ནི་ཆོས་ཅན། ཐམས་ཅད་ལ་ཁྱབ་པ་མིན་ཏེ། རྫས་ཡིན་པའི་ཕྱིར། བུམ་པ་བཞིན་ནོ། །བདག་ཅེས་པ་ནི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བྱ་ལ། རྣམ་པར་ཤེས་པ་ལ་བཏགས་ནས་བདག་ཅེས་བརྗོད་དེ། བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་ཐོབ། །ཅེས་གསུངས་ནས། མདོ་སྡེ་གཞན་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །མཁས་པ་བདག་ཉིད་ལེགས་དུལ་བས། མཐོ་རིས་དག་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་སོ། །འོ་ན་རྣམ་པར་ཤེས་བདག་ཡིན་པས་སྐྱེ་འཇིག་ཅན་དུ་ཐལ་བར་འགྱུར་རོ་ཞེ་ན། འཇིག་རྟེན་ན་རྣམ་པར་ཤེས་པ་ལ་དམིགས་ནས་བདག་ཏུ་མངོན་པར་ཞེན་པ་ཙམ་ལས་བདག་ཏུ་གྲགས་པ་ཙམ་ཡིན་ལ། རིགས་པས་བདག་ཡིན་མིན་བརྟགས་པའི་ངོར་འཇོག་པ་ནི་མ་ཡིན་ནོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་ཐལ་བར་འགྱུར་བ་ལས། ཕུང་པོ་བདག་མིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ཀ་བ་བཞིན་ནོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན་ཡིན་ན། ཕུང་པོའི་མཚན་ཉིད་མེད་པར་འགྱུར་བས། དེ་དག་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །བདག་ནི་དོན་དམ་པར་མེད་པ་ཡིན་ཏེ། ཕུང་པོའི་མཚན་ཉིད་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །ཟླ་བས་ནི། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར་བས། འོག་ནས། མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དེར་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། འབྱུང་བ་རྒྱུ་མེད་ཅན་དུ་འགྱུར། །ཞེས་པ་དང་། ཉེ་བར་ལེན་པ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་འཆད་དོ། །ཞེས་གསུངས། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཞེས་སོགས་ལེགས་ལྡན་བྱེད་དང་དོན་གཅིག་གོ །རྣམ་པ་གཅིག་ཏུ་ན། གཟུགས་ལས་རྣམ་པར་ཤེས་པ་གཞན་དུ་གྲུབ་པ་ལྟར། ཕུང་པོ་ལས་གཞན་དུ་གྲུབ་པར་འདོད་ན། ཕུང་པོ་ལས་མཚན་ཉིད་ཐ་དད་པར་འགྱུར་ལ། དེ་ལྟ་ན། གཟུགས་ལས་སེམས་ཐ་དད་དུ་གཟུང་དུ་ཡོད་པ་ལྟར། ཕུང་པོ་ལས་ལོགས་ཤིག་ཏུ་གཟུང་དུ་ཡོད་པར་འགྱུར་རོ། །ལེགས་ལྡན་བྱེད་དང་། ཟླ་བ་གཉིས་ཀ་ཡང་། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་པ་སྔ་མ་བཞིན་དུ་འཆད་དོ། །བདག་དང་བདག་གི་ཞི་བའི་ཕྱིར། །ཞེས་སོགས་ཀྱི་འཆད་ཚུལ་ལ། ག་ལས་འཇིགས་མེད་ལས། ཇི་སྐད་སྨོས་པའི་འབྲས་བུ་བསྟན་པ་ནི། ཞེས་མཚམས་སྦྱར་ནས། ཕུང་པོ་ལ་སོ་སོར་རྟོག་པ་ན། བདག་དང་བདག་གི་བ་ཞི་བའི་ཕྱིར། ནང་ལ་ངར་འཛིན་པ་དང་། ཕྱི་རོལ་ལ་ང་ཡིར་འཛིན་པ་མེད་པ་ཉིད་དུ་འགྱུར་བས་བདག་དང་བདག་གི་བའི་ཐ་སྙད་ཙམ་མ་གཏོགས་པ་འདུས་བྱས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་པའི་ཤེས་རབ་ལ་གནས་པའི་བྱང་སེམས་ཆེན་པོ་གང་དག་ལ་བདག་དང་བདག་གིར་འཛིན་པར་མི་འགྱུར་བ་ལྟ་ཡང་ཅི་སྨོས། ང་དང་ང་ཡིར་འཛིན་པ་མེད་པ་ལ་རྟོག་པའི་རྣལ་འབྱོར་པ་ཡོད་པས། བདག་ཡོད་དོ་ཞེ་ན། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་གང་ལ་བདག་ཏུ་བཏགས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར། དེས་ན་གང་གིས་ང་ཡིར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་ཡོད་པ་དང་མེད་པར་མཐོང་བས་ཀྱང་ཆོས་ཅན། དེ་ཁོ་ན་ཉིད་ཀྱི་དོན་མི་མཐོང་སྟེ། ཡོད་མེད་དུ་འཛིན་པའི་ལོག་པར་ལྟ་བ་འཛིན་པའི་ཕྱིར་ཞེས་འཆད། སངས་རྒྱས་བསྐྱངས་ཀྱང་ཚིག་རྐང་དང་པོ་གཉིས་སྔ་མ་བཞིན་དུ་བཤད་ནས། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པ་ལ་རྟོག་པར་བྱེད་པ་ཉིད་བདག་ཡིན་པས་བདག་དང་བདག་གི་བ་ཡོད་དོ་ཞེ་ན། ལན་སྔ་མའི་དོན་བཞིན་དུ་འཆད། སློབ་དཔོན་གཞན་གཉིས་ཀྱི་བཤད་ཚུལ་ཡང་སྔ་མ་དང་མཐུན་ནོ། །གཉིས་པ་འཛིན་པ་ཟད་པས་གྲོལ་བ་ཐོབ་ཚུལ་ལ། ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་འབྲས་བུ་བཤད་པ་ནི། ནང་ལ་བདག་གོ་སྙམ་དུ་འཛིན་པ་དང་། ཕྱི་རོལ་ཉིད་ལ་བདག་གིར་འཛིན་པ་དག་ཟད་ན། འདོད་པ་དང་ལྟ་བ་ཉེ་བར་ལེན་པ་སོགས་ཉེ་བར་ལེན་པ་བཞི་པོ་འགག་པར་འགྱུར་ཞིང་། འགག་པའི་ཚུལ་ནི། གང་ཟག་བདག་མེད་པར་མཐོང་བས་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྤོང་ལ། དེ་སྤངས་པས་ཉེ་བར་ལེན་པ་ལྷག་མ་རྣམས་ཀྱང་འགག་པར་འགྱུར་རོ། །ཉེ་བར་ལེན་པ་འགགས་པས་སྲིད་པ་ཟད་ལ་སྲིད་པ་དེ་ཟད་པས་ན་སྐྱེ་བ་ཟད་པའི་ཐར་པ་ཐོབ་བོ། །ཐར་པ་དེ་ཡང་གང་ཟག་གི་བདག་མེད་པ་མཐོང་བའི་དབང་དུ་བྱས་པས་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཞེས་འབྱུང་ངོ་། །འདིས་ཉན་ཐོས་དང་རང་སངས་རྒྱས་གཉིས་སྤང་རྟོགས་འདྲ་བར་གསལ་བར་བྱས་སོ། །སངས་རྒྱས་ཀྱི་ཐེག་པ་ཆོས་ཀྱི་བདག་མེད་པ་མཐོང་བས་ཤེས་བྱའི་སྒྲིབ་པ་སྤོང་བའི་ཕྱིར་དུ་བཤད་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ཅེས་གསུངས་ཏེ། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཐོབ་སྟེ། ལས་དང་ཉོན་མོངས་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་ཡང་གང་ལས་བྱུང་ཞེ་ན། ལས་དང་ཉོན་མོངས་པ་ནི། ཡུལ་ལ་སྡུག་པ་དང་མི་སྡུག་པའི་མཚན་མར་རྣམ་པར་རྟོག་པ་ལས་བྱུང་སྟེ། དེ་དག་ཡོད་ན་འབྱུང་ལ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། རྣམ་པར་རྟོག་པ་དེ་དག་ནི་སྤྲོས་པ་བ་ལས་བྱུང་སྟེ། ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་ལས་བྱུང་བའི་ཕྱིར་རོ། །སྤྲོས་པ་དེ་གང་གིས་འགག་པར་འགྱུར་ཞེ་ན། སྤྲོས་པ་ནི་སྟོང་པ་ཉིད་རྟོགས་པ་ཉིད་ཀྱིས་འགག་པར་འགྱུར་རོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་སྤྲོས་པ་ཞེས་བཤད་དོ། །བུད་དྷ་པ་ལི་ཏ་ལས་ནི། འཇིག་རྟེན་པའི་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་ཆོས་རྣམས་ལ་འདི་བདེན་ནོ། །འདི་ནི་མི་བདེན་ནོ་སྙམ་དུ་འཛིན་པ་ནི་སྤྲོས་པ་ཞེས་གསུངས་སོ། །ཟླ་བས་ཀྱང་དེ་དང་མཐུན་པར་བཤད་དོ། །སངས་རྒྱས་བསྐྱངས་དང་ཟླ་བས་ནི། ཐེག་པ་ཆེ་ཆུང་སོ་སོར་མ་ཕྱེ་བར་ཐུན་མོང་གི་ལམ་བསྟན་པར་འདོད་ལ། ཚིག་དོན་ནི་ཐམས་ཅད་མཐུན། སློབ་དཔོན་ཟླ་བས་འདི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་ཁུངས་སུ་མཛད་མོད། སངས་རྒྱས་བསྐྱངས་ལ་གསལ་ཁ་མི་སྣང་ངོ་། །སྟོང་ཉིད་བསྒོམས་པ་ལས་ཐར་པ་ཐོབ་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱི་ཐར་པ་ཐོབ་པ་ཙམ་གྱིས་ནི་ཆོས་ཀྱི་བདག་མེད་ཀྱི་སྟོང་ཉིད་སྒོམ་པར་ནི་མ་ངེས་ཏེ། གང་ཟག་གི་བདག་མེད་བསྒོམས་པས་ཀྱང་འཐོབ་པའི་ཕྱིར། རྒྱས་པར་གཞན་དུ་བསྟན་ཟིན་ནོ། །བྱང་ཆུབ་སེམས་འགྲེལ་ལས་ཀྱང་། ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་བསྟན་ནོ། །ཤེས་རབ་སྒྲོན་མེ་ལས། གང་ཟག་གི་བདག་མེད་པ་མཐོང་བས་སྡུག་པ་དང་མི་སྡུག་པའི་མཚན་མར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པ་ཞི་བ་འགྲུབ་པའི་ཕྱིར། ཆོས་ཀྱི་བདག་མེད་བསྟན་པ་དོན་མེད་དོ་ཞེ་ན། ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བར་འདོད་པའི་ཕྱིར་དང་། ཆོས་ཀྱི་བདག་མེད་པ་མ་མཐོང་བར་དེ་མི་འགྲུབ་པའི་ཕྱིར། སྤྲོས་པ་མ་ལུས་པ་ཞི་བའི་ཐར་པ་ནི། སྟོང་ཉིད་རྟོགས་པའི་རྩ་བ་ཅན་ཡིན་ཏེ། འཕགས་པ་ལྷས་ཀྱང་། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་ཉིད་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་སྦྱར་ནས་གསུངས་སོ། །གསུམ་པ་ལུང་དང་འགལ་བ་སྤང་པ་ནི། ག་ལས་འཇིགས་མེད་ལས། བདག་ཡོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཞེ་ན། འཇིག་རྟེན་ཕ་རོལ་ལ་བསྐུར་པ་འདེབས་པ་མེད་པར་ལྟ་བ་བཟློག་པའི་དོན་དུ་སངས་རྒྱས་རྣམས་ཀྱིས་བདག་གོ་ཞེས་ཀྱང་བཏགས་གྱུར་ཞིང་། ལས་བྱེད་པ་པོ་དང་ལས་ཀྱི་རྣམ་པར་སྨིན་པ་ཟ་བ་པོའི་བདག་ལ་མངོན་པར་ཞེན་པ་བཟློག་པའི་དོན་དུ་བདག་མེད་ཅེས་ཀྱང་བསྟན་པར་གྱུར། གདུལ་བྱ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། དོན་དམ་པའི་གཏམ་གྱི་སྣོད་དུ་གྱུར་པ་ལ་བདག་དང་བདག་མེད་འགའ་ཡང་མེད་ཅེས་ཀྱང་བསྟན་ནོ། །ཤེར་ཕྱིན་ལས། བདག་ཡོད་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བདག་མེད་ཅེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཅེས་པའི་དོན་ནོ། །ཡང་ན་གཞན་དུ་བརྟགས་ཏེ་མུ་སྟེགས་པ་ཁ་ཅིག བདག་མེད་ན་ལས་འབྲས་ཀྱི་འབྲེལ་བ་མེད་པ་ལ་འཇིགས་པས། བདག་གོ་ཞེས་ཀྱང་བཏགས་གྱུར་ཞིང་། རྒྱུ་དང་འབྲས་བུའི་འབྲེལ་བ་ལ་རྨོངས་པས་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བསྐུར་བ་འདེབས་པ་དག་གིས། བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་འཆད་དོ། །བུད་དྷ་པ་ལི་ཏ་ལས་ནི། བདག་དང་བདག་གི་བ་མེད་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བདག་ནི་ཐ་སྙད་བསྟན་པར་མཛད་ཅེ་ན། བདག་མེད་པ་ཁོ་ནར་ནི་མི་སྨྲ་སྟེ། ཞེས་གསུངས་ནས། ཚིག་དོན་སྔ་མ་བཞིན་འཆད། འཕགས་པ་ལྷའི་ལུང་དང་ཡང་སྦྱར་ཏེ། མེད་དང་ཡོད་དང་གཉིས་ཀ་དང་། །གཉིས་ཀ་མིན་པའང་སྟོན་མཛད་དེ། །ནད་ཀྱི་དབང་གིས་ངེས་པར་ནི། །སྨན་ནི་འཕྲོད་པར་འགྱུར་བ་བཞིན། །ཞེས་སོ། །ཤེས་རབ་སྒྲོན་མེ་ལས། མུ་སྟེགས་པ་ཁ་ཅིག ཁྱེད་ཀྱི་མདོ་སྡེ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །ཞེས་བདག་ཡོད་པར་གསུངས་པ་དང་། འདིར་བདག་མེད་པར་འདོད་པ་འགལ་བ་ཡིན་ནོ་ཞེ་ན། རྒྱུ་འབྲས་ལ་བསྐུར་བ་འདེབས་པ་རྫུས་ཏེ་སྐྱེ་བ་དང་། འཇིག་རྟེན་ཕ་རོལ་མེད་པར་ལྟ་བ་བཟློག་པའི་དོན་དུ་སེམས་ཀྱི་རྒྱུན་སྔ་ཕྱི་རྒྱུན་མི་འཆད་པ་གདགས་གཞིར་ཉེ་བར་བཟུང་ནས་ཐ་སྙད་ཀྱི་བདེན་པའི་དབང་གིས་བདག་གོ་ཞེས་ཀྱང་བཏགས་པར་གྱུར་ཞིང་། བདག་མེད་པའི་ལྟ་བ་མ་སྐྱེས་པས་བསམ་གཏན་ལ་སོགས་པའི་ཏིང་ངེ་འཛིན་གྱི་མཐུས་ཤིན་ཏུ་རིང་དུ་སོང་ཡང་བྱའི་རྐང་པ་བཤལ་ཐག་གིས་བཅིངས་པ་ཕྱིར་ལྟུང་བ་བཞིན་དུ་བདག་ཏུ་ལྟ་བའི་ཐག་པས་བཅིངས་པ་རྣམས་ཀྱི་བདག་གི་མངོན་པར་ཞེན་པ་ལས་གྲོལ་བའི་དོན་དུ་བདག་མེད་ཅེས་ཀྱང་བསྟན་པར་གྱུར། གདུལ་བྱ་གང་དག་དགེ་བའི་རྩ་བ་བསགས་ཤིང་དབང་པོ་ཡོངས་སུ་སྨིན་པ་དོན་དམ་པའི་གཏམ་གྱི་སྣོད་དུ་གྱུར་པ་འདུས་བྱས་རྨི་ལམ་དང་མིག་འཕྲུལ་ལྟར་ཐུགས་སུ་ཆུད་ནས་དོན་དམ་པར་བདག་དང་བདག་མེད་གཉིས་ཀ་མེད་པར་རྟོགས་པའི་དོན་དུ་སངས་རྒྱས་རྣམས་ཀྱིས་ནི། བདག་དང་བདག་མེད་འགའ་མེད་ཅེས་ཀྱང་བསྟན་ཞེས་བྱའོ། །ཡང་ན་གཞན་དུ་བརྟགས་ཏེ། མུ་སྟེགས་པ་ཁ་ཅིག བདག་མེད་ན་ལས་དང་འབྲས་བུ་མེད་པར་འགྱུར་བའི་འཇིགས་པས་བདག་གོ་ཞེས་ཀྱང་བཏགས་གྱུར་ཞིང་། ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་བདག་ལ་བསྐུར་བ་འདེབས་པ་འགའ་ཞིག་བདག་མེད་ཅེས་ཀྱང་བསྟན་པར་གྱུར། སངས་རྒྱས་སྤྲོས་པ་མེད་པ་ཐུགས་སུ་ཆུད་པ་རྣམས་ཀྱིས་བདག་དང་ནི་བདག་མེད་འགའ་མེད་ཅེས་ཀྱང་བསྟན་ནོ། །ཇི་སྐད་དུ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་བདག་མེད་པ་མིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་སོ། །ཞེས་འཆད་དོ། །གལ་ཏེ་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །ཞེས་གང་སྨྲས་པ་དེ་ལ། ཇི་ལྟར་སྟོང་པ་ཉིད་ཀྱིས་སྤྲོས་པ་འགག་པར་འགྱུར་བའི་ཚུལ་བཤད་པར་བྱ་སྟེ། འདི་ལ་རྟོག་པས་སྒྲོ་བཏགས་པས་ནི་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་སྣ་ཚོགས་པ་འབྱུང་ལ། སྟོང་པ་ཉིད་ནི་ནམ་མཁའ་ལྟ་བུ་མངོན་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱས་པའི་ངོར་བརྗོད་པར་བྱ་བ་ལ་སྒྲ་འཇུག་པའི་རྒྱུ་ལྡོག་པ་སྟེ། གང་གི་ཕྱིར་ན། སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་ལྡོག་པས་སོ། །ཅིའི་ཕྱིར་ལྡོག་ཅེ་ན། དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར་དང་། དེ་ཁོ་ན་ཉིད་རྟོགས་པས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་མི་གཏོང་བའི་ཕྱིར་རོ། །སེམས་ཀྱི་སྤྱོད་ཡུལ་ལོག་པ་དེ་ཡང་གང་གིས་ཀྱང་མངོན་དུ་མི་བྱེད་དེ། སྤྱོད་ཡུལ་གཟུགས་སོགས་ནི། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱའོ། །ཡང་ན་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །ཞེས་བྱ་བ་དེ་ལ་རིགས་པ་ཅི་ཡོད་ཅེ་ན། སློབ་དཔོན་གྱིས་རྣལ་འབྱོར་པ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་གནས་པའི་ངོར་མཛད་ན་བརྗོད་པར་བྱ་བ་ལྡོག་པ་སྟེ། ཞེས་གསུངས་ཏེ། བརྗོད་པ་འཇུག་པ་ལྡོག་པས་སོ། །ཞེས་པའི་དོན་ནོ། །དེའི་དོན་ནི། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ །ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་ཅེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་སྟེ། གང་གི་ཕྱིར་ཞེས་པ་ནི། ཚིག་ལྷག་མའོ། །ཡང་ན་དངོས་པོ་དང་དངོས་པོ་མེད་པ་མ་མཐོང་བ་ནི། དེ་ཁོ་ན་ཉིད་མཐོང་བ་ཞེས་བྱ་སྟེ། ཇི་ལྟ་བུ་སྙམ་ན། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དོ། །དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་ནའོ། །ཅིའི་ཕྱིར་མ་མཐོང་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བཤད་དེ། དངོས་པོ་སོགས་མ་དམིགས་པའི་ཕྱིར་ཞེས་བྱ་བའི་དོན་ནོ། །སོགས་ཀྱི་སྒྲ་ཁོང་ནས་དབྱུང་སྟེ། སེམས་ལ་སོགས་པའི་སྤྱོད་ཡུལ་ལྡོག་ཅེས་བྱའོ། །དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་མ་མཐོང་བ་ཉིད་དེ་དེ་ཁོ་ནའི་སྒྲས་བརྗོད་པའི་ཕྱིར། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་ཏེ། ཇི་སྐད་དུ་མཐོང་བ་མེད་པ་ཉིད་དེ་ཁོ་ན་མཐོང་བའོ། །ཞེས་གསུངས་སོ། །བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་རྒྱུ་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེས་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ནི། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་སྟེ། ཆོས་ཐམས་ཅད་དབེན་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ན། སྟོང་པ་ཉིད་རྟོགས་པ་ལ་གནས་པ་ལ་ནི་ཡིད་ཀྱི་བརྗོད་པར་བྱ་བ་ལྡོག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །དེའི་དོན་ཡང་སེམས་ཀྱི་རྣམ་པར་རྟོག་པ་ནི་བརྗོད་པར་བྱ་བའི་ཡུལ་གྱི་ངོ་བོ་དང་། ཁྱད་པར་ལ་རྟོག་པའི་ཕྱིར་ཆོས་བདག་མེད་པ་མཐོང་བས་དེ་མི་འཇུག་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་གོ་ཞེས་བརྗོད་དོ། སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་དེ་ཁོ་ན་ཤེས་པའི་བྱེད་པ་པོ་མ་ཡིན་ཏེ། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་ན། སྟོང་པ་ཉིད་རྟོགས་པའི་བློས་གསར་དུ་སྟོང་པ་ཉིད་བྱེད་པ་མ་ཡིན་ཏེ། དཀོན་བརྩེགས་ལས། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི། འདི་ལྟར་ཆོས་རྣམས་ཉིད་སྟོང་པའོ། །དེས་ན་སྟོང་ཉིད་མཐོང་བས་སྤྲོས་པ་འགག་པར་འགྱུར་ཏེ། འཕགས་པ་ལྷས། སྲིད་པའི་ས་བོན་རྣམས་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་བྱ་བ་དེ་ཡང་འཐད་པར་ཡིན་ནོ། །ལེགས་ལྡན་བྱེད་ཀྱི་བཞེད་ཚུལ་རྒྱ་ཆེར་བསྟན་ཟིན་ཏོ། །ག་ལས་འཇིགས་མེད་ལས། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །ཞེས་པ་དེ་ལ་རིགས་པ་གང་ཡིན་ཞེ་ན། བརྗོད་པར་བྱ་བ་གཟུགས་ལ་སོགས་པ་ལྡོག་པ་སྟེ། སྟོང་པ་ཉིད་དུ་མཐོང་བས་འགག་པར་འགྱུར་ཏེ། བརྗོད་པར་བྱ་བ་ལ་རྟོག་པས་སྒྲོ་བཏགས་པ་ལས་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་འབྱུང་ལ། སྟོང་པ་ཉིད་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱས་པ་ན། བརྗོད་དུ་མེད་པའི་དོན་མཐོང་བས། བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་འགག་པའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་ཡང་། སེམས་ཀྱི་སྤྱོད་ཡུལ་ལྡོག་པ་སྟེ། ངོ་བོ་ཉིད་དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར། དོན་དམ་པའི་བདེན་པ་མཐོང་ནས་སེམས་ཀྱི་སྤྱོད་ཡུལ་སྡོག་པའི་དོན་ནོ། །དོན་དམ་པར་སེམས་ཀྱི་སྤྱོད་ཡུལ་ལྡོག་པ་ཡང་ཅི་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་ལེགས་ལྡན་བྱེད་ཀྱིས་བཤད་པའི་རྣམ་གྲངས་སྔ་མ་དང་མཐུན་ནོ། །སངས་རྒྱས་བསྐྱངས་ཀྱང་དེ་ཉིད་དོ། །ཟླ་བས་ནི། ཉོན་མོངས་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་དུ་གསུངས་པས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཞེས་སོ། །སྐྱེ་བ་ལྡོག་པའི་རིམ་པ་བསྟན་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་འབྱུང་ངོ་། །འབྱུང་བའི་རིམ་པ་ནི། ལས་དང་ཉོན་མོངས་པ་རྣམས་ནི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ལས་འབྱུང་སྟེ། མདོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་འགྱུར། །ཞེས་པ་དང་། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་འབྱུང་། །ཞེས་སོ། །རྟོག་པ་དེ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་སྣ་ཚོགས་པའི་སྤྲོས་པ་ལས་འབྱུང་ཞིང་། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །ཞེས་བདག་ཡོད་པར་གསུངས་པ་དང་། ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་གཉིས་འགལ་བར་འགྱུར་རོ་ཞེ་ན། ལན་ལ། ཚིགས་སུ་བཅད་པ་གཅིག་གི་བཤད་པ་ནི། སློབ་དཔོན་སྔ་མ་དང་མཐུན་ནོ། །ཕྱི་མའི་བཤད་པ་ནི། བདག་དང་བདག་མེད་གཉིས་ཀ་བསྟན་པ་མེད་ན། གང་ཞིག་བསྟན་ཞེ་ན། བརྗོད་པར་བྱ་བ་ལྡོག་པ་སྟེ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལྡོག་པའི་ཕྱིར། །དེས་ན་བརྗོད་པར་བྱ་བའི་ཡུལ་མེད་པའི་ཕྱིར། ཚིག་མི་འཇུག་པས་ཅུང་ཟད་ཀྱང་མ་བསྟན་པར་གནས་སོ། །འོག་ནས་ཀྱང་། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་སོ། །རྣམ་གྲངས་གཞན་བསྟན་པ་ནི། ཇི་ལྟར་ན་སྤྲོས་པ་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེ་ན། ལན་སྔ་མ་བཞིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་དེ་ཁོ་ན་ཉིད་རྟོགས་པས་ང་དང་ང་ཡིར་འཛིན་པ་ཟད་དོ། །ཞེས་བརྗོད་ན། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཤེས་པ་དང་བརྗོད་པར་ནུས་སམ་ཞེ་ན། ལན་སྔ་མ་བཞིན་དུ་འཆད་དོ། །གལ་ཏེ་དབུ་མ་པ་དང་མེད་པ་བ་དག་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ལན་ལ་བུད་དྷ་པ་ལི་ཏ་ལས། སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་དང་། སོ་སོར་བརྟགས་ནས་བཏང་སྙོམས་བྱེད་པ་གཉིས། བཏང་སྙོམས་བྱེད་པར་འདྲ་མོད་ཀྱི། སྔ་མ་ནི་མ་རིག་པས་བློ་གྲོས་ཀྱི་མིག་བསྒྲིབས་པས་མ་རྟོགས་པ་ཡིན་ལ། ཕྱི་མ་ནི། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པས་ཁྱད་པར་ཤིན་ཏུ་ཆེའོ། །འཇིག་རྟེན་མེད་ཅེས་སྨྲ་བ་ནི། ཀུན་ཏུ་རྨོངས་པ་ཡིན་ལ། རིགས་པས་བཏགས་ནས་ངོ་བོ་ཉིད་མེད་པར་སྨྲ་བ་ནི། དེ་ལྟ་མ་ཡིན་པས་ཁྱད་པར་ཡོད་དོ། །ཞེས་གསུངས་སོ། །ལེགས་ལྡན་བྱེད་ནི། གཞན་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་དག་གིས་གནས་ཚུལ་རྟོགས་པར་འདོད་པས་དེའི་ངོར་ལན་མ་ཡིན་ཞེས་སུན་ཕྱུང་ནས་རང་ལུགས་ལ་ཐ་སྙད་རྣམ་པར་བཞག་པའི་ཚེ་ཡང་མཚུངས་པ་མ་ཡིན་ཏེ། འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་ནི་མཐོང་བའི་དོན་ལ་བསྐུར་བ་འདེབས་པར་བྱེད་པས་མངོན་སུམ་དང་འགལ་བར་སྤྱོད་ལ། དབུ་མ་པ་ནི་རྟེན་འབྲེལ་སྨྲ་བ་ཡིན་པས་རྒྱུ་འབྲས་གསལ་བར་བྱེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་ལྟ་བའི་དུས་སུ་ཡང་མཚུངས་པ་མིན་ཏེ། མེད་པ་བ་ནི་ད་ལྟར་གྱི་སྣང་བ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་དེ་ལ་བསྐུར་བ་འདེབས་པའི་ཕྱིར། གཞན་ཡང་རྒྱུ་འབྲས་ལ་ལོག་པར་ཞུགས་པས་གནས་ཚུལ་གྱི་དོན་མ་རྟོགས་པར་གྲུབ་ལ། དབུ་མ་པ་ནི། ལས་རྒྱུ་འབྲས་ལ་བརྟེན་པར་བྱེད་ཅིང་། གནས་ཚུལ་ཡང་ཇི་ལྟ་བ་བཞིན་རྟོགས་པས་མི་མཚུངས་སོ། །ཞེས་འཆད་དོ། །གལ་ཏེ་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པར་མཚུངས་ན། འཇིག་རྟེན་ཀྱི་ཐ་སྙད་དུ་ཆོས་བསྟན་པའི་ཚུལ་ཇི་ལྟ་བུ་ཞེ་ན། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡང་དག་པ་ཞེས་གསུངས་ཏེ། ཐ་སྙད་ཀྱི་བདེན་པ་དང་མི་འགལ་བར་ཡོད་པའི་ཕྱིར། ཡང་དག་མིན་ཞེས་གསུངས་ཏེ། སྒྱུ་མ་བཞིན་དུ་ངོ་བོ་ཉིད་མ་གྲུབ་པའི་ཕྱིར། ཡང་དག་དང་ཡང་དག་མ་ཡིན་པ་གཉིས་སུ་གསུངས་ཏེ། བདེན་པ་གཉིས་ཀའི་རྣམ་པ་ལ་ལྟོས་ནས་བཞག་པའི་ཕྱིར། དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་པའི་ངོར་མཛད་ནས། ཡང་དག་མིན་མིན་ཡང་དག་མིན། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཡང་ན། ཐམས་ཅད་ཡང་དག་ཞེས་པ་ནི་ཉོན་སྒྲིབ་སྤོང་བའི་དོན་དུ་ཕྱི་ནང་གི་སྐྱེ་མཆེད་བདག་དང་བདག་གི་བ་དང་བྲལ་བའི་དོན་ལ་ཡང་དག་པར་བསྟན་ནོ། །ཡང་དག་མིན་ཞེས་པ་ནི། རྣམ་པར་ཤེས་པའི་མཚན་ཉིད་ལ་བདག་ཏུ་བརྟགས་པ་ལ་བཤད་དོ། །ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་པ་ནི་འཇིག་རྟེན་དང་བསྟན་བཅོས་ཀྱི་ཐ་སྙད་ལ་ལྟོས་ནས་སོ། །ཡང་དག་མིན་མིན་ཡང་དག་མིན། །ཞེས་པ་ནི། དོན་དམ་པར་ཡང་དག་པར་བཏགས་པ་དང་ཡང་དག་པ་མིན་པར་བཏགས་པ་གཉིས་ཀ་མི་འཐད་པའོ། །བསྟན་ཚུལ་གྱི་རིམ་པ་བཞི་པོ་དེ་ནི། གདུལ་བྱའི་དབང་པོ་དང་། བསམ་པ་དང་། བག་ལ་ཉལ་དང་། དུས་ཀྱི་དབང་གིས་སངས་རྒྱས་ཀྱི་ཆོས་རྗེས་སུ་བསྟན་པའི་རིམ་པའོ། །ཞེས་ག་ལས་འཇིགས་མེད་ཀྱི་བཤད་ཚུལ་ལོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་ནི། གལ་ཏེ་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པར་མཚུངས་ན། འཇིག་རྟེན་གྱི་ཐ་སྙད་དུ་ཆོས་བསྟན་པའི་ཚུལ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐམས་ཅད་ཡང་དག་ཅེས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་གང་འཇིག་རྟེན་ན་གྲགས་པར་ཡོད་པ་དེ་ང་ཡང་ཡོད་པར་བལྟའོ། །ཞེས་གསུངས་པ་ལྟར་རོ། །ཡང་དག་མིན་ཞེས་གསུངས་ཏེ། འཇིག་རྟེན་ན་གང་མེད་པར་གྲགས་པ་དེ་ང་ཡང་མེད་པར་བལྟའོ་ཞེས་གསུངས་པ་ལྟར་རོ། །དངོས་པོ་རྣམས་ངོ་བོ་ཉིད་མེད་པར་གཟིགས་ཀྱང་ཐ་སྙད་ཀྱི་དབང་གིས་འཇིག་རྟེན་གྱི་ཐ་སྙད་ལ་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་མིན་པའོ། །ཞེས་བརྗོད་ནས་བཅོམ་ལྡན་འདས་ཀྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཉིད་དུ་ཡང་བསྟན་ནོ། །དོན་དམ་པར་ནི། ཡང་དག་མིན་མིན་ཡང་དག་མིན། །ཞེས་བསྟན་ཏེ། འདི་ནི་མུ་སྟེགས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །རིམ་པ་བཞི་པོ་དེ་ནི་སངས་རྒྱས་ཀྱིས་གདུལ་བྱ་ལ་ཆོས་རྗེས་སུ་བསྟན་པའི་རིམ་པ་བའོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། ཁ་ཅིག ཐམས་ཅད་ཡོད་པ་ཉིད་ལ་སྐྱེའོ་ཞེས་པ་ནི་ཐམས་ཅད་ཡང་དག་ཞེས་བསྟན་ཏེ། ཁ་ཅིག་ཐམས་ཅད་ཡོད་པ་ཉིད་ལ་སྐྱེའོ་ཞེས་སྨྲ་བས་སོ། །ཡང་དག་མིན་ཞེས་ཀྱང་བསྟན་ཏེ། རྒྱུ་ལ་འབྲས་བུ་སྔ་ནས་ཡོད་པ་མ་ཡིན་པས་སོ། །ཁ་ཅིག་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གཉིས་སུ་སྨྲ་སྟེ། ཡོད་པ་དང་མེད་པ་ལས་སྐྱེའོ་ཞེས་སྨྲ་བས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི། ཡང་དག་མིན་མིན་ཡང་དག་མིན། །ཞེས་བསྟན་ཏེ། དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་གདགས་པར་ཟད་ཀྱི། ཡོད་པ་དང་མེད་པ་མིན་པའི་ཕྱིར། ཞེས་བཤད་དོ། །ཟླ་བས་ནི། དོན་དམ་པར་མ་སྐྱེས་པ་དང་མ་འགག་ཆོས་ཉིད་མྱ་ངན་འདས་དང་མཚུངས་པ་ཡིན་མོད་ཀྱི། མ་བསྟན་ན་མི་རྟོགས་པས་བསྟན་ཚུལ་གྱི་རིམ་པ་ཇི་ལྟ་བུ་ཞེས། ཆོས་བསྟན་ཚུལ་གྱི་རིམ་པ་བསྟན་པ་ནི། འཇིག་རྟེན་གྱི་ངོར་མཛད་ནས་ཐམས་ཅད་ཡང་དག་ཞེས་བསྟན་ཏེ། འཇིག་རྟེན་གྱི་རྟོགས་ཚུལ་དང་མཐུན་པར་ཆོས་བསྟན་པས་ཐམས་ཅད་མཁྱེན་པའོ། །ཞེས་ཡིད་ཆེས་པ་བསྐྱེད་ནས་བསྟན་པ་ལ་འཇུག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཡུལ་ལ་ཡང་དག་པ་མིན་ཞེས་ཀྱང་བསྟན་ཏེ། སྐད་ཅིག་གིས་འཇིག་པའི་ཚུལ་ཅན་ཡིན་པའི་ཕྱིར་རོ། །སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་ཡང་དག་པ་དང་། འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཡང་དག་པ་མིན་པ་ཞེས་ཀྱང་བསྟན་ནོ། །དེ་ཁོ་ན་ཉིད་རྟོགས་པ་མཐར་ཕྱིན་པའི་དོན་དུ་ཡང་དག་མིན་མིན་ཡང་དག་མིན་ཞེས་ཀྱང་བསྟན། བསྟན་ཚུལ་གྱི་རིམ་པ་དེ་ནི་སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་མཐུན་པར་ཆོས་རྗེས་སུ་བསྟན་པའི་རིམ་པ་སྟེ། བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་མིན་ཞེས་ཀྱང་བསྟན་པ་སྟེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་བཤད་པ་ལྟར་རོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པ་ནི། ག་ལས་འཇིགས་མེད་ལས། དེ་ཁོ་ན་ཉིད་རྟོགས་པས་གྲོལ་བ་ཐོབ་པར་འདོད་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཞེས་པ་དང་། བུད་དྷ་པ་ལི་ཏ་ལས། དེ་ཁོ་ན་ཉིད་མཐོང་བར་འདོད་པ་རྣམས་ཀྱིས་ཐ་སྙད་ལ་མ་ཞེན་པར་དེ་ཁོ་ན་ཉིད་གཟུང་བར་བྱའོ། །དེ་ཁོ་ན་ཉིད་ཀྱི་མཚན་ཉིད་གང་ཞེ་ན། ཞེས་སོ། །ཤེས་རབ་སྒྲོན་མེ་ལས་ནི། རང་གཞན་གྱི་སྡེ་པ་དག་གིས་སྨྲས་པ། དེ་ཁོ་ན་ཉིད་རྟོགས་པས་གྲོལ་བར་འདོད་ན་དེའི་མཚན་ཉིད་བསྟན་པར་བྱ་དགོས་སོ། །ཅི་སྟེ་བསྟན་པར་མི་མཛད་ན་རང་ཕྱོགས་མི་འཇོག་པར་གཞན་སུན་འབྱིན་པར་བྱེད་པས་ཅོ་འདྲི་བ་ཡིན་ནོ་ཞེ་ན། ཇི་ལྟར་གནས་པ་བཞིན་ངག་གི་ཐ་སྙད་ལས་འདས་པས་བརྗོད་པར་མི་ནུས་ལ། འོན་ཀྱང་ལས་དང་པོ་པས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ངེས་པར་བྱ་བའི་ཕྱིར་དུ་བཤད་པ་ཞེས་མཚམས་སྦྱར་ནས། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ནི་གཞན་སྒྲ་རྟོག་ལས་ཤེས་པ་མིན་ཏེ། སོ་སོར་རང་གིས་རིག་པའི་མཉམ་བཞག་གི་ཡེ་ཤེས་ཁོ་ནས་མངོན་སུམ་དུ་རྟོགས་བྱ་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ངོ་བོ་ཉིད་དང་བྲལ་བའི་ཕྱིར་དང་། ངོ་བོ་ཉིད་དང་ཁྱད་པར་ལ་རྟོག་པའི་སྤྱོད་ཡུལ་མིན་པའི་ཕྱིར། རྗོད་བྱེད་ཀྱི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའི་ཕྱིར་ཏེ། མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར། འདིའོ་སྙམ་པའི་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་མེད་དེ། འདིའོ་ཞེས་རྣམ་པར་མ་བརྟགས་པའི་ཕྱིར་ཏེ། རྟོག་པ་ལ་སྣང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དོན་ཐ་དད་པ་མིན་ཏེ། དོན་སོ་སོར་དབྱེར་མེད་པའི་ཕྱིར་ཏེ། ནམ་མཁའ་ལྟར་རོ་གཅིག་པའི་ཕྱིར་རོ། །ཡང་ན་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་དུ་མེད་པའི་ཕྱིར། ཞི་བ་ཡིན་ཏེ། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའི་ཕྱིར་རོ། །དོན་ཐ་དད་པ་མིན་ཏེ་ཞི་བའི་ཕྱིར། གཞན་ལས་ཤེས་པ་མིན་ཏེ། ཞེས་ཐམས་ཅད་མཐུན་པར་སྣང་ངོ་། །ཡང་ཤེས་རབ་སྒྲོན་མེ་ལས། རྣམ་གྲངས་གཞན་བསྟན་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། གཞན་ལས་ཤེས་པ་མིན་ནོ། །གཞན་ལས་ཤེས་པ་མིན་པ་དེ་ལ་ཚིག་མི་འཇུག་པས། ཇི་ལྟར་གནས་པ་བཞིན་གྱི་དོན་ནི། ཚིག་གིས་སྒྲོ་བཏགས་པ་ལས་ཀྱང་འདས་སོ། །ཞེས་བཤད་དོ། །དེ་དག་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །ཀུན་རྫོབ་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ། ག་ལས་འཇིགས་མེད་ལས། མྱུ་གུ་སོགས་གང་ཡིན་པ་དེ་ནི་ས་བོན་དེ་ཉིད་མིན་ཏེ། ས་བོན་གང་ལ་བརྟེན་ནས་འབྱུང་བའི་ཕྱིར། དེས་ན་རྟག་པ་མ་ཡིན་ནོ། །དེ་ལས་གཞན་པའང་མ་ཡིན་པའི་ཕྱིར། དེའི་ཕྱིར་ཆད་པའང་མིན་ནོ། །འདིས་ནི་མཆོད་བརྗོད་དུ། ཆད་པ་མེད་པ་རྟག་མེད་པ། །ཞེས་པ་དང་། ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པའི་དོན་བསྟན་ནོ། །ཞེས་འཆད། བུད་དྷ་པ་ལི་ཏ་ལས། ཚིག་དང་པོ་གཉིས་སྔ་མ་བཞིན་བཤད་ལ། ཕྱི་མ་ནི། ས་བོན་དེ་ལས་མྱུ་གུ་གཞན་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གཞན་ཡིན་ན་དེ་མེད་པར་ཡང་འབྱུང་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། གཞན་ཡང་ས་བོན་ཇི་ལྟ་བ་བཞིན་དུ་མྱུ་གུ་གཞན་པ་ཡང་མིན་ལ། ངོ་བོ་ཉིད་ཀྱིས་གཞན་ཡང་མིན་པའི་ཕྱིར་མྱུ་གུའི་དུས་སུ་ས་བོན་རྒྱུན་ཆད་པ་མིན་པས་རྟག་ཆད་གཉིས་ཀའི་སྐྱོན་མེད་དོ། །འཕགས་པ་ལྷས་ཀྱང་། གང་ཕྱིར་དངོས་པོ་འབྱུང་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །དེས་ན་རྟག་པར་མི་འགྱུར་རོ། །ཞེས་བཤད་དོ། །ཤེས་རབ་སྒྲོན་མེ་ལས། ཚིག་དོན་གཞན་དང་མཐུན་པར་བཤད་ནས། སྦྱོར་བ་ནི། རྒྱུ་དང་འབྲས་བུ་གཅིག་མ་ཡིན་པར་ཤེས་པར་ནུས་ཏེ། བློའི་རྣམ་པ་ཐ་དད་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར། མིག་ཤེས་དང་གཟུགས་བཞིན་ནོ། །གཞན་ཡང་འབྲས་བུ་རྒྱུ་ཉིད་མ་ཡིན་ཏེ་དེ་ལས་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དེ་ལས་གཞན་པའང་མ་ཡིན་ཏེ། གལ་ཏེ་ཡིན་ན་རྒྱུ་མིན་པ་ལ་མི་ལྟོས་པ་བཞིན་དུ་རྒྱུ་ལ་ཡང་མི་ལྟོས་པས། རྒྱུ་ལས་ཀྱང་མི་སྐྱེ་བར་ཐལ་བར་འགྱུར་རོ། །འདི་ནི། རྒྱུ་དང་འབྲས་བུ་གཞན་ཡིན་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་པའི་དོན་ནོ། །དེས་ན་རྒྱུ་དང་འབྲས་བུ་གཅིག་མ་ཡིན་པས་འབྲས་བུ་སྐྱེས་པའི་ཚེ། རྒྱུ་འགགས་པ་དང་། རྒྱུ་ཞིག་ཀྱང་འབྲས་བུ་སྐྱེས་བའི་ཚུལ་གྱིས་རྒྱུན་གཅིག་པར་འབྲེལ་བས། རྟག་པ་དང་ཆད་པ་མ་ཡིན་ནོ་ཞེས་སོ། །སྔ་མ་བཞིན་དུ་འཕགས་པ་ལྷའི་ལུང་སྦྱོར་ཡང་མཛད་དོ། །ཟླ་བས་ནི། གཅིག་མ་ཡིན་ཏེ་བསྐྱེད་བྱ་སྐྱེད་བྱེད་མིན་པར་ཐལ་བའི་ཕྱིར། མྱུ་གུ་སྐྱེས་པའི་ཚེ་ས་བོན་མ་འགགས་པས་རྟག་པར་སྨྲ་བར་ཡང་འགྱུར། མྱུ་གུ་དང་ས་བོན་གཞན་ཡང་མ་ཡིན་ཏེ། གལ་ཏེ་གཞན་ཡིན་ན། ས་བོན་མེད་པར་ཡང་མྱུ་གུ་སྐྱེ་བར་ཐལ་བས་མྱུ་གུ་སྐྱེས་པའི་ཚེ་ས་བོན་གྱི་རྒྱུན་མེད་པས་ཆད་པར་ཡང་འགྱུར་རོ་ཞེས་བཤད་དོ། །དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་ནས། དེ་རྟོགས་པ་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུར་བསྟན་པ་ལ། ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས། དེ་ལྟར་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྣམ་པར་འབྱེད་པ་དོན་གཅིག་པ་མ་ཡིན་པ། དོན་ཐ་དད་པ་མིན་པ། ཆད་པ་མ་ཡིན་པ། རྟག་པ་མ་ཡིན་པ། མཆོག་ཏུ་ཟབ་པའི་དོན་དམ་པ་དེ་ནི་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་སྐྱེ་རྒ་ན་འཆིའི་རྒྱུན་གཅོད་པས་བདུད་རྩི་ལྟར་གྱུར་པ་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས་དོན་གཅིག་མ་ཡིན་པ་སོགས་ཀྱི་ཆོས་བཞི་ལྡན་དེ་ནི། འཇིག་རྟེན་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཐོས་བསམ་སྒོམ་པའི་སྟོབས་ཀྱིས་འདྲིས་པར་གྱིས་པས་ཚེ་འདི་ཉིད་ལ་སྡུག་བསྔལ་ཉེ་བར་ཞི་བའི་བདུད་རྩི་ཐོབ་པའི་རྒྱུ་ཡིན་ནོ། །ཚེ་འདི་ཉིད་ལ་མ་གྲུབ་ཀྱང་ཚེ་རབས་གཞན་དུ་ངེས་པར་འགྲུབ་སྟེ། འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །ཚེ་རབས་གཞན་དུ་འབད་མེད་པར། །ངེས་པར་འཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་དོ། །ཟླ་བ་ཡང་དེ་དང་མཐུན། གསུམ་པ་དེ་ཁོ་ན་ཉིད་ལ་སློབ་པའི་འབྲས་བུ་ནི། ཚེ་འདི་ཉིད་ལ་མ་ཐོབ་ཀྱང་ཕྱི་མ་ལ་ཐོབ་ཚུལ་བསྟན་པ་ལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ཀྱིས། ཉན་ཐོས་གང་ལམ་འདི་ལ་གོམས་པར་བྱས་པ་རྣམས་བརྒྱ་ལ་རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ཞིང་། ཉན་ཐོས་རྣམས་ཀྱང་ཟད་པས་ན་རྐྱེན་དང་མི་ལྡན་དུ་ཟིན་ཀྱང་། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། འདུ་འཛི་ལ་བརྟེན་པ་མེད་པར་དབེན་པའི་རྒྱུ་ཙམ་ལས་རབ་ཏུ་སྐྱེའོ། །ཞེས་གསུངས་སོ། །ཤེས་རབ་སྒྲོན་མེ་ལས། ཚེ་འདི་ལ་ཕལ་ཆེར་འགྲུབ་ལ། ཅི་སྟེ་བརྒྱ་ལ་རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། ཉན་ཐོས་རྣམས་ཀྱང་ཟད་པས་ན་རྐྱེན་དང་མི་ལྡན་དུ་ཟིན་ཀྱང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་དབེན་པ་བསྟེན་པ་འདུ་འཛི་མེད་པའི་རྒྱུ་ལས་སྐྱེ་ཞེས་བཤད་དོ། །ཟླ་བས་བརྟེན་པ་མེད་པའི་དོན་དབེན་པ་བརྟེན་པ་དང་། དགེ་བའི་བཤེས་གཉེན་ལ་མི་བརྟེན་པའི་རྣམ་གྲངས་གཉིས་བཤད་ལ་གཞན་སྔར་བཞིན་ནོ། །གསུམ་པ་ནི་དབུ་མ་རྩ་བ་ལས། བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།།    །།དུས་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་དགོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི། ཡུམ་ལས་འདས་པ་མི་དམིགས། མ་འོངས་པ་མི་དམིགས། ད་ལྟར་བྱུང་བ་མི་དམིགས། ཞེས་པ་དང་། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཞེས་སོགས་སོ། །གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་ལས། དངོས་པོ་ཡོད་དེ་དུས་ཡོད་པའི་ཕྱིར་ཏེ། གསུམ་པོ་ལྟོས་ནས་གྲུབ་པའི་ཕྱིར། མཆོག་དང་ཐ་མ་སོགས་ཀྱང་རིམ་པ་འདི་ཉིད་ཀྱིས་ཡོད་པར་ཤེས་པར་བྱའོ། །ཞེས་མཚམས་སྦྱོར་མཛད་དོ། །བུད་དྷ་པ་ལི་ཏ་ལས་དུས་གསུམ་ཡོད་དེ། བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་བསྟན་པར་མཛད་པས་སོ་ཞེས་སོ། །ཤེས་རབ་སྒྲོན་མེ་ལས། དངོས་པོ་ནི་ཡོད་པ་ཁོ་ན་སྟེ། དུས་གསུམ་གསལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། མར་མེ་བཞིན་ནོ། །ཟླ་བས་ནི། དངོས་པོ་ཡོད་དེ། དུས་གདགས་པའི་གཞི་ཡིན་པའི་ཕྱིར། ཞེས་སོ། །གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། སྤྱིའི་དོན་དང་། ཡན་ལག་དོན་ནོ། །དང་པོ་ལ་དུས་ནི། རྒྱུ་འབྲས་ཀྱི་གནས་སྐབས་ལ་གདགས་ཏེ། སྔ་མའི་དངོས་པོ་འགག་ཟིན་པ་ལ་འདས་པ་དང་། སྐྱེས་ལ་མ་འགགས་པ་ལ་ད་ལྟར་བ་དང་། འབྱུང་རུང་མ་བྱུང་བ་ལ་མ་འོངས་པ་ཞེས་བརྗོད་པའི་ཕྱིར། དེ་ལ་འདས་པ་དྲན་པའི་བློས་འདས་པའི་བུམ་པ་ཞེས་བཟུང་བ་དེ་ཉིད་འགགས་པའི་གནས་སྐབས་ཅན་ཡིན་ལ་དེའི་གནས་སྐབས་ལ་འདས་པ་ཞེས་བརྗོད་དོ། །རྟོག་པས་མ་འོངས་པའི་བུམ་པ་ཞེས་བཟུང་བ་དེ་ཉིད་འབྱུང་ལ་མ་བྱུང་བའི་གནས་སྐབས་ཅན་ཡིན་ལ། དེའི་གནས་སྐབས་ལ་མ་འོངས་པའི་དུས་ཞེས་བརྗོད་དོ། །ད་ལྟར་བའི་བུམ་པ་སྐྱེས་ལ་མ་འགག་པ་ནི། གནས་སྐབས་ཅན་ཡིན་ལ། དེའི་གནས་སྐབས་ལ་ནི་ད་ལྟར་བའི་དུས་ཞེས་བརྗོད་དོ། །ད་ལྟར་བའི་གནས་སྐབས་ཅན་གྱི་དུས་ནི་འདས་པའི་གནས་སྐབས་སྐྱེས་པ་དང་། མ་འོངས་པའི་གནས་སྐབས་མ་སྐྱེས་པ་ཡིན་ནོ། །གལ་ཏེ་བྱུང་བ་འགགས་པ་ནི། དངོས་པོ་མ་ཡིན་པས་དེ་ལ་གདགས་པའི་དུས་ཀྱང་དངོས་པོར་མི་འགྱུར་ལ། འབྱུང་ལ་མ་བྱུང་བའི་གནས་སྐབས་ཀྱང་དངོས་པོ་མ་ཡིན་པས་དུས་སུ་མི་འགྱུར་རོ་ཞེ་ན། སྐྱེས་ལ་འགགས་པ་ནི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་ཏེ། དངོས་པོ་གཞན་དུ་གྱུར་བ་ལ། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་འབྱུང་ལ། ཚུལ་དེས་ཁྱད་པར་དུ་བྱས་པའི་དངོས་མེད་དེ་ཡང་འདུས་བྱས་སུ་གསུངས་ཏེ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པ་ལྟར་རོ། །རྒྱས་པར་འདུས་བྱས་བརྟག་པའི་རབ་ཏུ་བྱེད་པར་བསྟན་ཟིན་ཏོ། །མ་འོངས་པའི་དོན་ལ་ཡང་རིགས་པ་དེས་ཤེས་པར་བྱའོ། །ཡན་ལག་གི་དོན་ལ་དུས་ཀྱི་ངོ་བོ་དགག་པ། དུས་ཀྱི་སྒྲུབ་བྱེད་དགག་པ། དང་པོ་ལ། དུས་གསུམ་དཔྱོད་པའི་རིགས་པ། རིགས་པ་གཞན་ལ་སྦྱར་བའོ། །དང་པོ་ལ། འདས་པ་ལ་སྦྱར་ནས་དགག ལྷག་མ་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ་ལྟོས་ནས་གྲུབ་པ་དགག མ་ལྟོས་པར་གྲུབ་པ་དགག དོན་བསྡུ་བའོ། །དང་པོ་ནི། ད་ལྟར་བྱུང་བ་དང་། མ་འོངས་པ་འདས་པ་ལ་ལྟོས་ནས་གྲུབ་བམ། མ་ལྟོས་པར་གྲུབ། གལ་ཏེ་ད་ལྟར་བྱུང་བ་དང་། མ་འོངས་པ་འདས་པ་ལ་ལྟོས་པར་གྱུར་ན། ད་ལྟར་བྱུང་བ་དང་། མ་འོངས་པ་འདས་པའི་དུས་ན་ཡོད་པར་འགྱུར་རོ། །ད་ལྟར་བྱུང་བ་དང་མ་འོངས་པ་གལ་ཏེ་འདས་པའི་དུས་དོན་མེད་པར་གྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པ་ཇི་ལྟར་ནི་འདས་པ་དེ་ལ་ལྟོས་པར་འགྱུར། གལ་ཏེ་མ་ལྟོས་པར་གྲུབ་བོ་ཞེ་ན། ད་ལྟར་བྱུང་བ་དང་མ་འོངས་པ་དེ་གཉིས་ཆོས་ཅན། ད་ལྟར་བ་དང་མ་འོངས་པ་དག་ཏུ་འགྲུབ་པ་ཡོད་པ་མ་ཡིན་པར་ཐལ། འདས་པ་ལ་མ་ལྟོས་པའི་ཕྱིར། དོན་བསྡུ་བ་ནི། ལྟོས་པ་དང་མ་ལྟོས་པ་གང་དུ་ཡང་མ་གྲུབ་པ་དེའི་ཕྱིར། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་ཡོད་པ་མ་ཡིན་ནོ། །ལྟོས་པ་དང་མ་ལྟོས་པར་གྲུབ་པ་འགོག་པའི་རིགས་པའི་རིམ་པའི་ཚུལ་འདི་གཉིས་ཀྱིས་དུས་ཀྱི་ལྷག་མ་གཉིས་པོ་བསྣོར་བའི་ཚུལ་ཡང་བསྟན་ནོ། །བསྣོར་ཚུལ་དང་པོ་ནི། ད་ལྟར་བྱུང་དང་འདས་པ་དག །གལ་ཏེ་མ་འོངས་ལྟོས་གྱུར་ན། །ད་ལྟར་བྱུང་དང་འདས་པ་དག །མ་འོངས་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་དང་འདས་པ་དག །གལ་ཏེ་དེ་ན་མེད་གྱུར་ན། །གང་ལྟར་བྱུང་དང་འདས་པ་དག །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །མ་འོངས་པ་ལ་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང་། །འདས་པའི་དུས་ཀྱང་ཡོད་མ་ཡིན། །ཞེས་སོ། །བརྣོར་ཚུལ་གཉིས་པ་ནི། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་དུས་ན་ཡོད་པར་འགྱུར། །འདས་པ་དང་ནི་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་འདས་པ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །ཞེས་ལེགས་ལྡན་བྱེད་དེ། གཞན་རྣམས་ཀྱང་དགོངས་པ་གཅིག་གོ །གཉིས་པ་ནི་དུས་གསུམ་ལ་དཔྱད་པ་དེ་བཞིན་དུ་མཆོག་དགེ་བ་དང་། ཐ་མ་མི་དགེ་བ་དང་། འབྲིང་ལུང་མ་བསྟན་དང་། ལ་སོགས་པ་སྐྱེ་བ་དང་། གནས་པ་དང་། མི་རྟག་པ་གསུམ་དང་། སྔོན་གྱི་མཐའ་དང་། དབུས་དང་། ཕྱི་མའི་མཐའ་གསུམ་དང་། གཅིག་དང་། སོགས་པ་གཉིས་དང་། མང་པོ་ལ་སོགས་དངོས་པོ་གསུམ་དང་འབྲེལ་བ་ཇི་སྙེད་པའང་ལྟོས་ནས་གྲུབ་པ་དང་མ་ལྟོས་པར་གྲུབ་པར་འགོག་པའི་རིམ་པའི་ཚུལ་གྱིས་ཤེས་པར་བྱའོ་ཞེས། ཐམས་ཅད་མཐུན་ནོ། །འདིར་ཤེས་རབ་སྒྲོན་མེ་ལས། དེ་དག་འགོག་པའི་རིགས་པ་གསུངས་པ་ནི། མཆོག་དང་འབྲིང་གཉིས་དོན་དམ་པར་གྲུབ་པ་མེད་དེ། ལྟོས་པ་དང་བཅས་པའི་ཕྱིར། ཐ་མའི་ངང་ཚུལ་བཞིན་ནོ། །དེ་བཞིན་དུ། གཞན་གཉིས་ལའང་ཤེས་པར་བྱའོ། །གཅིག་ཆོས་ཅན། ངོ་བོ་ཉིད་ཀྱིས་མེད་དེ། ལྟོས་པ་དང་བཅས་པའི་ཕྱིར། གཉིས་བཞིན་ནོ། །གཅིག་ངོ་བོ་ཉིད་དུ་མེད་དེ། བགྲང་བར་བྱ་བ་ཡིན་པའི་ཕྱིར། གྲངས་གཞན་བཞིན་ནོ། །གཉིས་ཀྱང་གཉིས་ཀྱི་ངོ་བོ་ཉིད་དུ་མེད་དེ། ལྟོས་པ་དང་བཅས་པའི་ཕྱིར། ཞེས་སོགས་སྔ་མ་བཞིན་དུ་འཆད། བུད་དྷ་པ་ལི་ཏ་ལས། མཆོག་ཏུ་གྱུར་དང་ཐ་མ་དག །གལ་ཏེ་འབྲིང་ལ་ལྟོས་གྱུར་ན། །མཆོག་ཏུ་གྱུར་དང་ཐ་མ་དག །འབྲིང་པོ་ལ་ནི་ཡོད་པར་འགྱུར། །མཆོག་ཏུ་གྱུར་དང་ཐ་མ་དག །གལ་ཏེ་འབྲིང་ལ་མེད་གྱུར་ན། །མཆོག་ཏུ་གྱུར་དང་ཐ་མ་དག །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །འབྲིང་པོ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་མཆོག་ཏུ་གྱུར་པ་དང་། །ཐ་མ་དག་ཀྱང་ཡོད་མ་ཡིན། །རིམ་པའི་ཚུལ་ནི་འདི་གཉིས་ཀྱིས། །ལྷག་མ་གཉིས་པོ་བསྣོར་ཤེས་བྱ། །ཞེས་པས་དོན་བསྡུས་པའོ། །གཉིས་པ་དུས་ཀྱི་སྒྲུབ་བྱེད་དགག་པ་ནི། དུས་ནི་ཡོད་པ་ཡིན་ཏེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པའི་ཚད་ཀྱི་སྒོ་ནས་གཟུང་དུ་ཡོད་པའི་ཕྱིར་ཞེ་ན། སློབ་དཔོན་གསུམ་གྱི་བཤད་ཚུལ་ནི། དུས་དངོས་པོར་གནས་པ་ཞིག་ཚད་ཀྱི་སྒོ་ནས་འཛིན་ནམ། མི་གནས་པ་ཞིག་འཛིན་གྲང་། དང་པོ་ནི། དུས་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱི་སྒོ་ནས་འཛིན་པར་མི་བྱེད་པར་ཐལ། སྐད་ཅིག་ལས་ཐ་དད་དུ་མི་གནས་པའི་ཕྱིར། ཚད་ཀྱི་སྒོ་ནས་དུས་སུ་འཛིན་པར་མི་བྱེད་པར་ཐལ། ཚད་ལས་ཐ་དད་དུ་མི་གནས་པའི་ཕྱིར། གཉིས་པ་ལྟར་ན། ཚད་ཀྱི་སྒོ་ནས་ཚད་མས་གཟུང་དུ་མེད་པར་ཐལ། དངོས་པོ་ལས་གཞན་པ་གང་ཞིག་ཚད་ཀྱི་སྒོ་ནས་གཟུང་བར་བྱ་བའི་དུས་གནས་པ་ཡོད་པ་མ་ཡིན་པས་སོ། །དུས་ནི་ཆོས་ཅན། ཚད་ཀྱི་སྒོ་ནས་དུས་སུ་ཇི་ལྟར་གདགས་ཏེ། མི་གདགས་པར་ཐལ། ཚད་མས་མ་བཟུང་བའི་ཕྱིར། ཞེས་ལེགས་ལྡན་བྱེད་བཞེད་དེ་གསུམ་ག་མཐུན་ནོ། །ཟླ་བས་ནི། སྐད་ཅིག་ལས་ཐ་དད་པའི་གཟུང་བྱའི་དུས་ཅིག་ཡོད་ན་ཚད་ཀྱི་སྒོ་ནས་འཛིན་པར་རིགས་པ་ལས། དུས་ནི་ཆོས་ཅན། སྐད་ཅིག་སོགས་ལས་ཐ་དད་དུ་ཚད་ཀྱི་སྒོ་ནས་འཛིན་པར་མི་བྱེད་པར་ཐལ། སྐད་ཅིག་ལས་ཐ་དད་དུ་གཟུང་བྱར་མི་གནས་པའི་ཕྱིར། གཞན་ཡང་། དུས་འདུས་བྱས་སམ། འདུས་བྱས་མིན་པ་ཞིག་རྟོག་གྲང་ན། འདུས་མ་བྱས་རང་བཞིན་ཅན་ཡང་མི་འཐད་དེ། གང་ཞིག་གཟུང་བར་བྱ་བའི་དུས་བྱས་པ་ཡོད་པ་མ་ཡིན་པས་སོ། །གཉིས་པའང་མི་འཐད་དེ་ཇི་སྐད་དུ། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་བཀག་ཟིན་པས་སོ། །གང་ཞིག་གི་ཚད་ལས་ཐ་དད་དུ་མ་བཟུང་བའི་དུས་ནི་ཚད་ཀྱི་སྒོ་ནས་ཇི་ལྟར་གདགས་ཏེ། གདགས་སུ་མེད་དོ་ཞེས་བཤད་དོ། །འགྲེལ་པ་གཉིས་ལས། དུས་ནི་ཡོད་པ་ཡིན་ཏེ། སྔ་ཕྱི་དང་། ཅིག་ཆར་བ་ཡིན་མིན་དང་། མྱུར་བུལ་ལ་སོགས་པའི་རྟགས་ཡོད་པའི་ཕྱིར་རོ་ཞེས་སོ། །ལེགས་ལྡན་བྱེད་ནི། དངོས་པོ་ལ་རྟེན་ཅིང་ལྟོས་ནས་སྐད་ཅིག་མ་ལ་སོགས་པར་བརྗོད་པའི་སྒྲ་ཡོད་པའི་ཕྱིར་རོ། །ཞེ་ན་ཞེ་འོ། །ཟླ་བ་ཡང་དེ་བཞིན་ནོ། །གལ་ཏེ་དུས་ནི་དངོས་པོ་ལ་བརྟེན་ཏེ་འཇོག་པ་ཡིན་ན། དུས་ནི་ག་ལ་ཡོད་དེ་མེད་པར་ཐལ། རྟེན་དངོས་པོ་མེད་པའི་ཕྱིར་རོ། །དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །ཞེས་ག་ལས་འཇིགས་མེད་བཞེད། བུད་དྷ་པ་ལི་ཏ་ཡང་དེ་བཞིན་དུ་སྣང་ངོ་། །ཕྱི་མའི་དོན་ནི། དུས་ནི་དངོས་པོ་ལ་བརྟེན་ནས་གདགས་པ་ཁོ་ན་ཡིན་ཏེ། ཡུད་ཙམ་དང་ཉིན་ཞག་ལ་སོགས་པར་འཇོག་པའི་ཕྱིར་ཞེ་ན། དངོས་པོ་འགའ་ཡང་ཡོད་མིན་ཏེ། །དུས་ནི་ཡོད་པར་ག་ལ་འགྱུར། །ཞེས་བཤད་དོ། །ལེགས་ལྡན་བྱེད་ནི། གལ་ཏེ་དུས་ནི་དངོས་པོ་ལ་བརྟེན་ནས་འཇོག་པ་ཡིན་ན། དངོས་མེད་དུས་ནི་ག་ལ་ཡོད། དུས་ནི་རྫས་སུ་ཡོད་པ་ཁོ་ན་ཡིན་ཏེ། སྔ་ཕྱི་དང་མྱུར་བུལ་ལ་སོགས་པའི་རྟགས་ཡོད་པའི་ཕྱིར་ཞེ་ན། སྐད་ཅིག་དང་། སྔ་ཕྱི་ལ་སོགས་པ་ནི། འདུ་བྱེད་ཀྱི་སྒོ་ནས་བཞག་པ་ཡིན་པས། དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །ཞེས་འཆད་དེ། ཟླ་བ་ཡང་སྔ་མ་དང་དོན་གཅིག་གོ །གསུམ་པ་ནི། དབུ་མ་རྩ་བ་ལས། དུས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དགུ་པའི་རྣམ་པར་བཤད་པའོ།།    །།ཚོགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། འབྲེལ་འགོད་པས་མཚམས་སྦྱར། གཞུང་གི་ཚིག་དོན་རྒྱས་པར་བཤད། མིང་གི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། དང་པོ་མདོའི་འབྲེལ་ནི། གང་ཕྱིར་འཇིག་རྟེན་ཇི་སྙེད་མིང་། །ཚོགས་པ་ཡིན་ལ་སྣང་གྱུར་པ། །དེ་ཕྱིར་དངོས་པོ་ཡོད་མིན་ཏེ། །དངོས་པོ་ཚོགས་པའང་ཡོད་མ་ཡིན། །ཞེས་སོགས་སོ། །གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི། དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། དུས་དང་རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འགྲུབ་པའི་ཕྱིར་ཞེ་ན། གཉིས་པ་གཞུང་གི་ཚིག་དོན་ལ། རྒྱུ་རྐྱེན་ཚོགས་པས་འབྲས་བུ་བསྐྱེད་པ་དགག རྒྱུ་ཡིས་འབྲས་བུ་བསྐྱེད་པ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། འབྲས་ཕྱོགས་ནས་དགག རྒྱུ་ཕྱོགས་ནས་དགག་པའོ། །དང་པོ་ལ། ཚོགས་པ་སྔ་མ་ལས་སྐྱེ་བ་དགག དུས་མཉམ་པ་ལ་སྐྱེ་བ་དགག ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པའོ། །དང་པོ་ནི། ཤེས་རབ་སྒྲོན་མེ་ལས། གྲུབ་པའི་མཐའ་ལས་འབྲས་བུ་སྐྱེ་བར་འདོད་པ་དགག་པ་བཤད་པ་ཞེས་གསུངས་ཏེ། ཚིག་དོན་མཐུན་པར་བཤད་པ་ནི། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། ཚོགས་པ་ལ་ཡོད་པའམ། ཚོགས་པ་ལ་མེད་པ་ཞིག་སྐྱེ་གྲང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ཉིད་ལས་སྐྱེ་སྟེ། རྒྱུའི་དུས་སུ་གྲུབ་ཟིན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། རྒྱུ་རྐྱེན་ཚོགས་པ་ལ་འབྲས་བུ་མེད་ན་ནི། ཇི་ལྟར་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་སྟེ་མི་སྐྱེ་བར་ཐལ། མེད་པའི་ཕྱིར། རིགས་པ་གཞན་ཡང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་རྒྱུ་རྐྱེན་ཚོགས་པ་ལ་གཟུང་དུ་ཡོད་པར་རིགས་ན། རྒྱུ་རྐྱེན་ཚོགས་པ་ཉིད་ལ་གཟུང་དུ་མེད་དོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི། རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་པ་དང་མཚུངས་པར་འགྱུར་ཏེ། འབྲས་བུ་མེད་པར་འདྲ་བའི་ཕྱིར། འདིར་ཤེས་རབ་སྒྲོན་མེ་ལས། རྒྱུ་རྐྱེན་རྣམས་ནི་འབྲས་བུ་སྐྱེད་བྱེད་མ་ཡིན་ཏེ། འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར། འབྲས་བུས་སྟོང་པ་བཞིན་ཞེས་འཆད། སངས་རྒྱས་བསྐྱངས་ནི། རྒྱུ་རྐྱེན་དང་རྒྱུ་རྐྱེན་མ་ཡིན་པ་མཚུངས་པར་ཐལ་བར་འགྱུར་ཏེ། གཉིས་ཀ་འབྲས་བུ་མེད་པར་འདྲ་བས་སོ། །དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ། །མི་མཚུངས་ཏེ། རྒྱུ་རྐྱེན་གྱི་ངེས་པ་མཐོང་བའི་ཕྱིར་ཏེ། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་ཁོ་ན་སྐྱེ་བར་མཐོང་གི འབྲས་ཀྱི་མྱུ་གུ་མི་སྐྱེ་བའི་ཕྱིར་ཞེ་ན། མ་ཡིན་ཏེ། སོ་སོར་ངེས་པའི་གཏན་ཚིགས་ཀྱི་ཁྱད་པར་བསྟན་དུ་མེད་པའི་ཕྱིར། ཟླ་བ་ཡང་ཐལ་འགྱུར་གྱི་ཚུལ་དེ་དང་མཐུན། དེ་ནི་དོན་དམ་དཔྱོད་པའི་དབང་དུ་བྱས་པར་མངོན་ཏེ། དོན་དམ་པར་རྒྱུ་རྐྱེན་ཉིད་མ་གྲུབ་ན། དེའི་སོ་སོར་ངེས་པ་དག་ག་ལ་ཡོད། ཐ་སྙད་དུ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་མེད་པར་མཚུངས་སུ་ཟིན་ཀྱང་དགེ་བ་ལས་རྣམ་སྨིན་ཡིད་དུ་འོང་བ་ཁོ་ན་འབྱུང་གི ཡིད་དུ་མི་འོང་བ་མི་འབྱུང་ལ། མི་དགེ་བ་ལས་ཡིད་དུ་མི་འོང་བ་ཁོ་ན་འབྱུང་གི ཡིད་དུ་འོང་བ་མི་འབྱུང་བ་བཞིན། འཇུག་པ་ལ། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པ་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་གྱིས། །དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་། །ཞེས་པ་ལྟར་རོ། །གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགགས་པས་རྒྱུ་འབྲས་བུ་དང་བཅས་པ་ཉིད་དུ་གྲུབ་ལ། ཚོགས་པ་ལ་འབྲས་བུ་ཡོད་པར་མི་སྨྲ་བས་ཇི་སྐད་བཤད་པའི་སྐྱོན་ཡང་མེད་དོ། །ཞེས་ག་ལས་འཇིགས་མེད་ཀྱིས་སོ། །བུད་དྷ་པ་ལི་ཏ་ལས། རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགགས་པས་རྒྱུས་འབྲས་བུ་འགྲུབ་ལ། རྐྱེན་གྱིས་དེ་ལ་ཕན་འདོགས་སོ་ཞེས་འགོད་ལ། ཤེས་རབ་སྒྲོན་མེ་ལས། འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱིས། རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རམ། མ་བྱིན་པར་འགག་པར་འགྱུར་ཞེས་འགོད་དོ། །ཟླ་བས་ནི། རྒྱུས་འབྲས་བུ་བསྐྱེད་པས་ན། རྒྱུ་བྱིན་ནས་འགག་པར་འགྱུར་ན་ཞེས་འགོད་དོ། །ལན་ལ། གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་ནི་འགག་པར་འགྱུར་བར་འདོད་ན། གང་བྱིན་པའི་ཆ་དང་། གང་འགགས་པའི་ཆ་སྟེ་རྒྱུའི་བདག་ཉིད་གཉིས་སུ་ཐལ་བར་འགྱུར་རོ། །གལ་ཏེ་རྒྱུས་ནི་འབྲས་བུ་ལ་རྒྱུ་མ་བྱིན་པར་འགག་པར་འགྱུར་བར་འདོད་ན། རྒྱུ་འགགས་ཟིན་ནས་སྐྱེས་པའི་འབྲས་བུ་དེ་ནི་རྒྱུ་མེད་དུ་ཐལ་བར་འགྱུར་ཏེ། འབྲས་བུ་མ་སྐྱེས་པར་རྒྱུ་འགགས་ཟིན་པའི་ཕྱིར། གཉིས་པ་དུས་མཉམ་པ་ལས་སྐྱེ་བ་དགག་པ་ནི། གལ་ཏེ་རྒྱུ་རྐྱེན་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་བར་འདོད་ན། སྐྱེད་པར་བྱེད་པའི་རྒྱུ་དང་བསྐྱེད་པར་བྱ་བའི་འབྲས་བུ་གང་དུས་ཅིག་ཏུ་གྲུབ་པར་ཐལ་བར་འགྱུར་རོ། །གསུམ་པ་ཚོགས་པ་ཕྱི་མ་ལས་སྐྱེ་བ་དགག་པ་ནི། གྲངས་ཅན་པ་དག འབྲས་བུ་ཚོགས་པའི་སྔ་རོལ་དུ་སྐྱེས་པར་གྱུར་པ་ཉིད་ཕྱིས་རྐྱེན་གྱིས་གསལ་བར་བྱས་པ་ཡིན་ནོ་ཞེ་ན། གལ་ཏེ་རྒྱུ་རྐྱེན་ཚོགས་པའི་སྔ་རོལ་དུ་འབྲས་བུ་སྐྱེས་པར་གྱུར་པ་ཡིན་ན་ནི། འབྲས་བུ་ཆོས་ཅན། རྒྱུ་མེད་དུ་འབྱུང་བར་ཐལ། རྒྱུ་དང་རྐྱེན་རྣམས་མེད་པའི་སྔ་རོལ་དུ་གྲུབ་ཟིན་པའི་ཕྱིར། གཉིས་པ་རྒྱུ་ཕྱོགས་ནས་དགག་པ་ལ་གཉིས་ཏེ། རྒྱུ་ལ་དཔྱད་པས་དགག འབྲས་བུ་ལ་དཔྱད་པས་དགག་པའོ། །དང་པོ་ལ། རྒྱུ་འགགས་པས་བསྐྱེད་པ་དགག འབྲེལ་མ་འབྲེལ་ལ་བརྟགས་པས་དགག མཐོང་མ་མཐོང་ལ་བརྟག་པས་དགག ཕྲད་མ་ཕྲད་བརྟག་པས་དགག སྟོང་མི་སྟོང་ལ་བརྟག་པས་དགག་པའོ། །དང་པོ་ནི། གྲངས་ཅན་པ་དག་རྒྱུའི་གནས་སྐབས་འགགས་ནས་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེ་ན། གལ་ཏེ་རྒྱུའི་གནས་སྐབས་འགགས་ཟིན་ནས་འབྲས་བུའི་བདག་ཉིད་དུ་གནས་ན། རྒྱུ་ཉིད་ནི་འབྲས་བུ་ལ་ཀུན་ཏུ་འཕོ་བར་འགྱུར་རོ། །སྔོན་སྐྱེས་པའི་རྒྱུ་ཡང་ནི་སླར་ཡང་སྐྱེ་བར་ཐལ་བར་འགྱུར་རོ། །གལ་ཏེ་འབྲས་བུ་སྔ་ན་ཡོད་པར་སྨྲ་བས་རྒྱུ་འགག་ནས་སྐྱེད་པར་བྱེད་དོ་ཞེ་ན། ཞེས་ག་ལས་འཇིགས་མེད་དོ། །ཤེས་རབ་སྒྲོན་མེ་ལས་ནི། འབྲས་བུ་སྔ་ན་ཡོད་པར་སྨྲ་བ་དག རྒྱུས་འབྲས་བུ་བསྐྱེད་པར་འདོད་ན། རྒྱུ་འགགས་པའམ། གནས་པས་བསྐྱེད་པར་རྟོག་གྲང་། ཞེས་གསུང་ལ། སློབ་དཔོན་གཞན་གཉིས་ཀྱང་བརྟག་པ་མཛད་ཚུལ་དེ་དང་མཐུན་ནོ། །དང་པོ་ནི། འགགས་པ་ནུབ་པར་གྱུར་པ་ཡིས། འབྲས་བུ་བསྐྱེད་པ་ཇི་ལྟར་བསྐྱེད་དེ། རྒྱུའི་ཕྱོགས་ནས་ནུས་པ་མེད། འབྲས་བུའི་ཕྱོགས་ནས་བསྐྱེད་མི་དགོས་པའི་ཕྱིར། གཉིས་པ་ནི། རྒྱུ་གནས་པས་སྐྱེད་པར་བྱེད་དོ་ཞེ་ན། འབྲས་བུ་དང་འབྲེལ་བའི་རྒྱུའམ། མ་འབྲེལ་བའི་རྒྱུས་བསྐྱེད་གྲང་། འབྲས་བུ་དང་འབྲེལ་བའི་རྒྱུ་གནས་པས་ཀྱང་ནི་ཆོས་ཅན། འབྲས་བུ་སྐྱེས་པ་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། འབྲས་བུ་སྐྱེས་ཟིན་པའི་ཕྱིར། ཅི་སྟེ་རྒྱུ་འབྲས་མ་འབྲེལ་ན། རྒྱུས་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ། མི་བྱེད་པར་ཐལ། འབྲས་བུས་སྟོང་པའི་ཕྱིར། དེ་ལས་གཞན་པ་བཞིན་ནོ། །ཞེས་སངས་རྒྱས་བསྐྱངས་དང་། ལེགས་ལྡན་བྱེད་འཆད་དོ། །ཟླ་བས་ནི། ཡོད་དོ་ཅོག་བསྐྱེད་པར་ཐལ་ལོ་ཞེས་བརྗོད་དོ། །གསུམ་ནི། ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི། འབྲས་བུ་སྤྱིར་བཀག་ནས་བྱེ་བྲག་ལ་སྦྱར་བ་ནི། མིག་གི་དབང་པོ་མིག་གི་རྣམ་ཤེས་ཀྱི་རྒྱུར་འདོད་ན། མིག་གིས་གཟུགས་མཐོང་ནས་བསྐྱེད་དམ། མ་མཐོང་བར་བསྐྱེད་གྲང་། རྒྱུ་མིག་གིས་གཟུགས་མཐོང་ནས་མིག་ཤེས་བསྐྱེད་པ་མ་ཡིན་པར་ཐལ། མིག་ཤེས་སྐྱེས་ཟིན་པ་བསྐྱེད་མི་དགོས་པའི་ཕྱིར། མ་མཐོང་བར་འབྲས་བུ་བསྐྱེད་པར་ཡང་མི་བྱེད་དེ། མཐོང་བའི་རྐྱེན་མེད་པའི་ཕྱིར། སངས་རྒྱས་བསྐྱངས་ལྟར་ན། མ་མཐོང་བ་གཞན་ཡང་བསྐྱེད་པར་འགྱུར་ཞེས་འཆད་དོ། །ཟླ་བ་ཡང་དེ་བཞིན་ནོ། །གཞན་དག་ནི་མཐོང་ནས་ཞེས་བྱ་བ་ནི་ཕྲད་པ་ལ་བྱ་བ་ཡིན་པས། ཕྲད་ན་ཡོད་པས་སྐྱེ་བས་ཅི་ཞིག་བྱ། མེད་པ་ལ་ཕྲད་པ་མི་སྲིད་པས་སྐྱེ་བས་ཅི་ཞིག་བྱ། ཞེས་སྨྲ་བ་ནི་མི་འཐད་དེ། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་བསྐྱེད། །ཞེས་པ་དང་ཟློས་པར་འགྱུར་བས་སོ། །ཞེས་ལེགས་ལྡན་བྱེད་འཆད་དོ། །སངས་རྒྱས་བསྐྱངས་དང་ཟླ་བས་ནི། རྒྱུ་ས་བོན་གྱི་འབྲས་བུ་མཐོང་ནས་བསྐྱེད་དམ། མ་མཐོང་བར་བསྐྱེད། ཅེས་པ་ལ་སྦྱར་རོ། །རིགས་རལ་གྱིས་དེ་མི་འཐད་དེ། ས་བོན་ལ་དབང་པོ་མེད་པས་མཐོང་མ་མཐོང་གི་བརྟག་པ་མི་འཇུག་པའི་ཕྱིར། ཞེས་གསུང་ངོ་། །བཞི་པ་ནི། རྒྱུས་འབྲས་བུ་ཕྲད་ནས་བསྐྱེད་དམ། མ་ཕྲད་པར་བསྐྱེད། ཕྲད་ནས་བསྐྱེད་པ་མི་འཐད་དེ། ཕྲད་པ་མེད་པའི་ཕྱིར། ཇི་ལྟར་མེད་ཅེ་ན། འབྲས་བུ་འདས་པ་རྒྱུ་འདས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་གཉིས་ཀ་འདས་ཟིན་པའི་ཕྱིར། འབྲས་བུ་འདས་པ་རྒྱུ་མ་སྐྱེས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནི། ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་འགགས་ལ་རྒྱུ་མ་སྐྱེས་པའི་ཕྱིར། རྒྱུ་སྐྱེས་པ་དང་ཕྲད་པ་ཡང་མ་ཡིན་ཏེ། འབྲས་བུ་འདས་ཟིན་པའི་ཕྱིར། འབྲས་བུ་སྐྱེས་པ་ཡང་། རྒྱུ་མ་སྐྱེས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནི། ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་མ་སྐྱེས་པའི་ཕྱིར། རྒྱུ་འདས་པ་དང་ཕྲད་པ་ཡང་མ་ཡིན་ཏེ། འབྲས་བུ་སྐྱེས་ལ་རྒྱུ་འདས་ཟིན་པའི་ཕྱིར། རྒྱུ་སྐྱེས་པ་དང་ཕྲད་པ་ཡང་མ་ཡིན་ཏེ། རྒྱུ་འབྲས་དུས་མཉམ་པ་བཀག་པའི་ཕྱིར། འབྲས་བུ་མ་སྐྱེས་པ་རྒྱུ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མ་སྐྱེས་པའི་ཕྱིར། འབྲས་བུ་མ་སྐྱེས་པ་རྒྱུ་མ་སྐྱེས་པ་དང་ཕྲད་པ་ཡང་མ་ཡིན་ཏེ། རྒྱུ་འབྲས་གཉིས་ཀ་མ་སྐྱེས་པའི་ཕྱིར། རྒྱུ་འདས་པ་དང་ཕྲད་པ་ཡང་མིན་ཏེ། རྒྱུ་འགགས་ཟིན་པའི་ཕྱིར་རོ། །དུས་ནི་ཆོས་ཅན། ཕྲད་ནས་འབྲས་བུ་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། དུས་གསུམ་དུ་བརྟགས་པ་ན་འབྲས་བུ་དང་ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་ཕྲད་ནས་བསྐྱེད་དོ་ཞེ་ན། རྒྱུ་དང་འབྲས་བུ་ཕྲད་པ་ཡོད་པ་མ་ཡིན་ན་ཡང་རྒྱུས་ནི་འབྲས་བུ་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། འབྲས་བུ་གྲུབ་ཟིན་པའི་ཕྱིར། ལྔ་པ་ནི། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་བསྐྱེད་དམ། མི་སྟོང་པའི་རྒྱུས་བསྐྱེད་གྲང་། འབྲས་བུས་སྟོང་པའི་རྒྱུས་འབྲས་བུ་ཇི་ལྟར་བསྐྱེད་དེ་མི་བསྐྱེད་པར་ཐལ། འབྲས་བུས་སྟོང་པའི་ཕྱིར། བྱེ་མ་ལ་ཏིལ་མར་བཞིན་ནོ། །འབྲས་བུས་མི་སྟོང་བའི་རྒྱུས་བསྐྱེད་དོ་ཞེ་ན། གལ་ཏེ་འབྲས་བུས་མི་སྟོང་བའི་རྒྱུས། ཇི་ལྟར་འབྲས་བུ་བསྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། འབྲས་བུས་མི་སྟོང་པའི་ཕྱིར། འབྲས་བུའི་བདག་ཉིད་བཞིན་ནོ། །ཞེས་འགྲེལ་པ་གཉིས་ཀྱིས་བཤད། སངས་རྒྱས་བསྐྱངས་དང་། ཟླ་བས་འབྲས་བུ་གྲུབ་ཟིན་པའི་ཕྱིར། ཞེས་གསུངས། གཉིས་པ་འབྲས་ཕྱོགས་ནས་དགག་པ་ལ། སྟོང་མི་སྟོང་ལ་དཔྱད་པས་དགག གཅིག་དང་ཐ་དད་ལ་བརྟག་པས་དགག ངོ་བོ་ཉིད་ཡོད་མེད་ལ་བརྟག་པས་དགག བྱ་བྱེད་མ་དམིགས་པས་དགག་པའོ། །དང་པོ་ནི། ག་ལས་འཇིགས་མེད་ལས། འབྲས་བུའི་དབང་དུ་བྱས་ནས་རྣམ་གྲངས་གཞན་དུ་དཔྱད་པ་ནི། འབྲས་བུ་མི་སྟོང་པ་ནི་རྒྱུ་ལས་སྐྱེ་བར་མི་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར། མི་སྟོང་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ནི། འབྲས་བུ་སྐྱེས་པའི་ཚེ་འགག་པར་ཡང་མི་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར། མི་སྟོང་བ་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ནི་མ་འགགས་པ་དང་། མ་སྐྱེས་པར་ཡང་འགྱུར་བ་ཡིན་ཏེ། རྟག་པའི་ཕྱིར་ཞེས་ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏའོ། །ཤེས་རབ་སྒྲོན་མེ་ལས་ནི། བྱེ་བྲག་སྨྲ་བས་འབྲས་བུ་སྐྱེ་བའི་སྔ་རོལ་ན་འབྲས་བུ་མི་སྟོང་བར་འདོད་པས། དེ་དག་གི་དགག་པ་གཞན་བསྟན་པར་བྱ་སྟེ། འབྲས་བུ་མི་སྟོང་བ་ངོ་བོ་ཉིད་ཀྱིས་ཡོད་པ་ནི་ཆོས་ཅན། སྐྱེ་བར་མི་འགྱུར་བར་ཐལ། ཁྱོད་ངོ་བོ་ཉིད་ཀྱིས་གྲུབ་ཟིན་པའི་ཕྱིར། འབྲས་བུ་མི་སྟོང་བ་ངོ་བོ་ཉིད་ཀྱིས་གྲུབ་པ་ཆོས་ཅན། འགག་པར་ཡང་མི་འགྱུར་བར་ཐལ། འགྱུར་བ་མེད་པའི་ཕྱིར། དེ་ལྟར་ན། མི་སྟོང་བ་དེ་ནི་མ་འགགས་པ་དང་། མ་སྐྱེས་པར་ཡང་འགྱུར་བ་ཡིན། ཞེས་གསུངས་སོ། །འབྲས་བུས་སྟོང་པ་སྟེ། མེད་པ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། སྟོང་པ་སྟེ་མེད་པའི་ཕྱིར། འབྲས་བུས་སྟོང་པ་ཆོས་ཅན། ཇི་ལྟར་འགག་པར་འགྱུར་ཏེ་མི་འགྱུར་བར་ཐལ། མེད་པའི་ཕྱིར། དེ་ལྟར་ན། སྟོང་པ་དེ་ཡང་མ་འགགས་པ་དང་། མ་སྐྱེས་པར་ཡང་ཐལ་བར་འགྱུར་རོ། །ཤེས་རབ་སྒྲོན་མེ་ལས་ནི། འདིས་རྒྱང་འཕན་པ་དགག་པར་བཤད། དེ་ཉིད་ལས། རྣམ་གྲངས་གཞན་བཤད་པ་ནི། འབྲས་བུ་སྟོང་པ་ཇི་ལྟར་སྐྱེ་བར་འགྱུར་ཏེ་སྐྱེ་བར་མི་རིགས་པར་ཐལ། མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །འབྲས་བུ་སྟོང་པ་ཇི་ལྟར་འགག་པར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོར་མེད་པའི་ཕྱིར། ཞིག་ནས་མེད་པ་བཞིན་ནོ། །དེ་ལྟར་ན་སྟོང་པ་དེ་ཡང་མ་འགགས་པ་དང་། མ་སྐྱེས་པར་ཡང་ཐལ་བར་འགྱུར་རོ། །གཉིས་པ་ནི། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །དང་པོའི་འཐད་པ་ནི། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་སོ། །གཉིས་པའི་འཐད་པ་ནི། རྒྱུ་དང་འབྲས་བུ་གཞན་ཡིན་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །འདིའི་དོན་ནི། རྒྱུ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ན། རྒྱུ་མིན་ལ་མི་ལྟོས་པ་ལྟར། རྒྱུ་ལ་ཡང་མི་ལྟོས་པས་སོ། །རྒྱུ་དང་རྒྱུ་མིན་གྱིས་བསྐྱེད་མི་བསྐྱེད་ཀྱི་བྱེ་བྲག་མི་རྙེད་དེ། འོག་ནས། གལ་ཏེ་དངོས་རྣམས་རང་བཞིན་ལ། །ཡོད་པར་རྗེས་སུ་བལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟ་འོ། །ཞེས་གསུངས་པ་ལྟར་རོ། །གཞན་དག་གིས་དོན་འདི་མ་རྟོགས་པར་རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་སྙིང་པོ་མེད་པར་སྨྲའོ། །ལེགས་ལྡན་བྱེད་ཀྱིས་རང་རྒྱུད་ཀྱང་བསྟན་པ་ནི། རྒྱུ་དང་འབྲས་བུ་གཅིག་མིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཡིན་པའི་ཕྱིར། །ཕ་དང་བུ་བཞིན་ནོ། །རྒྱུ་དང་འབྲས་བུ་ངོ་བོ་ཉིད་ཀྱིས་གཞན་མིན་ཏེ། རྒྱུན་ཐ་མི་དད་པའི་ཕྱིར། རྒྱུའི་རང་གི་བདག་ཉིད་བཞིན་ནོ། །གསུམ་པ་ནི། འབྲས་བུ་ངོ་བོ་ཉིད་ཡོད་པའམ། མེད་པ་ཞིག་སྐྱེ། གལ་ཏེ་འབྲས་བུ་ངོ་བོ་ཉིད་ཡོད་ན། རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། སངས་རྒྱས་བསྐྱངས་དང་། ཟླ་བའོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། འབྲས་བུ་ངོ་བོ་ཉིད་ཡོད་ན་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ། འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པ་ནི་ཐ་སྙད་ཙམ་དུའང་བསྟན་པར་དཀའ་བའི་ཕྱིར། གལ་ཏེ་འབྲས་བུ་ངོ་བོ་ཉིད་མེད་ནའང་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ། ངོ་བོ་ཉིད་མེད་ན་མེད་པར་འདོད་པས་སྐྱེ་བར་མི་འཐད་པའི་ཕྱིར། ཞེས་སློབ་དཔོན་གཉིས་ཀྱིས་གསུངས་སོ། །བུད་དྷ་པ་ལི་ཏ་ལས་ནི། མེད་ཀྱང་རྒྱུས་བསྐྱེད་པར་འགྱུར་ན། ཤིང་པ་ཏྲའི་མེ་ཏོག་གིས་ཀྱང་ཕྲེང་བ་འཆིང་བར་འགྱུར། ཞེས་བཤད། ཟླ་བས་ནི། ངོ་བོ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། བོང་བུའི་རྭ་བཞིན་ནོ། །གཟུགས་བརྙན་གྱིས་མ་ངེས་སོ་ཞེ་ན། མ་ངེས་པ་དེ་ཉིད་དུ་འགྱུར་བ་མོད། དངོས་པོ་རང་བཞིན་མེད་པར་གྲུབ་པས་ཁོ་བོའི་རྗེས་སུ་འཇུག་པར་འགྱུར་རོ། །ཁོ་བོ་ཅག་ལྟར་ན་གཟུགས་བརྙན་རང་བཞིན་དང་བཅས་པ་དང་། རང་བཞིན་མེད་པ་མ་ཡིན་ཏེ། རྟེན་ཆོས་ཅན་མེད་ན་དེའི་ཆོས་ཀྱང་མེད་པའི་ཕྱིར་ཞེས་གསུངས་པ་ནི་ལེགས་པར་མི་མངོན་ནོ། །ངོ་བོ་ཉིད་མེད་ན་མེད་པར་ཕ་རོལ་པོས་ཁས་བླངས་པས་ཁོ་བོ་ལ་ནི་ཉེས་པ་མེད་དོ། །བཞི་པ་ནི། རྒྱུས་འབྲས་བུ་ངོ་བོ་ཉིད་ཡོད་མེད་བསྐྱེད་པ་མི་འཐད་པས་རྒྱུས་འབྲས་བུ་བསྐྱེད་པར་བྱེད་པ་མ་ཡིན་ན་རྒྱུ་ཉིད་འཐད་པར་མི་འགྱུར་རོ། །གལ་ཏེ་རྒྱུས་འབྲས་བུ་བསྐྱེད་དེ། རྒྱུ་འདི་ཡི་འབྲས་བུ་འདིའོ་ཞེ་ན། རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །ཞེས་ཐམས་ཅད་མཐུན་ནོ། །གལ་ཏེ་རྒྱུ་འབའ་ཞིག་ལས་འབྲས་བུ་འགྲུབ་པ་མ་ཡིན་གྱི། རྒྱུ་དང་རྐྱེན་ཚོགས་པ་རྙེད་ནས་འབྲས་བུ་འགྲུབ་པར་འགྱུར་ལ། རྒྱུ་རྐྱེན་ཚོགས་པས་བསྐྱེད་པའི་འབྲས་བུ་ཡོད་དོ་ཞེ་ན། རྒྱུ་རྐྱེན་ཚོགས་པ་རང་ཉིད་གཅིག་ཁོ་ནས་བསྐྱེད་དམ། ཚོགས་པས་བསྐྱེད། དང་པོ་མི་འཐད་པར་ཁས་བླངས་ལ། གཉིས་པ་ལྟར་ན། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་བསྐྱེད་ན། །འབྲས་བུ་ཇི་ལྟར་བསྐྱེད་པར་བྱེད། །ཅེས་པ་སྟེ། ཚོགས་པས་ཚོགས་པ་མི་བསྐྱེད་དེ། ཚོགས་པ་རང་ཉིད་རྫས་སུ་མེད་པའི་ཕྱིར། དེས་ན་ཚོགས་པ་རང་ཉིད་རྫས་སུ་མེད་པས་ཇི་ལྟར་འབྲས་བུ་བསྐྱེད་པར་བྱེད། ཚོགས་པས་བསྐྱེད་པ་ལའང་གནོད་བྱེད་བརྗོད་པ་དེའི་ཕྱིར། ཚོགས་པས་བྱས་པའི་འབྲས་བུ་ཡང་མེད་དོ། །ཚོགས་པ་མིན་པས་བྱས་པའི་འབྲས་བུ་ཡང་མེད་དེ། རྒྱུ་རྐྱེན་མ་ཚོགས་པ་ལ་འབྲས་བུ་བསྐྱེད་པའི་མཐུ་མེད་པའི་ཕྱིར། ཚོགས་མ་ཚོགས་གཉིས་ཀ་ལ་འབྲས་བུ་ཡོད་པ་མ་ཡིན་ན། འདི་སྐྱེ་བུ་སྐྱེད་བྱེད་ཀྱི་རྐྱེན་གྱི་ཚོགས་པ་ག་ལ་ཡོད། ཅེས་བཤད་དོ། །གསུམ་པ་མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། ཚོགས་པའམ། རྒྱུ་དང་འབྲས་བུ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའི་རྣམ་པར་བཤད་པའོ།།    །།འབྱུང་འཇིག་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ། གཟུགས་ལ་འཆི་བའམ་སྐྱེ་བ་མེད་དོ། །དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྐྱེ་བའམ་འཆི་བ་མེད་དོ། །ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། དུས་ནི་ཡོད་པ་ཁོ་ན་སྟེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། གཞུང་གི་ཚིག་དོན་ལ། རང་བཞིན་ཡོད་པ་ལ་གནོད་བྱེད་བརྗོད། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ལྷན་ཅིག་ཏུ་གྲུབ་མ་གྲུབ་ལ་དཔྱད་པས་དགག ཟད་མ་ཟད་ལ་དཔྱད་པས་དགག རྟེན་དང་བརྟེན་པར་གྲུབ་པ་དགག སྟོང་མི་སྟོང་ལ་དཔྱད་པས་དགག གཅིག་དང་ཐ་དད་ལ་བརྟག་པས་དགག་པའོ། །དང་པོ་ལ་དམ་བཅའ་བརྗོད། འཐད་པ་འགོད། དོན་བསྡུ་བའོ། །དང་པོ་ནི། འཇིག་པ་འབྱུང་བ་མེད་པར་ཡོད་པ་མ་ཡིན། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་ཀྱང་མ་ཡིན། ཡང་འབྱུང་བ་འཇིག་པ་མེད་པར་ཡོད་པ་མ་ཡིན། འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །རམ་ཞེས་སྨོས་པ་ནི་ཕྱི་མ་སྡུད་པའི་ཚིག་གོ །གཉིས་པ་ལ། དང་པོ་གཉིས་ཀྱི་འཐད་པ་ནི། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཅིའི་ཕྱིར་ན། གལ་ཏེ་ཡོད་ན་སྐྱེ་བ་མེད་པར་འཆི་བར་འགྱུར་བའི་སྐྱོན་ཡོད་པས་འཇིག་པ་འབྱུང་བ་མེད་པར་མེད་དོ། །འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། འཆི་བ་སྐྱེ་བ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་ནི་མ་ཡིན་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས་སྦྱོར་བ་ཡང་གསུངས་ཏེ། འཇིག་པ་འབྱུང་བ་མེད་པར་མེད་དེ། དེའི་རྐྱེན་ཡིན་པའི་ཕྱིར། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡོད་པ་མ་ཡིན་ཏེ། དེའི་རྐྱེན་ཅན་ཡིན་པའི་ཕྱིར། འཆི་བ་དང་སྐྱེ་བ་བཞིན་ནོ། །ཞེས་གསུངས་སོ། །དམ་བཅའ་ཕྱི་མ་གཉིས་ཀྱི་འཐད་པ་ནི། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། །དངོས་པོ་རྣམས་ལ་མི་རྟག་པ་ཉིད་དུས་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར། གོང་དུ། རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་གསུངས་པ་ལྟར་རོ། །འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ། ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་བ་དང་དུས་ཅིག་ཏུ་ཡོད་པ་ཉིད་ནི་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་ཕན་ཚུན་མི་མཐུན་པའི་ཕྱིར། ཞེས་སངས་རྒྱས་བསྐྱངས་སོ། །ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་ལས། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟ་བུ་ན་ཡོད་པར་འགྱུར་ཏེ། །དངོས་པོ་རྣམས་ལ་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར་ཏེ། འཇིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར། དངོས་པོའི་རང་གི་བདག་ཉིད་བཞིན་ནོ། །ཞེས་གསུངས་སོ། །ལྷག་མ་སྔར་བཞིན་ནོ། །རང་གི་སྡེ་པ་དག་འཇིག་རྒྱུ་དང་ཕྲད་ནས་མི་རྟག་པ་དོན་གཞན་གྱིས་འཇིག་པར་བྱེད་པས་དུས་ཐམས་ཅད་དུ་མི་རྟག་པ་ཡོད་པ་མ་ཡིན་ནོ་ཞེ་ན། འོ་ན་འཇིག་པའི་རྒྱུ་ཉིད་ཀྱིས་འཇིག་པར་བྱེད་ཀྱི་མི་རྟག་པས་ཇི་ལྟར་འཇིག་པར་བྱེད། གཞན་ཡང་འཇིག་པའི་བདག་ཉིད་ཅན་ཞིག་རྒྱུ་ལ་ལྟོས་ནས་འཇིག་གམ། འོན་ཏེ་འཇིག་པ་མ་ཡིན་པ་མ་ཡིན་པ་ཞིག་འཇིག དང་པོ་ལྟར་ན། སྐྱེས་མ་ཐག་ཏུ་འཇིག་པས་འཇིག་རྒྱུས་ཅི་ཞིག་བྱ། གཉིས་པ་ལྟར་ན། འཇིག་རྒྱུས་ཀྱང་ནི་མི་འཇིག་སྟེ། མི་འཇིག་པའི་བདག་ཉིད་ཡིན་པའི་ཕྱིར། མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་ལེགས་ལྡན་བྱེད་ཀྱིས་བཤད་དོ། །ལྷན་ཅིག་ཏུ་དགག་པ་ནི། སྔ་མ་བཞིན་ནོ། །གསུམ་པ་དོན་བསྡུ་བ་ནི། འབྱུང་འཇིག་དེ་དག་རང་བཞིན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ་མེད་པར་ཐལ། འབྱུང་འཇིག་གང་དག་ཡོངས་སུ་བརྟགས་ན་ཕན་ཚུན་ལྷན་ཅིག་གམ། ཕན་ཚུན་ལྷན་ཅིག་མ་ཡིན་པ་སྔ་ཕྱིར་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ཟད་མ་ཟད་ལ་དཔྱད་པས་དགག་པ་ནི། ལེགས་ལྡན་བྱེད་དང་། ཟླ་བ་ལྟར་ན། ཟད་པའི་ཆོས་ཅན་ལ་འབྱུང་བ་ཡོད་པ་མ་ཡིན་ཏེ། འབྱུང་བ་དང་ཆོས་མི་མཐུན་པའི་ཕྱིར། སྐྱེ་བ་དང་འཆི་བ་བཞིན་ནོ། །མ་ཟད་པ་ངོ་བོ་ཉིད་ཀྱིས་ཡོད་པ་ལའང་འབྱུང་བ་མེད་དེ། དངོས་པོའི་ཆོས་དང་མི་ལྡན་པའི་ཕྱིར། གཞན་གཉིས་ལྟར་ན། གྲུབ་ཙམ་ཉིད་ནས་འཇིག་པའི་ཕྱིར། །ཞེས་གསུངས་སོ། །ལྷག་མ་སྔ་མ་དང་གཅིག་ཟད་པའི་ཆོས་ཅན་ལ་འཇིག་པ་ཡོད་པ་མ་ཡིན་ཏེ། འབྱུང་བ་མེད་པའི་འཇིག་བྱའི་ཆོས་མེད་པའི་ཕྱིར། མ་ཟད་པ་ངོ་བོ་ཉིད་ཀྱིས་ཡོད་པ་ལའང་འཇིག་པ་མེད་དེ། དངོས་པོའི་ཆོས་དང་མི་ལྡན་པའི་ཕྱིར། གསུམ་པ་ལ་སློབ་དཔོན་གཉིས་ཀྱིས་ནི། འབྱུང་འཇིག་ཡོད་དེ། དངོས་པོའི་ཆོས་ཡིན་པའི་ཕྱིར། ཞེས་པ་དང་། བུད་དྷ་པ་ལི་ཏ་ལས། དངོས་པོ་ཡོད་དེ། འབྱུང་འཇིག་ཡོད་པའི་ཕྱིར་ཞེ་ན། འབྱུང་འཇིག་ཡོད་ན་དངོས་པོ་ཡོད་པར་རིགས་པ་ལས། དངོས་པོ་ཡོད་པ་མ་ཡིན་པར་ཐལ། འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་པའི་ཕྱིར། འབྱུང་བ་དང་འཇིག་པའང་མེད་པར་ཐལ། རྟེན་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། ཞེས་གསུང་ངོ་། །ཟླ་བས་ནི། འབྱུང་འཇིག་ཡོད་དེ། རྟེན་དངོས་པོ་ཡོད་པའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པར་ཐལ། འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་པའི་ཕྱིར། འབྱུང་འཇིག་ཡོད་དོ་ཞེ་ན། འབྱུང་བ་དང་འཇིག་པ་ཡང་མེད་པར་ཐལ། དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། ཞེས་གསུངས་ཏེ་དོན་གཅིག་གོ །བཞི་པ་ནི། འབྱུང་འཇིག་ཡོད་ན། སྟོང་པའམ་མི་སྟོང་པ་ལ་ཡོད་གྲང་། སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། རྣམ་པར་འགྱུར་བ་མེད་པའི་ཕྱིར། མི་སྟོང་པ་ལ་ཡང་འབྱུང་འཇིག་དག་འཐད་པ་ཉིད་ནི་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱིར། ཟླ་བས་ནི། མ་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་ནི་མ་ཡིན་ཏེ། འབྱུང་འཇིག་གི་རྟེན་མེད་པའི་ཕྱིར། ལྷག་མ་སྔ་མ་དང་མཐུན། ལྔ་པ་ནི། འབྱུང་འཇིག་ཡོད་ན་གཅིག་པའམ་ཐ་དད་པ་ཉིད་དུ་འགྱུར་གྲང་། འབྱུང་བ་དང་འཇིག་པ་དག གཅིག་པ་ཉིད་ནི་མི་འཐད་དེ། ཕན་ཚུན་མི་མཐུན་པའི་ཕྱིར། ཤེས་པ་དང་། མི་ཤེས་པ་བཞིན་ནོ། །ཞེས་གསུམ་གྱིས་བཤད། ཟླ་བས་སྣང་མུན་བཞིན་ནོ་ཞེས་གསུངས། འབྱུང་བ་དང་འཇིག་པ་དག་གཞན་པ་ཉིད་དུ་ཡང་མི་འཐད་དེ། འགྲེལ་པ་གཉིས་ལས། དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་ཞེས་གསུངས། སངས་རྒྱས་བསྐྱངས་ཀྱིས། མི་རྟག་པ་དང་ནམ་ཡང་འགལ་བ་མེད་པའི་ཕྱིར། ཟླ་བ་ལྟར་ན། གཉིས་ཀ་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ་ཡོད་པའི་སྒྲུབ་བྱེད་དགག་པ་ལ། མངོན་སུམ་གྱི་སྒྲུབ་བྱེད་དགག རྗེས་དཔག་གི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། འགྲེལ་པ་གསུམ་ལས། དངོས་པོ་རྣམས་ཀྱི་འབྱུང་བ་དང་འཇིག་པ་དག་མངོན་སུམ་ཉིད་ཀྱིས་མཐོང་བས་འཐད་པ་ཅི་དགོས་སྙམ་དུ་ཁྱོད་སེམས་པར་བྱེད་ན་དེ་ཙམ་གྱིས་དོན་དམ་པ་མཐོང་བ་མ་ཡིན་ཏེ། འབྱུང་བ་དང་ནི་འཇིག་པ་དག་མཐོང་བ་ནི་བློ་འཁྲུལ་པ་གཏི་མུག་ཉིད་ཀྱིས་མཐོང་བ་ཙམ་ཡིན་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས་ནི། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག་ཆོས་ཅན། མཐོང་བ་ཙམ་གྱིས་དོན་དམ་པར་མི་འགྲུབ་སྟེ། གཏི་མུག་ཉིད་ཀྱིས་མཐོང་བ་ཡིན་པའི་ཕྱིར། ཟླ་བས་ནི། མཐོང་བ་ཙམ་གྱིས་བདེན་པར་མ་ངེས་ཏེ། རྨི་ལམ་མཐོང་བ་བཞིན་ནོ་ཞེས་གསུངས་སོ། །གཉིས་པ་ལ། སྐྱེ་བ་མེད་པས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཟླ་བས། གཏི་མུག་གིས་མཐོང་བ་ཡིན་གྱི། དོན་དམ་པར་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། འབྱུང་འཇིག་དངོས་པོ་ལ་བརྟེན་པ་ཞིག་ཡོད་ན། མཐོང་བར་འགྱུར་གྲང་ན། རྟེན་དངོས་པོ་ཉིད་མ་གྲུབ་སྟེ། གལ་ཏེ་དངོས་པོ་ཡོད་ན། དངོས་པོའི་དངོས་པོ་མེད་པ་ལས་སྐྱེ་བར་འགྱུར་གྲང་། དངོས་པོ་དངོས་པོ་ལས་མི་སྐྱེ་སྟེ། རྒྱུ་འབྲས་དུས་གཅིག་པ་མེད་པའི་ཕྱིར་དང་། སྐྱེ་བ་དོན་མེད་པའི་ཕྱིར། དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་ཀྱིས་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །དངོས་པོ་མེད་པ་ཞིག་སྐྱེའོ་ཞེ་ན། དངོས་མེད་དམ། དངོས་པོ་ལས་སྐྱེ་གྲང་། དངོས་མེད་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་ལ་བསྐྱེད་བྱ་སྐྱེད་བྱེད་མེད་པའི་ཕྱིར། དངོས་མེད་དངོས་པོ་ལས་མི་སྐྱེ་སྟེ། དངོས་མེད་ལ་སྐྱེ་བ་མེད་པའི་ཕྱིར། ཞེས་ཟླ་བའོ། །ལེགས་ལྡན་བྱེད་དང་ག་ལས་འཇིགས་མེད་ཀྱིས། གལ་ཏེ་རྟེན་དངོས་པོ་ཡོད་ན། དངོས་པོའམ་དངོས་མེད་ལས་སྐྱེ་གྲང་། དངོས་པོ་དངོས་པོ་ལས་མི་སྐྱེ་སྟེ། དངོས་པོ་ཡིན་པའི་ཕྱིར། དཔེར་ན་སྐྱེས་ཟིན་པ་བཞིན་ནོ། །དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་རྒྱུར་མི་འཐད་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ། །གལ་ཏེ་རྟེན་དངོས་པོ་མེད་པ་ཞིག་ཡོད་དོ་ཞེ་ན། དངོས་མེད་དང་དངོས་པོ་ལས་སྐྱེ་གྲང་། དངོས་མེད་དངོས་མེད་ལས་མི་སྐྱེ་སྟེ། དངོས་མེད་ཀྱིས་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར། དངོས་མེད་དངོས་པོ་ལས་མི་སྐྱེ་སྟེ། རྗེས་སུ་དཔག་པ་དང་གྲགས་པས་གནོད་པའི་ཕྱིར། གཞན་ཡང་རྟེན་དངོས་པོ་མི་འཐད་དེ། ཇི་ལྟར་ཞེ་ན། དངོས་པོ་བདག་ལས་མི་སྐྱེ་སྟེ་བཀག་ཟིན་པའི་ཕྱིར། གཞན་ལས་སྐྱེ་བ་ཉིད་ཀྱང་མ་ཡིན་ཏེ། བཀག་ཟིན་པའི་ཕྱིར། བདག་དང་གཞན་ལས་སྐྱེ་བ་ཡང་ཡོད་པ་མ་ཡིན་ཏེ། ཕྱོགས་གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར། དེས་ན་དངོས་པོ་ཆོས་ཅན། ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པས་གནོད་པའི་ཕྱིར་ཞེས་འཆད། བུད་དྷ་པ་ལི་ཏ་ལས། རྟེན་ཡོད་པས་རྟེན་ཆོས་འབྱུང་འཇིག་ཡོད་དོ་ཞེ་ན། རྟེན་དངོས་པོའམ་དངོས་པོ་མེད་པ་ཞིག་ཡིན། དངོས་པོའོ་ཞེ་ན། དངོས་པོ་དངོས་པོ་ལས་མི་སྐྱེ་སྟེ། རྒྱུ་ལ་གནས་པས་སྐྱེ་བ་དོན་མེད་པའི་ཕྱིར། དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ། བུམ་པ་ནི་འཇིམ་པ་འགགས་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དངོས་མེད་དངོས་མེད་ལས་མི་སྐྱེ་སྟེ། བུམ་པ་འགགས་པ་ལས་བུམ་པ་འགགས་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དངོས་མེད་དངོས་པོ་ལས་མི་སྐྱེ་སྟེ། བུམ་པ་ཆག་པ་ནི་བུམ་པ་གནས་པ་ལས་མི་སྐྱེ་བའི་ཕྱིར། གཞན་ཡང་། གལ་ཏེ་དངོས་པོ་ཞིག་ཡོད་ན་སྐྱེ་བར་འགྱུར་གྲང་ན། དངོས་པོ་བདག་ལས་མི་སྐྱེ་སྟེ། དོན་མེད་པ་དང་ཐུག་པ་མེད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དངོས་པོ་གཞན་ལས་ཀྱང་སྐྱེ་བ་ཉིད་མ་ཡིན་ཏེ། འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་པས་གཞན་དུ་མི་འཐད་པའི་ཕྱིར། སྐྱེས་ན་ཡང་སྐྱེ་བས་ཅི་ཞིག་བྱ། དེས་ན་སྐྱེ་བ་བདེན་པར་བརྟག་པ་དོན་མེད་དོ། དངོས་པོ་ནི་བདག་དང་གཞན་ལས་སྐྱེ་བ་ཡང་ཡོད་པ་མིན་ཏེ། ཇི་སྐད་བཤད་པའི་སྐྱོན་གཉིས་ཀར་འགྱུར་བའི་ཕྱིར། དེས་ན་རྣམ་པ་གཞན་གང་ལས་ཇི་ལྟར་སྐྱེ་བར་འགྱུར། གཉིས་པ་ཧ་ཅང་ཐལ་བས་དགག་པ་ལ། ཧ་ཅང་ཐལ་བ་བརྗོད། ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟར་བར་ཐལ་བར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་དངོས་པོ་དེ་ནི་མི་འགྱུར་ན་རྟག་ལ་ཕྱིས་འཇིག་ན་མི་རྟག་པ་སྟེ་ཆད་པར་འགྱུར་བའི་ཕྱིར་རོ། །ཉེས་སྤོང་གི་ལན་དགག་པ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ཀྱང་། ཆད་པར་ཡང་མི་འགྱུར་ལ། རྟག་པར་ཡང་མི་འགྱུར་ཏེ། འབྲས་བུ་འབྱུང་བ་དང་འཇིག་པ་དག་གི་སྐྱེ་འཇིག་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ཡོད་ལ། དེ་སྲིད་པ་འཁོར་བ་ཡིན་པའི་ཕྱིར་རོ། །དེས་ན་འབྲས་བུ་འབྱུང་བ་དང་རྒྱུ་འཇིག་པས་རྟག་ཆད་ཀྱི་མཐའ་ལས་གྲོལ་ལོ་ཞེ་ན། གལ་ཏེ་འབྲས་བུ་འབྱུང་བ་དང་། རྒྱུ་འཇིག་པའི་འདུ་བྱེད་དེ་དག་ནི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན། འོ་ན་འབྲས་བུ་སྐྱེས་པའི་ཚེ། རྒྱུ་ནི་རྒྱུན་ཆད་པར་ཐལ་བར་འགྱུར་ཏེ། སྔར་རྒྱུ་འཇིག་ཟིན་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར། ས་བོན་མེས་ཚིག་པ་བཞིན་ནོ། །གཞན་ཡང་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན། ཕྱིས་དངོས་མེད་དུ་འགྱུར་བར་མི་རིགས་ཏེ། རང་བཞིན་ལ་འགྱུར་བ་མེད་པའི་ཕྱིར། དོན་དམ་པར་ནི་སྐྱེ་བ་མེད་པ་ཁོ་ན་ཡིན་པས་རྟག་ཆད་དུ་ཐལ་བའི་སྐྱོན་མེད་དོ། །ལེགས་ལྡན་བྱེད་ཀྱིས་ནི། གཟུགས་སོགས་ཀུན་རྫོབ་ཐ་སྙད་པ་ཙམ་ཡིན་པས་རྟག་ཆད་ལས་གྲོལ་བ་ཡིན་ལ། དོན་དམ་པར་ཡང་སྐྱེ་བ་མེད་པས་རྟག་ཆད་ཀྱི་སྐྱོན་དུ་མི་འགྱུར་རོ། །ཞེས་གསུངས་སོ། །སངས་རྒྱས་བསྐྱངས་ནི། གཟུགས་བརྙན་ལྟར་དེ་ཉིད་གཞན་དུ་འགྱུར་བ་མེད་པས་རྟག་ཆད་དུ་མི་འགྱུར་རོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་དུས་ན་སྲིད་པ་རྒྱུན་ཆད་པར་ཡང་འགྱུར་ཏེ། སྔར་ཡོད་ཀྱི་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པའི་དུས་སུ་སྲིད་པ་རྒྱུན་ཆད་པར་གྱུར་ཀྱང་སླའི། ཉིང་མཚམས་སྦྱོར་བ་ཡོད་པས་ཆད་པར་མི་འགྱུར་རོ་ཞེ་ན། ད་ལྟར་གྱི་སྲིད་པའི་ཐ་མ་འགགས་པར་གྱུར་པ་ལས་ནི། མ་འོངས་པའི་སྲིད་པ་དང་པོར་ཉིང་མཚམས་སྦྱོར་བར་རིགས་པར་མི་འགྱུར་ཏེ། ཐ་མ་འགགས་ཟིན་པ་ཉིད་ཡིན་པའི་ཕྱིར་རམ། སྲིད་པ་ཐ་མ་ཡིན་པའི་ཕྱིར། དགྲ་བཅོམ་གྱི་སྲིད་པ་ཐ་མ་འགགས་པ་བཞིན་ནོ། །ད་ལྟར་གྱི་སྲིད་པ་ཐ་མ་འགགས་པར་མ་གྱུར་པའི་ཚེ་ན་མ་འོངས་པའི་སྲིད་པ་དང་པོར་ཉིང་མཚམས་སྦྱོར་བར་རིགས་པར་མི་འགྱུར་ཏེ། ཐ་མ་མ་འགགས་པའི་ཕྱིར། ད་ལྟར་གྱི་སྲིད་པ་བཞིན་ནོ། །ཞེས་ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་འཆད་དོ། །སངས་རྒྱས་བསྐྱངས་ལྟར་ན། མྱ་ངན་ལས་འདས་པའི་དུས་སུ་སྲིད་པའི་རྒྱུན་ཆད་པར་གྱུར་ཀྱང་སླའི། འཁོར་བའི་དུས་སུ་སྲིད་པའི་རྒྱུན་ཡོད་པས་རྟག་ཆད་དུ་མི་འགྱུར་རོ་ཞེ་ན། རྟག་ཆད་དུ་ཐལ་བར་འགྱུར་རོ་ཞེས་སྐྱོན་བརྗོད་ཟིན་ལ། སྲིད་པའི་རྒྱུན་གྲུབ་པ་ཡང་མི་འཐད་དེ། གལ་ཏེ་ཡོད་ན་ཐ་མ་འགགས་པའམ། མ་འགགས་པ་ལས་ཕྱི་མར་ཉིང་མཚམས་སྦྱོར་གྲང་། ཐ་མ་འགགས་པར་གྱུར་པ་ནི་སྲིད་པ་དང་པོར་ཉིང་མཚམས་སྦྱོར་བར་རིགས་པར་མི་འགྱུར་ཏེ། ཐ་མ་འགགས་ཟིན་པའི་ཕྱིར། ཐ་མ་འགགས་ཀྱང་སྲིད་པ་དང་པོར་སྐྱེ་བར་འགྱུར་ན། སྲིད་པ་དང་པོ་རྒྱུ་མེད་དུ་ཐལ་བར་ཡང་འགྱུར་རོ། །ཐ་མ་འགགས་པར་མ་གྱུར་པའི་ཚེ་ན། སྲིད་པ་དང་པོར་ཉིང་མཚམས་སྦྱོར་བར་རིགས་པར་མི་འགྱུར་ཏེ། སྲིད་པ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་དང་། སྔ་མའི་སྲིད་པ་ཐ་མ་སྔོན་དུ་མ་སོང་བས་ཕྱི་མ་རྒྱུ་མེད་དུ་ཐལ་བའི་སྐྱོན་དུ་འགྱུར་རོ། །ཟླ་བ་ཡང་དོན་དེ་དང་མཐུན་ནོ། །གལ་ཏེ་ཐ་མ་འགགས་བཞིན་པས་མ་འོངས་པའི་སྲིད་པ་དང་པོར་ཉིང་མཚམས་སྦྱོར་བའི་ཚུལ་གྱིས་སྐྱེ་བར་འགྱུར་ན་ནི། དུས་གཅིག་ཏུ་སྲིད་པ་གཉིས་སུ་ཐལ་བར་འགྱུར་ཏེ། འགག་བཞིན་པ་ནི་གཅིག་ཏུ་འགྱུར་ཞིང་སྐྱེ་བཞིན་པ་ཡང་གཞན་དུ་འགྱུར་བའི་ཕྱིར། རྒྱུད་ཐ་དད་པའི་སྲིད་པ་བཞིན་ནོ། །གལ་ཏེ་འགག་བཞིན་པ་དང་སྐྱེ་བཞིན་པ་དག་མི་མཐུན་པས་ལྷན་ཅིག་ཏུ་སྦྱོར་བ་ཡང་རིགས་པ་མིན་གྱི། ཐ་མ་འགག་བཞིན་པ་ན་སྲིད་པ་དང་པོ་སྐྱེ་བ་ཡིན་ནོ་ཞེ་ན། རྟེན་ཕུང་པོ་གང་ལ་འཆི་བར་འགྱུར་བའི་གནས་སྐབས་དེར་ནི་སྐྱེ་བའང་འབྱུང་བར་ཐལ་བར་འགྱུར་རོ། །དེ་ལྟ་ན་སྐྱེ་འཆི་མི་མཐུན་པ་གཉིས་ཕུང་པོ་གཅིག་ལ་དུས་གཅིག་ཏུ་ཚོགས་པར་འགྱུར་རོ། །ཞེས་པ་ནི་ག་ལས་འཇིགས་མེད་དོ། །སངས་རྒྱས་བསྐྱངས་ཀྱིས་ནི། གལ་ཏེ་ཐ་མ་འགགས་མ་འགགས་གཉིས་ལས་སྲིད་པ་དང་པོར་ཉིང་མཚམས་མི་སྦྱོར་བར་མ་ཟད་འགག་བཞིན་པ་དང་སྐྱེ་བཞིན་པ་དག་ལྷན་ཅིག་ཏུ་སྦྱོར་བ་ཡང་རིགས་པ་མིན་ལ། སྲིད་པ་དང་པོའི་སྐྱེ་བ་ནི་ཡོད་དོ་ཞེས་འདོད་ན། ལན་ལ་ཕུང་པོ་གང་ལ་འཆི་འགྱུར་བ་ཞེས་སོགས་སྔ་མ་བཞིན་ནོ། །ལེགས་ལྡན་བྱེད་ལྟར་ན། ཕ་རོལ་པོས་སྨྲས་པ། གལ་ཏེ་ཐ་མ་འགགས་མ་འགགས་གཉིས་ལས་ཉིང་མཚམས་སྦྱོར་བ་མི་འཐད་པར་མ་ཟད། འགག་བཞིན་པ་དང་། སྐྱེ་བཞིན་པ་དག་ལྷན་ཅིག་ཏུ་སྦྱོར་བ་ཡང་རིགས་པ་མིན་ན། འོ་ན་ཇི་ལྟར་འགྱུར་ཞེ་ན། ལན་ལ་ཕུང་པོ་གང་ལ་ཞེས་སོགས་སྔ་མ་བཞིན་ནོ། །ཟླ་བས་ནི་གལ་ཏེ་འགག་བཞིན་པ་དང་སྐྱེ་བཞིན་པ་དག་ལྷན་ཅིག་ཏུ་ཡང་རིགས་པ་མིན་ན། ཕུང་པོ་གང་ལ་འཆི་བར་འགྱུར་བ་དེ་ལ་སྐྱེ་བའང་འབྱུང་བར་འགྱུར་རམ་སྟེ་མི་འགྱུར་བར་ཐལ། ཞེས་འཆད་དེ། འགྱུར་ལེགས་པར་སྣང་ངོ་། །དོན་བསྡུ་བ་ནི། ཐ་མ་འགགས་མ་འགགས་འགག་བཞིན་པ་ལས་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་བ་ཡོད་པ་མིན་པ་དེ་ལྟར་ན། དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་ནི་མི་རིགས་ན། སྲིད་པའི་རྒྱུན་གང་ཡིན་པ་དེ་ནི་ཆོས་ཅན། སྲིད་པའི་རྒྱུན་གྱི་རང་བཞིན་དུ་ཇི་ལྟར་ཡོད་དེ་མེད་པར་ཐལ། དུས་གསུམ་དག་ཏུ་བརྟགས་པ་ན་མེད་པའི་ཕྱིར། མིང་གི་སྒོ་ནས་དོན་བསྡུ་བ་ནི། དབུ་མ་རྩ་བ་ལས། འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།    །།དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །མཚན་མར་འཛིན་པ་བྱིས་པའི་བློ་ཅན་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། །ཆོས་ཀུན་གཟུགས་བརྙན་ལྟ་བུར་གྱུར་པ་སྟེ། །འདི་ན་དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འགྲོ་བ་ཀུན་གྱིས་གཟུགས་བརྙན་མཐོང་བ་ཡིན། །ཞེས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་ནི། དངོས་པོ་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་སྐུ་བཞིན་ནོ། །ཞེས་འགོད་པར་བྱེད་ལ། སངས་རྒྱས་བསྐྱངས་དང་། ཟླ་བས་ནི། སྲིད་པའི་རྒྱུན་ཡོད་པ་ཡིན་ཏེ། བསྐལ་པ་དུ་མར་བསྒྲུབས་པའི་འབྲས་བུ་དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་ཞེས་གསུང་སོ། །གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། དེ་བཞིན་གཤེགས་པ་བདེན་པར་གྲུབ་པ་དགག ལྟ་བ་ཐམས་ཅད་སྤངས་པར་གྲུབ་པའི་ཚུལ། རིགས་པ་གཞན་ལ་ཇི་ལྟར་སྦྱར་བའི་ཚུལ་ལོ། །དང་པོ་ལ། ལེན་པ་པོའི་གང་ཟག་དགག ཉེ་བར་བླང་བྱའི་ཕུང་པོ་དགག བཀག་པས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། ལེན་པ་པོ་རྫས་སུ་ཡོད་པ་དགག བཏགས་པའི་རང་བཞིན་དུ་ཡོད་པ་དགག་པའོ། །དང་པོ་ལ། ག་ལས་འཇིགས་མེད་ལྟར་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་ཡོད་ན། ཕུང་པོ་དང་གཅིག་དང་། གཞན་དང་། རྟེན་དང་། བརྟེན་པ་དང་། ལྡན་པ་ཞིག་ཡིན་གྲང་། ཕུང་པོ་དང་གཅིག་མ་ཡིན་ཏེ། གལ་ཏེ་ཡིན་ན་མི་རྟག་པ་དང་། ཉེ་བར་ལེན་པ་དང་བཅས་པར་འགྱུར་ཏེ། འབྱུང་འཇིག་གི་ཆོས་ཅན་ཡིན་པའི་ཕྱིར། ཕུང་པོ་རྣམས་ལས་གཞན་ཡང་མིན་ཏེ། གལ་ཏེ་ཡིན་ན་རྟག་པར་ཐལ་བ་དང་། ལོགས་ཤིག་ཏུ་དབང་པོས་གཟུང་དུ་ཡོད་པར་འགྱུར་ཏེ། ཕུང་པོ་ལས་གཞན་དུ་འབྱུང་འཇིག་གི་ཆོས་ཅན་མིན་པའི་ངོ་བོ་ཡོད་པའི་ཕྱིར། ས་ཕྱོགས་ན་སྐྱེས་བུ་འདུག་པ་བཞིན་དུ་ཕུང་པོ་དེ་ལ་དེ་བཞིན་གཤེགས་པ་བརྟེན་པར་ཡང་མེད། ཅེས་པའམ། གངས་ལ་ནགས་ཚལ་བཞིན་དུ་དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པར་མེད། ནགས་ན་སེང་གེ་བཞིན་དུ་ཕུང་པོ་དེར་དེ་བཞིན་གཤེགས་པ་བརྟེན་པར་ཡང་མེད་དེ། གཉིས་པོ་གཞན་མིན་པའི་ཕྱིར། ཤིང་ལྗོན་པ་སྙིང་པོ་དང་ལྡན་པ་བཞིན་དུ་དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་མིན་ཏེ། ཕུང་པོ་རྣམས་ལས་གཞན་མིན་པའི་ཕྱིར། ཞེས་ཟླ་བ་མ་གཏོགས་པ་གཞན་གསུམ་འཆད་དོ། །ཡང་ལེགས་ལྡན་བྱེད་ཀྱིས་རྣམ་གྲངས་གཞན་གསུངས་པ་ནི། སྔར་མེ་དང་བུད་ཤིང་གཅིག་པ་ཉིད་དང་གཞན་པ་ཉིད་བཀག་པ་ལ་སོགས་པའི་སྒོ་ནས་ཀྱང་ཤེས་པར་བྱའོ། །ཞེས་གསུངས་སོ། །ཟླ་བས་ལེགས་ལྡན་བྱེད་ཀྱི་རྗེས་སུ་འབྲངས་ནས། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་པ་ལྟར། ཉེར་ལེན་གང་དེ་སངས་རྒྱས་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་དང་། གལ་ཏེ་གཞན་དུ་འདོད་ན། ཤིང་ལས་མེ་གཞན་ཉིད་ཡིན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་པ་ལྟར། གལ་ཏེ་ཉེར་ལེན་སངས་རྒྱས་གཞན། །ཉེར་ལེན་མེད་པར་འབྱུང་བར་འགྱུར། །ཞེས་བརྗོད་དེ། ལྷག་མ་རྣམས་སྔ་མ་བཞིན་ནོ། །དེས་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་ཏེ་མེད་དོ། །གཉིས་པ་ལ་རང་དངོས་དང་གཞན་དངོས་ལས་གྲུབ་པ་དགག ཉེ་བར་ལེན་པ་མེད་པའི་རིགས་པས་དགག གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ། གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་ལ་བརྟེན་ནས་གདགས་པར་འདོད་དོ་ཞེ་ན། སངས་རྒྱས་ཆོས་ཅན། རང་བཞིན་ལས་ཏེ་ངོ་བོ་ཉིད་ཀྱི་ཡོད་པ་མིན་པར་ཐལ། ཕུང་པོ་ལ་བརྟེན་ནས་འདོགས་པ་ཡིན་པའི་ཕྱིར། གཞན་དངོས་སུ་གྲུབ་པའི་ཕུང་པོ་ལ་བརྟེན་ནས་ཡོད་པར་འཇོག་གོ་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ཆོས་ཅན། གཞན་དངོས་སུ་གྲུབ་པའི་ཕུང་པོ་ལས་ག་ལ་ཡོད། དེ་མེད་པར་ཐལ། རང་བཞིན་ལས་དེ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར། རི་བོང་གི་རྭ་གང་ལས་ཀྱང་དངོས་པོར་བཞག་ཏུ་མེད་པ་བཞིན། གཞན་གྱིས་དངོས་པོ་དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཉེ་བར་ལེན་པ་གཞན་དུ་གྱུར་པ་ལ་བརྟེན་ནས་གདགས་སོ་ཞེ་ན། གང་གི་གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་པ་དེ་བདག་ཉིད་དམ། ངོ་བོ་ཉིད་དུ་གྲུབ་པ་མི་འཐད་དེ། རང་གི་ངོ་བོས་མ་གྲུབ་པའི་ཕྱིར་རོ། །གང་གི་བདག་ཉིད་དམ་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་ན་དོན་དམ་པར་དེ་བཞིན་གཤེགས་པར་འགྱུར། གལ་ཏེ་དེ་བཞིན་གཤེགས་པ་ལས་ཕུང་པོ་གཞན་དངོས་སུ་གྲུབ་པས་དེ་ལ་བརྟེན་ནས་ཡོད་པར་འཇོག་གོ་ཞེ་ན། དེ་བཞིན་གཤེགས་པ་ལས་ཕུང་པོ་གཞན་དངོས་སུ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ལྟོས་སའི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་པ་མིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། རང་བཞིན་དང་གཞན་དངོས་བཀག་ཟིན་ལ་རང་བཞིན་དང་གཞན་དངོས་དག་ལས་མ་གཏོགས་པ་གང་ཡོད་དེ་མེད་པའི་ཕྱིར། ཞེས་ཐམས་ཅད་མཐུན་ནོ། །གཉིས་པ་ཉེ་བར་ལེན་པ་མེད་པའི་རིགས་པས་དགག་པ་ནི། ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་ལྟར་ན། གལ་ཏེ་ཕུང་པོ་རྣམས་ལ་བརྟེན་ནས་དེ་བཞིན་གཤེགས་པ་གདགས་པར་བྱ་བ་ཡིན་ན། སྔར་དེ་བཞིན་གཤེགས་པར་གྲུབ་པ་ཞིག་གམ། མ་གྲུབ་པ་ཞིག་གདགས་གྲང་། གལ་ཏེ་སྔར་དེ་བཞིན་གཤེགས་པར་གྲུབ་ན་ཕུང་པོ་ལ་བརྟེན་ནས་ཕྱིས་གདགས་པ་དོན་མེད་པ་ཉིད་དོ། །གལ་ཏེ་ཕུང་པོ་རྣམས་ལ་མ་བརྟེན་པར་སྔ་རོལ་དུ་དེ་བཞིན་གཤེགས་པ་མ་ཡིན་པ་ཞིག་ཕྱིས་དེ་བཞིན་གཤེགས་པར་འགྱུར་བ་འགའ་ཞིག་ཡོད་ན་དེ་ནི་ད་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་། ཕུང་པོ་ལ་བརྟེན་ནས། དེ་ནས་དེ་བཞིན་གཤེགས་པར་འགྱུར་ལ་རག་པ་ལས་སྔར་དེ་བཞིན་གཤེགས་པ་མིན་པ་ཞིག་ད་གདོད་ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་བ་མིན་པར་ཐལ། ཕུང་པོ་རྣམས་ལ་མ་བརྟེན་པར་སྔར་དེ་བཞིན་གཤེགས་པ་མིན་པ་ཕྱིས་དེ་བཞིན་གཤེགས་པར་འགྱུར་བ་འགའ་ཡང་མེད་པའི་ཕྱིར། སྔ་རོལ་དུ་གྲུབ་པའི་ལེན་པ་པོ་དེས་ནི་ཆོས་ཅན། ཕྱིས་ཕུང་པོ་ཇི་ལྟར་ཉེ་བར་ལེན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཕུང་པོ་ལ་མ་བརྟེན་པར་སྔ་རོལ་དུ་ཡོད་པ་མིན་པའི་ཕྱིར་རོ། །ཞེས་འཆད་དོ། །སངས་རྒྱས་བསྐྱངས་དང་ཟླ་བ་ལྟར་ན། གལ་ཏེ་ཕུང་པོ་རྣམས་ལ་མ་བརྟེན་པར་སྔ་རོལ་དུ་ཕུང་པོ་ལེན་པ་པོ་དེ་བཞིན་གཤེགས་པ་འགའ་ཞིག་ཡོད་པར་གྱུར་ན་དེ་ནི་ད་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་། ཕུང་པོ་ལ་བརྟེན་ནས། དེ་ནས་དེ་བཞིན་གཤེགས་པར་འདོགས་པར་འགྱུར་བ་ལ་རག་ན་ཚུལ་དེ་ལྟར་མི་འཐད་དེ། ཕུང་པོ་རྣམས་ལ་མ་བརྟེན་པར་སྔ་རོལ་དུ་ལེན་པ་པོའི་དེ་བཞིན་གཤེགས་པ་འགའ་ཡང་མེད་པའི་ཕྱིར། གང་གི་ཕུང་པོ་ལ་མ་བརྟེན་པར་སྔ་རོལ་དུ་ཡོད་པ་མིན་པས་ན་དེས་ནི་ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ། མི་འགྱུར་བར་ཐལ། བླང་བྱའི་ཕུང་པོའི་སྔ་རོལ་ན་མེད་པའི་ཕྱིར། རིགས་པ་གཞན་ཡང་། ཤེས་རབ་སྒྲོན་མེ་ལས། ཉེ་བར་བླངས་པ་མ་ཡིན་ན། །ཉེ་བར་ལེན་པར་ཇི་ལྟར་འགྱུར། །ཞེས་འབྱུང་བ་ལྟར་བཤད་དེ། བླང་བྱའི་སྔ་རོལ་དུ་གྲུབ་པའི་ལེན་པ་པོ་མེད་དེ། ཉེ་བར་བླང་བྱ་དང་ལེན་པ་པོ་ལ་མཐའ་གཅིག་ཏུ་ངེས་པའི་སྔ་ཕྱི་མེད་པའི་ཕྱིར་ཏེ། སྐྱེ་འཆིའི་ཐོག་མཐའ་མེད་པའི་ཕྱིར། དེ་ལྟར་ན་ཉེ་བར་ལེན་པ་པོ་སྔ་རོལ་དུ་གྲུབ་པ་མེད་པས་ཕུང་པོ་ཉེ་བར་བླངས་པ་མ་ཡིན་པའི་ཕྱིར་ན། ལེན་པ་པོས་ཕུང་པོ་ཉེ་བར་ལེན་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་རོ། །ཕུང་པོ་ཉེ་བར་ལེན་པ་མེད་པའི་ཕྱིར་ན་ལེན་པ་པོའི་དེ་བཞིན་གཤེགས་པ་ཅི་ཡང་མེད་དོ། །ཞེས་ག་ལས་འཇིགས་མེད་དང་། ཤེས་རབ་སྒྲོན་མེ་གཉིས་ཀ་འཆད་དོ། །སངས་རྒྱས་བསྐྱངས་དང་། ཟླ་བ་ལྟར་ན། དེ་བཞིན་གཤེགས་པས་ཕུང་པོ་ཉེ་བར་བླངས་པ་མ་ཡིན་པར་ཐལ། ཕུང་པོ་ལ་མ་བརྟེན་པར་སྔ་རོལ་དུ་ལེན་པ་པོ་བཀག་ཟིན་པའི་ཕྱིར། འདོད་ན་དེ་བཞིན་གཤེགས་པ་ཆོས་ཅན། ཕུང་པོ་ཉེ་བར་ལེན་པར་ཅི་ཡིས་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །འགྱུར་གཞན་ལས། ཉེ་བར་ལེན་པ་ཅི་ཡིས་འགྱུར། །ཞེས་གསུངས་པ་ལྟར་ལེགས་སོ། །འདོད་ན་ཕུང་པོ་ལེན་པ་པོའི་དེ་བཞིན་གཤེགས་པ་ཅི་ཡང་མེད་པར་ཐལ། ཕུང་པོ་ཉེ་བར་ལེན་པ་མེད་པའི་ཕྱིར་རོ། །གསུམ་པ་གཉིས་ཀའི་དོན་བསྡུ་བ་ནི། དེ་བཞིན་གཤེགས་པ་གང་ཞིག་ཆོས་ཅན། རིགས་པས་བརྟགས་པ་ན། ཉེ་བར་ལེན་པས་ཡོད་པར་ཇི་ལྟར་གདགས་ཏེ། གདགས་སུ་མེད་པར་ཐལ། གཅིག་དང་ཐ་དད་ལ་སོགས་པ་རྣམ་པ་ལྔའི་སྒོ་ནས་བཙལ་བར་བྱས་ན། ཕུང་པོ་དང་། དེ་ཉིད་དང་། གཞན་ཉིད་དུ་མེད་པའི་ཕྱིར། གོས་དམར་ཅན་གྱི་སྡེ་པ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་དོན་དམ་པར་ཡོད་དེ། ཉེ་བར་ལེན་པས་གདགས་པར་བྱ་བ་ཡིན་པའི་ཕྱིར་ཞེ་ན། ཞེས་རྩོད་པ་བཀོད་ནས་ལན་སྔ་མ་བཞིན་ལེགས་ལྡན་བྱེད་འཆད་དོ། །གསུམ་པ་ཉེ་བར་བླང་བྱའི་ཕུང་པོ་དགག་པ་ལ། སློབ་དཔོན་གསུམ་གྱིས་ནི། ལེན་པ་པོ་ཡོད་དེ། ཉེ་བར་བླང་བྱ་ཡོད་པའི་ཕྱིར་རོ་ཞེ་ན། གང་ཞིག་གི་ཉེ་བར་བླང་བའི་ཕུང་པོ་དེ་ནི་ཆོས་ཅན། རང་བཞིན་ལས་དེ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། གལ་ཏེ་གཞན་གྱི་དངོས་པོ་ལས་ཡོད་དོ་ཞེ་ན། ཉེ་བར་བླང་བ་གང་ཡིན་པ་དེ་ནི་ཆོས་ཅན། གཞན་གྱི་དངོས་པོ་ལ་བརྟེན་ནས་རང་བཞིན་གྱིས་ཡོད་རེ་སྐན་ཏེ་མེད་པར་ཐལ། བདག་གི་དངོས་པོ་ལས་མེད་པའི་ཕྱིར་དང་། གཞན་གྱི་དངོས་པོ་ལ་ཡང་མེད་པ་ཡིན་པའི་ཕྱིར་ཞེས་འཆད་དོ། །སློབ་དཔོན་ལེགས་ལྡན་བྱེད་ནི། གང་ཟག་གི་ཉེ་བར་བླང་བ་དེ་ནི་ཆོས་ཅན། ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། ལྟོས་པ་དང་བཅས་པའི་ཕྱིར། ཉེ་བར་ལེན་པ་པོ་བཞིན་ནོ། །ལྷག་མ་བདག་གི་དངོས་ལས་གང་མེད་པ་ཞེས་སོགས་ནི་སྔར་ལྟར་འཆད། ག་ལས་འཇིགས་མེད་ལས། སྔ་མ་རྣམས་ཀྱི་དོན་ཚིགས་སུ་བཅད་པས་སྨྲས་པ་ནི། བདག་ཅེས་བྱ་བ་བརྟེན་ནས་མིན། །རྣམ་ལྔའི་སྔ་རོལ་ཉེར་ལེན་མེད། །མ་བརྟེན་ཉེ་བར་ལེན་པ་ནི། །འགའ་ཡང་ཇི་ལྟར་ཡོད་མི་འགྱུར། །ཉེ་བར་བླང་བ་དེ་ཡང་ནི། ཉེར་ལེན་དེ་ཡི་སྔ་རོལ་ན། །ཉེ་བར་བླང་བ་ཡོད་མིན་ན། །ཉེར་ལེན་ཇི་ལྟར་ཡོད་པར་འགྱུར། །ཉེར་ལེན་ཉེ་བར་བླང་དེ་ལ། །བརྟེན་པ་ཡོད་མིན་མ་བརྟེན་མིན། །ཉེར་ལེན་ཉེར་བླང་ལས་མ་ཡིན། །ཉེར་བླང་མིན་ལས་ཡོད་མ་ཡིན། །ཉེར་བླང་ཉེ་བར་ལེན་པ་མིན། །ཉེ་བར་ལེན་མིན་པ་ཡི་མིན། །ཉེར་ལེན་མིན་ལ་རྟེན་མ་ཡིན། །ཉེར་ལེན་འགྲུབ་པ་གང་ཡིན་པ། །ཉེ་བར་བླངས་ལས་འགྱུར་མིན་ན། །དེ་གྲུབ་མེད་ན་ཉེར་ལེན་པའི། །འགྲུབ་པ་ཇི་ལྟར་ཡོད་པར་འགྱུར། །གལ་དེ་ཉེར་ལེན་འགྲུབ་འགྱུར་བའི། །ཉེ་བར་བླང་བ་མ་གྲུབ་ན། །ཉེར་ལེན་གྲུབ་པ་ཡོད་མིན་པས། ཉེར་བླང་བ་ཡི་བྱེད་པ་མེད། །གསུམ་པ་བཀག་པས་གྲུབ་པའི་དོན་བསྡུ་བ་ནི། ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་ཆོས་ཅན། གཅིག་དང་ཐ་དད་ལ་སོགས་པ་རྣམ་པ་ཀུན་གྱིས་སྟོང་པ་ཡིན་ཏེ། གོང་དུ་བཀག་ཟིན་པ་དེ་ལྟར་ནའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཡང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོས་སྟོང་པའི་ཕྱིར། འདོད་ན། ཉེ་བར་ལེན་པ་ལས་རང་བཞིན་གྱིས་གྲུབ་པར་ཇི་ལྟ་བུར་ན་འདོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་གྱིས་སྟོང་པས་སོ། །གཉིས་པ་ལྟ་བ་ཐམས་ཅད་སྤངས་པར་གྲུབ་པའི་ཚུལ་ལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། ཇི་སྐད་བཤད་པའི་རིགས་པས་སྟོང་པ་ཉིད་དུ་བདེན་པར་ཡོད་དོ་ཞེ་ན། ལན་ལ། ག་ལས་འཇིགས་མེད་ལྟར་ན། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་དུ་བདེན་ཞེས་ཀྱང་མི་བྱ་སྟེ། མི་མཐུན་ཕྱོགས་བསལ་བ་ཙམ་ལ་སྟོང་པ་ཞེས་འཇུག་པའི་ཕྱིར། ཐ་སྙད་དུ་གདགས་པའི་དོན་ཙམ་དུ་སྟོང་པ་ཉིད་ཅེས་བརྗོད་པར་བྱ་སྟེ། ཡང་དག་པ་མ་ཡིན་པའི་རྟོག་པ་སེལ་བའི་དགོས་པ་ཡོད་པའི་ཕྱིར་ཞེས་གསུངས་སོ། །སངས་རྒྱས་བསྐྱངས་ཀྱིས་ཀྱང་། ཚིག་དོན་སྔ་མ་བཞིན་དུ་འཆད་ལ། ལུང་དང་སྦྱར་བ་ནི། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །ལེགས་ལྡན་བྱེད་ལྟར་ན། ཆོས་ཐམས་ཅད་སྤྲོས་པ་མེད་དོ་ཞེས་རྣམ་པར་འཇོག་ན་སྟོང་པའོ་ཞེས་སྤྲོ་བར་བྱེད་པས་གནོད་དོ་ཞེ་ན། ལན་ལ། ཚིག་དོན་སྔ་མ་བཞིན་འཆད་དོ། །ལུང་དང་སྦྱར་བ་ནི། འཕགས་པ་ལྷས། གལ་ཏེ་དངོས་པོ་རང་བཞིན་ཡོད། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་སོགས་སོ། །ཡང་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། དེ་བཞིན་གཤེགས་པ་རང་དངོས་དང་གཞན་དངོས་ལས་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པ་འདི་ལ་ཆོས་ཅན། རྟག་པ་དང་མི་རྟག་པ་ལ་སོགས་པ་མཐའ་བཞི་ག་ལ་ཡོད་དེ་མེད་པར་ཐལ། རང་བཞིན་གྱིས་ཞི་བའི་ཕྱིར། ཡང་འདི་ལ་ཆོས་ཅན། མཐའ་དང་མཐའ་མེད་ལ་སོགས་པ་བཞི་ག་ལ་ཡོད་དེ་མེད་པར་ཐལ། རང་བཞིན་གྱིས་ཞི་བའི་ཕྱིར། ཟླ་བས་ནི། དེ་བཞིན་གཤེགས་པ་ལ་སྟོང་མི་སྟོང་སོགས་མི་མངའ་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་མཚམས་སྦྱར་ནས། ཚིག་དོན་སྔ་མ་ལྟར་འཆད་དོ། །ལེགས་ལྡན་བྱེད་ནི། ཇི་སྐད་བཤད་པའི་རིགས་པས་ངོ་བོ་ཉིད་ཀྱིས་སྟོང་པ་ལ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་འཆད་དོ། །གལ་ཏེ་དེ་བཞིན་གཤེགས་པ་ནི་ཡོད་དེ། མྱ་ངན་ལས་འདས་ནས་མེད་དོ་ཞེས་ལུང་བསྟན་པའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་སྣ་ཚོགས་པའི་བག་ཆགས་གང་དག་གིས་བསྒོས་པའི་བློ་ཅན་འཛིན་པ་སྟུག་པོས་བཟུང་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་ཡོད་ཅེས་པའམ་མེད་ཅེས་པའམ། གཉིས་དང་གཉིས་མིན་གྱིས་ཚུལ་དུ་རྣམ་པར་རྟོག་པས་རྟོག་པར་བྱེད་དོ། །སངས་རྒྱས་དེ་ལ་ཆོས་ཅན། མྱ་ངན་ལས་འདས་ནས་ཡོད་དོ་ཞེའམ། མེད་དོ་ཞེས་སོགས་མཐའ་བཞིར་བསམ་པ་འཐད་པ་ཉིད་དུ་མི་འགྱུར་བར་ཐལ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཞེས་ལེགས་ལྡན་བྱེད་དང་། ག་ལས་འཇིགས་མེད་དོ། །སངས་རྒྱས་བསྐྱངས་ནི། ཡོད་མེད་ཀྱི་ཕྱོགས་དང་བྲལ་བའི་དེ་བཞིན་གཤེགས་པ་ལ་གཏི་མུག་གི་སེམས་དང་ལྡན་པ་གང་གིས་འདི་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་སྙམ་དུ་འཛིན་པ་སྟུག་པོས་བཟུང་བར་གྱུར་པ་དེ་ནི། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་ཡོད་ཅེས་པའམ། མེད་ཅེས་རྣམ་པར་རྟོག་པས་རྟོག་པར་བྱེད་དོ། །རང་བཞིན་གྱིས་ནི་སྟོང་དེ་ལ་ཞེས་སོགས་སྔ་མ་བཞིན་ནོ། །ཟླ་བས་ནི། དོན་སྔ་མ་བཞིན་བཤད་ནས། ནམ་མཁའི་རི་མོའི་གཟུགས་ལ་རྟོག་པར་མི་འཐད་པ་བཞིན་ནོ། །ཞེས་སོགས་སོ། །དེའི་ཕྱིར་ཡོད་མེད་དང་སྟོང་མི་སྟོང་ལ་སོགས་པའི་སྤྲོས་པ་དག་གིས་ཡོད་མེད་སོགས་ཀྱི་སྤྲོས་པ་བྱེད་པ་དེ་ཀུན་གྱིས་ཆོས་ཅན། དེ་བཞིན་གཤེགས་པ་སྤྲོས་བྲལ་མཐོང་བར་མི་འགྱུར་ཏེ། གང་དག་སངས་རྒྱས་ཡོད་མེད་སོགས་ཀྱི་སྤྲོས་པ་ལས་འདས་ཤིང་ཟད་པ་མེད་པ་ལ་སྤྲོས་པས་བློ་གྲོས་ཀྱི་མིག་གཉིས་པའི་ཕྱིར། གསུམ་པ་རིགས་པ་གཞན་ལ་ཇི་ལྟར་སྦྱར་བའི་ཚུལ་ནི། གང་གི་ཕྱིར་དེ་ལྟར་བརྟགས་པ་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་དངོས་པོ་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཅན་དང་འདུ་བྱེད་ཀྱི་འགྲོ་བ་འདིའི་ངོ་བོ་ཉིད་ཀྱང་ཡིན་ནོ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་དེའི་ངོ་བོ་ཉིད་དོ། །འགྲོ་བ་འདི་དག་དང་ངོ་བོ་ཉིད་མེད་པར་མཉམ་པར་ཡིན་གྱི། ཡོན་ཏན་གྱིས་མཉམ་པ་ནི་མ་ཡིན་ནོ། །ཞེས་ག་ལས་འཇིགས་མེད་ལས་གསུངས་སོ། །ལེགས་ལྡན་བྱེད་ཀྱང་དེ་དང་མཐུན་པར་སྣང་ངོ་། །སངས་རྒྱས་བསྐྱངས་ལྟར་ན། དེ་བཞིན་གཤེགས་པ་བརྟག་པའི་རིགས་པ་འདི་ཉིད་འགྲོ་བ་འདི་ཉིད་ཀྱང་བརྟག་པར་བྱས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དངོས་པོའི་རང་བཞིན་གང་ཡིན་པ་དེ་ནི་འགྲོ་བ་འདིའི་རང་བཞིན་ཡང་ཡིན་པ་དེའི་ཕྱིར། དེ་བཞིན་གཤེགས་པའི་རང་བཞིན་གང་ཞེ་ན། དེ་བཞིན་གཤེགས་པ་དངོས་པོའི་རང་བཞིན་མེད་པ་ཉིད་ཡིན་ལ། འགྲོ་བ་འདི་དག་ཀྱང་བདེན་པའི་རང་བཞིན་མེད་པ་ཡིན་པས། རང་བཞིན་མེད་པར་མཚུངས་པ་ཉིད་དེ། གཉིས་ཀ་རང་བཞིན་མེད་པའི་ཕྱིར། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གསུངས་སོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ལ་ནི་བུམ་པ་ཡོད་དེ། བུམ་པ་ཆག་གོ་ཞེས་མི་རྟག་པར་ཡང་བརྗོད་ལ། དེ་ཁོ་ན་ཉིད་སེམས་པའི་ཚེ་ནི་དེ་དག་འཐད་པར་ག་ལ་འགྱུར། གཞན་ཡང་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གིས་དེ་བཞིན་གཤེགས་པ་བགྲེས་སོ། །མྱ་ངན་ལས་འདས་སོ་ཞེས་མི་རྟག་པར་ཡང་བརྗོད་ལ། དོན་དམ་པ་བསམ་པ་དེའི་ཚེ་ནི་དེ་བཞིན་གཤེགས་པ་ཉིད་མི་འཐད་ན་བགྲེས་པ་དང་། མྱ་ངན་ལས་འདས་པ་དག་འཐད་པར་ག་ལ་འགྱུར། གསུམ་པ་ནི། དབུ་མ་རྩ་བ་ལས། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།།    །།ཕྱིན་ཅི་ལོག་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། འདོད་ཆགས་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། སློབ་དཔོན་གཞན་གཉིས་ལྟར་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་ལོག་གིས་སྟོང་པར་བསྟན་པ་ནི། ཞེས་མཚམས་སྦྱར་མཛད་ལ། ཟླ་བ་ལྟར་ན། སྲིད་པའི་རྒྱུན་ཡོད་དེ། དེའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་ཞེས་འབྲེལ་མཛད་དོ། །ལེགས་ལྡན་བྱེད་ནི། ཕུང་པོ་ལ་སོགས་པ་ཡོད་དེ། རྒྱུ་ཉོན་མོངས་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །རྒྱུ་ཉོན་མོངས་པ་ཇི་ལྟར་ཡོད་པའི་ཚུལ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཆོས་ཅན་རང་བཞིན་གྱིས་ཡོད་དེ། ཐུན་མོང་གི་རྒྱུ་ཀུན་ཏུ་རྟོག་པ་ལས་དེ་བྱུང་བར་གསུངས་པའི་ཕྱིར་ཏེ། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་འབྱུང་། །ཞེས་གསུངས་པ་ལྟར་རོ། །སོ་སོའི་རྒྱུ། སྡུག་པ་དང་མི་སྡུག་པ་དང་། ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་བའི་ཕྱིར་རོ་ཞེ་ན། གཉིས་པ་གཞུང་གི་ཚིག་དོན་བཤད་པ་ལ། ཉོན་མོངས་པ་དགག་པ། ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ཐུན་མོང་དུ་དགག་པ་བསྟན་པ། སོ་སོར་དགག་པ་བསྟན་པའོ། །དང་པོ་ལ་བཞི་སྟེ། རྟེན་འབྱུང་གི་རྟགས་ཀྱིས་དགག རྟེན་མེད་པའི་རྟགས་ཀྱིས་དགག རྒྱུ་མེད་པའི་རྟགས་ཀྱིས་དགག དམིགས་པ་མེད་པའི་རྟགས་ཀྱིས་དགག དང་པོ་ནི། ཆགས་སོགས་ཉོན་མོངས་པ་དེ་དག་ཆོས་ཅན། རང་བཞིན་ལས་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དེ། ཐུན་མོང་གི་རྒྱུ་ཀུན་ཏུ་རྟོག་པ་ལས་འབྱུང་བའི་ཕྱིར་དང་། སོ་སོའི་རྒྱུ་གང་དག་ཡུལ་སྡུག་པ་དང་མི་རྟག་པ་དང་ཕྱིན་ཅི་ལོག་ལ་རྟེན་ནས་འབྱུང་བའི་ཕྱིར། དེའི་ཕྱིར་ཉོན་མོངས་པ་ཡང་དག་པར་གྲུབ་པ་མེད་དོ། །གཉིས་པ་ནི། རིགས་པ་གཞན་ཡང་། ཉོན་མོངས་པའི་རྟེན་བདག་གི་ཡོད་པ་ཉིད་དང་མེད་པ་ཉིད་ཀྱི་ཆོས་ནི། ཇི་ལྟ་བུར་ཡང་གྲུབ་པ་མེད་དེ། བདག་དང་སེམས་གཉིས་ཀ་རིགས་པས་བཀག་ཟིན་པའི་ཕྱིར། རྟེན་དེ་མེད་ན་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་དང་། དེ་བཀག་པའི་མེད་པ་ཉིད་ཇི་ལྟར་འགྲུབ་སྟེ་མི་འགྲུབ་པར་ཐལ་ལོ། །དེ་གསལ་བར་བཤད་པ་ནི། ཉོན་མོངས་དེ་དག་གང་གི་ཡིན་པའི་རྟེན་བདག་དེ་ཡང་གྲུབ་པ་ཡོད་པ་མ་ཡིན་ཏེ། བདག་བརྟག་པའི་རབ་ཏུ་བྱེད་པར་བཀག་ཟིན་པའི་ཕྱིར། ཞེས་ལེགས་ལྡན་བྱེད་གསུངས། སློབ་དཔོན་གཞན་རྣམས་ཀྱང་དོན་དེ་དང་མཐུན་པར་སྣང་། རྟེན་གང་གི་ཡིན་པའི་ཉོན་མོངས་པ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་དག་ཡོད་པ་མ་ཡིན་པར་ཐལ། རྟེན་འགའ་ཡང་མེད་པའི་ཕྱིར། རྟེན་རྩིག་པ་མེད་པའི་ངོས་ཀྱི་རི་མོ་མི་འགྲུབ་པ་བཞིན་ནོ། །ཡང་ལེགས་ལྡན་བྱེད་ཀྱིས། རྣམ་གྲངས་གཞན་བཤད་པ་ནི། གོང་གི་འཐད་པས་རྟེན་བདག་མེད་པའི་བརྟེན་པ་ཉོན་མོངས་པ་ཅི་ཞིག་ཡོད་དེ་མེད་པས་ཉོན་མོངས་པ་འགའ་ཡང་ཡོད་པ་མིན་ནོ། །སྣམ་བུ་མེད་པར་སྣམ་བུའི་སྔོ་བ་ཉིད་མི་འགྲུབ་པ་བཞིན་ནོ་ཞེས་གསུངས་སོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། རྟེན་ལ་མ་ལྟོས་པར་ཉོན་མོངས་པ་རང་དགར་གྲུབ་བོ་ཞེ་ན། ཉོན་མོངས་པ་རྣམས་ཆོས་ཅན། རྟེན་ལ་མ་ལྟོས་པར་རང་བཞིན་གྱིས་གྲུབ་པ་མེད་དེ། ཉོན་མོངས་ཅན་ལ་གཅིག་དང་ཐ་དད་སོགས་རྣམ་པ་ལྔར་བཙལ་བ་ན་མེད་པའི་ཕྱིར། རང་ཡུལ་ལ་བདག་དང་བདག་གིར་ལྟ་བའི་ཡུལ་རྣམ་པ་ལྔར་ཡོད་པ་མིན་པ་བཞིན། ཉོན་མོངས་ཅན་ཡང་ཆོས་ཅན། རྟེན་ལ་མ་ལྟོས་པར་རང་བཞིན་གྱིས་གྲུབ་པ་མེད་དེ། ཉོན་མོངས་པ་ལ་རྣམ་པ་ལྔར་བཙལ་བ་ན་མེད་པའི་ཕྱིར། རང་ལུས་ལ་བདག་དང་བདག་གིར་ལྟ་བའི་ཡུལ་བཞིན་ནོ། །ཞེས་གསུངས་སོ། །ལེགས་ལྡན་བྱེད་ནི། རང་གི་སྡེ་པ་ལ་སོགས་པ་རྣམས་སེམས་ཉོན་མོངས་པའི་རྟེན་དུ་འདོད་པ་ཡང་དགག་པར་བྱ་སྟེ། ཉོན་མོངས་པ་རྣམས་ཆོས་ཅན། བདེན་པར་གྲུབ་པ་མེད་དེ། ཉོན་མོངས་ཅན་གྱི་སེམས་ལ་རྣམ་པ་ལྔར་བཙལ་བ་ན་མེད་པའི་ཕྱིར། རང་ལུས་ལ་བདག་ཏུ་ལྟ་བའི་ཡུལ་བཞིན་ནོ། །རྟེན་ཉོན་མོངས་པ་ཅན་ཡང་ཆོས་ཅན། བདེན་པར་གྲུབ་པ་མེད་དེ། ཉོན་མོངས་པ་རྣམ་པ་ལྔར་བཙལ་བ་ན་མེད་པའི་ཕྱིར། རང་ཡུལ་ལ་བདག་ཏུ་ལྟ་བའི་ཡུལ་བཞིན་ནོ། །གསུམ་པ་ནི། སྡུག་པ་དང་མི་སྡུག་པ་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བའི་ཉོན་མོངས་པ་ཡང་དག་པར་ཡོད་པ་གང་དག་ཡིན་ཏེ། མེད་པར་ཐལ། རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་གསུམ་པོ་ངོ་བོ་ཉིད་ལས་ཡོད་པ་མིན་པའི་ཕྱིར། བཞི་པ་ནི། ཉོན་མོངས་པ་ཡོད་དེ། དེའི་དམིགས་པ་ཡོད་པའི་ཕྱིར་རོ་ཞེ་ན། དམིགས་པ་གང་ཞེ་ན། གཟུགས་དང་། སྒྲ་དང་། རོ་དང་། རེག་པ་དང་། དྲི་དང་། ཆོས་དང་། རྣམ་པ་དྲུག་ནི་གཞི་སྟེ་དམིགས་པ་ཡིན་པར་བརྟགས་སོ། །གང་གི་ན། འདོད་ཆགས། ཞེ་སྡང་དང་། གཏི་མུག་གི་ནི་དམིགས་པ་ཡིན་པར་བརྟགས་སོ། །གཟུགས་དང་སྒྲ་དང་རོ་དང་རེག་པ་དང་དྲི་དང་ཆོས་དག་ཆོས་ཅན། བདེན་པར་མེད་དེ། སྣང་ཙམ་འབའ་ཞིག་པར་ཟད་པའི་ཕྱིར། ལེགས་ལྡན་བྱེད་ཀྱིས། འབའ་ཞིག་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་ཀྱི་དྲི་ཙམ་གྱིས་ཀྱང་མ་གོས་པ་དག་ཡིན་ནོ། །ཞེས་གསུངས་སོ། །འདིས་ནི་རང་རྒྱུད་པ་དག་གིས་ཡུལ་རང་ངོས་ནས་གྲུབ་པ་བཞེད་ཅེས་པ་དང་། ཐ་སྙད་དུ་རང་བཞིན་གྱིས་གྲུབ་པར་ཁས་ལེན་ཞེས་པ་དག་བཀག་པ་ཡིན་ནོ། །སློབ་དཔོན་གཞན་གསུམ་ཡང་དེ་བཞིན་དུ་འཆད་དོ། །ཡང་ལེགས་ལྡན་བྱེད་ཀྱིས། ཐ་སྙད་ལ་སྐུར་བ་འདེབས་པ་ཡང་མིན་ཏེ། འདི་ལྟར་གཟུགས་སྒྲ་སོགས་འདི་དག་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་དང་། རྨི་ལམ་དང་འདྲ་བ་ཡིན་པའི་ཕྱིར་དང་། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་གཟུགས་བརྙན་དང་འདྲ་བ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་ལྟ་བུ་ཞེས་པ་ནི། དེ་དང་ཡུལ་དུས་ངེས་པ་མེད་པར་དམིགས་པར་ཆོས་མཐུན་པའི་ཕྱིར་རོ། །སྨིག་རྒྱུ་འདྲ་ཞེས་པ་ནི། མངོན་པར་ཞེན་པས་ཡོངས་སུ་ཚོལ་བར་ཆོས་མཐུན་པའི་ཕྱིར་རོ། །རྨི་ལམ་འདྲ་ཞེས་པ་ནི། འདོད་པས་རྒྱུ་འབྲས་ཀྱི་དངོས་པོར་སྣང་བར་ཆོས་མཐུན་པའི་ཕྱིར་རོ། །སྒྱུ་མའི་སྐྱེས་བུ་ལྟ་བུ་ཞེས་པ་ནི། ལོག་པར་སྣང་བར་ཆོས་མཐུན་པའི་ཕྱིར་རོ། །གཟུགས་བརྙན་འདྲ་བ་ཞེས་པ་ནི། བྱེད་པ་པོའི་བྱ་བ་ལ་མི་ལྟོས་པར་སྐྱེ་བར་ཆོས་མཐུན་པའི་ཕྱིར་རོ། །རྒྱུ་མི་བདེན་པ་དེས་ན་ཡུལ་དེ་དག་ལ་དམིགས་པའི་ཡུལ་ཅན་སྡུག་པ་དང་ནི་མི་སྡུག་པ་འབྱུང་བར་ཡང་ནི་ག་ལ་འགྱུར། གཉིས་པ་སོ་སོར་དགག་པ་བསྟན་པ་ལ། འདོད་ཆགས་དང་ཞེ་སྡང་དགག་པ། གཏི་མུག་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། རྒྱུ་སྡུག་མི་སྡུག་དགག་པ། འབྲས་བུ་ཉོན་མོངས་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རྟེན་བརྫུན་པས་དགག ཕན་ཚུན་ལྟོས་པས་དགག དང་པོ་ནི། སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །ཞེས་བྱའོ། །གཉིས་པ་ནི། གཞན་ཡང་སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་ཞེས་གདགས་པར་བྱ་བའི་སྡུག་པ་དེ་ནི་ཆོས་ཅན། སྡུག་པའི་རང་བཞིན་དུ་འཐད་པ་མ་ཡིན་པར་ཐལ། མི་སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པས་སོ། །དེའི་ཕྱིར་མི་སྡུག་པ་འཐད་པ་མ་ཡིན་ནོ། །མི་སྡུག་པ་གང་ལ་བརྟེན་ནས་སྡུག་པ་ཞེས་གང་གདགས་པར་བྱ་བའི་མི་སྡུག་པ་ཆོས་ཅན། མི་སྡུག་པའི་རང་བཞིན་དུ་འཐད་པ་མ་ཡིན་པར་ཐལ། སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པས་སོ། །དེའི་ཕྱིར་སྡུག་པ་འཐད་པ་མ་ཡིན་ནོ། །ཞེས་ག་ལས་འཇིགས་མེད་དོ། །གཞན་གསུམ་ལས་ནི། གང་ལ་བརྟེན་ནས་མི་སྡུག་པར་བཞག་པ་ཉིད་མི་སྡུག་པ་ལ་གདགས་པར་བྱ་བའི་ལྟོས་ས་སྡུག་པ་ནི་ཆོས་ཅན། སྡུག་པའི་རང་བཞིན་དུ་འཐད་པ་མ་ཡིན་པར་ཐལ། མི་སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པས་སོ། །དེའི་ཕྱིར་མི་སྡུག་པ་འཐད་པ་མ་ཡིན་ནོ། །ཞེས་འཆད་དེ། སྔ་མ་དང་དོན་གཅིག་པར་སྣང་ངོ་། །འདིར་པ་ཚབ་ཀྱི་འགྱུར་ལས། གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མ་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །ཞེས་པ་དང་། གང་ལ་རྟེན་ནས་མི་སྡུག་པ། །གདགས་པར་བྱ་བ་སྡུག་པ་ནི། །མི་སྡུག་མ་ལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །ཞེས་པའི་འགྱུར་ལེགས་སོ། །འབྲས་བུ་ཉོན་མོངས་པ་དགག་པ་ནི། སྡུག་པ་ལ་དམིགས་ནས་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། མི་འགྱུར་བར་ཐལ། དམིགས་ཡུལ་སྡུག་པ་ཡོད་པ་མ་ཡིན་པའི་ཕྱིར། མི་སྡུག་པ་ལ་དམིགས་ནས་ཞེ་སྡང་འབྱུང་བར་ག་ལ་འགྱུར་ཏེ། མི་འགྱུར་བར་ཐལ། དམིགས་ཡུལ་མི་སྡུག་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་གཏི་མུག་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། ཡུལ་ཕྱིན་ཅི་ལོག་དགག་པ། བཀག་པས་གྲུབ་པའི་འབྲས་བུའོ། །དང་པོ་ལ། ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་དགག འཛིན་པ་པོའི་གང་ཟག་དགག་པའོ། །དང་པོ་ལ། ཡུལ་མ་གྲུབ་པར་མཚུངས། ཡུལ་ཡོད་མེད་མཚུངས་པའི་ཚུལ། འཛིན་པ་ཙམ་ཡང་མ་གྲུབ་པའོ། །དང་པོ་ལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། སྡུག་པ་དང་མི་སྡུག་པར་འཛིན་པའི་ཕྱིན་ཅི་ལོག་ཡོད་པ་ཡིན་ཏེ། མདོ་ལས་རྟག་པ་ལ་སོགས་པ་ཕྱིན་ཅི་ལོག་བཞི་གསུངས་སོ། །མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཕྱིན་ཅི་ལོག་ཏུ་གྲུབ་པའི་དོན་གྱིས་མི་རྟག་པ་ལ་མི་རྟག་པར་འཛིན་པ་ཕྱིན་ཅི་མ་ལོག་པར་གྲུབ་བོ་ཞེ་ན་ཞེས་པ་དང་། ལེགས་ལྡན་བྱེད་ནི། ཕྱིན་ཅི་ལོག་ནི་ཡོད་པ་ཡིན་ཏེ། མདོ་ལས་གསུངས་པའི་ཕྱིར་རོ། །ཕུང་པོ་ལ་མི་རྟག་སོགས་སུ་འཛིན་པ་ནི། ཕྱིན་ཅི་མ་ལོག་པ་ཡིན་ལ། རྟག་སོགས་སུ་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་སོ། །གལ་ཏེ་མི་རྟག་པ་ལ་རྟག་པའོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ན་མི་རྟག་པར་འཛིན་པའང་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ་ཡིན་པར་ཐལ། སྟོང་པ་ཉིད་ལ་མི་རྟག་པའང་ཡོད་པ་མིན་པའི་ཕྱིར། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་སོགས་ཀྱང་སྦྱར་རོ། འགྲེལ་པ་གཞན་གསུམ་གྱི་བཤད་ཚུལ་ལྟར་ན། གལ་ཏེ་མི་རྟག་མི་རྟག་ཅེས། །དེ་ལྟར་འཛིན་པ་ལོག་མིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་པའི་གཞུང་འབྱུང་བ་ལྟར་ན། གལ་ཏེ་མི་རྟག་པ་ལ་མི་རྟག་ཅེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་མིན་པར་འདོད་ན། མི་རྟག་སོགས་སུ་འཛིན་པ་ཆོས་ཅན། ཅི་ལྟར་ལོག་པ་མ་ཡིན་ཏེ་ཡིན་པར་ཐལ། སྟོང་པ་ཉིད་ལ་མི་རྟག་པ་ཡོད་པ་མིན་པས་སོ། །ཞེས་གསུངས་སོ། །གཉིས་པ་ནི། སློབ་དཔོན་ཟླ་བ་ལྟར་ན། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པ་འོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་འབྱུང་བ་ལྟར་ན། ཕུང་པོ་སྟོང་པ་ལ་མི་རྟག་པའོ་ཞེས་འཛིན་པའང་ཆོས་ཅན། ཕུང་པོ་རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ལ་ལྟོས་ནས། ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ་ཡིན་པར་ཐལ། སྟོང་པ་ལ་མི་རྟག་པར་ཡོད་པ་མིན་པའི་ཕྱིར་ཞེས་གསུངས། ཡང་གཞན་གསུམ་གྱི་བཞེད་ཚུལ་ལེགས་པར་མངོན་ནོ། །གསུམ་པ་འཛིན་པ་ཙམ་ཡང་མ་གྲུབ་པ་ནི། རིགས་པས་བརྟགས་ན་འཛིན་པ་བདེན་པ་བ་ཡོད་པ་མ་ཡིན་པར་ཐལ། གང་གིས་འཛིན་པའི་བྱེད་པ་དང་། འཛིན་པའི་དངོས་པོ་གང་དང་འཛིན་པ་པོ་དང་གང་བཟུང་བའི་ལས་ཐམས་ཅད་ཉེ་བར་ཞི་བ་དེའི་ཕྱིར། ཞེས་སངས་རྒྱས་བསྐྱངས་སོ། །ག་ལས་འཇིགས་མེད་དང་། ལེགས་ལྡན་བྱེད་ལྟར་ན། འཛིན་པ་ནི་ཡོད་པ་མིན་ཏེ། འཛིན་པ་པོ་དང་བཟུང་བ་དག་ཡོད་པའི་ཕྱིར་ཞེ་ན། ལན་ལ། གང་གིས་འཛིན་དང་ཞེས་སོགས་སྔ་མ་བཞིན་དུ་འཆད་དོ། །ཟླ་བས་ནི། ཇི་སྐད་བཤད་པའི་ཚུལ་གྱིས། གང་གིས་འཛིན་དང་འཛིན་གང་དང་། །ཞེས་སོགས་ལས་མི་སྣང་ངོ་། །གཉིས་པ་འཛིན་པ་པོའི་གང་ཟག་དགག་པ་ལ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། ཕྱིན་ཅི་ལོག་རྣམས་ནི་ཡོད་པ་ཡིན་ཏེ། དེ་དང་ལྡན་པའི་གང་ཟག་ཡོད་པའི་ཕྱིར་ཞེ་ན། གང་ཟག་གང་ལ་ཕྱིན་ཅི་ལོག་ཡོད་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་ཡོད་དེ་མེད་པར་ཐལ། ལོག་པའམ་ཡང་དག་ཉིད་དུ་ཞུགས་པའི་འཛིན་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་བྱེ་བྲག་ཏུ་དགག་པ་ལ། གཞན་ཡང་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ལ། ཕྱིན་ཅི་ལོག་དག་མི་སྲིད་དེ། ཕྱིན་ཅི་ལོག་གི་བྱ་བ་འགགས་ཟིན་པའི་ཕྱིར། ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལའང་། ཕྱིན་ཅི་ལོག་དག་མི་སྲིད་དེ། འགལ་བའི་ཕྱིར། ཕྱིན་ཅི་ལོག་ཏུ་འགྱུར་བ་བཞིན་པ་ལའང་ཕྱིན་ཅི་ལོག་དག་མི་སྲིད་དེ། སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པའི་རིགས་པའི་ཚུལ་གྱིས་ཁེགས་པའི་ཕྱིར་རོ། །དེས་ན། གང་ལ་ཕྱིན་ཅི་ལོག་སྲིད་པ། བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད་ཅིག་ཅེས་གསུངས་སོ། །ལེགས་ལྡན་བྱེད་ནི། ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །ཕྱིན་ཅི་ལོག་ཏུ་འཇོག་པའི་བྱ་བ་དོན་མེད་པའི་ཕྱིར། ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལའང་ཕྱིན་ཅི་ལོག་དག་མི་སྲིད་དེ། ཕྱིན་ཅི་ལོག་དང་བྲལ་ཟིན་པའི་ཕྱིར། འཕགས་པ་བཞིན་ནོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་ལ། །ཕྱིན་ཅི་ལོག་དག་མི་སྲིད་དེ། །ཕྱིན་ཅི་ལོག་མ་ལོག་གཉིས་ལས་ཐ་དད་པ་མེད་ཅིང་། ཕྱེད་ཕྱིན་ཅི་ལོག་པ་དང་། ཕྱེད་ཕྱིན་ཅི་མ་ལོག་པ་ལ་འདོད་ན་སྐྱོན་གཉིས་ཀར་འགྱུར་བའི་ཕྱིར་རོ། །ཚུལ་གསུམ་པོ་ལས་མ་གཏོགས་པའི་ཕྱིན་ཅི་ལོག་མི་འཐད་པས་ན་ཕྱོགས་ལྷུང་མེད་པའི་བློས་གང་ལ་ཕྱིན་ཅི་ལོག་སྲིད་པ་བདག་ཉིད་ཀྱིས་རྣམ་པར་དཔྱོད་ཅིག ཟླ་བ་ཡང་དེ་དང་མཐུན་ནོ། །མཐའ་གསུམ་ལས་མི་སྲིད་པས་སྐྱེ་བ་མེད་པར་བསྟན་པ་ནི། འགྲེལ་པ་གཞན་གསུམ་ལྟར་ན། ཕྱིན་ཅི་ལོག་རྣམས་ཆོས་ཅན། ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཅེས་སྦྱར་རོ། ཟླ་བས་ནི། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཅེས་ཀྱང་འཆད་དོ། །ཚིགས་བཅད་གཅིག་པོ་འདི་འགྲེལ་པ་གཞན་གསུམ་ལ་མི་སྣང་ངོ་། །རིགས་པ་གཞན་ཡང་གལ་ཏེ་ཡུལ་ཕུང་པོ་ལ་བདག་དང་སྡུག་པ་དང་རྟག་པ་དང་བདེ་བ་ཡོད་ན་ནི། བདག་གི་ཡུལ་ཅན་ཤེས་པ་དང་། སྡུག་པ་ཤེས་པ་དང་། རྟག་པ་ཤེས་པ་དང་། བདེ་བ་ཤེས་པ་འདི་ཕྱིན་ཅི་ལོག་མ་ཡིན་པར་ཐལ། ཡུལ་དོན་ལ་ཡོད་པར་འཛིན་པའི་ཕྱིར། གལ་ཏེ་ཕུང་པོ་ལ་བདག་དང་སྡུག་པ་དང་། རྟག་པ་དང་བདེ་བ་མེད་ན་ནི། བདག་མེད་མི་སྡུག་མི་རྟག་དང་། སྡུག་བསྔལ་ཡང་ཡོད་པ་མ་ཡིན་པར་ཐལ། ལྟོས་པས་ཡོད་པ་མ་ཡིན་པའི་ཕྱིར། ཞེས་ལེགས་ལྡན་བྱེད་འཆད་དོ། །ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལྟར་ན། གཞན་ཡང་། གལ་ཏེ་བདག་དང་སྡུག་པ་དང་། །ཞེས་སོགས་སྔ་མ་བཞིན་དུ་བཤད་ནས། གལ་ཏེ་འདི་སྙམ་དུ་ཕུང་པོ་ལ་བདག་དང་རྟག་པ་སོགས་བཞི་མེད་པ་ཡིན་ལ། བདག་མེད་སོགས་བཞི་ནི་ཡོད་པས་རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཏུ་ཞུགས་པ་ན། ཕྱིན་ཅི་ལོག་ཡོད་དོ་ཞེ་ན། ལན་ལ། གལ་ཏེ་བདག་དང་ཞེས་སོགས་སྔ་མ་བཞིན་དུ་བཤད་དོ། །ཟླ་བས་ནི། ཡུལ་རྟག་སོགས་ཡོད་ན་ཡུལ་ཅན་ཕྱིན་ཅི་ལོག་ཏུ་བཞག་མི་ནུས་ཏེ། འདི་ལྟར། གལ་ཏེ་བདག་དང་གཙང་བ་དང་། །ཞེས་སོགས་སྔ་མ་ལྟར་འཆད་དོ། །གལ་ཏེ་ཡུལ་རྟག་སོགས་མེད་ན། ཡུལ་ཅན་ཕྱིན་ཅི་ལོག་ཀྱང་ཡོད་པ་མིན་ལ། དེ་མེད་པས་ན་འགལ་ཟླ་མེད་པའི་ཕྱིར། བདག་མེད་སོགས་ཕྱིན་ཅི་མ་ལོག་པར་འདོད་པ་ཡང་ཡོད་པ་མིན་ནོ། །གལ་ཏེ་བདག་དང་གཙང་བ་དང་། །རྟག་དང་བདེ་བ་མེད་ན་ནི། །ཞེས་སོགས་སྔ་མ་བཞིན་དུ་འཆད་དོ། །བདག་ཤེས་སྡུག་ཤེས་རྟག་ཤེས་དང་། །བདེ་ཤེས་ཕྱིན་ཅི་ལོག་མ་ཡིན། །ཞེས་ཤླཽ་ཀ་སྔ་མར་སྦྱར་བ་ནི་ཚིག་གསལ་ལ་མི་སྣང་ངོ་། །གཉིས་པ་བཀག་པས་གྲུབ་པའི་འབྲས་བུ་ནི། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ལྟར་ན། དེ་ལྟར་རྒྱུའི་ཁྱད་པར་འདིས་ཀྱང་ཕྱིན་ཅི་ལོག་རྣམས་ཡོད་པ་མ་ཡིན་པ། དེ་ལྟར་ཕྱིན་ཅི་ལོག་འགགས་པས་མ་རིག་པ་ནི་འགག་པར་འགྱུར་རོ། །མ་རིག་པ་འགག་པར་གྱུར་ན་ནི་འདུ་བྱེད་ལ་སོགས་པའི་དོན་འགག་པར་འགྱུར། ཞེས་གསུངས་སོ། །ལེགས་ལྡན་བྱེད་ཀྱིས་ནི། རྣལ་འབྱོར་པ་ལ་རྟག་མི་རྟག་སོགས་ཀྱི་སྤྲོས་པ་ལོག་པར་གྱུར་པ་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ཇི་སྐད་བཤད་པའི་འབྲས་བུ་བཤད་པ་དེ་ལྟར་ཕྱིན་ཅི་ལོག་འགགས་པས་ཞེས་སོགས་སྔ་མ་ལྟར་རོ། །ཟླ་བ་ཡང་དེ་ཉིད་དོ། །གཉིས་པ་ཡོད་པའི་སྒྲུབ་བྱེད་དགག་པ་ལ། སློབ་དཔོན་ལེགས་ལྡན་བྱེད་ནི། ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་འདི་ལ་གཉེན་པོས་ཉོན་མོངས་པ་སྤོང་བར་འདོད་ན། ངོ་བོ་ཉིད་ཡོད་པའམ་མེད་པ་ཞིག་སྤོང་གྲང་། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་གཉེན་པོས་སྤོང་བར་འགྱུར་ཏེ། འདི་ཇི་ལྟར་ཤེས་ཤེ་ན། ཡོད་པ་སུ་ཞིག་སྤོང་བར་བྱེད་དེ། རང་བཞིན་གྱིས་ཡོད་པ་ནི་འགྱུར་བ་མེད་པའི་ཕྱིར། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་ན། །ཁྱོད་ཀྱི་ཕྱོགས་ལ་རང་བཞིན་མེད་ན། མེད་པས་ཇི་ལྟ་བུར་ན་སྤོང་བར་འགྱུར། འདི་ཇི་ལྟར་ཤེས་ཤེ་ན། མེད་པ་སུ་ཞིག་སྤོང་བར་བྱེད་དེ། མེད་པ་ནི་སྤང་དུ་མེད་པའི་ཕྱིར། སྤོང་བའི་ཐ་སྙད་བྱེད་པ་ནི། ཀུན་རྫོབ་པའི་དབང་དུ་བྱས་ལ། དོན་དམ་པར་ནི་སྤང་བྱ་མེད་པས་ན་ཇི་ལྟར་སྤོང་སྙམ་དུ་དགོངས་པ་ཡིན་ནོ། །གསུམ་པ་ནི། དབུ་མ་རྩ་བ་ལས། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།།    །།བདེན་བཞི་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། འཇམ་དཔལ། གང་གིས་འདུ་བྱེད་མ་སྐྱེས་པར་ཡོངས་སུ་མཐོང་བ་དེས་ནི། སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ནི། ཀུན་འབྱུང་སྤངས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་གཏན་མྱ་ངན་ལས་འདའ་བར་མཐོང་བ་དེས་ནི། འགོག་པ་མངོན་དུ་བྱས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པར་མཐོང་བ་དེས་ནི། ལམ་བསྒོམ་པར་བྱས་པ་ཡིན་ནོ། །ཞེས་སོགས་སོ། །རབ་ཏུ་བྱེད་པའི་འབྲེལ་ནི། གོང་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ལ་མ་བཟོད་ནས། གཞན་གྱིས་ཧ་ཅང་ཐལ་བའི་ཉེས་པ་བཀོད་པ་སྤང་བའི་དོན་དུ་ལན་བསྟན་པ་ནི་ཞེས་བྱའོ། །གཉིས་པ་གཞུང་གི་ཚིག་དོན་ལ། གཞན་གྱི་རྩོད་པ་བཀོད་པ། རྩོད་པའི་ལན་བཤད་པའོ། །དང་པོ་ལ། ཤེས་བྱ་བདེན་བཞི་མེད་པར་ཐལ་བ། དཀོན་མཆོག་གསུམ་མེད་པར་ཐལ་བ། ལས་འབྲས་མེད་པར་ཐལ་བ། འཇིག་རྟེན་གྱི་ཐ་སྙད་མེད་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་བདེན་པས་སྟོང་ན། འབྱུང་བ་མེད་ཅིང་འཇིག་པའང་མེད་པར་ཐལ་ལོ། །འདོད་ན། འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་འཕགས་པའི་བདེན་པ་བཞི་མེད་པས། ཡོངས་སུ་ཤེས་དང་སྤང་བ་དང་། །སྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །ཞེས་བྱའོ། །གཉིས་པ་ལ་གསུམ་ལས། དགེ་འདུན་མེད་པར་ཐལ་བ་ནི། ཁྱོད་ལ་དེ་དག་ཡོད་པ་མ་ཡིན་པས། འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །ཅེས་བྱའོ། །ཆོས་མེད་པར་ཐལ་བ་ནི། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཞེས་བྱའོ། །སངས་རྒྱས་མེད་པར་ཐལ་བ་ནི། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་སོ། །སངས་རྒྱས་སོགས་དེ་སྐད་སྟོང་པ་ཉིད་དུ་སྨྲ་ན། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། གཞན་ཡང་སྟོང་པ་ཉིད་དུ་བཟུང་ནས། དགེ་སྡིག་གི་འབྲས་བུ་ཡོད་པ་དང་། རྒྱུ་ཆོས་མ་ཡིན་མི་དགེ་བ་དང་། ཆོས་དགེ་བ་ཉིད་ཡོད་པ་ལ་གནོད་པ་བྱེད་པར་འགྱུར་རོ། །བཞི་པ་ནི། འཇིག་རྟེན་པའི་ཐ་སྙད་བུམ་པ་གྱིས་ཤིག འབྲས་ཆེན་ཚོས་ཤིག ཅེས་སོགས་ནི། ཀུན་ལ་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་རྩོད་པའི་ལན་བཤད་པ་ལ། རྩོད་པ་འཇུག་པའི་རྒྱུ་བརྗོད། སྐྱོན་མི་འཇུག་པའི་འཐད་པ། དབུ་མ་རྟོགས་པའི་ཆེ་བ་བརྗོད་པའོ། །དང་པོ་ནི་ལེགས་ལྡན་བྱེད་ལྟར་ན། རྩོད་པ་དེ་ལ་ལན་བཤད་པ། ཁྱོད་ཀྱིས་ནི་སྟོང་ཉིད་གསུངས་པའི་དགོས་པ་དང་། སྟོང་པ་ཉིད་ཀྱིས་ཡུལ་ཅན་དང་། སྟོང་པ་ཉིད་ཀྱི་དོན་ནི་མ་རྟོགས་པས་ན་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་པའི་ཚུལ་གྱིས་ད་ལྟར་གནོད་པ་བྱེད་པ་ཡིན་ནོ། །དེ་ལ་དགོས་པ་ནི། སྤྲོས་པ་ཉེ་བར་ཞི་བའོ། །ཡུལ་ཅན་ནི་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །སྟོང་པ་ཉིད་ཀྱི་དོན་ནི། དེ་བཞིན་ཉིད་ཀྱི་མཚན་ཉིད་དོ། །ཞེས་འཆད་དོ། །སངས་རྒྱས་བསྐྱངས་དང་། ག་ལས་འཇིགས་མེད་ལས་ནི། ཁྱོད་ཀྱིས་སྟོང་པ་ཉིད་བསྟན་པའི་དགོས་པ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། སྟོང་པ་ཉིད་ཀྱི་སྒྲ་འཇུག་པ་དོན་ཇི་ལྟ་བ་བཞིན་མ་རྟོགས་པས་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་སོགས་ཀྱི་གནོད་པ་བརྗོད་པར་བྱེད་དོ། །ཞེས་སོ། ཟླ་བས་ནི། སྟོང་ཉིད་གསུངས་པའི་དགོས་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་པས་བསྟན་ལ། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་ཡིན་ལ། སྟོང་པ་ཉིད་ཀྱི་སྒྲ་འཇུག་པའི་དོན་ནམ་ཡུལ་ནི། རྟེན་ཅིང་འབྲེལ་པར་འབྱུང་པ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སོགས་ཡིན་ལ། དོན་འདི་དག་མ་རྟོགས་པས་དེའི་ཕྱིར། དེ་ལྟར་གནོད་པ་ཡིན་ཞེས་བྱའོ། །ཐ་སྙད་དུ་ཡོད་ཅིང་། དོན་དམ་པར་མེད་པའི་བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་པའི་ཕྱིར། རྩོད་པ་སྨྲ་བ་ཡིན་པས་ལོག་རྟོག་བཟློག་པའི་དོན་དུ་བདེན་གཉིས་ཀྱི་རྣམ་དབྱེ་བཤད་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དབྱེ་གཞི་དང་། དབྱེ་བ་དང་། གྲངས་ངེས་དང་། དབྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཆོས་ཙམ་ཏེ། ཆོས་ལ་དམིགས་ཚུལ་གྱི་བྱེ་བྲག་ལས། བདེན་པ་གཉིས་སུ་ཕྱེ་བའི་ཕྱིར། གཉིས་པ་ནི། ཀུན་རྫོབ་དང་། དོན་དམ་པའི་བདེན་པ་སྟེ། ཀུན་རྫོབ་ནི་ཆོས་ཅན་སྣང་ཚུལ་ལས་རྣམ་པར་འཇོག་ལ། དོན་དམ་ནི། དེའི་གནས་ཚུལ་སྟོང་པ་ཉིད་དོ། །གསུམ་པ་ནི། ཡུལ་ཅན་མཐོང་བ་བརྫུན་པ་དང་། མཐོང་བ་ཡང་དག་པ་གཉིས་སུ་ངེས་པས། གཉིས་སུ་གྲངས་ངེས་པར་བཞག་སྟེ། མཐོང་བ་བརྫུན་པའི་ཡུལ་ལ་ཀུན་རྫོབ་བདེན་པ་དང་། མཐོང་བ་ཡང་དག་པའི་ཡུལ་ལ་དོན་དམ་བདེན་པར་འཇོག་པའི་ཕྱིར། དབྱེ་བ་སོ་སོའི་དོན་ལ་གཉིས་ལས། དང་པོ་དོན་དམ་པའི་བདེན་པ་ལ་མཚན་ཉིད་དང་། མཚོན་བྱའི་སྒྲ་དོན་དང་། དབྱེ་བའོ། །དང་པོ་ནི། མཐོང་བ་ཡང་དག་པའམ། གནས་ཚུལ་ལ་ཞུགས་པའི་བློས་རྙེད་དོན་ནོ། །གཉིས་པ་ལ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས། དོན་ཡང་ཡིན། དམ་པ་ཡང་ཡིན་པས་དོན་དམ་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པ་སྟེ། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་ཀྱི་སྐབས་སུ་བསྟན་པ་དག་གོ །དོན་དམ་པ་ཉིད་བདེན་པ་ཡིན་པས། དོན་དམ་པའི་བདེན་པ་སྟེ། རྣམ་པ་ཐམས་ཅད་དེ་བཞིན་དུ་གནས་པའི་ཕྱིར། ཡུལ་ཅན་ཡེ་ཤེས་ཀྱང་དོན་དམ་པ་སྟེ། དོན་དམ་པ་ཡུལ་དུ་ཡོད་པའི་ཕྱིར། ཡུལ་སྐྱེ་བ་མེད་པར་བསྟན་པ་ལ་སོགས་པ་དང་། ཡུལ་ཅན་སྟོང་པ་ཉིད་ཀྱི་དོན་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་དག་ཀྱང་དོན་དམ་པ་ཞེས་བྱ་སྟེ། དོན་དམ་རྟོགས་པའི་ཐབས་ཡིན་པའི་ཕྱིར་དང་། ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། འདི་ནི་རྗེས་སུ་མཐུན་པར་བསྟན་ནོ། །དབྱེ་བ་ནི། རྗེས་སུ་མཐུན་པ་མ་ཡིན་པ་དང་། རྗེས་སུ་མཐུན་པ་གཉིས་སུ་གསུངས་ཏེ། དང་པོ་ནི། ཡུལ་ནི། གཞན་པ་ཤེས་མིན་ཞི་བ་དང་། །ཞེས་པས་བསྟན་པ་དག་གོ །ཡུལ་ཅན་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །གཉིས་པ་རྗེས་སུ་མཐུན་པ་ལ་ཡུལ་ནི། གཟུགས་སོགས་སྐྱེ་བ་མེད་པ་ལ་སོགས་པ་ཡིན་ལ། ཡུལ་ཅན་ནི་སྟོང་ཉིད་ཐོས་པ་དང་། བསམ་པ་དང་། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་བོ། །གཉིས་པ་ཀུན་རྫོབ་ཀྱི་སྒྲ་དོན་ནི། བདེན་གཉིས་ལས། གང་ཞིག་གིས་ནི་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་གསུངས་པ་ལྟར་རོ། །བདེན་པ་ནི་འཇིག་རྟེན་གྱི་ངོར་བདེན་པ་སྟེ། བག་ཆགས་སད་པ་དང་མཐུན་པར་སྣང་བའི་ཕྱིར་རོ། །མཚན་གཞི་ནི་གཟུགས་ལ་སོགས་པ་རྣམས་སོ། །མཚན་ཉིད་ནི་མཐོང་བ་བརྫུན་པའམ། གནས་ཚུལ་ལ་མ་ཞུགས་པའི་བློའི་རྙེད་དོན་ནོ། །ག་ལས་འཇིགས་མེད་དང་། བུད་དྷ་པ་ལི་ཏ་ལས། དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ངོ་བོ་ནི་འཕགས་པ་རྣམས་ཀྱིས་ངོ་བོ་ཉིད་མེད་པར་གཟིགས་པ་གང་ཡིན་པའོ། །གཉིས་པ་ཀུན་རྫོབ་ལ་ཀུན་རྫོབ་ཀྱི་བདེན་པ་ཉིད་ཡིན་པས་ཀུན་རྫོབ་ཀྱི་བདེན་པའོ། །ངོ་བོ་ནི་འཇིག་རྟེན་པས་སྐྱེ་བ་སོགས་སུ་མཐོང་བ་གང་ཡིན་པའོ། །ཞེས་གསུངས་སོ། །མཚན་ཉིད་བསྟན་ཟིན་ནོ། །ཟླ་བས། འཇིག་རྟེན་པའི་ཀུན་རྫོབ་དང་ཀུན་རྫོབ་ལ་ཁྱད་པར་རྣམ་པར་ཕྱེ་སྟེ། མིག་སེར་དང་། རབ་རིབ་ལ་སོགས་པས་དཀྲུགས་པ་ནི་ཀུན་རྫོབ་ཡིན་ལ། འཇིག་རྟེན་གྱི་ཀུན་རྫོབ་མ་ཡིན་པར་བཤད་པའི་ཕྱིར་རོ། །ཤིན་ཏུ་རྒྱས་པར་ནི་སྤྱིའི་དོན་དུ་བརྗོད་ཟིན་ནོ། །གཉིས་པ་ཚིག་དོན་ལ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་དོན་དམ་པའི་བདེན་པ་སྟོན་པར་མཛད་པའི་ཕྱིར། བདེན་པ་གཉིས་ནི། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པ་འོ། །བདེན་གཉིས་མ་རྟོགས་པའི་ཉེས་དམིགས་ནི། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་སོ། །ཤེས་པའི་ཕན་ཡོན་ནི་ཟློག་པས་བསྟན་ཏེ། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་ཤེས་པ་དག །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་པར་ཤེས། །ཞེས་བྱའོ། །གལ་ཏེ་དོན་དམ་པའི་བདེན་པ་བསྟན་པ་དེ་ཉིད་ཀྱིས་ཐར་པ་འགྲུབ་པའི་ཕྱིར། བདེན་པ་གཉིས་བསྟན་པས་ཅི་ཞིག་བྱ་ཞེ་ན། ཐ་སྙད་ཀྱི་བདེན་པ་ཡང་བསྟན་དགོས་ཏེ། ཐ་སྙད་ཀྱི་བདེན་པ་ལ་མ་བརྟེན་པར་དམ་པའི་དོན་ནི་རྟོགས་པར་མི་ནུས་པའི་ཕྱིར་དང་། དམ་པའི་དོན་ནི་མ་རྟོགས་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བའི་ཕྱིར། མཁས་པར་རློམ་པ་གང་དག་ཚུལ་བཞིན་མ་ཡིན་པར་ལྟ་བ་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་ལ་བལྟ་བ་ཉེས་པ་སྟེ། ལོག་པར་བཟུང་ན་ཤེས་རབ་ཆུང་ངུ་དང་ལྡན་པ་རྣམས་ཕུང་བར་འགྱུར་རོ། །དཔེ་ཇི་ལྟར་ན་སྤྲུལ་ལ་བཟུང་ཉེས་པ་དང་། རིགས་སྔགས་ཀྱི་ཆོ་ག་ཉམས་པས་སྒྲུབ་པ་ཉེས་པར་གྱུར་ན། ཉེས་པ་ཆེན་པོ་བསྐྱེད་པ་བཞིན་ནོ། །ལེགས་ལྡན་བྱེད་ཀྱིས་ནི། རིགས་སྔགས་ཉེས་པར་བསྒྲུབས་པའི་དཔེ། ནམ་མཁའ་ཨན་དྷ་རྙིལ་ལྟར་སྔོ་བ་ལ་འཕགས་ཏེ། རང་གི་རྒྱན་གྱི་ནོར་བུའི་འོད་ཟེར་དག་གི་བར་སྣང་བརྒྱན་པར་བྱའོ་སྙམ་དུ་ཡིད་ལ་བསམ་པ་བྱས་ལ། རིགས་སྔགས་ཉེས་པར་བསྒྲུབས་ན། སྒྲུབ་པ་པོ་དེ་ཉིད་ཆོ་ག་ཉམས་པས་ཕུང་བར་བྱེད་པ་བཞིན་ནོ་ཞེས་གསུངས་སོ། །དེ་ལྟར་སྟོང་པ་ཉིད་རྟོགས་པར་དཀའ་ཞིང་མ་རྟོགས་ན་གནོད་པར་འགྱུར་བ་དེའི་ཕྱིར། བློ་གྲོས་ཞན་པས་ཆོས་འདི་ཡི་གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པའི་ཐུགས་ནི་ཆོས་བསྟན་པ་ལས་རབ་ཏུ་ལོག་པར་གྱུར་པ་ཡིན་ནོ། །གཉིས་པ་སྐྱོན་མི་འཇུག་པའི་འཐད་པ་བསྟན་པ་ལ་བཞི་སྟེ། སྐྱོན་གྱི་གཞི་མི་འདོད་པ། སྐྱོན་ཡོན་གྱི་གནས་བསྟན་པ། ཉེས་པ་བཟློག་སྟེ་བསྟན་པ། ཉེས་པ་གཞན་ཡང་འཇུག་པའི་ཚུལ་ལོ། །དང་པོ་ནི། ཁྱོད་ང་ལ་སྟོང་པ་ཉིད་ཡིན་ན། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཞེས་སོགས་སྐྱོན་དུ་ཐལ་བར་འགྱུར་བའི་གནོད་པར་བྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྨྲ་བ་ལ་སྐྱོན་དུ་མི་འཐད་དེ། དོན་དམ་པར་ན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་སྟོང་པས་དངོས་པོ་མེད་པ་ཡང་སྟོང་པར་མི་བྱེད་པའི་ཕྱིར། གཞན་གྱིས་བརྟགས་པའི་མི་སྟོང་པ་ཉིད་དགག་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་ཅེས་སྨྲ་སྟེ། དངོས་པོ་ཡོད་པ་ལ་སོགས་པའི་ངོ་བོ་ཉིད་སྟོང་པའི་ཕྱིར། སྟོང་པ་ཉིད་དུ་གནས་པར་གྲུབ་པ་ཡང་མ་ཡིན་ཏེ། སྟོང་པ་ཉིད་དུ་རྣམ་པར་རྟོག་པ་ཡང་སྤོང་བར་འགྱུར་བའི་ཕྱིར། མདོ་སྡེ་ལས། འོད་སྲུངས་བདག་ཏུ་འཛིན་པ་རི་རབ་ཙམ་ནི་སླའི། མངོན་པའི་ང་རྒྱལ་ཅན་གྱི་སྟོང་པ་ཉིད་དུ་ལྟ་བ་ནི་མི་རུང་ངོ་ཞེས་པ་དང་། གཟུགས་སྟོང་ཞེས་བྱ་བར་མི་མཐོང་ངོ་། །མི་སྟོང་ངོ་ཞེས་བྱ་བར་ཡང་མི་མཐོང་ངོ་། །ཞེས་གསུངས་པ་ལྟ་བུའོ། །ཞེས་བཤད་དོ། །ལེགས་ལྡན་བྱེད་ཀྱི་འགྲེལ་པ་ཇི་ལྟ་བའོ། །དངོས་དོན་ནི་གསུམ་ག་མཐུན་ནོ། །གཉིས་པ་སྐྱོན་ཡོན་གྱི་གནས་བསྟན་པ་ནི། གང་ལ་སྟོང་པ་ཉིད་རུང་བ་དེ་ལ་སྐྱེ་འཇིག་དང་བདེན་བཞི་སོགས་ཇི་སྐད་བཤད་པ་ཐམས་ཅད་རུང་བར་འགྱུར་རོ་ཞེས་ལེགས་ལྡན་བྱེད་དང་ཟླ་བའོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རུང་བར་འགྱུར་ཞེས་པ་ལ་སྦྱར་རོ། །གང་ལ་སྟོང་པ་ཉིད་མི་རུང་བ་དེ་ལ་ཇི་སྐད་བཤད་པ་ཐམས་ཅད་མི་རུང་བར་འགྱུར་ཏེ། ངོ་བོ་ཉིད་ལ་འགྱུར་བ་མེད་པའི་ཕྱིར་རོ། །གཞན་གཉིས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་སྦྱོར་ཚུལ་སྔ་མ་བཞིན་ནོ། །གསུམ་པ་ཉེས་པ་བཟློག་སྟེ་བསྟན་པ་ལ། ཉེས་པ་གཞན་ལ་གནས་པའི་ཚུལ་དང་། རང་ལ་ཉེས་པ་མེད་པའི་ཚུལ། གཞན་ལ་ཉེས་པ་རྒྱས་པར་བརྗོད་པའི་ཚུལ་ལོ། །དང་པོ་ནི། ཁྱོད་ཉིད་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་བསྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཞེས་བཤད་དོ། །གཉིས་པ་ལ། དང་པོ་རྒྱུ་འབྲས་མེད་པར་ཐལ་བ་ནི། གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་རྗེས་སུ་བལྟ་བར་བྱེད་ན། དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་བལྟ་སྟེ། །ངོ་བོ་ཉིད་ཀྱི་གྲུབ་པ་ནི་རྒྱུ་རྐྱེན་ལ་མི་ལྟོས་པའི་ཕྱིར། འདོད་ན། འབྲས་བུ་དང་རྒྱུ་ཉིད་དང་། བྱེད་པ་པོ་དང་། བྱེད་པ་དང་། བྱ་བ་དང་། སྐྱེ་བ་དང་། འགག་པ་དང་། འབྲས་བུ་ཡོད་པར་འདོད་པ་ལ་ཡང་གནོད་པ་སྟེ་དགག་པ་བྱེད་པར་འགྱུར་ཏེ། དངོས་པོ་རྣམས་རྒྱུ་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །གཉིས་པ་རང་ལ་ཉེས་པ་མེད་པའི་ཚུལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་བཤད་དེ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །སྐྱེས་ལ་རག་ལས་གང་དེ་སྟོང་པར་གསུངས། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །བློ་གྲོས་ཆེན་པོ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ལ་དགོངས་ནས་ཆོས་ཐམས་ཅད་སྟོང་པར་བཤད་དོ། །ཞེས་པ་ནི་ལེགས་ལྡན་བྱེད་ཀྱི་འགྲེལ་པའི་སྒྲ་ཇི་ལྟ་བ་བཞིན་བཤད་དེ། གཞན་རྣམས་ཀྱང་དོན་གཅིག་པར་སྣང་ངོ་། །འདིས་ནི་སྟོང་པ་ཉིད་ཀྱི་སྒྲ་འཇུག་པའི་ཡུལ་བཤད་དེ། སྟོང་པ་ཉིད་ཅེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་ལ་སྟོང་པ་ཉིད་དུ་བཤད་པ་ཡིན་གྱི། རྟེན་ཆོས་ཅན་ཙམ་ཡང་མེད་པའི་རི་བོང་གི་རྭ་ལྟ་བུ་ལ་སྟོང་པ་ཉིད་དུ་མི་བརྗོད་ཅེས་པའི་དོན་ཏེ། ཆོས་ཅན་དང་མ་འབྲེལ་པའི་ཆོས་ཉིད་མེད་པར་བསྟན་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྟོང་པ་ཉིད་དུ་བརྗོད་པ་དེ་ནི་བརྟེན་ནས་གདགས་པ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་འདོགས་པའི་ཡུལ་ཡིན་ནོ། །དེ་ཉིད་དབུ་མའི་ལམ་ཡང་ཡིན་ཏེ། རྟག་ཆད་ཀྱི་ལྟ་བ་སེལ་བར་བྱེད་པས་དབུ་མའི་རྟོགས་པ་འདྲེན་པར་བྱེད་པའི་ཕྱིར། རིགས་པ་དྲུག་བཅུ་པ་ལས། གང་གིས་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་སྤངས་གྱུར་པ། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །འདིར་ལེགས་ལྡན་བྱེད་ཀྱི་འགྲེལ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཇི་སྐད་དུ་དབུ་མའི་ལམ་སྒོམ་པ་ནི་མིག་དངོས་པོ་ཡོད་ཅེས་བྱ་བར་མི་རྟོག མེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དཀོན་བརྩེགས་ལས། འོད་སྲུངས། ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་གཉིས་ཀྱི་བར་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ་ཞེས་སོགས་ཞེས་གསུངས་སོ། །དབུ་མའི་ལམ་ཞེས་པ་ནི། ལམ་ཐོབ་པའི་ཐབས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབྱུང་ངོ་། །ཟླ་བས་ནི། དབུ་མའི་ལམ་ནི་དབུ་མའི་ཤུལ་ཞེས་བྱའོ། །ཞེས་གསུངས་ལ། གཞན་གཉིས་ལ་ནི་འདིའི་དོན་མི་སྣང་ངོ་། །གང་གི་ཕྱིར་ཞེས་སོགས་ཀྱི་དོན་ལ། ལེགས་ལྡན་བྱེད་ཀྱིས། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་ན། གང་གིས་ཕྱིར་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ལ། དེའི་ཕྱིར་ན་སྟོང་པ་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ནི། གལ་ཏེ་ཆོས་འགའ་ཞིག་ཡོད་ན། བརྟེན་ནས་འབྱུང་བ་དང་། བརྟེན་ནས་གདགས་པ་གཉིས་སུ་ངེས་པས་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །འདིས་ནི་བརྟེན་ནས་འབྱུང་བའི་རྟེན་འབྲེལ་དང་། བརྟེན་ནས་གདགས་པའི་རྟེན་འབྲེལ་གཉིས་བཤད་དོ། །ཟླ་བས་ནི། རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཞེས་སོགས་སྔ་མ་བཞིན་དུ་འཆད་དོ། །གསུམ་པ་གཞན་ལ་ཉེས་པ་རྒྱས་པར་བརྗོད་པའི་ཚུལ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ། འཕགས་པའི་བདེན་པ་མེད་པར་ཐལ་བ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོ། །གཉིས་པ་ནི། ངོ་བོ་ཉིད་ཀྱིས་ཡོད་ན་རྟེན་འབྲེལ་མིན་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ན་སྡུག་བསྔལ་ཡོད་པར་ག་ལ་འགྱུར་ཏེ། མི་རྟག་སྡུག་བསྔལ་གྱི་མཚན་ཉིད་ཅན་དུ་གསུངས་པ་དེ་རང་བཞིན་གྱིས་གྲུབ་པ་ཉིད་ལ་ཡོད་པ་མ་ཡིན་པའི་ཕྱིར། གཞན་ཡང་། སྡུག་བསྔལ་རང་བཞིན་གྱིས་ཡོད་པ་ཡིན་ན། རྒྱུ་ལས་ཉོན་ལས་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ། སྡུག་བསྔལ་ངོ་བོ་ཉིད་ཀྱི་ཡོད་པའི་ཕྱིར། དེའི་ཕྱིར་སྟོང་པ་ཉིད་མི་འཐད་ཅེས་གནོད་པ་བྱེད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །གཞན་ཡང་། སྡུག་བསྔལ་རང་བཞིན་གྱིས་ཡོད་པར་འདོད་པ་ལ་སྡུག་བསྔལ་འགགས་པའི་འགོག་པ་ཡོད་པ་མ་ཡིན་པར་ཐལ། རང་བཞིན་གྱིས་གྲུབ་པ་ནི་མི་འཇིག་པར་ཡོངས་སུ་གནས་པའི་ཕྱིར། ཡང་ན། སྡུག་བསྔལ་འགག་པའི་འགོག་པ་ཡོད་པ་མ་ཡིན་པར་ཐལ། སྡུག་བསྔལ་མི་འཇིག་པའི་ཕྱིར། དེས་ན་སྡུག་བསྔལ་ངོ་བོ་ཉིད་ཀྱིས་གྲུབ་པ་ཉིད་ཡིན་ཏེ། མི་འཇིག་པར་གནས་པའི་ཕྱིར། སྡུག་བསྔལ་འགག་པའི་འགོག་པ་ལ་གནོད་པ་བྱེད་པ་ཡིན་ནོ། །ལམ་ལ་རང་བཞིན་གྱིས་གྲུབ་པ་ཡོད་པ་ཡིན་ན་ནི། ལམ་བསྒོམ་པ་འཐད་པར་མི་འགྱུར་ཏེ། དོན་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་རྟག་པ་གང་ཡིན་པ་དེ་ལ་སྒོམ་ཞིང་སྒྲུབ་པའི་ཐབས་མེད་པས་དེའི་ཕྱིར་ལམ་བསྒོམ་པ་མི་འཐད་པར་འགྱུར་རོ། །ཅི་སྟེ་ལམ་དེ་དག་བསྒོམ་པར་བྱ་བ་ཡིན་ན་ནི། ཁྱོད་ཀྱི་འདོད་ཚུལ་ལྟར་རང་བཞིན་གྱིས་གྲུབ་པ་ཡོད་པར་འདོད་པ་འཐད་པ་མ་ཡིན་ནོ། །ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་སོ། །ལེགས་ལྡན་བྱེད་ལྟར་ན། ལམ་ནི་ངོ་བོ་ཉིད་ཀྱིས་ཡོད་ན། སྒོམ་པ་འཐད་པར་མི་འགྱུར་རོ། །སྒོམ་པ་ནི། ཡང་དག་པའི་ལྟ་བ་ལ་སོགས་པས་ཡང་དང་ཡང་དུ་བསྐྱེད་པར་བྱ་བ་ཡིན་ལ། ངོ་བོ་ཉིད་ཀྱིས་གྲུབ་པ་ལ་སྐྱེ་བ་མི་འཐད་པས་སོ། །ཉེས་པ་སྤོང་བར་འདོད་ནས་ཅི་སྟེ་ལམ་དེ་སྒོམ་བྱར་འདོད་ན་ཁྱོད་ཀྱི་འདོད་ཚུལ་ལྟར་དངོས་པོ་ངོ་བོ་ཉིད་དུ་ཡོད་པར་འདོད་པ་འཐད་པ་མ་ཡིན་ནོ། །ཞེས་སོ། །ཟླ་བ་ཡང་སྔ་མ་རྣམས་དང་དོན་མཐུན་ནོ། །གསུམ་པ་དོན་བསྡུ་བ་ནི། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱིས་སྡུག་བསྔལ་འགོག་པར་འགྱུར་བ་ནི་གང་ཞིག་ཐོབ་པར་འགྱུར་བར་འདོད་ཅེས་བྱའོ། །ཡུལ་ཅན་ཡེ་ཤེས་མེད་པར་ཐལ་བ་ནི། གཞན་ཡང་གལ་ཏེ་སྔར་ཡོངས་སུ་ཤེས་པ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་སམ། རང་བཞིན་ཉིད་ཀྱིས་ནི་གནས་པ་ཡིན་ན། སྡུག་བསྔལ་དེ་ནི་ཆོས་ཅན། ཕྱིས་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་ཡོངས་སུ་ཤེས་པ་མ་ཡིན་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར། རང་ཉིད་ཀྱི་གཞུང་ལས། རང་བཞིན་གྱིས་མི་འགྱུར་བར་གནས་པར་འདོད་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །ཞེས་ལེགས་ལྡན་བྱེད་དོ། །གཞན་རྣམས་ཀྱང་དེ་དང་མཐུན་པར་སྣང་ངོ་། །འཕགས་པའི་བདེན་བཞི་ཡོངས་སུ་ཤེས་པ་མི་འཐད་པ་དེ་བཞིན་དུ། ཁྱོད་ཀྱིས་འདོད་ཚུལ་ཀུན་འབྱུང་སྤོང་བ་དང་། སྡུག་བསྔལ་འགགས་པའི་འགོག་པ་མངོན་དུ་བྱ་བ་དང་། ལམ་སྒོམ་པར་བྱ་བ་དེ་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་སྟེ། སྔར་མ་སྤངས་པ་དང་། མངོན་སུམ་དུ་མ་བྱས་པ་དང་། སྔར་མ་སྒོམ་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་བར་འགྱུར་ཏེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་སྤོང་བ་སོགས་མི་འཐད་པའི་ཕྱིར། འབྲས་བུ་བཞི་མི་རུང་བར་ཐལ་བ་ནི། ངོ་བོ་ཉིད་ཡོད་པར་སྨྲ་བ་མི་གཏོང་ན། འབྲས་བུ་བཞི་པོ་སྔར་ཐོབ་པ་མིན་པ་གང་ཡིན་པ་དེ་ཆོས་ཅན། ཕྱིས་ཇི་ལྟར་ཐོབ་པར་ནུས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ངོ་བོ་ཉིད་ཀྱིས་གནས་པའི་ཕྱིར། དེས་སྔར་མ་ཐོབ་པའི་རང་བཞིན་ཡོངས་སུ་འཛིན་པ་ཡིས་སོ། །དཀོན་མཆོག་གསུམ་མེད་བར་ཐལ་བ་ལ། དགེ་འདུན་མེད་པར་ཐལ་བ་ནི། འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །ཅེས་བྱའོ། །ཆོས་མེད་པར་ཐལ་བ་ནི། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཞེས་བྱའོ། །སངས་རྒྱས་མེད་པར་ཐལ་བ་ནི། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་བྱའོ། །གཞན་ཡང་སངས་རྒྱས་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་ན། ཁྱོད་ཀྱི་སངས་རྒྱས་བྱང་ཆུབ་ལ་མ་བརྟེན་པར་ཡང་ཡོད་པར་ཐལ་བར་འགྱུར་ལ། ཁྱོད་ཀྱི་བྱང་ཆུབ་ཀྱང་སངས་རྒྱས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར། སྔར་སངས་རྒྱས་མ་ཡིན་པའི་ངོ་བོ་ཉིད་དུ་གྲུབ་པ་གང་ཡིན་པ་དེས། ཕྱིས་བྱང་ཆུབ་ཀྱི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བཙལ་བ་སྟེ། འབད་པ་བྱས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བར་ཐལ། ཁྱོད་ཀྱི་ལྟར་ན། སྔར་སངས་རྒྱས་མ་ཡིན་པའི་རང་བཞིན་དུ་གནས་པ་ཉིད་ཀྱིས་སོ། །རྒྱུ་འབྲས་མི་འཐད་པར་ཐལ་བ་ནི། གང་ཟག་འགའ་ཡང་ཆོས་དང་ཆོས་མིན་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། མི་སྟོང་བར་རང་བཞིན་གྱིས་གྲུབ་པ་ལ་ཅི་ཞིག་བྱ་སྟེ་བྱར་མེད་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་ལ་བྱ་བ་འཇུག་པ་མེད་པའི་ཕྱིར། འདོད་ན། ཆོས་དང་ཆོས་མིན་རྒྱུས་བྱུང་བའི་འབྲས་བུ་ཁྱོད་ལ་ཡོད་པ་མ་ཡིན་པར་ཐལ། ངོ་བོ་ཉིད་ཀྱིས་ཡོད་པ་རྒྱུ་ལ་མི་ལྟོས་པའི་ཕྱིར། དེ་ལྟར་ན། ཆོས་དང་ཆོས་མིན་མེད་པར་ཡང་། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཡོད་པར་གྱུར་ན་འཇིག་རྟེན་དང་། །བསྟན་བཅོས་དག་དང་འགལ་བར་འགྱུར་རོ། །གལ་ཏེ་ཆོས་དང་ཆོས་མིན་རྒྱུས་བྱུང་བའི་འབྲས་བུ་གལ་ཏེ་ཁྱོད་ལ་ཡོད་ན། ཆོས་དང་ཆོས་མིན་ལས་བྱུང་བའི་འབྲས་བུ་བདེ་སྡུག་ཆོས་ཅན། ཅིའི་ཕྱིར་བདེན་པས་སྟོང་པ་མིན་ཏེ་ཡིན་པར་ཐལ། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། ཞེས་ལེགས་ལྡན་བྱེད་དོ། །འགྲེལ་པ་གཞན་གཉིས་ལས་ནི་གཞུང་ཙམ་ལས་མི་སྣང་སྟེ་དོན་མཐུན་ནོ། །ཐ་སྙད་མི་འཐད་པར་ཐལ་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིས་ནི་སྟོང་པ་ཉིད་ལ་གནོད་པ་བྱེད་པ་གང་ཡིན་པ་ལ་ནི་འཇིག་རྟེན་པའི་ཐ་སྙད་བུམ་པ་གྱིས་ཤིག གླེགས་བམ་རྟོགས་ཤིག་ལ་སོགས་པ་ཀུན་ལའང་གནོད་པ་བྱེད་པ་ཡིན་ནོ། །བྱ་བྱེད་མི་རུང་བར་ཐལ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པའི་རང་བཞིན་སྟོང་པ་ཉིད་ལ་གནོད་པ་བྱེད་ན། བུམ་པ་ལ་སོགས་པ་བྱེད་པའི་བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་། བྱ་བ་ཡང་རྩོམ་པ་མེད་པའི་བྱ་བར་འགྱུར་རོ། །བྱ་བ་དང་བྱེད་པ་མེད་ན་སྟོང་པ་ཉིད་ལ་གནོད་པ་བྱེད་པས་ན། མི་བྱེད་པ་ཡང་བྱ་བ་བྱེད་པ་པོར་འགྱུར་རོ། །བཞི་པ་ཉེས་པ་གཞན་ཡང་འཇུག་པའི་ཚུལ་ནི། རང་བཞིན་ཡོད་ན་འགྲོ་བ་རྣམས་ཚེ་འདིར་བོངས་ཆེ་ཆུང་ལ་སོགས་པ་དང་། ལྷ་ནས་མིར་སྐྱེ་བ་ལ་སོགས་པ་གནས་སྐབས་སྣ་ཚོགས་པ་དང་བྲལ་བར་འགྱུར་ཞིང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཐེར་ཟུག་ཏུ་ཡང་གནས་པར་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། གཞན་ཡང་གལ་ཏེ་སྟོང་པ་ཉིད་མིན་ན་ཞེས་པའི་འགྱུར་ལྟར་བྱ་སྟེ། འདི་དག་རང་བཞིན་གྱིས་སྟོང་པ་ཉིད་མིན་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་སྔར་མ་ཐོབ་པ་ཐོབ་པར་བྱ་བ་དང་། གཉེན་པོས་སྡུག་བསྔལ་མཐར་བྱེད་པའི་ལས་དང་རྒྱུ་ཉོན་མོངས་ཐམས་ཅད་སྤོང་བར་བྱེད་པའང་མེད་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་ལ་བྱ་བྱེད་མི་འཐད་པའི་ཕྱིར། ཟླ་བ་ཡང་དོན་དེ་དང་མཐུན་ནོ། །གསུམ་པ་དབུ་མ་རྟོགས་པའི་ཆེ་བ་བརྗོད་པ་ནི། འཕགས་པ་གང་གིས་ཆོས་ཅན། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དེ་དག་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་སྟོང་པར་མཐོང་བ་དེས་ནའོ། །འདིར་ལེགས་ལྡན་བྱེད་ཀྱིས། བདེན་བཞི་སྐྱེ་བ་མེད་པར་མཐོང་ཞེས་གསུངས་ལ། ཟླ་བས་ནི། བདེན་བཞིའི་དེ་ཁོ་ན་ཉིད་མཐོང་ཞེས་གསུངས་སོ། །འགྲེལ་པ་གཞན་གཉིས་ལ་བདེན་བཞི་མཐོང་ཞེས་པ་ཙམ་ལས་མི་སྣང་ངོ་། །མདོ་ལས། སྡུག་བསྔལ་སྐྱེ་བ་མེད་པ་དེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་པ་དང་། ཞེས་སོགས་ཀྱི་ལུང་དང་སྦྱར་ནས་གསུངས་པས་ལེགས་ལྡན་བྱེད་དང་ཟླ་བའི་ལུགས་ལྟར་ལེགས་པར་མངོན་ནོ། །དབུ་མ་རྩ་བ་ལས་འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།།    །།མྱ་ངན་ལས་འདས་པ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དག་གོ །གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ནི། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ན། མྱ་ངན་ལས་འདས་པ་མི་འཐད་པར་འགྱུར་ཞེ་ན། ཞེས་པའོ། །གཞུང་གི་ཚིག་དོན་བཤད་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང་། གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་སྟོང་པ་ཉིད་དུ་འདོད་ན། འབྱུང་བ་མེད་ཅིང་འཇིག་པའང་མེད་པར་འགྱུར་རོ། །དེ་ལྟར་ན། ཉོན་མོངས་གང་ཞིག་སྤོང་བ་ལས་ལྷག་བཅས་དང་། སྡུག་བསྔལ་གང་ཞིག་འགག་པ་ལས་ལྷག་མེད་དུ་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ། འདོད་པར་མི་རིགས་པར་འགྱུར་རོ། །ཞེས་པའོ། །གཉིས་པ་ལ་ཉེས་པ་གཞན་ལ་ཡོད་པར་བསྟན། དབུ་མ་པ་ལ་མེད་པའི་ཚུལ་ལོ། །དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད་པ་མི་འཐད་པར་ཐལ། ཉོན་མོངས་སྤོང་བ་དང་། སྡུག་བསྔལ་འགག་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། མྱང་འདས་མཐའ་བྲལ་དུ་བསྟན། མཐའ་བཞིའི་སྤྲོས་པ་དགག རྟོགས་པ་པོའི་མྱང་འདས་དགག གཞན་གྱིས་བརྗོད་པའི་ཉེས་པ་སྤང་པའོ། །དང་པོ་ནི། ལེགས་ལྡན་བྱེད་ལྟར་ན། ཐ་སྙད་ཙམ་དུ་ཉོན་མོངས་པ་དང་། སྡུག་བསྔལ་འགགས་པ་ལ་མྱང་འདས་ཐོབ་པར་བཞག་པ་ཡིན་གྱི། དོན་དམ་པར་ནི་ཉོན་མོངས་པ་སྤངས་པ་མེད་པ། སྡུག་བསྔལ་འགགས་པའི་བྲལ་བ་ཐོབ་པ་མེད་པ། ངོ་བོ་ཉིད་མེད་པས་ཆད་པ་མེད་པ། རྟག་པ་མེད་པ། སྤང་བྱ་འགགས་པ་མེད་པ། གཉེན་པོ་སྐྱེ་བ་མེད་པ་དེ་ལ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་པ་ལ། དངོས་པོ་དང་དངོས་མེད་དུ་འདོད་པ་དགག གཉིས་ཀར་འདོད་པ་དགག གཉིས་ཀ་མིན་པར་འདོད་པ་དགག་པའོ། །དང་པོ་ལ་སོ་སོར་དགག་པ་དང་། ཐུན་མོང་དུ་དགག་པའོ། །དང་པོ་ལ་གཉིས་ལས། མྱང་འདས་དངོས་པོར་འདོད་པ་དགག་པ་ནི། བྱེ་བྲག་ཏུ་སྨྲ་བས་མྱང་འདས་རྫས་སུ་གྲུབ་པར་འདོད་དོ། །དགག་པ་དུ་མ་ཡོད་པ་ལས། རེ་ཤིག་མྱ་ངན་འདས་པ་དངོས་པོ་མིན་ཏེ། གལ་ཏེ་ཡིན་ན་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་རོ། །ཁྱབ་སྟེ། རྒ་དང་འཆི་བ་མེད་པ་ཡི། །མྱང་འདས་ཀྱི་དངོས་པོ་ཡོད་པ་མ་ཡིན་ནོ། །འདིར་འཆི་བ་ནི་འཇིག་པ་ལ་བྱེད་དོ། །གཞན་ཡང་། མྱ་ངན་ལས་འདས་པ་དངོས་པོར་འདོད་ན། མྱ་ངན་ལས་འདས་པ་འདུས་བྱས་སུ་ཡང་ཐལ་བར་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་འདུས་བྱས་མ་ཡིན་པ་ནི། འགའ་ཡང་གང་ནའང་ཡོད་པ་མ་ཡིན་ནོ། །ལེགས་ལྡན་བྱེད་ཀྱིས། ཟློག་པ་རང་རྒྱུད་གསུངས་པ་ནི། མྱ་ངན་ལས་འདས་པ་ཆོས་ཅན། དངོས་པོ་མ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །ཞེས་གསུངས་སོ། །གཞན་ཡང་། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོར་འདོད་ན། མྱ་ངན་ལས་འདས་པ་དེ་རྒྱུ་རྐྱེན་ཚོགས་པ་ལ་ཇི་ལྟར་བརྟེན་པ་མ་ཡིན་ཏེ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་གསུམ་ལས་ནི། ཇི་ལྟར་བརྟེན་ནས་གདགས་པ་མིན་ཏེ། ཡིན་པར་ཐལ། ཞེས་པ་ཙམ་ལས་མི་སྣང་ཡང་། དོན་སྔ་མ་དང་མཐུན་ནོ། །གཉིས་པ་དངོས་མེད་དུ་འདོད་པ་དགག་པ་ལ། ལེགས་ལྡན་བྱེད་ཀྱི་བཤད་ཚུལ་ནི། གོས་དམར་ཅན་གྱི་སྡེ་པ་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་པ་དང་། མདོ་སྡེ་པ་དག ཉོན་མོངས་པ་དང་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་ཐ་སྙད་བྱེད་དོ་ཞེ་ན། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་བཀག་ཙམ་གྱི་དངོས་པོ་མིན་པ་ལ་འདོད་ན། དངོས་པོ་བཀག་ཙམ་གྱི་དངོས་མེད་མྱ་ངན་ལས་འདས་པར་ཇི་ལྟར་རུང་བར་འགྱུར་ཏེ་མི་འགྱུར་རོ། །སྔར་ཡོད་ཀྱི་སྡུག་བསྔལ་གྱི་ཕུང་པོའི་རྒྱུན་ཞི་བ་ལ་འདོད་ན། གང་ལ་མྱ་ངན་ལས་འདས་པ་སྡུག་བསྔལ་གྱི་ཕུང་པོའི་རྒྱུན་ཞི་བའི་དངོས་པོ་མིན་པ་ལ་འདོད་པ་དེ་ལ་ནི། མྱ་ངན་ལས་འདས་པ་དངོས་མེད་དུ་ཡོད་པ་མ་ཡིན་ཏེ། དེ་ནི་སྡུག་བསྔལ་གྱི་ཕུང་པོའི་རྒྱུན་ལ་རག་ལས་ལ། ཕུང་པོའི་རྒྱུན་ནི་རྒྱུ་རྐྱེན་ལ་བརྟེན་པའི་ཕྱིར། གལ་ཏེ་མྱ་ངན་ལས་འདས་པ་སྔར་ཡོད་ཀྱི་དངོས་པོ་ཞི་བའི་དངོས་པོ་མིན་པར་འདོད་ན། ཇི་ལྟར་མྱ་ངན་ལས་འདས་པ་དེ་དངོས་པོ་ལ་བརྟེན་པ་མིན་ཏེ་ཡིན་པར་ཐལ་ལོ། །སྔར་ཡོད་ཀྱི་ལས་ཉོན་བཏང་བ་ལ་བརྟེན་ནས་འཇོག་པའི་ཕྱིར། ཁྱབ་སྟེ། གང་ཞིག་བརྟེན་ནས་འབྱུང་བ་མ་ཡིན་པའི་སྔར་ཡོད་ཀྱི་དངོས་པོ་ཞི་བའི་དངོས་མེད་ཡོད་པ་མ་ཡིན་ནོ། །བུམ་པ་ཆག་པའི་གྱོ་དུམ་བཞིན་ནོ། །གཉིས་པ་ཐུན་མོང་དུ་དགག་པ་ལ། རིགས་པས་མི་འཐད་པ་དང་། ལུང་གིས་མི་འཐད་པའོ། །དང་པོ་ནི། ལེགས་ལྡན་བྱེད་དང་། ཟླ་བའི་འཆད་ཚུལ་ནི། མྱ་ངན་ལས་འདས་པ་དངོས་པོ་དང་། སྔར་ཡོད་ཀྱི་དངོས་པོ་བཏང་བའི་དངོས་མེད་དུ་འདོད་པ་ལ་ཉེས་པ་མེད་དེ། ཕུང་པོ་འཁོར་བར་འདོད་པ་ལྟར་ན། ཕུང་པོ་སྔ་མ་ལ་བརྟེན་ནས་ཕྱི་མ་འགྲོ་འོང་བྱེད་པའི་དངོས་པོ་ལ་བརྟེན་ནས་འདོགས་པའམ། གང་ཟག་འཁོར་བ་ལྟར་ན། ཕུང་པོ་སྔ་མ་འོང་བ་དང་འགྲོ་བའི་དངོས་པོ་གང་ཟག་ཏུ་འདོགས་པའི་རྒྱུར་བྱས་ནས། འཁོར་བར་གདགས་པ་གང་ཡིན་པ་དེ་ནི་སྔ་མ་ལ་བརྟེན་པ་མ་ཡིན་པ་དང་། ཕྱི་མ་རྒྱུར་བྱས་ནས་གདགས་པ་མིན་པ་ཙམ་ལ་མྱ་ངན་ལས་འདས་པ་ཡིན་པར་བསྟན་པའི་ཕྱིར། ཡང་ན་ཕུང་པོ་འོང་བ་དང་། འགྲོ་བའི་དངོས་པོ་ལ་བརྟེན་ནས་གཅིག་ནས་གཅིག་ཏུ་སྐྱེ་བ་འབྱུང་བ་ལ་འཁོར་བར་གདགས་པའམ། ཕུང་པོ་འགྲོ་འོང་བྱེད་པ་གདགས་པའི་རྒྱུར་བྱས་ནས་འཁོར་བར་གདགས་པ་གང་ཡིན་པ་དེ་ནི་སྔ་མ་ལ་བརྟེན་ནས་འབྱུང་བ་མིན་པ་དང་། ཕྱི་མ་ལ་རྒྱུར་བྱས་ནས་གདགས་པ་མིན་པ་ཙམ་ལ་མྱ་ངན་འདས་པ་ཡིན་པར་བསྟན་པའི་ཕྱིར། གཉིས་པ་ནི། མྱ་ངན་ལས་འདས་པ་དངོས་པོ་སྔར་ཡོད་བཏང་བའི་དངོས་མེད་དུ་མི་རིགས་པར་ཐལ། མྱ་ངན་ལས་འདས་པ་འབྱུང་བ་དང་ནི་འཇིག་པ་དག་སྤང་བར་འགྱུར་བ་སྟོན་པས་བཀའ་བསྩལ་བའི་ཕྱིར་ན། ལུང་རིགས་གཉིས་ཀྱིས་མི་འཐད་པ་དེའི་ཕྱིར། མྱ་ངན་ལས་འདས་པ་ནི་དངོས་པོ་མིན་ཞིང་། དངོས་མེད་ཀྱང་མ་ཡིན་པར་རིགས་སོ། །འགྲེལ་པ་གཞན་གཉིས་ལས་ནི་གཞུང་ཚིག་ཙམ་ལས་མི་སྣང་ངོ་། །གཉིས་ཀར་འདོད་པ་དགག་པ་ནི། གཞན་དག་གིས་སྨྲས་པ། ཐར་པ་ནི་ངོ་བོའི་ཆ་ནས་དངོས་པོ་ཡང་ཡིན་ལ། དངོས་པོ་ལྡོག་པའི་ཆ་ནས་དངོས་མེད་ཀྱང་ཡིན་པས་དངོས་པོ་དངོས་མེད་གཉིས་ཀ་ཡིན་ནོ་ཞེ་ན། གལ་ཏེ་མྱ་ངན་འདས་པ་ནི། དངོས་པོ་དང་སྔར་ཡོད་ཀྱི་དངོས་པོ་ལྡོག་པའི་དངོས་མེད་གཉིས་ཀ་ཡིན་པར་འདོད་ན། དངོས་པོ་དང་དངོས་པོ་མེད་པ་གཞི་མཐུན་པ་དག་ཡིན་པའི་ཐར་པ་ཡོད་པར་ཐལ་བར་འགྱུར་བ་ལས། དེ་མི་རིགས་ཏེ། གཉིས་པོ་དུས་གཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་ཏེ། ཕན་ཚུན་འགལ་བའི་ཕྱིར། ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་སོ། །ལེགས་ལྡན་བྱེད་ཀྱིས་ནི། ཐར་པ་དངོས་པོ་དང་དངོས་པོ་མེད་པ་དུ་མ་དག་ཏུ་ཐལ་བར་འགྱུར་བ་ལས། དེ་མི་རིགས་ཏེ། དངོས་པོ་ཡིན་ན་དངོས་པོ་མེད་པར་འགལ་ལ། དངོས་མེད་ཡིན་ན་དངོས་པོར་འགལ་བའི་ཕྱིར། ཞེས་འཆད་དོ། །ཟླ་བས། འདུ་བྱེད་ཀྱི་དངོས་པོ་དང་བྲལ་བ་ཐར་པ་ཡོད་པར་ཐལ་བར་འགྱུར་བ་ལས། དེ་མི་རིགས་ཞེས་བརྗོད་དོ། །གཞན་ཡང་། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་ཡིན་ན། མྱ་ངན་ལས་འདས་པ་དངོས་པོ་ལ་མ་བརྟེན་པ་མིན་པར་ཐལ། དངོས་པོ་དང་དངོས་པོ་དང་བྲལ་བའི་དངོས་མེད་དེ་གཉིས་ནི་དངོས་པོ་ལ་བརྟེན་པའི་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། གཞན་ཡང་། གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པར་འདོད་ན། ཇི་ལྟར་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་ཏེ་མ་ཡིན་པར་ཐལ། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་ཡིན་ལ། དངོས་པོ་དང་ཕུང་པོའི་དངོས་པོ་ཞིག་པའི་དངོས་མེད་ནི་འདུས་བྱས་ཡིན་པའི་ཕྱིར། ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་འཆད་དོ། །ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི། དངོས་པོར་འདོད་པའི་ཆ་ནས་དངོས་མེད་ལས་གཞན་ཡིན་པར་འདོད་དགོས་ལ། དངོས་མེད་དུ་འདོད་པའི་ཆ་ནས་དངོས་པོ་ལས་གཞན་ཡིན་པར་འདོད་དགོས་ལ། དེ་ལྟར་ན་གཉིས་ཀའི་བདག་ཉིད་མིན་པར་ཐལ། གཉིས་ཀ་ལས་དོན་གཞན་ཡིན་པའི་ཕྱིར། འདུས་བྱས་དང་འདུས་མ་བྱས་གཉིས་ཀ་ཡང་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པའི་ཆ་ནས་འདུས་མ་བྱས་དང་། དངོས་པོ་དང་སྔར་ཡོད་ཀྱི་དངོས་པོ་བཏང་བའི་ཆ་ནས་འདུས་བྱས་ཀྱང་ཡིན་པའི་ཕྱིར་རོ། །ཞེས་སོ། །ཟླ་བས་ནི། མྱ་ངན་ལས་འདས་པ་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་འདུས་མ་བྱས་ཡིན་པས་སོ། །སྔར་ཡོད་ཀྱི་དངོས་པོ་བཏང་བའི་དངོས་མེད་ནི་འདུས་བྱས་ཁོ་ན་ཡིན་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་ཕྱིར། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དངོས་མེད་གཉིས་ཀ་མ་ཡིན་གྱི། དོན་དམ་པར་ཡང་དངོས་པོ་དངོས་མེད་གཉིས་ཀ་ཡོད་པ་ཡིན་ནོ་ཞེ་ན། རིགས་པས་དཔྱད་ན། ཇི་ལྟར་མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་མེད་གཉིས་ཡོད་དེ་མེད་པར་ཐལ། རིགས་པས་དཔྱད་ན་དངོས་པོ་དང་དངོས་མེད་དེ་གཉིས་མྱ་ངན་ལས་འདས་པ་ལ་ལྷན་ཅིག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ཕན་ཚུན་འགལ་བའི་ཕྱིར། སྣང་བ་དང་མུན་པ་བཞིན་ནོ། །གསུམ་པ་གཉིས་ཀ་མ་ཡིན་པར་འདོད་པ་དགག་པ་ལ། ངོ་བོ་དགག་པ་དང་། སྒྲུབ་བྱེད་དགག་པ་གཉིས་སོ། །དང་པོ་ནི། དངོས་པོ་དང་དངོས་མེད་གཉིས་ཀ་ལས་བཟློག་པའི་ཕུང་པོ་གསུམ་པར་བདེན་ནོ་ཞེ་ན། མྱ་ངན་འདས་པ་དངོས་པོར་ཡོད་པ་ཡང་མིན། དངོས་པོ་མེད་པ་ཡང་མིན་པར་གང་སྟོན་པ་དག་ལ་དགག་བྱའི་དངོས་པོ་དང་། དངོས་པོ་མེད་པ་དག་གྲུབ་པར་གྱུར་ན་གཉིས་ཀ་ལས་བཟློག་པའི་ཕུང་པོ་གསུམ་པ་དེ་ནི་འགྲུབ་པར་འགྱུར་བ་ལས། འགྲུབ་པ་ཡང་མིན་པར་ཐལ། དགག་བྱའི་དངོས་པོ་དང་དངོས་མེད་དག་མ་གྲུབ་པའི་ཕྱིར། བློའི་དོན་དགག་བྱ་བསལ་བ་ཙམ་ཡོད་པས་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ལ། གནས་ཚུལ་ལ་དགག་བྱ་མེད་པས་དགག་བྱ་སུ་ཞིག་བཀག་པའི་དགག་པར་འགྱུར། འདི་ནི་འདིའི་རིགས་ཅན་གྱི་གནས་སྐབས་དུ་མ་ལ་ཤེས་པར་བྱ་དགོས་སོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། གལ་ཏེ་མྱང་འདས་ཡོད་དེ་ཤེས་པ་པོ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་མྱ་ངན་འདས་པ་ནི། དངོས་པོ་ཡང་མིན། དངོས་པོ་མེད་པ་ཡང་མིན་པའི་ཕུང་པོ་གསུམ་པ་ཡིན་ན། རྟོགས་པ་པོ་གང་ཞིག་གིས་ནི་ཆོས་ཅན། མྱ་ངན་ལས་འདས་པ་དེ་དངོས་པོ་ཡང་མིན། དངོས་པོ་མེད་པ་ཡང་མིན་ཞེས་མངོན་པར་བྱེད་དེ་མི་བྱེད་པར་ཐལ། དེ་གཉིས་ཀ་མིན་པའི་ཕུང་པོ་གསུམ་པ་མེད་པའི་ཕྱིར། ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་འཆད་དོ། །གསུམ་པ་རྟོགས་པ་པོའི་མྱང་འདས་དགག་པ་ནི། རྟོགས་པ་པོའི་མྱ་ངན་ལས་འདས་པ་ནི་ཡོད་དོ་ཞེ་ན། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེ་འམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཅི་སྟེ་ཞེ་ན། ཁྱད་གཞི་མེད་ན་ཁྱད་ཆོས་མི་འཐད་པའི་ཕྱིར། བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེ་འམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཞེས་གསུངས་ཏེ། གོང་དུ་ཁྱད་པར་བཞི་ལྡན་གྱི་མྱ་ངན་ལས་འདས་པ་བཀག་ཟིན་ཏོ། །ཅེས་ལེགས་ལྡན་བྱེད་གསུང་ངོ་། །ཟླ་བས་ནི། དེ་བཞིན་གཤེགས་པ་བརྟག་པའི་སྐབས་སུ་བསྟན་ཟིན་ནོ། །ཞེས་གསུངས་སོ། །འགྲེལ་པ་གཞན་གཉིས་ཀྱི་འཆད་ཚུལ་ནི། ཡོད་མེད་སོགས་ཀྱི་མཐའ་བཞིའི་སྤྲོས་པ་བཀག་པའི་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་སྟེ། འཁོར་བས་འཇིགས་ནས་མྱང་འདས་ཐོབ་པར་བྱ་བའི་ཕྱིར་དུ་འཇུག་པ་ཡོད་པའི་ཕྱིར་ཞེ་ན། ཚུལ་དེ་ལྟར་མི་འཐད་དེ། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་སྟེ། གཉིས་ཀ་རང་བཞིན་མེད་པར་མཉམ་པའི་ཕྱིར་ཏེ། གཉིས་ཀ་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་མཚམས་སྦྱར་དང་བཅས་པ་ལེགས་ལྡན་བྱེད་འཆད་དོ། །འགྲེལ་པ་གཞན་ལས་ནི། མྱང་འདས་མི་འཐད་པའི་རིགས་པ་གཞན་ཡང་འཁོར་བ་བཀག་ཟིན་ལ། འཁོར་བ་དང་མྱང་འདས་སོ་སོར་ཡང་མ་གྲུབ་སྟེ། འཁོར་བ་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར་དང་། མྱ་ངན་ལས་འདས་པ་འཁོར་བ་ལས་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར། འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། འཁོར་འདས་དེ་གཉིས་རང་བཞིན་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཕྲ་བ་ཅུང་ཟད་ཙམ་ཡང་ཡོད་པ་མིན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་དང་། སྐྱེ་བ་མེད་པའི་མཐའ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་ཡིན་པའི་ཕྱིར། ཞེས་འཆད་དོ། །འཁོར་འདས་ཁྱད་པར་མེད་པའི་རིགས་པ་གཉིས་པ་འཆད་པའི་ཚུལ་ནི། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་འཁོར་བའི་མཐའ་ཡིན་ཏེ། ཞེས་གསུངས་ཏེ། མཐའ་ནི་དེ་བཞིན་ཉིད་སྟོང་པ་ཉིད་ལ་བརྗོད་དོ། །ཡང་ན། སློབ་དཔོན་ལེགས་ལྡན་བྱེད་ཀྱི་འཆད་ཚུལ་ནི། འཁོར་འདས་དེ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཕྲ་བའང་ཅུང་ཟད་ཡོད་པ་མིན་ཏེ། མྱ་ངན་ལས་འདས་པའི་མཐའ་སྟོང་པ་ཉིད་ཡིན་པའི་ཕྱིར་ཏེ། གཉིས་ཀ་ཆོས་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །ནམ་མཁའ་བཞིན་ནོ། །ཞེས་སོ། །ཟླ་བ་ནི། ཡོད་པར་མངོན་མི་མངོན་གྱི་ཁྱད་པར་ཅུང་ཟད་མེད་པའི་ཕྱིར། འཁོར་བ་མྱ་ངན་འདས་པ་ལས། །ཞེས་སོགས་འཆད་དོ། །གསུམ་པ་བཀག་པས་གྲུབ་པའི་དོན་ལ། ལེགས་ལྡན་བྱེད་ལྟར་ན། མྱ་ངན་ལས་འདས་པའི་དོན་ནི་ཡོད་པ་ཡིན་ཏེ། མཐར་འཛིན་གྱི་ལྟ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེ་ན། ལྟ་བ་ཡོད་ན་དེའི་གཉེན་པོ་ཡང་རིགས་པར་འགྱུར་བ་ཞིག་ན། ལྟ་བ་ཉིད་ཡོད་པ་མིན་ཏེ། འདི་ལྟར་ཞེས་མཚམས་སྦྱར་རོ། །འདི་ལ་དགག་བྱའི་ལྟ་བ་ངོས་བཟུང་བ་དང་། དེར་ལྟ་བ་མི་འཐད་པའི་ཚུལ་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པ་གང་དེ་མྱ་ངན་ལས་འདས་ཕན་ཆད་ནས་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མིན་པར་ལྟ་བ་བཞི་ནི་མྱ་ངན་ལས་འདས་པ་ལ་བརྟེན་པའོ། །མཐའ་ཡོད་པ་དང་། སོགས་པ་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མིན་པ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པའོ། །འཇིག་རྟེན་རྟག་པ་དང་། མི་རྟག་པ་ལ་སོགས་པ་བཞིར་ལྟ་བ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །ལུས་སྲོག་ལ་བརྟེན་པ་གཉིས་ནི་ཤུགས་ལ་བསྟན་ཏེ། འོག་ཏུ་དེ་འགོག་པའི་སྐབས་སུ། དེ་ཉིད་ཅི་ཞིག་གཞན་ཅི་ཞིག །ཞེས་འབྱུང་བས་གསལ་ལོ། །གཉིས་པ་ལྟ་བ་མི་འཐད་པའི་ཚུལ་ནི། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་མཐའ་ཡོད་ཅི་ཞིག་ཡིན། མཐའ་མེད་ཀྱང་ཅི་ཞིག་ཡིན། མཐའ་ཡོད་དང་མཐའ་མེད་གཉིས་ཀ་ཡིན་པ་ཅི་ཞིག་ཡིན། མཐའ་ཡོད་མཐའ་མེད་གཉིས་ཀ་མིན་པ་ཅི་ཞིག་ཡིན་ཏེ་མ་ཡིན་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། ཡང་མཐའ་དང་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཞིག །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པའང་ཅི་ཞིག་བརྟག་ཏུ་ཡོད་པ་ཡིན་ཏེ། མིན་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། མདོ་ལས་ཀྱང་། གང་ལ་རྣམ་རྟོག་ཡོད་མིན་པ། །དེ་ལ་རྣམ་རྟོག་ག་ལ་ཡོད། །རྣམ་བརྟག་རྣམ་རྟོག་ཟད་གྱུར་པས། །བསྟན་པ་རྣམ་པར་གྲོལ་བར་འགྱུར། །ཞེས་གསུངས་སོ། །ཞེས་པ་ནི་ལེགས་ལྡན་བྱེད་ཀྱི་འགྲེལ་པ་ཇི་ལྟ་བ་སྟེ་ཐམས་ཅད་མཐུན་ནོ། །སྒྲུབ་བྱེད་དགག་པ་ལ། ཤེས་རབ་སྒྲོན་མེ་ལས། མྱ་ངན་ལས་འདས་པ་ཡོད་དེ། མྱང་འདས་ཐོབ་པའི་ཕྱིར་དུ་ཆོས་བསྟན་པས་སོ་ཞེ་ན། དེ་ནི་ཐ་སྙད་པ་ཙམ་ཡིན་གྱི། དོན་དམ་པར་ན་སངས་རྒྱས་ཀྱིས་ནི་གནས་གང་དུ་ཡང་གང་ཟག་སུ་ལའང་ཆོས་འགའ་མ་བསྟན་ཏེ། དམིགས་པ་ཐམས་ཅན་ཉེར་བར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བའི་ཕྱིར། །ཞེས་གསུངས་སོ། །འགྲེལ་པ་གཞན་གཉིས་ལ་མཚམས་སྦྱར་མི་སྣང་ཞིང་། ཚིག་དོན་མཐུན་པར་སྣང་ངོ་། །ཟླ་བས། དེ་བཞིན་གཤེགས་པ་གང་གི་ནུབ་མོ་མངོན་པར་རྫོགས་པར་སངས་རྒྱས་ནས་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་བར་ཐ་ན་ཡི་གེའི་འབྲུ་གཅིག་ཀྱང་མ་གསུངས་སོ། །མི་གསུང་། གསུང་བར་མི་འགྱུར་རོ། །ཞེས་པའི་ལུས་སྦྱོར་ཡང་གསུངས་སོ། །གལ་ཏེ་སུ་ལའང་ཆོས་འགའ་ཡང་མ་བསྟན་ནོ་ཞེས་གསུངས་པ་དང་། འོག་ནས། དམ་པའི་ཆོས་ནི་སྟོན་མཛད་པ། །ཞེས་གསུངས་པ་འགལ་ལོ་ཞེ་ན། སྔ་མ་དོན་དམ་དང་ཕྱི་མ་ཀུན་རྫོབ་ཀྱི་དབང་དུ་བྱས་པས་མི་འགལ་ལོ། །ཡང་ལེགས་ལྡན་བྱེད་ཀྱིས་རྣམ་གྲངས་གཞན་བཤད་པ་ནི། སྔོན་གྱི་དྲང་སྲོང་རྣམས་ཀྱིས་མ་གསུངས་པའི་ཆོས་འགའ་ཞིག སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱིས་གནས་གང་དུ་ཡང་གང་ཟག་སུ་ལ་ཡང་སྔོན་གྱི་དྲང་སྲོང་རྣམས་ཀྱིས་མ་བསྟན་པའི་ཆོས་འགའ་ཡང་མ་བསྟན་ཏེ། སྔོན་གྱི་དྲང་སྲོང་གིས་བསྟན་པ་ཉིད་མངོན་སུམ་དུ་བྱས་ནས་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།།    །།སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་སྐྱེ་བ་མེད་པས་དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པ་རབ་ཏུ་བྱེད་པའི་འབྲེལ་ལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་གཉིས་ཀྱིས་ནི་ཁྱོད་ཀྱིས་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་ནི་བསྟན་ཟིན་ལ། ད་ཁྱོད་ཀྱིས་ཉན་ཐོས་ཀྱི་གཞུང་ལུགས་ཀྱིས་དོན་དམ་པ་ལ་འཇུག་པ་སྟོན་ཅིག་ཅེ་ན། ལན་བཤད་པ་ཞེས་ཚིག་ཀྱང་མཐུན་པར་སྣང་ངོ་། །ཤེས་རབ་སྒྲོན་མེ་ལས། གོང་དུ་སུ་ལའང་ཆོས་འགའ་མ་བསྟན་ཞེས་སྨྲ་ན། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པས་གནོད་པ་མིན་ནམ་ཞེ་ན། ངོ་བོ་ཉིད་ཀྱིས་ཡོད་པར་གསུངས་པ་ནི་མ་ཡིན་གྱི། སྔ་མ་ལ་ལྟོས་ནས་ཕྱི་མ་རིམ་གྱིས་འབྱུང་བའི་ཚུལ་གྱིས་གསུངས་ཏེ། འདི་ལྟར་ཞེས་མཚམས་སྦྱར་རོ། །ཟླ་བས་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །ཞེས་གསུངས་ན། དེ་གང་ཞེ་ན། ཞེས་གསུངས་པའི་ཚུལ་གྱིས་མཚམས་སྦྱར་རོ། །གཉིས་པ་གཞུང་གི་ཚིག་དོན་ལ་གསུམ་སྟེ། རྟེན་འབྲེལ་གྱི་ཚུལ་བསྟན་པ། མངོན་པར་འདུ་བྱེད་མི་བྱེད་ཀྱི་ཁྱད་པར། ཡན་ལག་འགག་པའི་རིམ་པ་བསྟན་པའོ། །དང་པོ་ནི། བྱིས་པ་མ་རིག་པས་བསྒྲིབས་པས་ཡང་སྲིད་པ་ལེན་པར་བྱེད་པའི་ཕྱིར། བསོད་ནམས་དང་། བསོད་ནམས་མིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམ་པ་གསུམ་པོ་དག་ལུས་དང་ངག་དང་ཡིད་དག་གིས་མངོན་པར་འདུ་བྱེད་དོ། །མངོན་པར་འདུ་བྱས་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གང་ཡིན་པའི་ལས་དེ་དག་གིས་རིགས་དྲུག་གི་འགྲོ་བ་རྣམས་སུ་འགྲོའོ། །དེ་ནས་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་འགྲོ་རྣམས་སུ་འཇུག་པར་འགྱུར་རོ། །རྣམ་པར་ཤེས་པ་ཞུགས་པར་གྱུར་ནས། མིང་དང་གཟུགས་ནི་ཆགས་པར་འགྱུར་རོ། །མིང་དང་གཟུགས་ནི་ཆགས་པར་གྱུར་ན། དེ་ལས་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར་རོ། །མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། དེ་ལས་རེག་པ་ཡང་དག་འབྱུང་བར་འགྱུར་རོ། །རེག་པ་སྐྱེ་བའི་རིམ་པ་ནི་འདི་ཡིན་ཏེ། མིག་དང་གཟུགས་དང་། དྲན་བྱེད་དེ་ཡིད་ལ་བྱེད་པ་ལ་བརྟེན་ནས་སྐྱེ་བ་ཁོ་ན་ཡིན་ནོ། །དེ་ལྟར་མིག་དང་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་། མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་པར་གྱུར་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དེ་ལས་བདེ་སྡུག་སོགས་ཀྱི་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་རོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། ཚོར་བའི་དོན་དུ་སྲེད་པར་འགྱུར་ཏེ། བྱིས་པ་ཐོས་པ་དང་མི་ལྡན་པ་དག་རལ་གྲིའི་སོ་ལ་སྦྲང་རྩིའི་ཐིགས་པ་ཉེས་དམིགས་ཆེ་བར་མ་རྟོགས་པ་རྣམས་དེ་ལ་སྲེད་པར་འགྱུར་རོ། །ཞེས་ལེགས་ལྡན་བྱེད་གསུང་ངོ་། །སྲེད་པར་གྱུར་ན་འདོད་པ་ཉེ་བར་ལེན་པ་སོགས་རྣམ་པ་བཞི་པོ་ལེན་པར་འགྱུར་རོ། །བཞི་གང་ཞེ་ན། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲེད་པ་དང་ལེན་པའི་ཁྱད་པར་ལ། ལེགས་ལྡན་བྱེད་ཀྱིས། ཁ་ཅིག་སྲེད་པ་འཕེལ་བ་ཉིད་ཉེ་བར་ལེན་པའོ། །ཞེས་སོ། །གཞན་དག་ནི། ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་འབད་པའོ། །ཞེས་བཞེད་དོ། །ཞེས་གསུངས་སོ། །ཉེ་བར་ལེན་པ་ཡོད་ན་ལེན་པ་པོའི་སྲིད་པ་རབ་ཏུ་འབྱུང་བར་འགྱུར་རོ། །ལེགས་ལྡན་བྱེད་ཀྱིས། སྲིད་པ་ཞེས་བྱ་བ་ནི་ལས་ཀྱི་སྲིད་པ་སྟེ། སྲིད་པ་བྱེད་པས་སྲིད་པའོ། །ཡང་ན། སྲིད་པ་ནི་འབྱུང་བ་སྟེ། སྐྱེ་བའི་རྣམ་གྲངས་སོ། །སྲིད་པའི་རྒྱུའི་ལས་ནི་སྲིད་པ་སྟེ། འབྲས་བུ་ལ་རྒྱུའི་མིང་གིས་ཉེ་བར་བཏགས་པའི་ཕྱིར། སངས་རྒྱས་རྣམས་ནི་འབྱུང་བར་བདེ། །ཞེས་པ་བཞིན་ནོ། །ཞེས་གསུངས་སོ། །གལ་ཏེ་ཉེ་བར་ལེན་པ་མེད་ན་གྲོལ་བར་འགྱུར་ཏེ། སྲིད་པ་ལེན་པར་མི་འགྱུར་བ་ཞིག་ན། ཉེ་བར་ལེན་པ་དང་བཅས་པས་དེའི་སྲིད་པ་འབྱུང་པར་འགྱུར་ཏེ། སྲིད་པ་དེ་གང་ཞེ་ན། སྲིད་པ་དེ་ཡང་ཕུང་པོ་ལྔའོ། །སྲིད་པ་ལས་ནི་སྐྱེ་བ་འབྱུང་ལ། སྐྱེ་བ་ལས་རྒ་ཤི་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་བཅས་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཏེ། དེ་དག་སྐྱེ་བ་ལས་རབ་ཏུ་འབྱུང་བར་ཤེས་པར་བྱའོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་པ་ནི་སྡུག་བསྔལ་གྱི་ཚོགས་ཡིན་ལ། འབའ་ཞིག་པ་ཞེས་བྱ་བ་ནི། བདེ་བ་དང་མ་འདྲེས་པའི་ཐ་ཚིག་གོ །ཞེས་ལེགས་ལྡན་བྱེད་གསུང་ངོ་། །གཞན་གཉིས་ལས་ནི། མ་འདྲེས་པ་ཞེས་པ་ཙམ་ལས་མི་སྣང་ངོ་། །ཟླ་བས་ནི། བདག་དང་བདག་གི་བ་དང་བྲལ་བ་དང་། །ལེགས་ལྡན་བྱེད་ལྟར་དུ་ཡང་འཆད་དོ། །གཉིས་པ་ནི། གང་ཞིག་མི་མཁས་པ་ཁོ་ནས་འཁོར་བའི་སྡུག་བསྔལ་གྱི་རྩ་བ་ལས་མངོན་པར་འདུ་བྱེད་པའི་འདུ་བྱེད་ཡིན་པ་དེའི་ཕྱིར། མཁས་པ་རྣམས་ནི་འཁོར་བའི་རྩ་བ་འདུ་བྱེད་མངོན་པར་འདུ་མི་བྱེད་དོ། །ཅིའི་ཕྱིར་མཁས་པ་དེ་འདུ་བྱེད་པ་མིན་ཞེ་ན། དེ་ཁོ་ན་ཉིད་མཐོང་བའི་ཕྱིར། དེའི་ཕྱིར་མི་མཁས་པ་ཁོ་ནས་འདུ་བྱེད་མངོན་དུ་བྱེད་པ་པོ་ཡིན་ནོ། །གསུམ་པ་ཡན་ལག་འགག་པའི་རིམ་པ་ནི། མ་རིག་པ་འགགས་པར་གྱུར་ན་ནི། འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་ཏེ། རྐྱེན་མེད་པའི་ཕྱིར། ས་བོན་མེད་ན་མྱུ་གུ་མི་འབྱུང་བ་བཞིན་ནོ། །མ་རེག་པ་གང་གིས་འགག་ཅེ་ན། མཁས་པ་ཆོས་ཅན། མ་རེག་པ་འགག་པར་འགྱུར་བ་ཡིན་ཏེ། སྟོང་པ་ཉིད་ཤེས་པའི་ཤེས་རབ་ཀྱིས་རྟེན་འབྲེལ་ལ་དམིགས་ནས། དེ་ཉིད་ཤིན་ཏུ་སྒོམ་པས་སོ། །འདུ་བྱེད་ལ་སོགས་པའི་ཡན་ལག་སྔ་མ་དེ་དང་དེ་ནི་འགག་པར་གྱུར་པས་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་སྟེ། རྐྱེན་མེད་པའི་ཕྱིར་རོ། །དེ་ལྟར་སྲིད་པའི་ཡན་ལག་འགགས་པས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ནི་ཡན་ལག་དེ་ལྟར་དུ་ཡང་དག་པར་འགག་གོ །ལེགས་ལྡན་བྱེད་ཀྱིས། འདི་ནི་ཐ་སྙད་ཀྱི་བདེན་པ་ཡོངས་སུ་བཟུང་ནས་བཤད་པ་ཡིན་ལ། དོན་དམ་པར་ནི། མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་ལ་འགག་པ་ཡང་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།།    །།ལྟ་བ་བརྟག་པའི་རབ་ཏུ་བྱེད་པ་ལ། མདོའི་འབྲེལ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་དེས་ནི་སྔོན་དང་ཕྱི་མའི་མཐའ་དང་། ད་ལྟར་གྱི་མཐའ་ལ་བརྟེན་པར་མི་བྱེད་ཅེས་པའོ། །རབ་ཏུ་བྱེད་པའི་འབྲེལ་ལ། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ཀྱིས་ནི། ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་མཐུན་པའི་མདོའི་མཐའ་ལ་བརྟེན་ནས་ལྟ་བའི་རྣམ་པ་མི་སྲིད་པའི་ཚུལ་སྟོན་ཅིག་ཅེ་ན། འདིར་བཤད་པ་ཞེས་གསུངས་སོ། །ལེགས་ལྡན་བྱེད་ནི། ཕུང་པོ་ལྔ་ནི་ཡོད་པ་ཡིན་ཏེ། ལྟ་བའི་གནས་ཡིན་པའི་ཕྱིར་ཞེ་ན། ལྟ་བ་ཡོད་ན་ལྟ་བའི་གནས་ཀྱང་ཡོད་པར་རིགས་པ་ལས། ལྟ་བ་ཉིད་ཡོད་པ་མིན་པར་བསྟན་པ་ནི། ཞེས་གསུངས་སོ། །ཟླ་བས་ནི། རྟེན་འབྲེལ་མཐོང་བས་སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པར་མི་བྱེད་ཅེས་གསུངས་ན། སྔོན་དང་ཕྱི་མཐའ་ནི་གང་། ཇི་ལྟར་བརྟེན་པར་མི་བྱེད་ཅེ་ན། དེ་བསྟན་པའི་ཕྱིར་དུ་བཤད་པ་ཞེས་གསུངས་སོ། །གཉིས་པ་གཞུང་གི་ཚིག་དོན་ལ། མི་མཐུན་ཕྱོགས་ཀྱི་ལྟ་བ་ངོས་བཟུང་བ། ལྟ་བ་བཟློག་པའི་རིགས་པ་བསྟན་པའོ། །དང་པོ་ནི། ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་གཉིས་ཀྱི་འཆད་ཚུལ་ནི། ཟག་པ་ཐམས་ཅད་སྡོམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་ལས་གསུངས་པ། བདག་འདས་པའི་དུས་ན་བྱུང་ཞེས་པ་དང་། བདག་སྔོན་མ་བྱུང་ཞེས་པའི་རྒྱུ་འདི་ལས་འཇིག་རྟེན་རྟག་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་པ་དང་། མ་འོངས་པ་ན་མི་འབྱུང་ཞེས་པའི་རྒྱུ་འདིས་འཇིག་རྟེན་མཐའ་ཡོད་པ་ལ་སོགས་པར་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །ཞེས་བཤད་དོ། །སློབ་དཔོན་ལེགས་ལྡན་བྱེད་ནི། བདག་འདས་པའི་དུས་ན་བྱུང་ཞེས་པ་དང་། མ་བྱུང་ཞེས་པ་དང་། གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་པ་དང་། འཇིག་རྟེན་རྟག་པ་དང་། ལ་སོགས་པ་མི་རྟག་པ་དང་། གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །ལྟ་བ་ཞེས་པ་ནི། མངོན་པར་ཞེན་པའོ། །སྔོན་གྱི་མཐའ་ནི་ཚེ་སྔ་མ་སྟེ། ད་ལྟར་གྱི་ཕུང་པོ་ལ་ལྟོས་ནས་འདས་པའི་དུས་ན་བྱུང་བའི་ཕུང་པོ་ནི་སྔོན་གྱི་མཐའ་ཡིན་ནོ། །དེ་ལ་བརྟེན་པ་ནི་དེ་ལ་དམིགས་པ་ཡིན་ནོ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་པ་དང་། མི་འབྱུང་ཞེས་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་ཞེས་པ་དང་། འཇིག་རྟེན་མཐའ་ཡོད་པ་དང་སོགས་པ་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །ལྟ་བ་ནི་ཞེན་པའོ། །ཕྱི་མའི་མཐའ་ནི་ཚེ་ཕྱི་མའི་ཕུང་པོའོ། །བརྟེན་པ་ནི་དེ་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་སོ། །ཟླ་བ་ཡང་དེ་དང་མཐུན་ནོ། །གཉིས་པ་ལྟ་བ་བཟློག་པའི་རིགས་པ་བསྟན་པ་ལ། སོ་སོར་དགག་པ་དང་། ཐུན་མོང་དུ་དགག་པའོ། །དང་པོ་ལ་བཞི་སྟེ། སྔོན་གྱི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ། ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ། སྔོན་གྱི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ། ཕྱི་མའི་མཐའ་ལ་བརྟེན་པའི་མཐའ་སོགས་བཞི་དགག་པའོ། །དང་པོ་ནི། བདག་འདས་པའི་དུས་ན་བྱུང་བར་འགྱུར་ཏེ་ཞེས་བྱ་བ་དེ་ནི་མི་འཐད་དོ། །ཞེས་པ་ནི་དམ་བཅའོ། །འཐད་པ་ནི། སྔོན་གྱི་ཚེ་རབས་སྔ་མ་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔར་གྱི་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་རམ་སྙམ་ན། སྔར་གྱི་ཉེར་ལེན་གྱི་ཕུང་པོ་དང་། ད་ལྟར་གྱི་ཉེར་ལེན་གྱི་ཕུང་པོ་གཅིག་ཏུ་ཐལ་བར་འགྱུར་བ་ལས་གཅིག་པ་ཡང་མིན་ཏེ། ཉེ་བར་ལེན་པ་ཐ་དད་པར་འགྱུར་བའི་ཕྱིར། ཉེ་བར་ལེན་པ་ཐ་དད་ཀྱང་བདག་ཅིག་ཡིན་ནོ་ཞེ་ན་མི་འཐད་དེ། ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ་མེད་པས་སོ། །ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་འཆད་དོ། །ལེགས་ལྡན་བྱེད་ནི། སྔོན་ཚེ་རྣམས་སུ་གང་བྱུང་བ་དེ་ཉིད་འདི་ནི་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་དང་། ལས་ཐ་དད་པས་བསྐྱེད་པའི་ཕྱིར། དེ་ལས་གཞན་པ་བཞིན་ནོ། །དེ་ལ་འདི་སྙམ་དུ་ལུས་དང་དབང་པོ་ཐ་དད་ཀྱང་བདག་ཅིག་ཡིན་པའི་ཕྱིར། སྔར་གྱི་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་སྙམ་ན། བདག་སྤྱིར་ཁས་བླངས་ནས་སྨྲ་ན་ནི། ཉེ་བར་ལེན་པ་ཐ་དད་པར་འགྱུར་ཏེ། དུས་དང་ལས་ཐ་དད་པའི་ཕྱིར་རོ། །བདག་མིན་པར་རྗེས་སུ་དཔག་པར་ནུས་ཏེ། སྔོན་གྱི་བདག་གང་ཡིན་པ་ད་ལྟར་གྱི་བདག་མིན་ཏེ། ཉེ་བར་ལེན་པ་ཐ་དད་པའི་ཕྱིར། རྒྱུད་སོ་སོ་བཞིན་ནོ། །ཉེ་བར་ལེན་པ་ལས་མ་གཏོགས་པའི་བདག་ཁས་བླངས་ན་ནི་ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ་ཡོད་པ་མིན་ཏེ། བཀག་ཟིན་པའི་ཕྱིར་རོ། །ཉེ་བར་ལེན་པ་ལས་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ཞེས་བྱས་པའི་ཚེ། བདག་ཏུ་སྨྲ་བ་དག་བདག་མེད་པར་གྱུར་ན་མི་རུང་སྙམ་ནས། ཉེ་བར་ལེན་པ་ཉིད་བདག་ཏུ་རྟོག་པར་བྱེད་པ་ཡིན་ན། འོ་ན་ཁྱོད་ཀྱི་བདག་ནི་མེད་པ་ཡིན་པར་ཐལ། ཉེ་བར་ལེན་པ་ཙམ་དུ་ཟད་པའི་ཕྱིར་རོ། །ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེ་ན། ཉེ་བར་ལེན་པ་དེ་ཉིད་ཆོས་ཅན། བདག་མ་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ཞེས་ལེགས་ལྡན་བྱེད་འཆད་དོ། །ཟླ་བས་ནི། གཙོ་བོར་ལེགས་ལྡན་བྱེད་དང་མཐུན་པར་སྣང་ངོ་། །ཡང་འགྲེལ་པ་གཉིས་ཀྱིས་ནི། ཉེ་བར་ལེན་པ་ཉིད་བདག་ཏུ་འདོད་པའམ། ཡང་ན། ཁྱོད་ཀྱིས་བདག་ནི་མེད་པ་ཡིན་ནོ། །ཉེ་བར་ལེན་པ་ཉིད་བདག་ཡིན་པས་ཉེས་པ་མེད་དོ་ཞེ་ན། ཉེ་བར་ལེན་པ་དེ་གང་ཡིན་པ་དེ་ཉིད་ཆོས་ཅན། བདག་མིན་པར་ཐལ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ཉེ་བར་བླང་བ་གང་ཡིན་པ་དེ་ཉིད་ཇི་ལྟ་བུར་ན་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ། མི་འགྱུར་བར་ཐལ། གལ་ཏེ་ཡིན་ན་སྐྱོན་དུ་མ་ཡོད་པའི་ཕྱིར་ཞེས་གསུངས། སློབ་དཔོན་ལེགས་ལྡན་བྱེད་ནི་ཉེ་བར་བླང་བ་དང་། ཉེ་བར་ལེན་པ་པོ་དག་ཆོས་ཅན། ཇི་ལྟ་བུར་ན་གཅིག་ཡིན་པར་འགྱུར་ཏེ། མི་འགྱུར་བར་ཐལ། ལས་དང་བྱེད་པ་པོ་ཡིན་པའི་ཕྱིར། མེ་དང་བུད་ཤིང་བཞིན་ནོ། །ཟླ་བ་ཡང་དེ་དང་མཐུན་ནོ། །བདག་ཉེ་བར་ལེན་པ་ལས་གཞན་ཡིན་ནོ་ཞེ་ན། སློབ་དཔོན་གཉིས་ཀྱི་འཆད་ཚུལ་ནི། བདག་ནི་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་པར་ཐལ། གལ་ཏེ་གཞན་ཡིན་ན། ཉེ་བར་ལེན་པ་མེད་པར་ཡང་མིག་ལ་སོགས་པའི་དབང་པོས་གཟུང་དུ་ཡོད་པར་རིགས་ན། གཟུང་དུ་མེད་པའི་ཕྱིར་རོ། །གོང་དུ་བཤད་པ་དེ་ལྟར་བདག་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལས་གཞན་ཡང་མིན་ལ། བདག་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ཉིད་ཀྱང་མིན་ནོ། །བདག་ནི་ཉེ་བར་ལེན་པའི་ཕུང་པོ་མེད་པར་ཡང་གདགས་སུ་ཡོད་པ་མིན་ལ། དེ་མེད་པ་ཉིད་དུའང་མཐའ་གཅིག་ཏུ་མ་ངེས་སོ། །ལེགས་ལྡན་བྱེད་ནི། བདག་ནི་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མིན་ཏེ། གཞན་ཡིན་ན་ཉེ་བར་ལེན་པ་ལ་ལྟོས་པ་མེད་པར་བྱ་དགོས་ཏེ། གཞན་ཡིན་པའི་ཕྱིར། དེ་ལས་གཞན་པ་བཞིན་ནོ། །གལ་ཏེ་ཉེ་བར་ལེན་པ་ལ་མ་ལྟོས་པར་གཞན་དུ་གྲུབ་ན། ཉེ་བར་ལེན་པ་མེད་པར་ཡང་ལོགས་ཤིག་ཏུ་གཟུང་དུ་ཡོད་པར་རིགས་ན་གཟུང་དུ་མེད་དོ་ཞེས་འཆད་དོ། །བདག་འདས་པའི་དུས་ན་མ་བྱུང་བ་དགག་པ་ནི། བདག་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་ཡང་མི་འཐད་དེ། སྔོན་ཚེ་རྣམས་སུ་གང་བྱུང་བ་དེ་ལས་ད་ལྟར་གྱི་འདི་གཞན་མ་ཡིན་པའི་ཕྱིར། གལ་ཏེ་ད་ལྟར་གྱི་འདི་ནི་སྔར་གྱི་དེ་ལས་གཞན་ཡིན་པར་གྱུར་ན། སྔར་གྱི་དེ་མེད་པར་ཡང་འབྱུང་བར་འགྱུར་ལ། སྔ་མ་དེ་བཞིན་དུ་བདག་དེ་ནི་གཞན་དུ་གནས་པར་ཡང་འགྱུར་ཞིང་། ཚེ་སྔ་མ་དེར་མ་ཤི་བར་ཚེ་འདིར་དང་པོར་སྐྱེ་བར་ཡང་འགྱུར་རོ། །སྔ་མའི་བདག་ཆད་པ་དང་། སྔ་མའི་ལས་རྣམས་ཆུད་ཟ་བར་ཡང་འགྱུར་རོ། །སྔར་ལས་བྱེད་པ་པོའི་བདག་གིས་ལས་མ་མྱོང་བར་དོན་གཞན་ཕྱི་མ་གཞན་གྱིས་མྱོང་བས་གཞན་གྱིས་བྱས་པའི་ལས་རྣམས་ནི་གཞན་གྱིས་སོ་སོར་མྱོང་བ་དང་། དེས་མ་བྱས་པའི་ལས་ཀྱི་འབྲས་བུ་དང་ཕྲད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །ཡང་ན། བདག་ཕྱི་མ་སྐྱེས་པའི་དུས་སུ་སྔ་མ་མ་ཞིག་གམ། ཞིག སྔ་མའི་སྐྱེ་བ་བླངས་པའི་དུས་སུ་སྔ་མ་དེ་བཞིན་དུ་བདག་དེ་ནི་གནས་པར་འགྱུར་ཞིང་། སྔ་མ་དེར་མ་ཤི་བར་ཚེ་འདིར་དང་པོར་སྐྱེ་བར་ཐལ་བར་འགྱུར། ཕྱི་མ་ལྟར་ན། སྔ་མའི་བདག་ཞིག་ཅིང་། ཕྱི་མ་དོན་གཞན་སྐྱེས་པའི་ཕྱིར། སྔ་མའི་བདག་ཆད་པར་ཐལ། སྔ་མའི་བདག་ཞིག་ནས་ཕྱི་མ་དོན་གཞན་སྐྱེས་པའི་ཕྱིར། སྔར་བྱས་པའི་ལས་རྣམས་ཀྱང་ཆུད་ཟ་བར་འགྱུར་ཏེ། རྣམ་སྨིན་གྱི་དུས་སུ་བྱེད་པ་པོའི་བདག་ཞིག་ནས། ལས་བྱེད་པ་པོས་རྣམ་པར་སྨིན་པ་མི་མྱོང་བའི་ཕྱིར་རོ། །གཞན་གྱིས་བྱས་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་སོ་སོར་མྱོང་བར་འགྱུར་ཏེ། སྔ་མའི་བདག་གཞན་གྱིས་བྱས་པ་ཕྱི་མའི་དོན་གཞན་གྱིས་མྱོང་བའི་ཕྱིར། མ་བྱས་པའི་ལས་ཀྱི་འབྲས་བུ་དང་ཕྲད་པ་ལ་སོགས་པར་འགྱུར་ཏེ། ལས་བྱེད་པ་པོ་མ་ཡིན་པའི་ཕྱི་མའི་དོན་གཞན་གྱིས་རྣམ་སྨིན་མྱོང་བའི་ཕྱིར། གལ་ཏེ་སྔར་ལས་གཞན་ཞིག་འདིར་སྐྱེ་བ་ཡིན་ན། སྔར་མ་བྱུང་བ་ལས་ཕྱིས་གཞན་ཞིག་གསར་དུ་འབྱུང་བ་ཞིག་ན། སྔར་མ་བྱུང་བ་ལས་ཕྱིས་གཞན་ཞིག་གསར་དུ་འབྱུང་བ་མིན་ཏེ། གལ་ཏེ་ཡིན་ན། འདི་ལ་སྐྱོན་དུ་མར་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། བདག་ནི་བྱས་པར་འགྱུར་ཏེ། སྔར་མ་བྱུང་བ་ལས་གསར་དུ་བྱུང་བའི་ཕྱིར། བུམ་པ་བཞིན་ནོ། །ཕྱིས་བྱུང་བའི་བདག་རྒྱུ་མེད་པ་ཅན་དུའང་འགྱུར་ཏེ། བྱེད་པ་པོའི་བདག་དོན་གཞན་དང་དུས་མཉམ་པས་བྱེད་པ་པོ་སྔ་མ་སྔོན་དུ་མ་སོང་བའི་ཕྱིར། བདག་འདས་པའི་དུས་ན་བྱུང་མ་བྱུང་གཉིས་ཀ་དང་གཉིས་ཀ་མིན་པ་དགག་པ་ནི། བདག་བྱུང་བ་དང་བདག་མ་བྱུང་བ་གཉིས་ཀ་མི་འཐད་དེ། གཉིས་ཀ་ལ་སྐྱོན་བསྟན་པ་དེ་ལྟར་ནའོ། །གཉིས་ཀ་མིན་པར་ལྟ་བའང་མི་འཐད་དེ། དགག་བྱ་མེད་པའི་ཕྱིར། དེ་ལྟར་ན་བདག་འདས་པ་ལ་ལྟ་བ་གང་ཡིན་པས་དེ་དག་ནི་འཐད་པ་མིན་ནོ། །གཉིས་པ་ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ་ནི། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་དང་། འབྱུང་བར་མི་འགྱུར་བ་དང་། གཉིས་ཀ་དང་། གཉིས་ཀ་མིན་ཞེས་བྱ་བར་ལྟ་བ་གང་ཡིན་པ་དེ་དག་ནི་ཆོས་ཅན། མི་འཐད་པར་ཐལ། བདག་འདས་པའི་དུས་ན་བྱུང་མ་བྱུང་བཞི་འགོག་བྱེད་ཀྱི་རིགས་པ་དང་མཚུངས་པ་ཡིན་པའི་ཕྱིར་ཇི་ལྟར་མཚུངས་ཤེ་ན། མ་འོངས་དུས་ན་འབྱུང་བར་འགྱུར་ཞེས་བྱ་བ་དེ་ནི་མི་འཐད་དེ། མ་འོངས་རྣམས་སུ་གང་འབྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་སོགས་དང་། མ་འོངས་དུས་ན་མི་འབྱུང་ཞེས་བྱ་བ་དེ་ཡང་མི་འཐད་དེ། མ་འོངས་དུས་སུ་གང་འབྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་སོགས་ཚིགས་སུ་བཅད་པ་གཞན་ཡང་བསྒྱུར་ནས་སྦྱར་རོ། །གསུམ་པ་སྔོན་གྱི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ་ནི། མིའི་འགྲོ་བས་དགེ་བའི་ལས་བྱས་ནས་ལྷའི་འགྲོ་བར་སྐྱེ་བའི་ཚེ་ན། གལ་ཏེ་ལྷ་དེ་ནི་སྔར་གྱི་མི་དེ་ཡིན་པར་གྱུར་ན། དེ་ལྟ་ན་ནི་ལྷ་དེ་རྟག་པར་འགྱུར་ཏེ། ཕྱིས་ཀྱང་སྔ་མའི་བདག་ཉིད་དུ་གནས་པའི་ཕྱིར། ལྷ་དེ་ནི་མ་སྐྱེས་པ་ཉིད་དུའང་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་ཟླ་བའོ། །གཞན་གསུམ་ནི། ལྷ་ཞིག་མིར་སྐྱེས་པའི་ཚེ། གལ་ཏེ་ལྷ་དེ་སྔར་གྱི་མི་དེ་ཉིད་དུ་གནས་པ་ཡིན་ན། དེ་ལྟར་ན། ལྷ་ནི་རྟག་པར་འགྱུར་ཏེ། ཕྱིས་ཀྱང་སྔར་གྱི་དེ་ཉིད་དུ་གནས་པའི་ཕྱིར། ལྷ་ནི་མ་སྐྱེས་པ་ཉིད་དུ་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་སྦྱར་རོ། །གལ་ཏེ་སྔར་གྱི་ལྷ་ལས་ཕྱིས་མི་གཞན་གསར་དུ་སྐྱེས་པ་ཡིན་ན། ཕྱིས་མི་ལས་སྐྱེས་པ་ན་སྔར་གྱི་བདག་འགག་དགོས་པས་དེ་ལྟ་ན་ནི། སྔར་གྱི་ལྷ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་གལ་ཏེ་ལྷ་མི་གཞན་ཡིན་ན། སྔར་གྱི་ལྷ་ཕྱིས་མིར་སྐྱེས་པ་དག་རྒྱུད་ནི་གཅིག་ཏུ་འཐད་པར་ཡང་མི་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་སྔར་གྱི་ལྷར་གནས་པ་ཡིན་ལ། ཕྱོགས་གཅིག་མི་རུ་ནི་སྐྱེ་བ་ཡིན་པར་གྱུར་ན། རྟག་པ་དང་མི་རྟག་པ་གཉིས་ཀར་འགྱུར་བ་ཡིན་པ་ལས། གཉིས་ཀ་ཡིན་པ་དེའང་རིགས་པ་མིན་ཏེ། ཕྱེད་ཤི་བ་དང་། ཕྱེད་གསོན་པ་མི་འཐད་པ་བཞིན་ནོ། །གཉིས་ཀ་མིན་པ་དགག་པ་ནི། གལ་ཏེ་དགག་བྱ་རྟག་པ་དང་། མི་རྟག་པ་གཉིས་ཀ་གྲུབ་པར་གྱུར་ན་ནི། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པའི་ཕུང་པོ་གསུམ་གྲུབ་པར་འགྱུར་བར་འདོད་ལ་རག་པ་ལས། དགག་པ་བཟློག་པའི་སྒོ་ནས་བསྟན་ནོ། །གཞན་ཡང་། གལ་ཏེ་ལྷའི་གང་ཟག་གང་ཞིག་འགྲོ་བ་གང་ནས་གར་འོངས་ཤིང་མིའི་གང་ཟག་ཅི་ཞིག་གང་དུའང་འགྲོ་བར་འགྱུར་ན། དེའི་ཕྱིར་འཁོར་བ་པ་དེ་ལ་ཐོག་མེད་ནས་གནས་པས་རྟག་པར་འགྱུར་བ་ཞིག་ན། ཐོག་མེད་ནས་གནས་པ་དེ་ནི་ཡོད་པ་མིན་ཏེ། ལྷའི་གང་ཟག་གང་ཞིག་ཡུལ་གང་ནས་འོངས་ཤིང་། མི་ལ་སོགས་པའི་འགྲོ་བ་ཅི་ཞིག་ཏུ་གང་དུ་འགྲོ་བར་འགྱུར་བ་མེད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པར་འགྱུར་རོ་སྙམ་ན། གལ་ཏེ་ལྟོས་སའི་རྟག་པ་འགའ་མེད་ན་མི་རྟག་པ་གང་ཞིག་ཡིན་པར་འགྱུར། ཞེས་བརྗོད་དོ། །རྟག་པ་དང་མི་རྟག་པ་གཉིས་ཀ་ཡིན་པ་ཡང་མི་འཐད་དེ། ཕྱོགས་གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར། རྟག་མི་རྟག་དེ་གཉིས་བསལ་བ་སྟེ་བཀག་པར་གྱུར་པའི་ཕུང་པོ་གསུམ་པའང་མིན་ཏེ། དགག་བྱ་རྟག་མི་རྟག་གཉིས་མི་འཐད་པའི་ཕྱིར་ཏེ། དགག་བྱ་མེད་པའི་བཀག་པ་ཡང་མི་འཐད་པའི་ཕྱིར་རོ། །བཞི་པ་ཕྱི་མའི་མཐའ་ལ་བརྟེན་པའི་མཐའ་སོགས་བཞི་དགག་པ་ནི། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །མཐའ་ཡོད་པའི་དགྲ་བཅོམ་ཐ་མའི་ཕུང་པོ་བཞིན་ནོ། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །སྔ་མ་འགགས་པའི་རྗེས་ཐོགས་སུ་ཕྱི་མ་སྐྱེ་བ་ལེན་པ་མེད་པའི་ཕྱིར་ཏེ། སྔ་མ་ཁོ་ན་བཞིན་དུ་གནས་པའི་ཕྱིར། ཅིའི་ཕྱིར་མཐའ་ཡོད་མེད་ཀྱི་ཕྱོགས་གཉིས་ཀ་མི་འཐད་ཅེ་ན། འཇིག་རྟེན་མཐའ་ཡོད་པ་ཉིད་དང་མཐའ་མེད་པ་ཉིད་ཀྱི་ཕྱོགས་གཉིས་ཀ་ཡང་ཁས་ལེན་པར་མི་རིགས་སོ། །གང་གི་ཕྱིར་ན། སྔ་ཕྱིའི་ཕུང་པོ་རྣམས་ཀྱི་རྒྱུན་འདི་ནི། རྒྱུ་རྐྱེན་ཚོགས་པའི་དབང་གིས་སྔ་མ་འགག་པ་ན། ཕྱི་མ་འབྱུང་བ་མར་མེའི་འོད་དང་མཚུངས་པར་འབྱུང་བ་དེའི་ཕྱིར། སྔ་མ་འགགས་པས་ནི་མཐའ་མེད་པ་སེལ་ལ། ཕྱི་མ་འབྱུང་བས་ནི་མཐའ་ཡོད་ཉིད་ཀྱང་སེལ་ལོ། །ལེགས་ལྡན་བྱེད་ཀྱིས་བཤད་པའི་སྦྱོར་ཚིག་ནི། མ་རིག་པ་དང་བཅས་པའི་ཕུང་པོ་རྒྱུན་མི་འཆད་དེ། སྔ་མ་འགགས་པའི་རྗེས་ཐོགས་སུ་འབྲས་བུ་ཕྱི་མ་འབྱུང་བའི་ཕྱིར། མར་མེའི་རྒྱུན་བཞིན་ནོ། །ཞེས་སོ། །དམ་བཅའ་སྔ་མ་གཉིས་ཀྱི་འཐད་པ་བཤད་པ་ནི། གལ་ཏེ་ཕུང་པོ་སྔ་མ་འཇིག་པར་འགྱུར་ཞིང་། དེ་ལྟར་གྱི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན། དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་བ་ལས། དགག་པ་བཟློག་པའི་སྒོ་ནས་བསྟན་ནོ། །གལ་ཏེ་ཕུང་པོ་སྔ་མ་མི་འཇིག་ཅིང་ད་ལྟར་གྱི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་མ་འོངས་པའི་ཕུང་པོ་དེ་ནི་གསར་དུ་མི་འབྱུང་བ་སྔ་མ་དེ་ཉིད་རྟག་ཏུ་གནས་ན། དེས་ན་འཇིག་རྟེན་མཐའ་མེད་པར་ཐལ་བར་འགྱུར་བ་ལས། དགག་པ་བཟློག་པའི་སྒོ་ནས་བསྟན་ནོ། །གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་གྱུར་ན། །འཇིག་རྟེན་མཐའ་ཡོད་པ་དང་། མཐའ་མེད་པ་གཉིས་ཀར་འགྱུར་བ་ལས་གཉིས་ཀ་ཡིན་པ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་དམ་བཅའོ། །འཐད་པ་ལ་གལ་ཏེ་གཉིས་ཀར་འགྱུར་ན། ཉེ་བར་ལེན་པ་པོ་ཕྱོགས་གཉིས་ཀར་འགྱུར་རམ། ཉེ་བར་བླང་བྱ་ཕྱོགས་གཉིས་ཀར་འགྱུར་གྲང་། དང་པོ་ལྟར་ན་ཉེ་བར་ལེན་པ་པོ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་འདོད་པ་དེ་ནི་མི་རིགས་སོ། །དེའི་རྒྱུ་མཚན་ཕྱོགས་གཉིས་ཀར་བསྟན་པའི་རྗེས་སུ་དཔག་པས་གནོད་པའི་ཕྱིར། ཕྱོགས་ཕྱི་མ་ལྟར་ན། ཉེ་བར་བླང་བར་བྱ་བ་ཆོས་ཅན། ཇི་ལྟ་བུར་ན་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་འདོད་པ་དེ་ཡང་མི་རིགས་སོ། །དེའི་རྒྱུ་མཚན་ཕྱོགས་གཉིས་ཀར་བསྟན་པའི་རྗེས་སུ་དཔག་པས་གནོད་པའི་ཕྱིར་ཞེས་ལེགས་ལྡན་བྱེད་འཆད་དོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ནི། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་པར་གྱུར་ན། འཇིག་རྟེན་མཐའ་ཡོད་མཐའ་མེད་གཉིས་ཀར་འགྱུར་བ་ལས། འགྱུར་བ་དེ་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་གཅིག་མི་མཐུན་པ་གཉིས་སུ་ཐལ་བར་འགྱུར་བས་སོ། །དེ་ཉིད་ཀྱི་འཐད་པ་གསལ་བར་བསྟན་པ་ནི། ཕྱོགས་གཅིག་འཇིག་ལ། ཕྱོགས་གཅིག་མི་འཇིག་པར་འདོད་ན། ཉེ་བར་ལེན་པ་པོ་ལ་འདོད་དམ། ཉེ་བར་བླང་བྱ་ལ་འདོད། དང་པོ་ལྟར་ན། ཉེ་བར་ལེན་པ་པོ་ཆོས་ཅན། ཇི་ལྟ་བུར་ན་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་ཡིན་ཏེ་མིན་པར་ཐལ། རྟག་མི་རྟག་གཉིས་སུ་མ་གྲུབ་པའི་ཕྱིར། དེ་ལྟར་ན་ཉེ་བར་ལེན་པ་པོ་དེ་དག་ཡོད་མེད་གཉིས་སུ་འདོད་པ་དེ་ནི་མི་རིགས་སོ། །ཕྱོགས་གཉིས་པ་ལྟར་ན། ཉེ་བར་བླང་བྱ་ཆོས་ཅན། ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་ཇི་ལྟ་བུར་ན་ཡིན་ཏེ་མ་ཡིན་པར་ཐལ། རྟག་མི་རྟག་གཉིས་སུ་མི་འཐད་པའི་ཕྱིར། དེ་ལྟར་ཉེ་བར་བླང་བྱ་དེ་ཡང་ཕྱོགས་གཉིས་སུ་མི་རིགས་སོ། །ཞེས་གསུངས་སོ། །ལེགས་ལྡན་བྱེད་ལྟར་ན། མཐའ་དང་མུ་དང་འཇུག་ཞེས་བྱ་བ་ནི་རྣམ་གྲངས་སོ་ཞེས་གསུངས་ཏེ། དོན་ནི་སྔ་མ་དང་མཐུན་ནོ། །ཟླ་བ་ཡང་དོན་དེ་ཉིད་དོ། །ཤླཽ་ཀ་སྔ་མ་གཞན་དང་གཅིག་ལ། དེའི་འཐད་པ་ལ། ཕྱོགས་གཅིག་འཇིག་པ་དང་། ཕྱོགས་གཅིག་མི་འཇིག་པར་གནས་པར་འདོད་ན། ཉེ་བར་ལེན་པ་པོ་འདོད་དམ། ཉེ་བར་བླང་བྱ་ལ་འདོད། ཕྱོགས་དང་པོ་ལྟར་ན། ཉེ་བར་ལེན་པ་པོ་ལ་དེ་ལྟར་འདོད་པ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཉེ་བར་ལེན་པ་པོ་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ། ཕྱོགས་གཅིག་འཇིག་པར་མི་འགྱུར་བར་ཇི་ལྟ་བུར་ན་འགྱུར་ཏེ་མི་འགྱུར་བའི་ཕྱིར། ལྷག་མའི་འཆད་ཚུལ་ཡང་དེ་བཞིན་ནོ། །གཉིས་ཀ་མ་ཡིན་པ་དགག་པ་ནི། གལ་ཏེ་དགག་བྱ་མཐའ་ཡོད་དང་། མཐའ་མེད་པ་གཉིས་ཀ་འགྲུབ་པར་འགྱུར་ན་ནི། གཉིས་ཀ་བཀག་པའི་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པའི་ཕུང་པོ་གསུམ་པ་གྲུབ་པར་འགྱུར་བར་འདོད་ལ་རག་པ་ལས། དགག་པ་བཟློག་པའི་སྒོ་ནས་བསྟན་ནོ། །གཉིས་པ་ཐུན་མོང་དུ་དགག་པ་ནི། རྟག་པ་ལ་སོགས་པར་ལྟ་བ་གང་དག་ཡུལ་དང་དུས་གང་དུ་དམིགས་པའི་དངོས་པོ་གང་ལ་ལྟ་བ་ནི་རྒྱུ་ཅི་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོ་ཐམས་ཅད་དག་སྟོང་པའི་ཕྱིར། ཞེས་ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ཀྱི་སྒྲ་ཇི་ལྟ་བ་བཞིན་ནོ། །ལེགས་ལྡན་བྱེད་ནི། སོ་སོར་དགག་པ་ལས་རྣམ་གྲངས་ཡང་ན། རྟག་པ་ལ་སོགས་པར་ལྟ་བ་གང་དག་ནི་ཆོས་ཅན། ཡུལ་གང་དུ། གང་ཟག་གང་ལ་ནི། རྒྱུ་གང་ལས། ཅིའི་ཕྱིར་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཡུལ་དང་གང་ཟག་དང་། རྒྱུ་ལ་སོགས་པའི་དངོས་པོ་ཐམས་ཅད་དག་སྟོང་པའི་ཕྱིར་རོ། །ཞེས་སོ། །ཟླ་བ་ཡང་དེའོ།།    །།གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་མཆོད་ནི། གང་གིས་དམ་པའི་ཆོས་ནི་སྟོན་པར་མཛད་པ། བཅོམ་ལྡན་འདས་གོའུ་ཏམ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །དེ་ལ་ལེགས་ལྡན་བྱེད་ཀྱིས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་བ་དང་ཡོན་ཏན་མཐར་ཕྱིན་པའི་རྒྱུ་ཡིན་པའི་ཕྱིར། དམ་པའོ། །ཆོས་ནི་ལེགས་པ་འཛིན་པའམ། དོན་གཉིས་ཕུན་སུམ་ཚོགས་པའི་མཐུ་འཛིན་པས་ན་ཆོས་སོ། །འདི་ནི་འཕགས་པ་ལྷ་མོ་དཔལ་འཕྲེང་སེང་གེ་སྒྲ་ཞེས་བྱ་བའི་མདོ་ལས་བཤད་དོ། །གང་གི་ཕྱིར་དུ་སྟོན་པར་མཛད་ཅེ་ན། བདེན་འཛིན་གྱི་ལྟ་བ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་དུའོ། །ཞེས་གསུངས་སོ། །ག་ལས་འཇིགས་མེད་དང་། སངས་རྒྱས་བསྐྱངས་ནི། གང་གིས་ཐུགས་བརྩེ་བས་ཉེ་བར་བཟུང་ནས། ལྟ་བ་ཐམས་ཅད་སྤང་པའི་ཕྱིར་དུ་དམ་པའི་ཆོས་ནི་སྟོན་པར་མཛད་པ། སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་རྨད་དུ་བྱུང་བ། བསམས་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གདུང་གོའུ་ཏམ་མ་དང་གཅིག་པ་དེ་ལ་ཕྱག་འཚལ་ལོ། །དཔེར་ན་བྱང་ཆུབ་སེམས་དཔའ་དགའ་བྱེད་བཞིན་ནོ་ཞེས་གསུང་ངོ་། །ལྟ་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།།    །།གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་མཛད་བྱང་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཞེས་བྱ་བ། ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ། དོན་དམ་པའི་དེ་ཁོ་ན་ཉིད་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་གསལ་བར་མཛད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་གྱི་ཞིང་གཤེགས་པ། འཇིག་རྟེན་གྱི་ཁམས་དྭང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།།    །།བཞི་པ་ལོ་པཎ་གང་གིས་བསྒྱུར་ཚུལ་ནི། དབང་ཕྱུག་དམ་པའི་མངའ་བདག བོད་ཀྱི་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱུ་གར་གྱི་མཁན་པོ། ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་སྟེ་ཡེ་ཤེས་སྙིང་པོ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།།    །།སླར་ཡང་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི་ཏ་ཆེན་པོ་ཧ་སུ་མ་ཏི་སྟེ། བཞད་པའི་བློ་གྲོས་ཀྱི་ཞལ་སྔ་ནས་དང་། ལོ་ཙྪ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་ཀྱིས་འགྲེལ་པ་དང་བསྟུན་ནས་ཤིན་ཏུ་ལེགས་པར་བཅོས་པའོ།།    །།འདི་ལ་ཤླཽ་ཀ་བཞི་བརྒྱ་བཞི་བཅུ་ཞེ་དགུ་ཡོད་དོ། །བམ་པོ་ཕྱེད་དང་གཉིས་སུ་བྱས་སོ། །འདིར་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བ། རིགས་པ་དང་ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང་སུན་དབྱུང་བ་དང་ལྡན་པ། ལྟ་བ་ངན་པའི་དྲི་མ་སེལ་བར་བྱེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པར་བྱེད་པ། སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཇོ་བོ་རྗེ་ཆེན་པོས་རང་འགྲེལ་དུ་མཛད་པ་འདི་དང་། སློབ་དཔོན་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ། བསྟན་བཅོས་དུ་མའི་རྣམ་བཤད་མཛད་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ། བུད་དྷ་པ་ལི་ཏ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གྲུབ་པ་བསྙེས་པ། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པ། སྐུ་ཚེ་དེ་ཉིད་ལ་རྡོ་རྗེའི་ས་བསྒྲོད་པའི་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་བམ་པོ་ཉི་ཤུ་པ་ཤླཽ་ཀ་དྲུག་སྟོང་ཡོད་པ་འདི་དང་། སློབ་དཔོན་ཟླ་བ་གྲགས་པ། ཐེག་པ་མཆོག་ལ་ཐུགས་བཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ། རི་མོར་བྲིས་པའི་བའི་གཟུགས་བརྙན་ལ་འོ་མ་བཞོས་ནས། བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བའི་འགྲེལ་པ་ཚིག་གསལ་བ་སྟེ། འགྲེལ་ཆེན་བཞིའི་བཞེད་ཚུལ་སོ་སོར་མ་འདྲེས་པར་བཀོད་པའི་རྣམ་བཤད་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ཡང་དག་པར་གྲུབ་པའོ། །དོན་དམ་རྣམ་དཔྱོད་ལྷུར་ལེན་ཀླུ་སྒྲུབ་གསུང་རབ་མ་དྲོས་མཚོ་ཆེན་ལས། །ལྟ་ངན་དྲི་མ་ཀུན་སེལ་འགྲེལ་ཆེན་བཞི་ཡི་ཆུ་བོ་རབ་འབབ་པ། །མང་ཐོས་ཀླུ་དབང་སྟོང་གིས་ཡོངས་གཟུང་བདག་བློ་ཕྱི་ཡི་རྒྱ་མཚོ་ལས། །བྱུང་བའི་རྣམ་བཤད་ཉིན་མོར་བྱེད་འདིས་ལེགས་པར་བཤད་པའི་འོད་སྟོང་འགྱེད། ༈ །གསུང་རབ་ཀུན་གྱི་དོན་གྱིས་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །ཤིང་རྟ་ཆེ་རྣམས་ཀྱིས་ཀྱང་ཇི་བཞིན་རྟོགས་དཀའ་ཤིན་ཏུ་ཟབ་པའི་དོན། །འཕགས་མཆོག་གསུང་གི་དགོངས་དོན་ཇི་བཞིན་ལུང་དང་རིགས་པས་རྣམ་པར་ཕྱེ། །བློ་མིག་རྣམ་དག་འཕགས་པའི་སྤྱོད་ཡུལ་དེང་འདིར་བདག་གིས་གསལ་བར་བཤད། ༈ །རང་བཞིན་གྱིས་གྲུབ་སྤོབས་པ་རྨད་བྱུང་གཞན་ལས་རབ་ཏུ་ལྷག་པའི་མཐུས། །དབུ་མའི་གཞུང་ལུགས་མཐའ་དག་རྟོགས་པ་དེང་སང་འདི་ན་གཞན་ཡོད་མིན། །གངས་རིའི་ཁྲོད་ཀྱི་མཁས་རློམ་རྒྱུ་སྐར་བྱེ་བ་ཕྱག་བརྒྱའི་བློ་ཡིས་ཀྱང་། །བདག་བློ་ཉི་མའི་དཀྱིལ་འཁོར་ལས་བྱུང་རིགས་པའི་ཚ་ཟེར་བཟོད་མ་ཡིན། །ལུང་དང་རིགས་པའི་འོད་ཟེར་འབུམ་འགྱེད་མཁས་པའི་པད་མོ་རྒྱས་བྱེད་པ། །ལྟ་བ་ངན་པའི་མུན་པ་ཀུན་སེལ་རྣམས་བཤད་དེ་ཉིད་སྣང་བ་ཤར། །ཕྲག་དོག་མུན་པའི་བློ་ཅན་རྣམས་ནི་དེང་ནས་གླིང་གཞན་བསྟེན་པར་གྱིས། །དམ་པ་གཟུར་གནས་མཁས་པའི་བློ་ཅན་འདི་ལ་རིང་དུ་གོམས་པར་མཛོད། ༈ །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན་སྟོན་སྐྱོན་བྲལ་རྩོམ་པ་ཕུལ་དུ་བྱུང་། །ཕྱོགས་ཀྱི་གླང་པོའི་རྩོམ་པའི་ཚུལ་བཞིན་ཁོ་བོས་རྟོགས་ཀྱི་གཞན་གྱིས་མིན། །མུན་སྤྲུལ་ཚིག་གིས་བློ་གྲོས་ངལ་ཞིང་འགྲེལ་པ་བྱས་ལོ་འདོད་རྣམས་ཀྱང་། །འདི་ལ་མ་བརྟེན་རྩོམ་པའི་མཐུ་མེད་དེང་ནས་འདི་ལ་འཇུག་པར་རིགས། །འདིར་འབད་དགེ་བ་གང་ཞིག་ཐོབ་པ་དེས་ནི་འགྲོ་བ་ཐམས་ཅད་ལ། །སྤྲོས་པ་ཉེར་ཞི་ཞི་བའི་མཁའ་ལས་གཟུགས་སྐུའི་ཉིན་བྱེད་གསལ་གྱུར་ཅིང་། །རབ་དཀར་ལྷག་བསམ་གངས་རིའི་རྩེ་ནས་དྲི་མེད་དགེ་ཚོགས་ཆུ་བོའི་རྒྱུན། །ཕན་བདེའི་ལོ་ཏོག་ཀུན་ནས་རྒྱས་པའི་སླད་དུ་ཉེ་བར་གནས་གྱུར་ཅིག ༈ །སྐད་གཉིས་སྨྲ་བའི་དབང་པོ་པ་ཚབ་ཉི་མ་གྲགས་ཀྱི་ལེགས་བཤད་ཀྱི་བདུད་བརྩིས་བློ་གྲོས་ཀྱི་དབང་པོ་རབ་ཏུ་རྒྱས་པ། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་ཀྱི་མན་ངག་གཅིག་ནས་གཅིག་ཏུ་རྒྱུད་པའི་རིམ་པ་ལས་རྙེད་པ། དྲི་མ་མེད་པའི་ལེགས་བཤད་འདི་ནི། སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་། མཐའ་བྲལ་དབུ་མའི་གཞུང་ལུགས་མཐའ་དག་ཁོང་དུ་ཆུད་པས་མི་འཇིགས་སེང་གེའི་སྒྲ་སྒྲོགས་པ། སྒྲ་ཚད་གཉིས་ཀྱི་ལུས་སྟོབས་རབ་ཏུ་རྒྱས་ཤིང་། རྟོག་གེའི་རིགས་པས་ཕས་ཀྱི་རྒོལ་བའི་དཔུང་ཚོགས་རབ་ཏུ་འཇོམས་པའི་སྟོབས་དང་ལྡན་པའི་གླང་པོ། མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། རིམ་པ་གཉིས་ཀྱི་སྒྲིབ་གཉིས་ཀྱི་གཡུལ་ངོ་བཟློག་པ། ཐེག་པ་ཆེན་པོའི་དོན་ལ་ཡིད་ཆེས་རྙེད་པ། སྡོམ་པ་གསུམ་དང་ལྡན་པའི་དགེ་སློང་། ཤར་རྒྱལ་མོ་རོང་པ་ཤཱཀྱའི་རྒྱལ་མཚན་དཔལ་བཟང་པོས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་མགོ་བརྩམས་ཏེ། བྲང་ཏི་དར་མ་སྙིང་པོས་བསྟེན་པའི་གནས་མཆོག་དམ་པ་ངུར་སྨྲིག་གི་གཙུག་ལག་ཁང་དུ། བསྟན་པའི་སྦྱིན་བདག་ཆེན་པོ་གཞན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བ་རིན་དཔུངས་ནམ་མཁའ་རྒྱལ་པོ་དང་། གཡུང་པ་དཔོན་དགེ་སྦྱོང་བས་མཐུན་པའི་རྐྱེན་རྣམས་ལེགས་པར་སྦྱར་ནས། མཐར་རྩང་ཆོས་ལུང་དགོན་པར་བཀྲ་ཤིས་པའི་ཉི་མ་ལ་རྫོགས་པར་སྦྱར་བའོ། །འདིས་ཀྱང་ཐེག་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།    །།ན་མོ་མཉྫཱུ་གྷོ་ཥ་ཡ། མཁྱེན་པའི་སྤྱན་གྱིས་ཆོས་ཀུན་གསལ་བར་གཟིགས། །བརྩེ་བའི་ཕྱག་གིས་འགྲོ་བའི་ནད་ཀུན་སེལ། །རྨད་བྱུང་མཛད་པས་ཕན་བདེ་ཀུན་སྒྲུབ་པ། །ཀུན་མཁྱེན་བུ་རམ་ཤིང་པའི་ཞབས་ལ་འདུད། །ཐུབ་པའི་དགོངས་པ་ལེགས་བཤད་བདུད་རྩིའི་མཚོ། །མཐའ་བྲལ་དབུ་མའི་འཇུག་ངོགས་ལས་དྲངས་ནས། །སྐལ་ལྡན་འགྲོ་བའི་སྐྱེད་ཚལ་ཐམས་ཅད་ལ། །དང་པོར་འདྲེན་མཛད་ཀླུ་སྒྲུབ་རྒྱལ་གྱུར་ཅིག །ཐལ་འགྱུར་འོད་བརྒྱའི་ཕྲེང་བ་ཁོ་ན་ཡིས། །འཕགས་པའི་དགོངས་པ་ཀུན་ནས་གསལ་མཛད་པ། །སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བའི་ཞབས། །རིགས་པའི་ཁུ་བྱུག་རྒྱུད་པར་བཅས་ལ་འདུད། །ཐལ་རང་ཉི་ཟླའི་འགྲོས་གཉིས་ལ་བརྟེན་ནས། །མཐར་ལྟའི་བ་མོ་མཐའ་དག་རབ་འདེད་ཅིང་། །ཡང་དག་ལྟ་བའི་ཀུ་མུད་རྒྱས་མཛད་པ། །འཕགས་པའི་སྲས་མཆོག་ལེགས་ལྡན་བྱེད་ལ་འདུད། །རང་རྒྱུད་གཞུང་གི་རྗེས་འབྲང་གྲུབ་པའི་མཆོག །དཔལ་སྦས་ཡེ་ཤེས་སྙིང་པོ་ཞི་བ་འཚོ། །སེང་བཟང་པདྨའི་ངང་ཚུལ་ལ་སོགས་པ། །མཁས་པའི་གཙུག་རྒྱན་རྣམས་ལ་ཕྱག་འཚལ་ལོ། །ལྷར་བཅས་འགྲོ་བ་ཀུན་གྱིས་རབ་མཆོད་ཅིང་། །མཁས་གྲུབ་ཀུན་གྱི་གཙུག་གིས་གུས་བསྟེན་པའི། །ཀུན་མཁྱེན་གཉིས་པ་རོང་སྟོན་ཆོས་རྗེའི་ཞབས། །སྐྱེ་དགུའི་གཙུག་ན་རྟག་ཏུ་བརྟན་གྱུར་ཅིག །ཡིད་འཕྲོག་གཟུགས་མཛེས་སྙན་པའི་སྒྲ་དབྱངས་དང་། །དྲི་ཞིམ་བཅུད་ལྡན་རོ་བརྒྱ་ལྡན་པའི་ཟས། །འཇམ་གཉེན་འཁྲིལ་ཆགས་ལུས་སེམས་བརྟས་བྱེད་པའི། །ཕུལ་བྱུང་མཆོད་རྫས་ཀུན་གྱིས་རྟག་ཏུ་མཆོད། །ཉེས་པར་གྱུར་པ་ཐམས་ཅད་སོ་སོར་བཤགས། །རྣམ་དཀར་མཛད་པ་ཀུན་ལ་ཡིད་རང་ངོ་། །ཆོས་འཁོར་རྒྱ་ཆེན་རྟག་ཏུ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། ༈ །ས་ཡི་ཐིག་ལེ་ཡར་ལུངས་ཆུ་གླིང་བ། །ལུང་རིགས་སྨྲ་བ་ནམ་མཁའ་དཔལ་ལྡན་གྱིས། །འདི་དང་རྒྱུད་བླའི་བར་སོགས་བསྒྲུབས་པ་དང་། །གཞན་ཡང་དགེ་ཚོགས་ཇི་སྙེད་མཆིས་པའི་མཐུས། ༈ །ཐུབ་བསྟན་རྒྱས་ཤིང་མཚུངས་མེད་ཆོས་ཀྱི་རྗེའི། །སྐུ་ཚེ་རིང་ཞིང་བཞེད་དོན་ཀུན་འགྲུབ་ཤོག །འགྲོ་ཀུན་ཕན་བདེས་རྟག་ཏུ་ཉེར་འཚོ་ཞིང་། །རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་པཎྜི་ཏ་ནམ་མཁའ་བརྟན་པ་དང་། སྡེ་སྣོད་འཛིན་པ་རྡོ་རྗེ་རྒྱལ་མཚན། བསོད་ནམས་བློ་གྲོས་རྣམས་ཀྱིས་ཞུས་དག་བགྱིས་ཏེ། ལྷ་མོ་ལུང་པ་དགེ་བསྙེན་གྱིས་བྲི་པས། དཔོན་མོ་ཆེ་དགེ་འདུན་འོད་ཟེར། ལེགས་བཟངས་བརྩོན་འགྲུས་བཟང་པོ། བཟང་རིན་རྣམས་ཀྱིས་བརྐོས་ཏེ། མེ་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་དཀར་ཕྱོགས་ལ། དཔལ་ནཱ་ལེཎྜ་རྣམ་པར་རྒྱལ་པའི་ཆོས་སྡེ་ཆེན་པོར་ལེགས་པར་གྲུབ་པའོ།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号