ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༄༅། སཾ ག ཏཱ ལཾ ཀཱ ར མ དྡྷ མ ཀ མཱུ ལ པྲ ཛྙཱ སྱ པྲ ཏྟི ནཱ མ བི ཧ ར ཏི སྨ།།
༄༅། །དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།། དབུ་མ་རྩ་བའི་འགྲེལ་བ་འཐད་པའི་རྒྱན་ཅེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ངེས་དོན་ཡང་དག་མཐའ། །གཟིགས་ནས་འགྲོ་ལ་དམིགས་མེད་ཐུགས་རྗེ་ཡིས། །ཡང་དག་རིགས་པའི་སྒྲོན་མ་གསལ་མཛད་པ། །རྒྱལ་སྲས་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །མཐའ་གཉིས་བརྟགས་པའི་རི་བོ་ཀུན་འཇོམས་ཤིང་། །རྟག་ཆད་སྲིད་ཞིར་མི་གནས་དབུ་མ་ཡི། །གཞི་ལམ་འབྲས་བུ་ཇི་བཞིན་གསལ་བྱེད་པ། །ཤེས་རབ་རྩ་བ་ཟབ་ཡངས་རྡོ་རྗེའི་ཚིག །ལུང་རིགས་བླ་མའི་མན་ངག་ལ་བརྟེན་ནས། །བློ་ལྡན་དོན་གཉེར་སྐྱེ་བོས་བསྐུལ་བས་ན། །གཞན་ལ་ཕན་ཕྱིར་འཐད་པ་དང་ལྡན་པར། །སྒྲོ་སྐུར་མེད་པའི་ཚུལ་གྱིས་བདག་གིས་བཤད། །སྤྱིར་མདོའམ་བསྟན་བཅོས་འཆད་པ་རྣམས་ཀྱིས་བཤད་པ་ལ་འཇུག་པའི་སྔོན་དུ་སྤྱི་དོན་གསུམ་བསམ་པར་བྱ་སྟེ། གང་བཤད་བྱ་དང་མཉན་བྱའི་ཆོས་ཉིད་ངོས་གཟུང་བ་དང་། དེ་ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་དང་། ཚུལ་དེས་ཉན་བཤད་བྱས་པའི་འབྲས་བུའོ། །དང་པོ་ལ་ཡང་ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ་དང་། སྒྲ་བཤད་པའི་དོན་དང་། སྐབས་ཀྱི་ཆོས་ངོས་གཟུང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པའི་ཚུལ་གྱིས་མདོ་བསྟན་བཅོས་ནས་ཆོས་ཀྱི་སྒྲ་གང་ཇི་སྙེད་ཅིག་འབྱུང་བ་དེ་ཐམས་ཅད་ཡུལ་བཅུ་པོ་དེ་ལ་ཅི་རིགས་པར་འཇུག་པར་བལྟའོ། །གཉིས་པ་ནི། དྷརྨ་ཞེས་པའི་སྒྲ་དྷ་ར་ཎ་འཛིན་པ་ཡིན་པས་རང་གི་མཚན་ཉིད་འཛིན་པ་དང་། ལྟུང་བ་ལས་འཛིན་པ་ལས། དང་པོ་ནི། ཆོས་ཐམས་ཅད་བདག་མེད་པ་ཞེས་པ་ལྟ་བུ་ཤེས་བྱ་ཟག་བཅས་ཟག་མེད་ཐམས་ཅད་རང་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ན་ཆོས་སོ། །གཉིས་པ་ལ་ཡང་བྱེ་བྲག་འགྲོ་བ་ངན་པར་ལྟུང་བ་ལས་འཛིན་པ་དང་། སྤྱིར་འགྲོ་བ་ལྔའི་འཁོར་བར་ལྟུང་བ་ལས་འཛིན་པ་གཉིས་ལས། དང་པོ་ནི། འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །ཅེས་པ་ལྟ་བུ་ལས་འབྲས་ལ་ཡིད་ཆེས་པའི་དད་པའམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་ཕྱི་རོལ་པ་ཁ་ཅིག་ལ་ཡང་ཡོད་དུ་རུང་བ་དགེ་བ་བཅུ་སྤྱོད་པ་དང་། འཇིག་རྟེན་གྱི་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལྟ་བུའོ། །གཉིས་པ་ནི། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལྟ་བུ་སངས་རྒྱས་པའི་སྐྱབས་གནས་ཀྱི་ཆོས་མཐུན་མོང་མ་ཡིན་པ་རྟོགས་པའི་ཆོས་རྣམ་བྱང་གི་བདེན་པ་གཉིས་དང་དེ་ལ་འཇུག་པ་ལུང་གི་ཆོས་ཏེ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གང་གསུངས་པའོ། །གསུམ་པ་འདིར་སྐབས་སུ་བབ་པ་ནི། གསུང་རབ་བམ་ལུང་གི་ཆོས་ཡིན་ལ། དེ་ཡང་། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ལོ། །ཞེས་པའི་ཚུལ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ་དང་། དེའི་དོན་ངེས་པར་འགྲེལ་པའི་བསྟན་བཅོས་གཉིས་ལས། དང་པོ་ལ་བཀའི་མཚན་ཉིད་དང་། མཚོན་བྱའི་སྒྲའི་དོན་དང་། མཚན་གཞིའི་རབ་ཏུ་དབྱེ་བ་གསུམ་གྱིས་ཤེས་པར་བྱ་བ་ལ། དང་པོ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འདྲེལ་ཞིང་། །ཁམས་གསུམ་ཉོན་མོངས་ཀུན་ནས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཅེས་པའི་ཚུལ་གྱིས་བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་སྟོན་པ་དང་། རྗོད་བྱེད་ངག་ཚིག་ཡི་གེ་དྲི་མ་མེད་པ་དང་། བྱེད་པ་ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ནས་སྤོང་བར་བྱེད་པ་དང་། འབྲས་བུ་མྱང་འདས་གསུམ་སྟོན་པའམ་ཐོབ་པར་བྱེད་པ་སྟེ་སྤོབས་པ་བཞི་ལྡན་གྱི་ངག་དེའི་མཚན་ཉིད་ཡིན་ནོ་ཞེས་མདོ་བསྟན་བཅོས་ནས་གསུངས་པ་ནི་ཕྱི་རོལ་གྱི་གཞུང་ལས་ཁྱད་པར་དུ་བྱ་བའི་དོན་དུ་དེའི་ཉེ་བར་མཚོན་བྱེད་ཙམ་དུ་ཟད་པས་དེའི་རིགས་མི་མཐུན་སེལ་བའི་མཚན་ཉིད་ནི། དངོས་སུ་སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་བའི་ཆོས་སོ། །གཉིས་པ་ནི། ཞལ་ནས་གསུངས་པའི་དོན་གྱིས་ན་བཀའོ། །གསུམ་པ་ལ་དབྱེ་སྒོ་དུ་མ་ཡོད་པ་ལས། རེ་ཞིག་བྱེད་པ་ཆེ་བ་བདག་རྐྱེན་གྱི་དབང་གིས་དངོས་སུ་ཞལ་ནས་གསུངས་པའི་དང་། བྱིན་གྱིས་བརླབས་པའི་དང་། རྗེས་སུ་གནང་བའི་བཀའ་གསུམ་དང་། དུས་ཀྱི་དབང་གིས་གདུལ་བྱ་ཐེག་པ་དམན་པ་ལ་མོས་པ་ལྔ་སྡེ་བཟང་པོ་ལ་སོགས་པ་ལ་ཡུལ་ཝཱ་ར་ཎ་སཱི་དྲང་སྲོང་ལྷུང་བའི་ནགས་རི་དྭགས་རྒྱུ་བའི་ཚལ་དུ་བརྗོད་བྱ་སྤྱོད་པ་སེམས་ཅན་ལ་འཚེ་བ་སྤོང་བ་དང་། ལྟ་བ་ཕུང་པོ་བྱེད་པ་པོ་དང་ཟབ་པོའི་གང་ཟག་གི་བདག་གིས་སྟོང་པའི་མི་རྟག་པའི་ཆོས་ཙམ་མམ་བདེན་བཞི་རྣམ་པ་བཅུ་དྲུག་ཙམ་སྟོན་པ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བཟླས་ཏེ་ལན་བཅུ་གཉིས་སུ་བསྐོར་བ་དང་། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་མཆོག་ཏུ་གྱུར་པ་ལ་གནས་བྱ་རྒོད་ཕུང་པོའི་རིར་བརྗོད་བྱ་སྤྱོད་པ་རྒྱ་ཆེན་པོ་གཞན་དོན་སྙིང་རྗེ་ཆེན་པོ་དང་། ལྟ་བ་ཟབ་མོ་གང་ཟག་དང་ཆོས་ཀྱི་སྤྲོས་པ་མཐའ་དག་གིས་སྟོང་པར་སྟོན་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་མདོ་རྒྱས་འབྲིང་བསྡུས་པར་བསྐོར་བ་དང་། གདུལ་བྱ་ཐེག་པ་སྣ་ཚོགས་ལ་མོས་པའི་རིགས་ཅན་ལ་ཡུལ་ལངྐ་བུ་རི་ལ་སོགས་པར་བརྗོད་བྱ་སྤྱོད་པ་གཞན་དོན་རྒྱ་ཆེན་པོ་དང་། ལྟ་བ་བཀའ་དང་པོར་གང་ཟག་གིས་སྟོང་པའི་ཕུང་པོ་ལྔའམ་བདེན་བཞིའི་ཆོས་ཙམ་ཡོད་པར་བཤད་པ་དང་། གཉིས་པར་དེ་ཡང་མེད་པར་བཤད་པ་གཉིས་འགལ་ལོ་སྙམ་དུ་དོགས་པ་ལ་རྣལ་འབྱོར་སྤྱོད་པ་བ་དག་བཀའ་གསུམ་པའི་དགོངས་པ་སེམས་ཙམ་དུ་བྱས་ནས་བཀའ་གཉིས་པར་དེ་དག་མེད་པར་བཤད་པ་ནི་ཀུན་བརྟགས་གཟུང་འཛིན་གཉིས་མེད་པ་ལ་དགོངས་པ་ཡིན་གྱི་ཉོན་མོངས་རྣམ་བྱང་གི་རྟེན་གཞན་དབང་གཉིས་མེད་ཀྱི་ཤེས་པའང་མེད་པར་སྟོན་པ་མ་ཡིན་པས་དེ་གཉིས་མི་འགལ་ཞེས་འཆད་མོད་ཀྱི་ལུང་དང་རིགས་པས་མདོའི་དགོངས་པ་ཕྱིན་ཅི་མ་ལོག་པར་འཆད་པ་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་པའི་མཁས་པ་རྣམས་ནི་བཀའ་དང་པོར་གང་ཟག་གིས་སྟོང་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དམ། ཉོན་མོངས་རྣམ་བྱང་གིས་བསྡུས་པའི་རྟེན་འབྲེལ་བདེན་པ་བཞིའི་ཆོས་ཙམ་ཡོད་པར་གསུངས་པ་ནི་ཀུན་རྫོབ་འཁྲུལ་པའི་ངོ་དང་། གཉིས་པར་དེ་དག་མེད་པར་གསུངས་པ་ནི་དོན་དམ་པ་རིགས་པའི་ཤེས་པ་མ་འཁྲུལ་བའི་ངོར་ཡིན་པས་མི་འགལ་ལོ་ཞེས་སྟོན་པ་བཀའ་ཐ་མ་ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་སྟེ་བཀའ་རིམ་པ་གསུམ་དང་། བརྗོད་བྱའི་དབང་གིས་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་སྟོན་པ་དྲང་བ་དོན་གྱི་མདོ་སྡེ་དང་། དོན་དམ་པའི་བདེན་པ་ཟབ་མོ་སྟོང་ཉིད་སྟོན་པ་ངེས་པ་དོན་གྱི་མདོ་སྡེ་གཉིས་དང་། རྗོད་བྱེད་ཀྱི་དབང་གིས་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་དང་། ཕྱོགས་ཀྱི་དབང་གིས་བསླབ་པ་རིན་པོ་ཆེ་གསུམ་གཙོར་སྟོན་པའམ། ཡང་ན་བསླབ་པ་རིན་པོ་ཆེ་གསུམ་ཀའི་དོན་མདོར་སྟོན་པ་མདོ་སྡེ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་རྒྱས་པར་སྒྲུབ་པ་འདུལ་བ་དང་། ཤེས་རབ་ཀྱི་བསླབ་པ་རྒྱས་པར་སྒྲུབ་པ་མངོན་པ་སྟེ་སྡེ་སྣོད་རིན་པོ་ཆེ་གསུམ་དང་། དམན་པ་དང་མཆོག་གི་དབང་གིས་ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ཡིན་ལ། ཕྱི་མ་འདི་ལ་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་གཉིས་སོ། །བསྟན་བཅོས་ཀྱི་སྤྱིའི་དོན་ངེས་པར་བྱ་བ་ལའང་གསུམ་སྟེ། བསྟན་བཅོས་ཀྱི་མཚན་ཉིད་དང་། མཚོན་བྱའི་སྒྲའི་དོན་དང་། མཚན་གཞིའི་དབྱེ་བའོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་རྩོམ་པ་པོ་ཚད་དང་ལྡན་པའི་གང་ཟག་གིས་བཀོད་པ་སྟེ། གང་ཞིག་རྒྱལ་བས་གསུངས་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་ལོང་། །ཞེས་གང་གསུངས་པའོ། །གཉིས་པ་ནི། ཤཱསྠྲཡཱ་ཞེས་པའི་སྒྲ་འཇོམས་པའམ་སེལ་བའམ་འཆོས་པ་ལ་འཇུག་པས་ཉོན་མོངས་པའི་དགྲ་མ་ལུས་པ་འཇོམས་པའམ་རྣམ་པར་རྟོག་པ་སེལ་བའམ། དེ་གཉིས་ཀྱི་སྒོ་ནས་སློབ་མའི་བློ་འཆོས་པའམ། ཡང་ན་སྠྱཱ་ན་སྐྱོབ་པ་ཡིན་པས་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པར་བྱེད་པ་སྟེ། རྟོག་རྣམས་སེལ་བར་བྱེད་པ་དང་། །འཛིན་པ་འཆོས་ཕྱིར་བསྟན་འཆོས་སོ། །ཞེས་དང་། ཉོན་མོངས་དགྲ་རྣམས་མ་ལུས་འཇོམས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པར་བྱེད་པ་ཡི། །འཆོས་སྐྱོབ་ཡོན་ཏན་ལྡན་ཕྱིར་བསྟན་འཆོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟ་བུའོ། །འདི་བཀའ་ལའང་ཡོད་མོད་ཀྱི་སྒྲའི་དོན་བཤད་པ་ཉིད་ཀྱིས་ཕྱི་རོལ་པའི་གཞུང་ལས་ཁྱད་པར་དུ་འཕགས་པ་བསྟན་པ་ཡིན་གྱི་མཚན་ཉིད་དུ་བཀོད་པ་མ་ཡིན་པས་སྐྱོན་མེད་དོ། །གསུམ་པ་ལ་དབྱེ་སྒོ་དུ་མ་ཡོད་པ་ལས། རེ་ཞིག་བྱེད་པ་ཆེ་བའི་སྒོ་ནས་དབྱེ་བ་ལ་བཤད་བྱ་བཀའི་དབང་གིས་དབྱེ་ན། བཀའ་ཙམ་གྱི་ཐུན་མོང་གི་དོན་འགྲེལ་པ་དང་། བྱེ་བྲག་སོ་སོའི་དགོངས་འགྲེལ་གཉིས་ལས། དང་པོ་ནི། བཀའ་ཙམ་གྱི་ཚིག་དང་དོན་གྱི་ཆ་གསལ་བར་བྱེད་པ་སྒྲ་དང་ཚད་མ་ལྟ་བུའོ། །གཉིས་པ་ལ། དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོའི་སྤྱོད་པ་དང་ལྟ་བའི་ཚུལ་གསལ་བར་བྱེད་པ་འདུལ་བ་མདོ་དང་། ཆོས་མངོན་པ་མཛོད་ཀྱི་བསྟན་འཆོས་ལ་སོགས་པའོ། །གཉིས་པ་མཚན་ཉིད་མེད་པའི་མདོའི་དོན་གསལ་བར་བྱེད་པ་ལ་གཉིས་ཏེ། མདོས་དངོས་སུ་བརྗོད་པ་ཤེས་རབ་བམ་ལྟ་བའི་དམིགས་པ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རིགས་པའི་སྒོ་ནས་གསལ་བར་བྱེད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིགས་པའི་ཚོགས་རྗེས་སུ་འབྲངས་པ་དང་བཅས་པ་དང་། ཤུགས་ལ་ཚིག་གི་དོན་དུ་བསྟན་པ་ཡུལ་ཅན་ལམ་དང་འབྲས་བུས་བསྡུས་པ་མངོན་པར་རྟོགས་པའི་རིམ་པ་མངོན་རྟོགས་བརྒྱད་དུ་ཕྱེ་ནས་སྟོན་པ་འཕགས་པ་བྱམས་པའི་མངོན་པར་རྟོགས་པའི་རྒྱན་རྗེས་སུ་འབྲངས་པ་དང་བཅས་པའོ། །གསུམ་པ་བཀའ་ཐ་མ་ངེས་པ་དོན་གྱི་དགོངས་འགྲེལ་ལ་ལྟ་བ་སེམས་ཙམ་ལ་བརྟེན་ནས་ལྟ་བ་དང་སྤྱོད་པའི་ཚུལ་ཅི་རིགས་སུ་གསལ་བར་བྱེད་པ་འཕགས་པ་བྱམས་པའི་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། མདོ་སྡེའི་རྒྱན་དང་། ཆོས་ཅན་དང་ཆོས་ཉིད་རྣམ་པར་འབྱེད་པ་གསུམ་དང་། དེ་དག་གི་རྗེས་སུ་འབྲངས་པ་སློབ་དཔོན་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་སྡོམ་གཉིས་དང་བཅས་པ་དང་། སློབ་དཔོན་དབྱིག་གཉེན་གྱི་པྲ་ཀར་ཎ་སྡེ་བརྒྱད་ལ་སོགས་པའོ། །བཀའ་ཐ་མའི་དགོངས་པ་དབུ་མར་འཆད་པ་འཕགས་པ་བྱམས་པའི་རྒྱུད་བླ་མ་དང་། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་ལ་སོགས་པའོ། །བྱེད་པའི་དབང་གིས་ཟབ་མོ་རྣམས་པར་འབྱེད་པའི་དང་། རྒྱ་ཆེན་པོ་སྡུད་པའི་དང་། འཁྲུགས་པ་སྡེབ་པའི་བསྟན་བཅོས་གསུམ་དང་། ཕྱོགས་ཀྱི་དབང་གིས་སྔར་བཤད་པ་ལྟར་སྡེ་སྣོད་གསུམ་གྱི་དོན་གསལ་བར་བྱེད་པ་གསུམ་དང་། བརྗོད་བྱའི་དབང་གིས་དྲང་དོན་ངེས་དོན་གྱི་མདོའི་ཆ་གསལ་བར་བྱེད་པ་གཉིས་ལས། ཐེག་པ་ཆུང་ངུ་དང་ཆེན་པོའི་དོན་གསལ་བར་བྱེད་པ་གཉིས་དང་། མཆོག་དམན་གྱི་དབང་གིས། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་པའི་ཚུལ་གྱིས་རྣམ་པ་དགུའོ། །དེ་ལྟར་ལུང་གི་ཆོས་ལ་བཀའ་དང་བསྟན་བཅོས་གཉིས་ལས། འདིར་བཤད་པར་བྱ་བ་སྐབས་སུ་བབ་པ་ནི་བསྟན་བཅོས་ཡིན་པས་དེའི་དོན་ངེས་པར་བྱ་བ་ལ་གསུམ་སྟེ། དེ་མཛད་པ་པོའི་ཁྱད་པར་དང་། ཇི་ལྟར་མཛད་པའི་ཚུལ་དང་། མཛད་པ་བསྟན་བཅོས་ཀྱི་རང་བཞིན་ནོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ལ། དེའི་ཁྱད་པར་ལ་མཁས་པ་ཁ་ཅིག་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བར་སྐྱེ་བ་བརྙེས་པ་དང་། དགེ་སློང་བློ་འཆང་དུ་སྐྱེ་བ་བརྙེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཏུ་སྐྱེ་བ་བརྙེས་པ་སྟེ་གནས་སྐབས་ཀྱི་ཁྱད་པར་གསུམ་དང་། ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་དང་། བདེ་བར་གཤེགས་པའི་མདོ་རྒྱུད་དུ་མ་ལས་ལུང་བསྟན་པ་ཐོབ་པས་རང་བཞིན་གྱི་ཁྱད་པར་གཉིས་ཏེ་ཁྱད་པར་ལྔ་དང་ལྡན་པ་ཞེས་འཆད་དོ། །ཡང་མཁས་པ་ཁ་ཅིག་བརྙེས་པ་ཡོན་ཏན་གྱི་དང་། མཛད་པ་ཕྲིན་ལས་ཀྱི་དང་། རྗེས་སུ་བསྔགས་པའི་ཁྱད་པར་གསུམ་དང་ལྡན་པའོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་འདི་ནི་བྲམ་ཟེའི་རིགས་ཡིན་ལ། དེའི་ཁྱིམ་གྱི་བདེ་བ་ལ་མ་ཆགས་པར་ཁབ་མེད་པར་རབ་ཏུ་གཤེགས་ཏེ་བསྙེན་པར་རྫོགས་པའི་དགེ་སློང་དུ་གྱུར་པ་ལས་དཀའ་བ་སྤྱད་པ་བརྒྱ་ཕྲག་ཕྱེད་དང་གསུམ་ལ་བཅས་པའི་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་གྱིས་ཀྱང་མ་གོས་པ་དང་། གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པའི་ཆོས་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་སྤངས་པའི་ཁྱད་པར་དང་། སྤྱིར་རིགས་པའི་གནས་ལྔ་ལ་མཁས་པ་དང་། བྱེ་བྲག་ནང་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་རྟོགས་པའི་སྣང་བ་ཐོབ་པ་དང་། དེའི་ཡང་ཁྱད་པར་ཐེག་པ་ཆེན་པོ་ངེས་དོན་གྱི་མདོ་སྡེ་དང་རྒྱུད་སྡེ་ཕྱིན་ཅི་མ་ལོག་པར་རྟོགས་པས་ལུང་གི་ཆོས་ཐུགས་སུ་ཆུད་པ་དང་། ས་དང་པོ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ཤིང་དུས་གཅིག་ཏུ་སངས་རྒྱས་བརྒྱའི་ཞལ་མཐོང་བ་ལ་སོགས་པ་དེའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པས་རྟོགས་པའི་ཆོས་ཐུགས་སུ་ཆུད་པ་རྟོགས་པའི་ཁྱད་པར་རོ། །གཉིས་པ་ལ། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་པའི་ཚུལ་གྱིས་ས་དང་པོ་ལ་གཙོ་བོར་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཁྱད་པར་དུ་སློབ་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུ་དཀོན་མཆོག་གསུམ་གྱི་རྟེན་འཛུགས་པར་མཛད་པའོ། །དང་པོ་ལ། གསེར་འགྱུར་གྱི་རྩི་ལ་སོགས་པས་ཕྱིའི་ཡོ་བྱད་ལ་མངའ་བརྙེས་ཤིང་མ་ཆགས་པར་གཏོང་བ་དང་། ནང་རང་གི་དབུ་ཡང་དོན་དུ་གཉེར་བའི་སྐྱེ་བོ་ལ་གནང་བས་ཆགས་པ་མེད་པ་ཟང་ཟིང་གི་སྦྱིན་པ་དང་། ནད་དང་ཀླུ་ལ་སོགས་པའི་གདོན་གྱིས་འཇིགས་པ་ལ་གསོ་དཔྱད་དང་སྲུང་བ་ལ་སོགས་པ་མཛད་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ཀླུའི་ཡུལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞུང་འབུམ་པ་ལ་སོགས་པ་དང་། ཨོ་རྒྱན་གྱི་ཡུལ་མཁའ་འགྲོ་མའི་ཕྱག་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་གདན་དྲངས་ཤིང་མང་དུ་སྤེལ་ཏེ་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པའི་བསྟན་བཅོས་མཛད་པས་ཟག་པ་མེད་པ་ཆོས་ཀྱི་སྦྱིན་པ་མཛད་པའོ། །གཉིས་པ་ནི། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་བཀས་གཙུག་ལག་ཁང་བྱེ་བ་བརྩིགས་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པས་སངས་རྒྱས་དཀོན་མཆོག་གི་རྟེན་བཙུགས་པ་དང་། སྔར་བཤད་པ་ལྟར་མདོ་སྡེ་དང་རྒྱུད་སྡེ་དུ་མ་གདན་དྲངས་ཤིང་དེའི་དོན་གསལ་བར་བྱེད་པའི་བསྟན་བཅོས་མཛད་པས་ལུང་གི་ཆོས་ཀྱི་དང་། ས་དང་པོ་མཐོང་པའི་ལམ་ཐོབ་པས་རྟོགས་པའི་ཆོས་ཀྱི་རྟེན་བཙུགས་པས་ཆོས་དཀོན་མཆོག་གི་རྟེན་བཙུགས་པ་དང་། སྔར་བཤད་པ་ལྟར་རང་བསྙེན་པར་རྫོགས་པའི་དགེ་སློང་དང་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པའི་དགེ་འདུན་དུ་གྱུར་ནས་གཞན་དེ་དག་ལ་བཀོད་པའི་སྒོ་ནས་དགེ་འདུན་དཀོན་མཆོག་གི་རྟེན་འཛུགས་པར་མཛད་པའོ། །རྗེས་སུ་བསྔགས་པའི་ཁྱད་པར་ལ་གསུམ་སྟེ། སྐྱེས་ཐོབ་ཀྱི་མཚན་གྱི་སྒོ་ནས་དང་། འཇིག་རྟེན་ལ་གྲགས་པའི་སྒོ་ནས་དང་། སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ལས་བསྔགས་པའོ། །དང་པོ་ནི། ནཱ་གཱརྫུ་ན་ཞེས་པའི་ག་རིང་པོའི་འའི་སྲོག་ན་ཨ་གནས་པས་ནཱ་ག་ཨརྫུ་ན་སྟེ་ཀླུ་སྲིད་སྒྲུབ་ཅེས་སྲིད་མི་མངོན་པར་བྱས་ཏེ་དོན་གྱིས་གནས་པས་ཀླུ་ཞེས་པས་ལྟ་བ་ངན་པའི་མཐའ་ལ་མི་གནས་པ་དང་། ས་དང་པོའི་ཡེ་ཤེས་ཀྱི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་བང་མཛོད་ཀྱི་བརྗོད་བྱ་ཟབ་མོ་རྟེན་འབྲེལ་སྐྱེ་འགག་མེད་པའི་རིན་པོ་ཆེ་ལ་མངའ་བརྙེས་པ་དང་། མཐོང་བའི་དུག་ཆོས་ཐམས་ཅད་བདག་མེད་པར་ལྟ་བ་ལས་བྱུང་བའི་རིགས་པའི་མེས་རང་གཞན་གྱི་སྡེ་པས་བཏགས་པའི་གྲུབ་མཐའ་ངན་པའི་བུད་ཤིང་མ་ལུས་པ་བསྲེག་པ་དང་། གྲུབ་མཐས་མ་བསླད་པའི་འཇིག་རྟེན་ཐ་མལ་པའི་ཡིད་ཀྱི་མུན་པ་སེལ་བར་མཛད་པ་སྟེ་ལྔས་ཀླུ་དང་ཆོས་མཚུངས་པ་དང་། སྲིད་སྒྲུབ་ཅེས་པས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་གསུང་དྲང་ཞིང་འབིགས་པ་རྒྱལ་པོ་སྲིད་སྒྲུབ་ཀྱི་མདའ་དང་འདྲ་བས་ཉིད་ཀྱི་གདུལ་བྱ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཁམས་གསུམ་དུ་སྲིད་པའི་དགྲ་སྡེ་མ་ལུས་པ་བཅོམ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་རྒྱལ་སྲིད་གཏོད་པར་མཛད་པ་སྟེ་གཉིས་ཀྱིས་སྲིད་སྒྲུབ་དང་ཆོས་མཚུངས་པར་བསྟན་པའོ། །གཉིས་པ་ནི། འཛམ་བུ་གླིང་དུ་སངས་རྒྱས་གཉིས་པར་གྲགས་པའོ། །གསུམ་པ་ནི། སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ་མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས། བདེར་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་སུ་ཡིས་འཛིན་འགྱུར་ལགས། །ཞེས་ཞུས་པའི་ལན་དུ། བདེར་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་བརྩོན་པ། །དགེ་སློང་ཀླུ་སྒྲུབ་ཅེས་བྱ་འབྱུང་། །རྨ་བྱ་ཞེས་བྱའི་རིག་པ་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོག་ཉིད་དུ་ནི། །སངས་རྒྱས་ཉིད་ནི་ངེས་པར་འགྲུབ། །ཅེས་དང་། རྔ་བོ་ཆེའི་མདོ་ལས། ཀུན་དགའ་བོ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདིར་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་བཅུ་ལོན་པ་ན་དགེ་སློང་བློ་འཆང་ཞེས་བྱ་བར་གྱུར་ཏེ་རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར་ཞེས་པ་ལ་སོགས་པ་དང་། ཡང་ང་མྱ་ངན་ལ་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས་ངའི་བསྟན་པ་རབ་ཏུ་རྒྱས་པར་བྱེད་པར་འགྱུར་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །གཉིས་པ་དེ་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་སློབ་དཔོན་གྱིས་བསྟན་བཅོས་མཛད་པ་རྣམས་ལ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་བྱེད་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་དང་། དེ་གཉིས་དོན་གཅིག་ཏུ་བསྟན་པ་གསུམ་ལས། དང་པོ་ལ་གསུམ་སྟེ། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པ་དང་བར་མ་དང་བསྡུ་བ་རིམ་པ་ལྟར་བྱང་ཆུབ་ཀྱི་ཚོགས་དང་། མདོ་ཀུན་ལས་བཏུས་པ་དང་། བཤེས་པའི་སྤྲིང་ཡིག་གསུམ་དང་། ལྟ་སྤྱོད་ཆ་མཉམ་པ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །དང་པོ་ལའང་དྲུག་ཏུ་ངེས་པའང་ལྟ་བའམ་ཤེས་རབ་ཀྱི་དམིགས་པ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དམ་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་ལ་བརྗོད་བྱ་དེའི་ཡན་ལག་ཐམས་ཅད་ཚང་བར་སྟོན་པ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གཉིས་དང་། བརྗོད་བྱ་དེའི་ཕྱོགས་རེ་ཙམ་ལ་ལོག་རྟོག་བསལ་བའི་ཕྱིར་བཀོད་པ་ཡན་ལག་གམ་འཕྲོས་པའི་བསྟན་བཅོས་བཞི་ཡིན་པའི་ཕྱིར་རོ། །དང་པོ་ལ་གཉིས་སུ་ངེས་པའང་ཁ་ཅིག་རྟེན་འབྲེལ་སྐྱེ་འགགས་ལ་སོགས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་སྟོན་པ་རྩ་བའི་ཤེས་རབ་དང་། སྐྱེ་འཇིག་གཉིས་ཡོད་མེད་གཉིས་ཏེ་སྤྲོས་པའི་མཐའ་བཞི་དང་བྲལ་བར་སྟོན་པ་རིགས་པ་དྲུག་ཅུ་པ་ཡིན་ནོ་ཞེས་འཆད་མོད་ཀྱི། རྣམ་བཅད་དགག་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་དང་། ཐ་སྙད་ཙམ་དུ་ཡོངས་གཅོད་སྒྲུབ་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པའི་རིམ་པ་ལྟར་ཡིན་ནོ་ཞེས་འཆད་པ་ཉིད་གཞུང་ལ་ཞུགས་པར་སྣང་ངོ་། །ཡན་ལག་གི་བསྟན་བཅོས་ལ་བཞིར་ངེས་པའང་རྐྱེན་བརྟག་པར་གཞན་ལས་སྐྱེ་བ་བཀག་པ་ལ་རང་ཚིག་དང་འགལ་བ་སྤོང་བ་ལ་རྩོད་ཟློག་འཕྲོས་པ་ཡིན་ཏེ། འདི་ལྟར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་ཕྱི་ནང་གི་འབྲས་བུ་རྣམས་སྐྱེ་བའི་སྔ་རོལ་ནས་རྒྱུ་རྐྱེན་སོ་སོ་བ་དང་འདུས་པ་དང་དེ་ལས་གཞན་རྣམས་ལ་ཡོད་ན་དེ་དག་ལས་སྐྱེ་བར་འགྱུར་བ་ཞིག་ན་ཡོད་པའང་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར་དང་། སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། བྱེ་མ་དག་ལས་འབྲུ་མར་བཞིན། དེས་ན་དངོས་པོ་རྣམས་གཞན་དུ་གྱུར་པ་ལས་སྐྱེ་བ་མེད་པས་རང་བཞིན་མེད་པའི་སྟོང་པ་ཉིད་ཡིན་ནོ་ཞེས་བསྟན་པ་ལ། གཞན་དག་འོ་ན་རིགས་པ་དེ་ཉིད་ཀྱིས་དབུ་མ་པ་ཁྱོད་ཀྱི་རང་བཞིན་འགོག་པའི་དམ་བཅའ་བའམ་འཐད་པའི་ཚིག་ཀྱང་གཞན་ལས་སྐྱེ་བ་མེད་པས་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྲུབ་པའི་ཕྱིར་གཞན་ཕྱོགས་དགག་པར་མི་ནུས་ལ། འོན་ཏེ་ཚིག་དེ་རང་བཞིན་དུ་ཡོད་ན་ཁྱོད་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པའི་དམ་བཅའ་སྔ་མ་ཉམས་ཤིང་ཚིག་ཁོ་ན་རང་བཞིན་དུ་ཡོད་པའི་ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་དགོས་སོ་ཞེས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་པ་ལ་སོགས་པར་རྒོལ་བ་ལ། ངའི་ཚིག་རང་བཞིན་མེད་པས་སྔར་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དང་མི་འགལ་ཞིང་། ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་མི་དགོས་ལ། ཚིག་རང་བཞིན་མེད་པས་དེ་ཁོ་ནར་གཞན་ཕྱོགས་དགག་པར་མི་ནུས་མོད། དེ་ཁོ་ནར་དགག་བྱ་དང་འགོག་བྱེད་མ་གྲུབ་པས་གཞན་ཕྱོགས་འགོག་པ་ཉིད་དུའང་ཁས་མི་ལེན་ལ། རང་བཞིན་མེད་ཀྱང་ཐ་སྙད་ཙམ་དུ་གཞན་ཕྱོགས་འགོག་པ་མི་འགལ་ཏེ། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་གཞན་ཕམ་བར་བྱེད་པའམ། རྨི་ལམ་དུ་དམིགས་པའི་ཆུས་མེ་གསོད་པར་སྣང་བ་བཞིན་ནོ་ཞེས་སྟོན་པ། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་དང་། ཇི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པ་བྱེད་པ་ཇི་འདྲ་བ། །དགག་པ་འདི་ཡང་དེ་འདྲར་འདོད། །ཅེས་གསུངས་པ་ཡིན་ནོ། །ཡང་འདུས་བྱས་བརྟག་པར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་རང་བཞིན་དུ་གྲུབ་པ་བཀག་པ་ལ་སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ། འདུས་བྱས་པ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བར་ཡང་མངོན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེས་རྒོལ་བ་ལ། དེ་དག་རང་བཞིན་པ་མེད་ཀྱང་རྨི་ལམ་སྒྱུ་མ་ལྟར་ཐ་སྙད་པའི་ཤེས་པ་འཁྲུལ་པའི་ངོ་ན་སྐྱེ་གནས་འཇིག་པར་སྣང་བ་ཙམ་ལ་དགོངས་ནས་གསུངས་པ་ཡིན་གྱི། དེ་དག་རང་བཞིན་དུ་ཡོད་པར་གསུངས་པ་མ་ཡིན་པས་ཁོ་བོ་ཅག་གིས་རང་བཞིན་དུ་ཡོད་པ་བཀག་པ་དང་མི་འགལ་ལོ་ཞེས་སྟོན་པ། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་སྟོང་ཉིད་བདུན་ཅུ་པ་གསུངས་པ་ཡིན་ནོ། །དངོས་པོ་རྣམས་རང་བཞིན་མེད་ན་རང་བཞིན་ཚད་མས་གྲུབ་པ་དང་འགལ་ལོ་ཞེས་རྒོལ་བ་ལ། དངོས་པོ་རྣམས་རང་བཞིན་ཡོད་པར་ཚད་མས་གྲུབ་པ་ལ་ཚད་མ་ཉིད་བརྟགས་ན་མི་འགལ་བ་ཞིག་དགོས་པ་ལས་དེ་ཉིད་མ་གྲུབ་སྟེ། འདི་ལྟར་རིགས་པ་ཅན་གྱིས་བརྟགས་པའི་ཚད་མ་དང་གཞལ་བྱ་ལ་སོགས་པ་རྟོགས་གེའི་ཚིག་གི་དོན་བཅུ་དྲུག་མི་འཐད་པའི་ཕྱིར་རོ་ཞེས་སྟོན་པ། རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཞེས་དངོས་པོའི་རང་བཞིན་གྱི་སྒྲུབ་བྱེད་ཚད་མ་དང་གཞལ་བྱ་ལ་སོགས་པ་ཞིབ་མོར་བརྟགས་ནས་འགོག་པ་གསུངས་པ་ཡིན་ནོ། །རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བ་ལ། རང་བཞིན་མེད་པ་ལ་བཅོས་མ་རྟེན་འབྲེལ་རུང་བས་ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་རིགས་པའི་ཚོགས་དྲུག་ཏུ་བྱེད་པ་དང་། རིགས་པའི་ཚོགས་སམ་ཁྱུ་ཞེས་བྱ་བ་ཡིན་གྱི་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ། །ཚུལ་འདི་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར་འདི་ལ་མཆོད་བརྗོད་མཛད་ཀྱི་རྩོད་ཟློག་ལ་སོགས་པ་གཞན་ལ་མཆོད་བརྗོད་མ་མཛད་པའི་རྒྱུ་མཚན་དུ་འདི་རྩ་བའི་ཤེས་རབ་ལྟར་གཙོ་བོའི་བསྟན་བཅོས་ཡིན་ལ་གཞན་རྣམས་འཕྲོས་པའི་བསྟན་བཅོས་ཡིན་པས་སོ་ཞེས་སྔར་བཤད་པའི་གང་ལས་ཇི་ལྟར་འཕྲོས་པའི་ཚུལ་རྣམས་གསལ་བར་གསུངས་པ་ཡིན་ནོ། །གཉིས་པ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་ནི་རིམ་པ་ལྔ་པ་ལ་སོགས་པ་ཡིན་ལ། གསུམ་པ་དེ་གཉིས་དོན་གཅིག་ཏུ་སྟོན་པ་ནི་བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ཡིན་ཏེ། རྩ་བ་དཔལ་གསང་བ་འདུས་པར་རྣམ་པར་སྣང་མཛད་ཀྱིས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བ་བརྗོད་པའི་རྒྱུད་ཀྱི་ཚིག་ལ་འགྲེལ་པ་མཚན་ཉིད་དུ་བཀྲལ་བའི་ཕྱིར་རོ། །གསུམ་པ་མཛད་པ་བསྟན་བཅོས་ཀྱི་རང་བཞིན་ལ་གསུམ་སྟེ། མཚན་གྱི་དོན་དང་། ཕྱོགས་གང་དུ་གཏོགས་པ་དང་། བསྟན་འཆོས་ཀྱི་ལུས་ངོས་གཟུང་བའོ། །དང་པོ་ལ་མཚན་གྱི་སྒྲ་བཤད་པ་དང་། འདོགས་པའི་རྒྱུ་མཚན་དང་། བཏགས་པའི་དགོས་པ་གསུམ་ལས། དང་པོ་ནི། ལེགས་པར་སྦྱར་བའི་སྐད་ལས་མ་དྷྱཱ་མ་ནི་དབུ་མ་སྟེ་མཐའ་ཐམས་ཅད་དང་བྲལ་བའོ། །མཱུ་ལ་ནི་རྩ་བ་སྟེ་བརྗོད་བྱ་དབུ་མའི་དོན་ཐམས་ཅད་སྡོམ་དུ་བསྡུས་པའོ། །པྲ་ཛྙཱ་ནི་ཤེས་རབ་སྟེ་འདི་ལ་ཐོས་པ་དང་བསམ་པའི་སྒོ་ནས་ཞུགས་པས་གཅིག་ཏུ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་བདེན་པ་གཉིས་ཕྱིན་ཅི་མ་ལོག་པའི་ཤེས་རབ་སྐྱེད་པའོ། །ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པ་སྟེ་ངག་ཚིགས་སུ་བཅད་པར་བསྡེབས་པའོ། །ནཱ་མ་ནི་ཞེས་བྱ་བ་སྟེ་མིང་སྒྲོགས་པའོ། །གཉིས་པ་ནི། བརྗོད་བྱ་དང་རྗོད་བྱེད་དང་བྱེད་པ་ལས་བཏགས་པའོ། །གསུམ་པ་ལ་བཞི་ལས་སྤྱིར་མིང་བཏགས་པའི་དགོས་པ་དོན་དེ་མིང་གི་ངོ་བོར་གོ་བས་འཇུག་ལྡོག་བདེ་བླག་ཏུ་རྟོགས་པ་དང་། བྱེ་བྲག་ཏུ་བརྗོད་བྱ་དང་རྗོད་བྱེད་དང་བྱེད་པ་ལས་བཏགས་པའི་དགོས་པ་དབང་པོ་རྣོན་པོས་མཚན་ཐོས་པ་ཙམ་གྱིས་འདིའི་བརྗོད་བྱ་དང་རྗོད་བྱེད་དང་བྱེད་པ་རྟོགས་པའི་ཤེས་རབ་སྐྱེད་པ་དང་། ཀླད་དུ་སྨོས་པའི་དགོས་པ་མཚན་ཐོས་པ་ལ་ཚེགས་ཆུང་བར་བྱ་བ་དང་། ལེགས་པར་སྦྱར་བའི་སྐད་དང་ལན་གཉིས་སྨོས་པའི་དགོས་པ་དེའི་སྐད་ལ་བག་ཆགས་བཞག་པ་དང་། ཆོས་ཁུངས་བཙུན་པར་བྱ་བ་དང་ལོ་པཎ་སྒྲ་ཐད་ཟློག་ལ་མཁས་པར་བསྟན་པ་དང་ལོ་པཎ་རྣམས་ལ་བྱས་པ་ཤེས་ཤིང་བྱས་པ་གཟོ་བའོ། །དེ་ལ་དགོས་པ་དང་པོ་གཉིས་རྩོམ་པ་པོ་ཉིད་ཀྱི་ངག་དང་། ཕྱི་མ་གཉིས་ལོ་པཎ་རྣམས་ཀྱི་ངག་ལ་བརྩིས་པ་ཡིན་ནོ། །གཉིས་པ་ནི། གཞུང་བཀའ་དང་བསྟན་བཅོས་གཉིས་ལས་སྔར་བཤད་པ་ལྟར་བསྟན་བཅོས་དང་། དེའི་ནང་ནས་བཀའ་བར་པ་མཚན་ཉིད་མེད་པའི་མདོས་དངོས་སུ་བརྗོད་པ་ལྟ་བའི་དམིགས་པ་གསལ་བར་བྱེད་པའི་བསྟན་བཅོས་དང་། དོན་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོ། དེའི་ནང་ནས་རྒྱུ་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། ཕྱོགས་སྡེ་སྣོད་གསུམ་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པ་མངོན་པའི་ཁོངས་སུ་གཏོགས་སོ། །དེ་ལྟར་འགྱུར་བྱེད་པའི་ལོ་པཎ་རྣམས་ཀྱིས་ཀྱང་ཐུགས་ལ་དགོངས་ཏེ། འགྱུར་བྱེད་པའི་དང་པོར་དེའི་བར་ཆད་ཞི་བར་བྱ་བའི་ཕྱིར་བཀས་བཅད་པའི་ཕྱག་མཛད་པ་ལ་འདི་སྡེ་སྣོད་ཐམས་ཅད་ཀྱི་མཐར་ཐུག་པའམ་སྙིང་པོའི་དོན་གྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཡིན་པས་སྤྱིར་དཀོན་མཆོག་གསུམ་དང་། ཁྱད་པར་དུ་ཆོས་རྣམས་ཀྱི་དོན་དམ་པའི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་སྟོན་པས་ཤེས་རབ་ཀྱི་ལྷ་འཕགས་པ་འཇམ་དཔལ་དང་། རྩོམ་པ་པོ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་རྩོམ་པ་པོ་ཉིད་ལ་ཕྱག་འཚལ་བ་བཀོད་པ་ཡིན་ནོ། །གསུམ་པ་ནི། རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ་སྒྲ་དང་དོན་ཏོ་ཞེས་པའི་ཚུལ་གྱིས་བསྟན་འཆོས་ཀྱི་ལུས་ལ་བརྗོད་བྱ་རྗོད་བྱེད་གཉིས་ལས། བརྗོད་བྱ་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའམ་བདེན་པ་གཉིས་སྟོན་པ། རྗོད་བྱེད་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱི་བདག་ཉིད་ཚིག་ལེའུར་བྱས་པ་བཞི་བརྒྱ་བཞི་བཅུ་ཞེ་དགུའི་བདག་ཉིད་དུ་གནས་པའོ། །གང་བཤད་བྱ་དང་མཉན་བྱའི་ཆོས་ཀྱི་རང་བཞིན་ངོས་བཟུང་བ་བཤད་ཟིན་ཏོ། །གཉིས་པ་ཆོས་དེ་ཇི་ལྟར་བཤད་ཅིང་མཉན་པའི་ཚུལ་ལ། འཆད་པ་པོས་ཇི་ལྟར་བཤད་པའི་ཚུལ་དང་། ཉན་པ་པོས་ཇི་ལྟར་མཉན་པའི་ཚུལ་གཉིས་ལས། དང་པོ་ལ་གསུམ་སྟེ། ཆོས་འཆད་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་དང་། གང་གིས་བཤད་ཐབས་ཀྱི་ཡན་ལག་དང་། ཡན་ལག་དེས་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ནི། བཤད་པ་དོན་དུ་འགྱུར་བ་ལ། བཤེས་གཉེན་ཉེར་ཞི་ཞི་བ་དུལ་བ་དང་། །ཡོན་ཏན་བརྩོན་བཅས་ལྷག་པ་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ཡིད་སྤངས་ལ་བསྟེན། །ཞེས་དགེ་བའི་བཤེས་གཉེན་ཁྱད་པར་བཅུ་ལྡན་དགོས་པར་གསུངས་མོད་ཀྱི། མ་མཐའ་ནའང་མེད་ཐབས་མེད་པའི་ཆོས་ནི་གསུམ་སྟེ། སྤྱིར་ལྔ་རིག སྡེ་སྣོད་ཀྱི་དོན་ཀུན་ལ་མཁས་ཤིང་། བྱེ་བྲག་ཏུ་གང་འཆད་པ་དེ་ལ་མཁས་པས་བརྗོད་པར་བྱ་བའི་དོན་ལ་མཁས་པ་དང་། དབྱངས་སྙན་པ་དང་དོན་གསལ་བ་དང་གོ་སླ་བའམ། གང་ནས་བཤད་ཀྱང་འབྲེལ་བ་དང་ཇི་ལྟར་བཤད་ཀྱང་འཐད་པ་དང་ཇི་ཙམ་བཤད་ཀྱང་རན་པས་རྗོད་པར་བྱེད་པའི་ཚིག་ལ་མཁས་པ་དང་གཉིས་ཀྱིས་བཤད་པ་ལ་མཁས་པ་དང་། ཀུན་ཏུ་སྤྱོད་པ་ཁ་ན་མ་ཐོ་བ་མེད་པས་ཉན་པ་པོ་དད་པ་སྐྱེར་རུང་ཞིང་སྐྱེ་བོ་གཞན་ལ་ཁ་བཟུང་མི་དགོས་པས་བླ་མར་འོས་པ་དང་། སྙན་གྲགས་དང་རྙེད་པ་བཀུར་སྟི་ལ་མི་ལྟ་ཞིང་འཁོར་གྱི་ལོག་སྒྲུབ་ཀྱིས་མི་སྐྱོ་བས་ཟང་ཟིང་ལ་མི་ལྟ་ཞིང་བརྩེ་བའི་སེམས་དང་ལྡན་པའོ། །བཤད་ཐབས་ཀྱི་ཡན་ལག་ལ་གསུམ་སྟེ། གང་ལས་འོངས་བའི་འབྲེལ་དང་། གང་ཕྱིར་བཀོད་པའི་དགོས་པ་དང་། གང་བརྗོད་པའི་བརྗོད་བྱ་ངོས་གཟུང་བ་གསུམ་གྱིས་བརྗོད་བྱའི་དོན་དགོད་པ་དང་། འཐེམ་སྦྱོར་གྱིས་ཁྱད་པར་གྱི་གཞི་བཏུས་པས་ངག་དོན་བསྟན་པ་དང་། ཁྱད་པར་གྱི་ཆོས་ཀྱིས་ཚིག་དོན་བཤད་པ་དང་། ངག་ཚིག་གཉིས་ཀྱིས་སྐབས་ཀྱི་བརྗོད་བྱ་དངོས་སམ་ཤུགས་ལ་ཇི་ལྟར་བསྟན་པའི་ཚུལ་གསུམ་གྱིས་རྗོད་བྱེད་ཀྱི་ཚིག་བཤད་པ་དང་། དོན་དང་གཞུང་གི་བཤད་པ་ལ་དེ་དག་མི་འཐད་དོ་ཞེས་རྒོལ་བ་དགོད་པ་དང་། མི་འཐད་པ་མེད་པའི་ལན་གདབ་པ་དང་། དེ་ལ་ཤེས་བྱེད་དགོད་པ་གསུམ་གྱི་བརྒལ་ལན་གྱིས་རྣམ་པར་གཏན་ལ་དབབ་པའོ། །བཤད་ཐབས་དེས་བཤད་པའི་ཚུལ་ལའང་གསུམ་སྟེ། དགོས་པའི་དབང་གིས་མཚན་ཉིད་རྣམ་པར་གཏན་ལ་དབབ་བྱ་དང་། སྒྲུབ་པ་ཉམས་ལེན་དུ་བཤད་པ་གཉིས་དང་། གདུལ་བྱའི་དབང་གིས་དབང་པོ་རྣོ་རྟུལ་བར་མ་ལ་མདོ་རྒྱས་འབྲིང་གསུམ་དུ་བཤད་པ་དང་། རང་འཇུག་པའི་དབང་གིས་སྦྱོར་དངོས་རྗེས་གསུམ་དང་ལྡན་པར་བཤད་པའོ། །གཉིས་པ་ལ། ཆོས་ཉན་པ་པོའི་རྟེན་གྱི་གང་ཟག་གི་ཁྱད་པར་དང་། དེས་ཇི་ལྟར་མཉན་ན་པའི་ཚུལ་གཉིས་ལས། དང་པོ་ནི། མདོ་བསྟན་བཅོས་ཀུན་ལས་མང་དུ་གསུངས་མོད་ཀྱི། ཆོས་མཉན་པ་དོན་དུ་འགྱུར་པ་ལ་མ་མཐའ་ནའང་མེད་ཐབས་མེད་པའི་ཆོས་ནི་གསུམ་སྟེ། རྟོགས་པར་ནུས་པའི་བློ་གྲོས་དང་ལྡན་པ་དང་། བསྒྲུབ་པར་འདོད་པའི་དད་པ་དང་ལྡན་པ་དང་། སྐྱོ་ངལ་མེད་པར་དོན་དུ་གཉེར་བའི་བརྩོན་འགྲུས་དང་ལྡན་པའོ། །ཇི་སྐད་དུ། དེ་ཡི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཡིན་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །ཅེས་དང་། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། སྦྱོར་བའི་དུས་སུ་རང་ལ་ཉོན་མོངས་པའི་ནད་ཀྱིས་ཟིན་པས་ནད་པའི་དང་། འཆད་པ་པོ་དེ་ལ་དེ་གསོ་བར་བྱེད་པ་པོ་སྨན་པའི་དང་། ཆོས་ལ་དེ་གསོ་བར་བྱེད་པ་སྨན་གྱི་དང་། ལམ་ཉམས་སུ་ལེན་པ་ལ་ནད་གསོས་པའི་འདུ་ཤེས་བཞག་པའམ། ཐེག་པ་ཆེན་པོའི་སེམས་བསྐྱེད་སྔོན་དུ་བཏང་བ་དང་། དངོས་གཞིའི་དུས་སུ་ཆོས་དང་སྟོན་པ་ལ་གུས་པའི་འདུ་ཤེས་ཀྱིས་རྣ་གཏད་ཅིང་ཡིད་མ་ཡེངས་པར་བྱ་བ་དང་། རྗེས་ཀྱི་དུས་སུ་དེའི་དགེ་བ་བྱང་ཆུབ་ཆེན་པོར་མི་དམིགས་པའི་ཚུལ་གྱིས་བསྔོ་བས་ཟིན་པར་བྱ་བའོ། །སློབ་དཔོན་ཐོགས་མེད་ཀྱིས། གདམས་ངག་ཁོང་དུ་ཆུད་པའི་རྒྱུ་ནི་ལྔ་སྟེ། ཀུན་ཤེས་པའི་བསམ་པས་ཉན་པ་དང་། རྣ་བླགས་ཏེ་དང་། དེའི་རྗེས་སུ་ཡིད་གཏད་དེ་དང་། ཡེངས་ན་སླར་བཀུག་སྟེ་དང་། ཆོས་དང་སྟོན་པ་ལ་ཡིད་བཏུད་དེ་ཉན་པའོ་ཞེས་ཀྱང་གསུངས་སོ། །གསུམ་པ་ཚུལ་དེས་ཉན་བཤད་བྱས་པའི་འབྲས་བུ་ནི། སྤྱིར་ཉན་བཤད་བྱས་པའི་འབྲས་བུ་ཉན་པ་པོའི་རྒྱུད་ལ་བརྗོད་བྱ་རྟོགས་པའི་ཤེས་རབ་སྐྱེ་བ་དང་། བྱེ་བྲག་ཏུ་བཤད་ཚུལ་དང་མཉན་ཚུལ་དེས་ཉན་བཤད་བྱས་པའི་འབྲས་བུ་བརྗོད་བྱ་ཕྱིན་ཅི་མ་ལོག་པ་དང་། བདེ་བླག་ཏུ་རྟོགས་པའོ། །གང་གིས་ཆོས་བཤད་པ་དང་མཉན་པ་ལ་འཇུག་པའི་སྤྱིའི་དོན་བཤད་ཟིན་ཏོ། །སྤྱི་དོན་དེས་རྣམ་པར་བཤད་པར་བྱ་བ་གཞུང་གི་དོན་ལ་གསུམ་སྟེ། བསྟན་འཆོས་རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། བརྩམ་པར་བྱ་བ་སྐབས་ཀྱི་དོན་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་ཏོ། །དང་པོ་ནི། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །ཞེས་པའི་ཚིགས་སུ་བཅད་པ་གཉིས་ཏེ། འདི་ལ་དངོས་སུ་རྗོད་པའི་དང་། ཤུགས་ལ་བསྟན་པའི་དོན་དུ་བཤད་པའི་ཚུལ་གཉིས་ལས། དང་པོ་ནི། སྟོན་པ་རིན་པོ་ཆེ་ལ་མཆོད་པར་རྗོད་པའི་ངག་ཡིན་པས་བསྟན་འཆོས་ཀྱི་ཀླད་དུ་སྟོན་པ་ལ་མཆོད་པར་བརྗོད་པའི་དགོས་པའི་དང་། བསྡུས་པའི་དང་། ཚིག་གི་དོན་གསུམ་གྱིས་བཤད་པར་བྱ་བ་ལས། དང་པོ་ལ་རིགས་པས་འཐད་པའི་དགོས་པ་ནི་གསུམ་སྟེ། སྤྱིར་ཡུལ་ཁྱད་པར་ཅན་ལ་མཆོད་བརྗོད་བྱས་པའི་དང་། བསྟན་བཅོས་རྩོམ་པའི་ཀླད་དུ་བྱས་པའི་དང་། གཞུང་ཡི་གེར་བཀོད་པའི་དགོས་པའོ། །དང་པོ་ནི། དང་བས་སྟོན་པ་ལ་མཆོད་པར་བརྗོད་པས་སྡིག་སྒྲིབ་ཟད་ཅིང་བསོད་ནམས་ཐོབ་པའི་སྒོ་ནས་བྱང་ཆུབ་ཀྱི་རྒྱུ་ཡོངས་སུ་བཟུང་བའོ། །གཉིས་པ་ནི། དེ་ལས་བསོད་ནམས་འཐོབ་ཅིང་དེའི་མི་མཐུན་ཕྱོགས་ཞི་བའི་སྒོ་ནས་རྩོམ་པའི་ཕྱི་ནང་གི་བར་ཆད་ཉེ་བར་ཞི་བས་བརྩམ་པ་མཐར་ཕྱིན་པ་དང་། སྐྱེ་བོ་དམ་པ་རྣམས་ཀྱི་མཛད་སྤྱོད་བསྐྱང་བར་འགྱུར་བའོ། །གསུམ་པ་ནི། གཞན་གྱི་དོན་ཡིན་ལ་དེ་ལའང་གསུམ་སྟེ། ཉིད་ཀྱིས་དམ་པའི་སྤྱོད་པ་མཛད་པ་ལས་རིགས་དཔོག་པར་བྱེད་པས་རྩོམ་པ་པོ་བདག་ཉིད་གང་ཟག་དམ་པར་ཤེས་ནས་དེས་བརྩམས་པའི་བསྟན་འཆོས་ལ་གཞན་དག་འཇུག་པར་འགྱུར་བ་དང་། རྩོམ་པའི་སྔོན་དུ་རང་དད་པའི་ལྷ་ལ་མཆོད་པར་རྗོད་པས་བསྟན་འཆོས་འདི་ཉིད་དགོས་པ་གྱ་ནོམ་པ་དང་ལྡན་པར་ཤེས་ནས་འཇུག་པར་འགྱུར་བ་དང་། བསྟན་འཆོས་ཉན་བཤད་བྱེད་པ་རྣམས་ཀྱིས་མཆོད་བརྗོད་ཉན་བཤད་བྱས་ནས་ཞུགས་པས་དེ་མཐར་ཕྱིན་པར་འགྱུར་བ་དང་། གཞན་དག་ལ་ཚུལ་བསླབས་པས་བསྟན་འཆོས་རྩོམ་པ་ལ་སོགས་པ་བྱ་བ་དང་ལས་ཀ་གང་ལ་འཇུག་ཀྱང་སྔོན་དུ་དཀོན་མཆོག་ལ་མཆོད་བརྗོད་བྱས་ནས་འཇུག་པར་འགྱུར་བ་དང་། མཆོད་བརྗོད་ཉིད་མཐོང་བ་དང་འདོན་པ་ལ་སོགས་པའི་སྒོ་ནས་བསོད་ནམས་ཐོབ་པ་གསུམ་གྱིས་གདུལ་བྱ་རྗེས་སུ་འཛིན་པའོ། །རྩོམ་པ་པོས་བཞེད་པས་དམིགས་པའི་དགོས་པའང་དེ་དག་ཉིད་དེ་སློབ་དཔོན་ཉིད་ཀྱིས་རྟེན་འབྲེལ་ཆེན་པོའི་ཊཱིཀྐར། བསྟན་འཆོས་བྱེད་པས་སྟོན་པ་ལ། །མཆོད་པར་རྗོད་པ་འབྲས་མེད་མིན། །བསྟན་འཆོས་དང་ནི་སྟོན་པ་ལ། །གུས་པ་བསྐྱེད་ཕྱིར་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །བསྡུས་པའི་དོན་ནི། གང་གིས། གང་ལ། ཇི་ལྟར་མཆོད་པ་གསུམ་ལས། དང་པོ་ནི། སྐབས་ཀྱིས་རྩོམ་པ་པོ་ཉིད་ཡིན་ལ། གཉིས་པ་ནི། སྤྱིར་སངས་རྒྱས་པའི་མཆོད་པའི་ཡུལ་དཀོན་མཆོག་གསུམ་ཡིན་པས་དེ་ལ་ཕྱག་འོས་དང་སྐྱབས་འོས་གཉིས་ལས། འདིར་སྐྱབས་འོས་ཀྱི་གཙོ་བོ་རྫོགས་པའི་སངས་རྒྱས་ཉིད་དོ། །གསུམ་པ་ནི། རྙེད་པ་དང་བཀུར་སྟི་ལ་སོགས་པས་མ་ཡིན་གྱི་སྲི་ཞུའི་མཆོད་པ་སྟེ་བསྟོད་པ་དང་ཕྱག་གི་སྒོ་ནས་སོ། །གསུམ་པ་ཚིག་གི་དོན་ནི། ཕྱག་འཚལ་ཞེས་ཁྱད་པར་གྱི་གཞི་བླངས་ཏེ་དེ་ལ་གང་གིས། གང་ལ། ཇི་ལྟར་ཕྱག་འཚལ་བ་གསུམ་ལས། དང་པོ་ནི། རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་བདག་གིས་ཞེས་དོན་གྱིས་གནས་སོ། །གཉིས་པ་ལ་ངོ་བོ་དང་། མཆོག་ཏུ་གྱུར་པ་དང་། དེའི་རྒྱུ་མཚན་གསུམ་ལས། དང་པོ་ནི། སྔར་བཤད་པ་ལྟར་སྐྱབས་འོས་ཀྱི་དཀོན་མཆོག་གི་གཙོ་བོ་རྫོགས་པའི་སངས་རྒྱས་དེ་ལ་ཞེས་པ་སྟེ། སངས་རྒྱས་ནི་བུདྡྷ་ཞེས་པའི་སྒྲ་མ་རིག་པའི་གཉིད་སངས་པའམ་ཤེས་བྱ་ལ་བློའི་སྤྱན་རྒྱས་པ་སྟེ་སྤངས་རྟོགས་གཉིས་དང་ལྡན་པ་ཡིན་ལ། དེ་ཡང་རྫོགས་པའི་ཞེས་སྨོས་པས་སྤངས་རྟོགས་མ་རྫོགས་པ་ཉན་ཐོས་རང་རྒྱལ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་བཅུ་གཅིག་ཀུན་ཏུ་འོད་ལ་གནས་པའོ། །དེ་ཁྱད་པར་གྱི་ཆོས་གང་དང་ལྡན་སྙམ་པ་ལ། མཆོག་ཏུ་གྱུར་པའི་ཁྱད་པར་ནི། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི་དམ་པར་གྱུར་པ་ཞེས་པ་སྟེ། དེ་ལ་སྨྲ་བ་ནི་རང་གིས་རྟོགས་པའི་དོན་གཞན་ལ་སྟོན་པ་ཡིན་ལ། དེ་ཡང་སྨྲ་བ་པོ་འཇིག་རྟེན་པ་དང་། ཕྱི་རོལ་པ་དང་། སངས་རྒྱས་པའི་སྟོན་པ་གཞན་ལས། ཀུན་ནས་སློང་བ་ཐུགས་རྗེ་ཉིད་དང་། ངོ་བོ་སྙན་ཅིང་འཇམ་པ་དང་། བརྗོད་བྱ་བདེན་པ་ཉིད་དང་། འབྲས་བུ་ཕན་པ་ཉིད་དང་། གདུལ་བྱ་དང་འཚམ་པ་ཉིད་དང་། དུས་སུ་འབྱུང་བ་ཉིད་དང་། དྲི་བ་པོ་ཅོག་ལུང་སྟོན་ནུས་པ་ཉིད་དེ་ཁྱད་པར་བདུན་གྱིས་ཁྱད་པར་དུ་འཕགས་པས་དམ་པར་གྱུར་པའོ། །དེ་ཉིད་ཀྱིས་ན་སྨྲ་བའི་སེང་གེ་དང་། སྨྲ་བའི་ཟླ་བ་དང་། སྨྲ་བའི་ཁྱུ་མཆོག་དང་། སྨྲ་བའི་རྒྱལ་པོ་ཞེས་ཀྱང་གསུངས་སོ་ཞེས་ཁ་ཅིག་འཆད་དོ། །གསུམ་པ་ནི། གང་བསྟན་པས་སྨྲ་རྣམས་ཀྱི་དམ་པར་གྱུར་ཅེ་ན། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་སྨྲ་རྣམས་ཀྱི་དམ་པར་གྱུར་པ་ཞེས་སྦྱར་ཏེ། དེའི་དོན་ངེས་པར་བྱ་བ་ལ་བསྟན་བྱ་རྟེན་འབྲེལ་གྱི་རང་བཞིན་དང་། དེ་བསྟན་པས་སྨྲ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་དང་། དེ་བསྟན་པའི་དགོས་པ་གསུམ་ལས། དང་པོ་ལ་གསུམ་སྟེ། ཁྱད་པར་གྱི་གཞི་དང་། ཁྱད་པར་གྱི་ཆོས་དང་། གཞི་དང་ཆོས་ཀྱི་ཐ་དད་བསམ་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་ཞེས་པ་སྟེ། འདིར་རྟེན་འབྲེལ་གྱི་སྒྲ་བཤད་པའི་དོན་དང་། འཇུག་པའི་ཡུལ་གཉིས་ཀྱིས་ངེས་པར་བྱ་བ་ལས། དང་པོ་ནི། ལེགས་པར་སྦྱར་བའི་སྐད་ལས་པྲ་ཏི་ཨི་ཏི་ཏྱ་སཾ་ཨུཏ་པ་ད་ཞེས་པའི་ཚིག་ལྔའི་དོན་སོ་སོར་བཤད་ན་པྲ་ཏི་པྲད་རྟེན་ལྟོས་པ་དང་། ཨི་ཨིཎ་ཞེས་པ་འགྲོ་བའམ་ཆས་པའམ་འཇིག་པ་སྟོན་པར་བྱེད་པ་ཡིན་ལ། མཚམས་སྦྱོར་གྱི་ཚིག་ཡ་བཏགས་ནི་མི་ཟད་པའི་དོན་སྟོན་པ་སྟེའམ་ནས་ཞེས་པའི་དོན་ཏོ། །སྤྱིར་དེ་ལྟ་མོད་ཀྱི་འདིར་སྐད་ཀྱི་བྱིངས་སམ་ཁམས་ཀྱི་དོན་ཨི་ཏི་ཞེས་པའི་སྒྲ་ཉེ་བར་སྒྱུར་བྱེད་ཀྱི་རྐྱེན་པྲ་ཏིས་ཟིལ་གྱིས་མནན་པས་པྲ་ཏཱི་ཏྱ་ཞེས་རྒྱུ་རྐྱེན་དང་ཕྲད་ཅིང་ངམ་རྒྱུ་རྐྱེན་ལ་རྟེན་ཅིང་ལྟོས་ནས་ཞེས་པར་འགྱུར་རོ། །སཾ་སམྱཀ྄་གི་རྐྱེན་བྱིན་པས་ཡང་དག་ཅེས་འཆད་མོད་ཀྱི། ཁ་ཅིག་སཾ་བྷནྡྷའི་རྐྱེན་བྱིན་པས་འབྲེལ་པ་ཡིན་ནོ་ཞེས་འཆད་པའི་ཕྱོགས་ཉིད་ལེགས་ལ། ཨུད་ལ་དོན་ལོགས་པ་མེད་དོ། །པ་ད་ཞེས་པ་གོ་འཕང་ངམ་རྐང་པ་ཞེས་པའི་སྤྱི་སྒྲ་ཡིན་མོད་ཀྱི་རྐྱེན་ས་མུད྄་གོང་ན་ཡོད་ན་འབྱུང་བ་ལ་འཇུག་པས་ས་མུཏྤ་དའི་སྒྲ་འབྲེལ་པར་འབྱུང་ཞེས་པའོ། །དེའི་ཕྱིར་པྲ་ཏཱི་ཏྱས་མུཏྤད་ཞེས་པའི་དོན་རྒྱུ་དང་རྐྱེན་དང་ཕྲད་ཅིང་ངམ་རྒྱུ་དང་རྐྱེན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་སྟེ། ཡེ་མི་འབྱུང་བ་དང་རྒྱུ་རྐྱེན་མེད་པར་འབྱུང་བ་དང་རྒྱུ་འབྲས་ངེས་མེད་དུ་འབྱུང་བ་བསལ་བར་བལྟའོ། །གཉིས་པ་སྒྲ་འཇུག་པའི་ཡུལ་ལ་མཚན་ཉིད་དང་། མཚན་གཞི་ངོས་གཟུང་བ་གཉིས་ལས། འདི་བཤད་འཇུག་འབྲེལ་པའི་སྒྲ་ཡིན་པས་མཚན་ཉིད་ནི་སྔར་བཤད་པའི་རྒྱུ་དང་རྐྱེན་ལ་ལྟོས་ནས་འབྱུང་ཞེས་པ་དེ་ཉིད་ཡིན་ལ། མཚན་གཞི་ནི་ཁ་ཅིག་དེའི་དོན་རང་གི་མཚན་ཉིད་དུ་རྒྱུ་རྐྱེན་ལས་སྐྱེ་བ་ལ་བསམས་ནས་ཕུང་པོ་ལྔས་བསྡུས་པའི་དངོས་པོ་ཉིད་ཡིན་ནོ་ཞེས་སྨྲ་མོད་ཀྱི། འདིར་དེའི་དོན་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བར་སྣང་བ་ཙམ་ལ་འདོད་པས་ཤེས་བྱའི་ཆོས་ཐམས་ཅད་ཡིན་ཏེ། མདོ་ལས། བྱང་ཆ་བ་སེམས་དཔའ་དེས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་པའི་ཆོས་ཅུང་ཟད་ཀྱང་མ་མཐོང་ཞེས་དང་། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་རྟེན་པར་ཡོང་མི་བྱེད། །རྒྱུ་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་གྱི། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཤེས་མ་ཡིན། །ཅེས་དང་། བསྟན་འཆོས་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་དང་། གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བརྟེན་པ་ནི་ཡོད་ཉིད་མེད། །ཅེས་ཇི་སྐད་གསུངས་པ་ལྟ་བུའོ། །གཉིས་པ་དེའི་ཁྱད་པར་གྱི་ཆོས་ནི། སྒྲུབ་པའི་ཆོས་མ་ཡིན་གྱི་འགག་པ་མེད་པ་ཞེས་པ་ལ་སོགས་པ་བཀག་ཆོས་ཀྱི་ཁྱད་པར་བརྒྱད་དོ། །འདི་ལའང་ཁྱད་པར་བརྒྱད་པོ་སོ་སོའི་ངོ་བོ་ངོས་གཟུང་བ་དང་། གྲངས་ངེས་པའི་ཚུལ་བསམ་པ་དང་། གོ་རིམ་མི་འཐད་པ་སྤང་བ་གསུམ་ལས། དང་པོ་ནི། བཀག་ཆོས་ཐམས་ཅད་དགག་བྱ་ངོས་གཟུང་ལ་རག་ལས་པས། འདིར་འགག་པ་ནི་བྱེད་པ་དང་ལས་སུ་བསྒྲུབ་པ་མ་ཡིན་གྱི་འགག་པས་ན་འགག་པ་ཞེས་དངོས་པོ་བསྒྲུབ་པ་སྟེ་རྫས་སྐད་ཅིག་མར་འཇིག་པའི་བྱ་བའོ། །དེ་བཞིན་དུ་སྐྱེ་བས་ན་སྐྱེ་བ་སྟེ་སྔར་མེད་པ་གསར་དུ་སྐྱེ་བའོ། །ཆད་པས་ན་ཆད་པ་སྟེ་དངོས་པོའི་རྒྱུན་ཆད་པའོ། །རྟག་པ་ནི། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་པའི་ཚུལ་གྱིས་རྫས་སྐད་ཅིག་གིས་འཇིག་པའམ། རྒྱུན་གྱིས་འཇིག་པ་མེད་པའི་ཐེར་ཟུག་ཏུ་གནས་པའོ། །འོང་བ་ནི་འོང་བས་ན་འོང་བ་སྟེ་ཡུལ་ཐག་རིང་བ་ན་གནས་པ་རྣམས་ཉེ་བར་འོང་བའོ། །འགྲོ་བ་ནི་ཡུལ་ཐག་ཉེ་བ་ན་གནས་པ་རྣམས་རིང་བར་འགྲོ་བའོ། །ཐ་དད་པའི་དོན་ནི་ལྡོག་པ་ཐ་དད་པའམ་གཅིག་པ་བཀག་པ་ཙམ་མ་ཡིན་གྱི་དོན་ངོ་བོའམ་དངོས་པོ་ཐ་དད་པའོ། །དོན་གཅིག་ནི་ལྡོག་པ་གཅིག་པ་ཙམ་མ་ཡིན་གྱི་དོན་ངོ་བོའམ་དངོས་པོ་ཐ་མི་དད་ཅིང་གཅིག་པའོ། །དགག་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དགག་བྱ་སྤྲོས་པའི་མཐའ་བརྒྱད་པོ་དེ་དག་དོན་དམ་པར་མེད་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཏུ་ཡང་མེད་པ་ཡིན་ཞེ་ན། ཁ་ཅིག་རྟག་ཆད་གཉིས་ནི་ཀུན་རྫོབ་ཏུ་ཡང་མེད་ལ་ལྷག་མ་རྣམས་དོན་དམ་པར་མེད་པ་ཡིན་ཞེས་འཆད་མོད་ཀྱི། སྐྱེ་འགག་ལ་སོགས་པའང་རྨི་ལམ་སྒྱུ་མ་ལྟར་ཤེས་པ་འཁྲུལ་པའི་ངོ་ན་དེ་ལྟར་སྣང་བ་ཙམ་ཡིན་གྱི་རང་རྒྱུད་དུ་སྨྲ་བའི་དབུ་མ་པས་བརྟགས་པ་ལྟ་བུའི་རང་གི་མཚན་ཉིད་དུ་གྱུར་པ་ནི་ཀུན་རྫོབ་ཏུ་ཡང་མེད་ལ་སྐྱེ་འགག་ལ་སོགས་པར་སྣང་བ་ནི་དོན་དམ་པར་མེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་དགག་བྱ་བདེན་པའི་སྐྱེ་འགག་ལ་སོགས་པ་མ་གྲུབ་མོད་དེ་དག་བཀག་པའི་ཆོས་ཙམ་ཞིག་ཡོད་དམ་མེད། ཡོད་ན་དོན་དམ་པར་བཀག་པའི་སྤྲོས་པ་གྲུབ་པར་འགྱུར་ལ། མེད་ན་རྟེན་འབྲེལ་ལ་བདེན་པའི་སྐྱེ་འགག་ལ་སོགས་པ་གྲུབ་པར་འགྱུར་རོ་ཞེ་ན། འདི་ནི་རྣམ་པར་ཕྱེ་སྟེ་ལན་གདབ་པར་བྱ་བ་ཡིན་ཏེ། འདིར་ནི་ཡོད་ཉིད་འགོག་འདོད་ཀྱི། །མེད་ཉིད་བསྒྲུབ་པ་མ་ཡིན་ནོ། །ཞེས་དང་། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པའི་ཚུལ་གྱིས་དོན་དམ་པར་དགག་བྱའི་སྤྲོས་པ་མེད་པར་མ་ཟད་ཀྱི་དེ་དག་བཀག་ཆོས་ཙམ་དུ་ཡང་གྲུབ་པ་མེད་ལ། ཀུན་རྫོབ་ཏུ་བདེན་པའི་སྐྱེ་འགག་ལ་སོགས་པ་བཀག་པའི་ཆོས་སུ་ཡོད་པས་ཉེས་པ་གཉིས་ཀ་ལས་གྲོལ་ཞིང་། དོན་དམ་པར་དགག་སྒྲུབ་ཀྱི་སྤྲོས་པ་མཐའ་དག་དང་བྲལ་བ་དེ་ཉིད་ལ་རང་བཞིན་སྐྱེ་མེད་དམ་རྣམ་གྲངས་མ་ཡིན་པའི་དོན་དམ་པ་ཞེས་དང་། ཀུན་རྫོབ་ཏུ་བདེན་པའི་སྐྱེ་འགག་ལ་སོགས་པ་བཀག་ཙམ་དུ་གནས་པ་དེ་ཉིད་ལ་བཀག་པ་སྐྱེ་མེད་དམ་རྣམ་གྲངས་ཀྱི་དོན་དམ་ཞེས་ཐ་སྙད་དུ་བཏགས་པ་ཡིན་ཏེ། སྐྱེ་སོགས་བཀག་པ་ཡང་དག་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་འདིར་བཀག་ཆོས་ཀྱི་ཁྱད་པར་བརྒྱད་ཁོ་ན་སྨོས་པ་ནི་མཚོན་པ་ཙམ་མམ་སྲིད་ཚད་བསྒྲངས་བ་མ་ཡིན་གྱི་འདི་དག་ཁོ་ན་གཙོར་རྩོད་པའི་གནས་སུ་གྱུར་པའི་ཕྱིར་རོ་ཞེས་འགྲེལ་པས་བཤད་ལ། ཁ་ཅིག་དེའི་དགོངས་པ་དགག་བྱ་བརྒྱད་པོ་འདི་དག་རྣམ་པ་གསལ་བ་ན་དེ་དག་ལ་མངོན་ཞེན་ཆེ་བས་བཀག་ནོས་བརྒྱད་པོ་འདི་དག་རྩོད་པའི་གཞིར་གྱུར་པས་སོ་ཞེས་འཆད་ལ། ཁ་ཅིག་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་དང་འཇིག་རྟེན་ལ་གྲགས་པའི་ལོག་རྟོག་རིམ་པ་ལྟར་གཉིས་དང་གཉིས་དང་བཞི་ཡོད་པས་དེའི་ཁྱད་པར་བཀག་ཆོས་ཀྱི་ཁྱད་པར་བརྒྱད་སྨོས་པ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། སྐྱེས་ནས་འགག་པ་ཡིན་པས་སྐྱེ་བ་སྔོན་ལ་སྨོས་པར་རིགས་སོ་སྙམ་ན། འགག་པ་ལའང་སྐྱེ་བ་སྔོན་དུ་འགྲོ་མོད་ཀྱི་འབྲས་བུ་སྐྱེ་བ་ལའང་རྒྱུ་འགག་པ་སྔོན་དུ་འགྲོ་བས་སྐྱེ་འགག་ལ་སྔ་ཕྱིའི་རིམ་པ་ངེས་པ་མེད་པར་བསྟན་པའི་དོན་ཡིན་པས་འགལ་བ་མེད་དེ། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་གཞི་དང་ཆོས་ཀྱི་ཐ་དད་བསམ་པ་ལ། སྔར་བཤད་པ་ལྟར་རང་བཞིན་སྐྱེ་མེད་དམ་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་དང་ཆོས་ཅན་རྟེན་འབྲེལ་ནི་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་དང་། བཀག་པ་སྐྱེ་མེད་དམ་རྣམ་གྲངས་ཀྱི་དོན་དམ་པ་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བལྟའོ། །གཉིས་པ་དེ་བསྟན་པས་སྨྲ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་ནི། རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་ཤེས་བྱ་ལ་ཁྱབ་པའི་ལུས་ཡིན་པས་བདེན་པ་སྨྲ་བ་དང་། སེང་གེའི་སྒྲས་རི་དྭགས་ལྟར་དེ་བསྟན་པས་རྟག་ཆད་ལ་སོགས་པ་ལྟ་བ་ངན་པ་སེལ་བས་གདུལ་བྱ་ལོག་རྟོག་ཅན་ཚར་གཅོད་པ་དང་། ཉེས་པ་ཐམས་ཅད་ཀྱི་རྩ་བ་གཏི་མུག་གི་གཉེན་པོ་ཡིན་པས་གདུལ་བྱ་མ་རྟོགས་པ་རྗེས་སུ་འཛིན་པར་བྱེད་པ་ཡིན་ལ། དེའི་རྣམ་པ་མ་ལུས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་ནས་གསུང་བ་དེ་བཞིན་གཤེགས་པ་ཉག་གཅིག་ཡིན་པའི་ཕྱིར་ཏེ། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །ཅེས་དང་། མཉམ་མེད་མཁྱེན་ཆེན་ང་ལ་སུ་ཡིས་བསྟན། །སྟོན་བྱེད་མེད་པར་ཆོས་རྣམས་རབ་སྟོན་པས། །དེ་བཞིན་གཤེགས་པ་ལྷ་མིའི་སྟོན་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་དེ་བསྟན་པའི་དགོས་པ་ནི། སྤྲོས་པ་ཉེར་ཞི་ཞི་བའི་དོན་དུ་བསྟན་ཅེས་པ་སྟེ། བསྟན་པ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱི་ཐོས་བྱུང་གི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་རྟོགས་པ་ནི་དངོས་ཀྱི་དགོས་པ་ཡིན་ལ། དེའི་དོན་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པར་བྱས་ཏེ་ཡུན་རིང་དུ་གོམས་པར་བྱས་པས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་བུ། །ཞེས་པའི་ཚུལ་གྱིས་མཉམ་པར་གཞག་པ་སྣང་བ་མེད་པའི་ཤེས་རབ་ཀྱིས་རྟེན་འབྲེལ་གྱི་ཆོས་ཉིད་ཡང་དག་པར་སྤྲོས་པའི་མཐའ་བརྒྱད་ལས་གྲོལ་བའི་མེད་དགག་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་དང་། དག་པ་རྗེས་ལ་ཐོབ་པ་སྣང་བཅས་ཀྱི་ཡེ་ཤེས་ཀྱིས་སྤྲོས་པའི་མཐའ་བརྒྱད་ལས་གྲོལ་བའི་མ་ཡིན་དགག་སྒྱུ་མ་ལྟ་བུའི་ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་གནས་པ་བཞིན་མངོན་སུམ་དུ་གཟིགས་པས་རྒྱུ་ཤེས་པ་ཤེས་བྱ་དང་བརྗོད་བྱ་རྗོད་བྱེད་ལ་སོགས་པ་ལ་བདེན་པའི་མཚན་མར་འཛིན་པ་ཉེ་བར་ཞི་བ་ས་བཅུའི་ཡེ་ཤེས་ཐོབ་པ་ནི་གནས་སྐབས་ཀྱི་དགོས་པའོ། །བློ་དེའི་ངོ་ན་རྟེན་འབྲེལ་དེ་ཉིད་བདེན་པའི་སྤྲོས་པ་ཉེར་ཞིའི་རང་བཞིན་དུ་འདུག་པས་རྟེན་འབྲེལ་དེ་ཉིད་ལའང་བདེན་པའི་སྤྲོས་པ་ཉེར་ཞི་ཞེས་བྱའོ། །དེ་ལྟར་ས་བཅུ་པའི་བར་དུ་གོམས་པར་བྱས་པས་དེའི་ཐ་མར་རྒྱུ་མ་རིག་པ་བག་ཆགས་དབང་བཅས་པ་སྤངས་པས་སངས་རྒྱས་ཀྱི་སར་འབྲས་བུ་སྣང་ཡུལ་ལ་འཁྲུལ་པའི་ཤེས་པའང་ལོག་པས་རྟེན་སེམས་དང་སེམས་ལས་བྱུང་བའི་འཇུག་པའང་མེད་པ་དང་། ཤེས་པ་དང་ཤེས་བྱའི་འཇུག་པ་ཐམས་ཅད་ལོག་པའི་སྒོ་ནས་སྐྱེ་རྒ་ན་འཆི་ལ་སོགས་པ་འབྲས་བུ་མ་ལུས་པ་ཉེ་བར་ཞི་བ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པ་ནི་མཐར་ཐུག་པའི་དགོས་པའོ། །བློ་དེའི་ངོ་ན་རྟེན་འབྲེལ་དེ་ཉིད་སྣང་བའི་མཚན་མའང་ཞི་བའི་རང་བཞིན་དུ་གནས་པས་རྟེན་འབྲེལ་དེ་ཉིད་ལའང་ཞི་བ་ཞེས་བྱའོ། །ཇི་སྐད་དུ། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་མུན་པའི་གཉིད་སད་ན། །འཁོར་བ་རྣམས་ནི་དམིགས་སུ་མེད། །དེ་ཉིད་ཕྱིར་ན་འགའ་ཞིག་ལའང་། །བློ་སྐྱེ་མེད་པ་སངས་རྒྱས་ཡིན། །ཅེས་པ་ལྟ་བུའོ། །དེ་ལྟར་རྟེན་འབྲེལ་སྤྲོས་བྲལ་སྟོན་པའི་སྦྱོར་བས་ཀུན་སློང་གི་བསམ་པ་ཐུགས་རྗེ་འཕེན་པས་བསམ་སྦྱོར་གཉིས་ཀྱིས་གཞན་དོན་དང་། སྤངས་རྟོགས་གཉིས་ཀྱིས་རང་དོན་ཕུན་སུམ་ཚོགས་པར་བསྟན་པ་ཡིན་ནོ། །གསུམ་པ་དེ་ལ་ཇི་ལྟར་ཕྱག་འཚལ་བའི་ཚུལ་ནི། ཕྱག་འཚལ་ཅེས་པ་སྟེ་སྒོ་གསུམ་འདུད་པའོ། །བཤད་ཚུལ་གཉིས་པ་ནི། ངག་འདིས་ཚིག་གི་ནུས་པའམ་ཤུགས་ལ་བསྟན་བཅོས་འདིའི་དགོས་འབྲེལ་བཞི་ཟིན་པས་དགོས་འབྲེལ་གྱི་ངག་ཏུ་བཤད་པའོ། །དེ་ལང་བསྟན་བཅོས་ཀྱི་ཀླད་དུ་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ཁ་ཅིག་གཏམ་གྱི་བབས་ལྟར་བསྟན་འཆོས་ཀྱི་གཞུང་མཛེས་པ་སྐྱེད་པ་ཡིན་ནོ་ཞེས་དང་། ཡང་ཁ་ཅིག་བསྟན་འཆོས་འདི་བརྩམ་པར་བྱ་བ་མ་ཡིན་ཏེ་དགོས་པ་དང་མི་ལྡན་པའི་ཕྱིར་བྱ་རོག་གི་སོ་བརྟག་པ་བཞིན་ནོ་ཞེས་པའི་ལོག་རྟོག་ཟློག་པ་ཡིན་ནོ་ཟེར་བ་ནི་མི་འཐད་དེ། དེ་གཉི་ག་ལ་དགོས་འབྲེལ་བཞི་ཁོ་ན་འགོད་པའི་གྲངས་ངེས་པ་མི་འཐད་པའི་ཕྱིར་དང་། མཛེས་པ་ཙམ་གྱི་ངོར་འཇུག་པ་རྟོག་ལྡན་གྱི་བྱ་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྟན་འཆོས་འདི་ལ་དགོས་འབྲེལ་བཞི་ཡོད་ཅེས་བརྗོད་པས་རྟོག་ལྡན་ཡིད་ཆེས་པར་དཀའ་བ་དང་སླ་བ་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ཡོད་ངེས་སྙམ་པ་དང་ཕལ་ཆེར་ཡོད་དེ་འོང་སྙམ་པའི་དོན་དུ་འགྱུར་བའི་ཐེ་ཚོམ་སྐྱེས་ནས་འཇུག་པར་འགྱུར་བ་སྟེ། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །དེ་ལས་གཞན་བའི་དབང་བྱས་མིན། །ཞེས་དང་། མདོ་དོན་ཆེ་བ་ཉིད་ཐོས་ནས། །ལེན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །ཕྱོགས་འདི་ལ་སྐྱོན་སྤང་བ་ལ། དགོས་འབྲེལ་གྱི་ཚིག་གིས་དོན་ལ་ངེས་པ་སྐྱེད་པར་མི་ནུས་ཏེ་ཚིག་དོན་དང་འབྲེལ་པ་མེད་པའི་ཕྱིར་སྐྱེས་བུ་གཤོབ་ཅན་གྱི་ཚིག་བཞིན་ནོ་ཞེས་དང་། ཐེ་ཚོམ་སྐྱེད་པ་ལ་ཚིག་མི་དགོས་ཏེ་དཔྱད་པའི་དོན་ལ་ཚད་མ་ལོག་པ་ལས་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ་ཞེ་ན། ཚིག་གིས་དོན་ལ་ཚད་མའི་ངེས་ཤེས་སྐྱེད་མི་ནུས་ཀྱང་ངེས་ཤེས་ཙམ་སྐྱེ་བ་མི་འགལ་ཞིང་། ཐེ་ཚོམ་ཙམ་སྐྱེད་པ་ལ་ཚིག་མི་དགོས་ཀྱང་དགོས་འབྲེལ་བཞི་ཕལ་ཆེར་ཡོར་དེ་འོང་སྙམ་པ་ཐེ་ཚོམ་ཁྱད་པར་ཅན་སྐྱེད་པ་ལ་རྩོམ་པ་པོའི་ངག་དགོས་པས་སྐྱོན་གང་ཡང་མེད་དོ། །བསྡུས་པའི་དོན་ནི། ངག་འདིའི་བརྗོད་བྱ་བསྟན་འཆོས་ཀྱི་དགོས་འབྲེལ་བཞི་ཉིད་ངོས་གཟུང་བ་དང་། དེ་ངག་འདིས་ཇི་ལྟར་བསྟན་པའི་ཚུལ་དང་། བསྟན་པའི་དགོས་འབྲེལ་བཞི་ཉིད་དུ་གྲངས་ངེས་པའི་རྒྱུ་མཚན་བསམ་པ་གསུམ་གྱིས་ངེས་པར་བྱ་བ་ལས། དང་པོ་ནི། སྤྱིར་བསྟན་བཅོས་ཀྱི་བརྗོད་བྱ་དང་། དགོས་པ་དང་། དགོས་པའི་དགོས་པ་དང་། འབྲེལ་པ་བཞི་ནི་གཞུང་དེས་གཙོ་བོར་གཏན་ལ་དབབ་བྱ་དང་། གཞུང་དེ་བལྟས་ཤིང་མཉན་པ་ལས་དེ་རྟོགས་པ་དང་། དེ་ལས་མཐར་འབྱུང་བའི་ཉིང་དགོས་དང་། རྟོགས་པ་དེ་བསྟན་འཆོས་ལ་རག་ལས་ཤིང་ལྟོས་པ་བཞི་ཡིན་ལ། བྱེ་བྲག་བསྟན་འཆོས་འདིའི་དེ་བཞི་ནི་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་། གཞུང་འདི་ཙམ་གྱིས་དེ་རྟོགས་པ་དང་། དེ་བསྒོམས་པ་ལས་གནས་སྐབས་ས་བཅུ་མཐར་ཐུག་སངས་རྒྱས་ཐོབ་པ་དང་། དེ་རྟོགས་པའི་དགོས་པ་བསྟན་བཅོས་ལ་རག་ལས་པ་རྣམས་རིམ་པ་བཞིན་ནོ། །གཉིས་པ་ནི། དོན་གཅིག་མིན་ཞེས་པ་ཡན་ཆད་ཀྱིས་བརྗོད་བྱ་དང་། བསྟན་ཅེས་པས་བསྟན་པའི་འབྲས་བུ་རྟོགས་པ་འཕེན་པས་དགོས་པ་དང་། སྤྲོས་པ་ཉེར་ཞི་ཞི་ཞེས་པས་དགོས་པའི་དགོས་པ་བསྟན་ལ། འབྲེལ་པ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་ནི་རྣམ་འབྱེད་ལས། །ཞེས་པའི་ཚུལ་གྱིས་འབྲེལ་པ་ཚིག་གི་ཡང་ཤུགས་ལ་བསྟན་ཅིང་། བཞི་ཀའང་སྟོན་པ་ལ་བསྟོད་པའི་ངག་གི་ཤུགས་ལ་བསྟན་པ་ཡིན་ནོ། །ཁ་ཅིག་སྤྲོས་པ་ཉེར་ཞི་ཞེས་པ་བརྗོད་བྱའི་ཁྱད་པར་དང་། ཞིར་བསྟན་ཅེས་པ་དེ་ཇི་ལྟར་བསྟན་པའི་ཚུལ་དུ་བཤད་ནས། རྫོགས་པའི་སངས་རྒྱས་དེ་ལ་ཞེས་པས་དགོས་པའི་དགོས་པ་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། བསྟན་འཆོས་ལ་ཆོས་མཐའ་ཡས་པ་ཡོད་པ་ལས་འདིར་བསྟན་འཆོས་ཀྱི་ཆོས་དགོས་འབྲེལ་བཞི་ཁོ་ན་འགོད་པའི་གྲངས་ངེས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ངག་འདིའི་དགོས་པ་བསྒྲུབ་པ་ལ་བཞི་ཁོ་ན་འཚམ་པའི་ཕྱིར་རོ། །དེ་ལ་ངག་འདིའི་དགོས་པ་ནི་སྔར་བཤད་པ་ལྟར་རྟོག་ལྡན་བསྟན་འཆོས་ལ་འཇུག་པའི་ཡན་ལག་ཡིན་ལ། དེ་ཡང་རྟོག་ལྡན་འཇུག་པའི་གེགས་སུ་ངེས་པའི་རྟོག་པ་བཞི་སྐྱེ་སྲིད་ཅིང་ལྔ་པ་མི་སྲིད་པས་དེ་བཟློག་པ་ལ་བཞི་ལས་ཉུང་ན་མི་ནུས་ཤིང་མང་ན་མི་དགོས་པའི་ཕྱིར་ཏེ། འདི་ལྟར་རྟོག་ལྡན་འཇུག་པ་ལ་བྱ་རོག་གི་སོ་བརྟག་པ་ལྟར་འདིའི་དགོས་པའི་ཁྱད་པར་ཤེས་བྱ་ལ་མེད་པ་ཉིད་དམ། ཡོད་ཀྱང་མ་བག་མར་ལེན་པའི་རིམ་པ་སྟོན་པ་ལྟར་འདོད་བྱ་མ་ཡིན་པ་ཉིད་དམ། དགོས་པའི་ཁྱད་པར་དེ་ཤེས་བྱ་ལ་ཡོད་ཅིང་འདོད་བྱ་ཡིན་ཀྱང་རིན་པོ་ཆེ་རྒྱན་གྱི་མན་ངག་ལྟར་བསྟན་བཅོས་འདིས་བསྒྲུབ་པར་མི་ནུས་པ་ཉིད་དམ། བསྒྲུབ་པར་ནུས་ཀྱང་འདི་ཉིད་དང་མ་འབྲེལ་བར་འདི་བས་ཐབས་སླ་བ་གཞན་ཡོད་དམ་སྙམ་པའི་གེགས་ཀྱི་རྟོག་པ་བཞི་སྲིད་ལ། དེ་དག་རིམ་པ་ལྟར་དགོས་པའི་ངོ་བོ་དང་། དགོས་པའི་དགོས་པ་དང་། བརྗོད་བྱ་དང་། འབྲེལ་པ་སྨྲོས་པས་བཟློག་ལ། དེ་དག་བཟློག་པས་འདིའི་དགོས་པའི་ཁྱད་པར་ཤེས་བྱ་ལ་ཡོད་ཅིང་འདོད་བྱ་ཡིན་པ་དང་། དེ་འདིས་བསྒྲུབ་པར་ནུས་ཤིང་འདི་ཉིད་དང་འབྲེལ་བར་གོ་ལ་དེ་ཙམ་གྱིས་འདི་ལ་འཇུག་པར་འགྱུར་བས་འཇུག་པའི་གེགས་སུ་ངེས་པའི་རྟོག་པ་ལྔ་པ་མི་སྲིད་པ་ཡིན་ནོ། །ཚིག་གི་དོན་ནི་སྔར་བཤད་པ་ལྟར་ཤེས་པར་བྱའོ། །ད་ནི་བརྩམ་པར་བྱ་བ་སྐབས་ཀྱི་དོན་བསྟན་པ་ཟབ་མོའི་དོན་དགྲོལ་བ་ལ་རབ་ཏུ་བྱེད་པ་རྣམས་ཀྱི་དོན་གྱི་ཆ་ངེས་པར་བྱ་བ་དང་། གཞུང་གི་ཆ་བཤད་པ་གཉིས་ལས། དང་པོ་ལའང་གཉིས་ཏེ། རབ་ཏུ་བྱེད་པ་རྣམས་ཀྱི་འབྲེལ་རྣམ་པར་གཞག་པ་དང་། སྐབས་ཀྱི་བརྗོད་བྱ་བདེན་པ་གཉིས་ཀྱི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་རབ་ཏུ་བྱེད་པའི་སྤྱི་དང་། བྱེ་བྲག་གི་འབྲེལ་གཉིས་ལས། དང་པོ་ནི། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱིས་དོན་གྱི་ཁྱད་པར་ཇི་ལྟ་བུ་ཞིག་བསྟན་ཅེ་ན། སྔར་མཆོད་བརྗོད་དུ་བཀོད་པའམ་མདོ་སྡེ་རིན་པོ་ཆེ་ཐམས་ཅད་ཀྱི་བརྗོད་བྱ་བདེན་པ་གཉིས་སམ། རྟེན་འབྲེལ་ཡང་དག་པར་བདེན་པའི་སྤྲོས་པ་མཐའ་དག་གིས་སྟོང་པ་རྟོགས་པའི་འབྲས་བུ་དང་བཅས་པ་ཞིག་བསྟན་པ་ཡིན་པས་དེ་ལ་གསུམ་སྟེ། དེའི་ཁྱད་པར་གྱི་ཆོས་བཤད་པ་དང་། ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཁྱད་པར་ཅན་དེ་རྟོགས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་ཁྱད་པར་གྱི་ཆོས་གཙོ་བོ་དང་། ཕལ་པ་དང་། དེ་ལ་ཧ་ཅང་ཐལ་བ་སྤང་བ་གསུམ་ལས། དང་པོ་ནི། སྔར་བཤད་པ་ལྟར་དགག་བྱ་བསྟན་འཆོས་དང་འཇིག་རྟེན་ལ་གྲགས་པའི་ལོག་རྟོག་གཙོ་ཆེ་བ་བརྒྱད་ཀྱི་གཉེན་པོར་འགག་པ་མེད་པ་ལ་སོགས་པའི་ཁྱད་པར་བརྒྱད་སྨོས་པ་དེ་ཉིད་ཡིན་པས། དེ་ལ་སྐྱེ་བ་དང་འགྲོ་འོང་དངོས་སུ་བཀག་པས་འགག་པ་ལ་སོགས་པ་ལྔ་ཤུགས་ལ་འགོག་པ་རྐྱེན་དང་འགྲོ་འོང་བརྟག་པ་གཉིས་སོ། །ཕལ་པ་ལ་ལྔ་སྟེ། སྐྱེ་མཆེད་དང་། ཕུང་པོ་དང་། ཁམས་བརྟག་པས་དེ་དག་གི་ངོ་བོ་རང་བཞིན་དུ་གྲུབ་པ་བཀག་ལ། འདོད་ཆགས་དང་ཆགས་པ་དང་། འདུས་བྱས་ཀྱི་མཚན་ཉིད་དང་། ལས་དང་བྱེད་པོ་བརྟག་པས་དེ་དག་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་ཡུལ་ཅན་ཉོན་མོངས་པ་དང་། དེ་དག་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་འཇིག་པ་དང་། དེ་དག་གི་རྒྱུ་ལས་དང་དེའི་བྱེད་པ་པོ་རང་བཞིན་དུ་གྲུབ་པ་བཀག་པས། དེ་ལྟར་རབ་ཏུ་བྱེད་པ་དྲུག་གིས་རྟེན་འབྲེལ་ཆོས་ཀྱི་བདག་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གྱིས་སྟོང་པ་དང་། སྔ་རོལ་ན་གནས་པ་བརྟག་པས་གང་ཟག་གི་ངོ་བོ་རང་བཞིན་དུ་གྲུབ་པ་བཀག་ལ། མེ་དང་བུད་ཤིང་དང་། སྔོན་དང་ཕྱི་མའི་མཐའ་དང་། སྡུག་བསྔལ་བརྟག་པས་དེ་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་དཔེ་མེ་དང་བུད་ཤིང་དང་། བྱ་བ་སྐྱེ་བ་རྒ་ཤིའི་འཁོར་བ་དང་། བརྟེན་པ་སྡུག་བསྔལ་རང་བཞིན་དུ་ཡོད་པ་བཀག་པས། དེ་ལྟར་རབ་ཏུ་བྱེད་པ་བཞིས་རྟེན་འབྲེལ་ཕུང་པོ་ཉེ་བར་ལེན་པ་པོའི་གང་ཟག་གི་བདག་གིས་སྟོང་པ་དང་། འདུ་བྱེད་བརྟག་པས་གང་ཟག་དང་ཆོས་སུ་མ་ཕྱེ་བར་དངོས་པོ་ཙམ་གྱི་ངོ་བོ་རང་བཞིན་དུ་གྲུབ་པ་བཀག་ལ། ཕྲད་པ་དང་། རང་བཞིན་དང་། བཅིངས་ཐར་དང་། ལས་འབྲས་བརྟག་པས་དེའི་སྒྲུབ་བྱེད་ཕྲད་པ་དང་། རྒྱུ་རྐྱེན་ཉེ་བར་ལེན་པ་ལ་སོགས་པ་དང་། འཁོར་བ་དང་། དེའི་ཡང་སྒྲུབ་བྱེད་ལས་དང་འབྲས་བུ་རང་བཞིན་དུ་ཡོད་པ་བཀག་ཅིང་། བདག་དང་ཆོས་བརྟག་པས་དངོས་པོ་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་ཐ་སྙད་ཙམ་དུ་དབུ་མ་པ་རང་གི་ལུགས་བརྗོད་པས། དེ་ལྟར་རབ་ཏུ་བྱེད་པ་དྲུག་གིས་གང་ཟག་དང་ཆོས་སུ་མ་ཕྱེ་བར་རྟེན་འབྲེལ་དངོས་པོ་ཙམ་གྱི་རང་བཞིན་གྱིས་སྟོང་པ་དང་། དུས་བརྟག་པས་དུས་གསུམ་གྱི་ངོ་བོ་རང་བཞིན་དུ་གྲུབ་པ་བཀག་ལ། ཚོགས་པ་དང་འབྱུང་འཇིག་བརྟག་པས་དུས་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་ཕྱི་ནང་གི་འབྲས་བུ་སྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པ་དང་། འབྱུང་འཇིག་གཉིས་ཀྱི་རྒྱུ་ཡིན་པ་རང་བཞིན་དུ་བཀག་པས། དེ་ལྟར་རབ་ཏུ་བྱེད་པ་གསུམ་གྱིས་རྟེན་འབྲེལ་དུས་ཀྱི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་གཤེགས་པ་བརྟག་པས་སྲིད་པའི་རྒྱུན་གྱི་འབྲས་བུ་དེ་བཞིན་གཤེགས་པ་རང་བཞིན་དུ་གྲུབ་པ་བཀག་ལ། ཕྱིན་ཅི་ལོག་བརྟག་པས་སྲིད་པའི་རྒྱུན་གྱི་རྒྱུ་ཉོན་མོངས་རང་བཞིན་དུ་གྲུབ་པ་བཀག་པས། དེ་ལྟར་རབ་ཏུ་བྱེད་པ་གཉིས་ཀྱིས་རྟེན་འབྲེལ་སྲིད་པའི་རྒྱུན་གྱི་རང་བཞིན་གྱིས་སྟོང་པར་བསྟན་པའོ། །དེ་ལྟར་རྟེན་འབྲེལ་གྱི་ཁྱད་པར་གྱི་ཆོས་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་ལ་ཧ་ཅང་ཐལ་བ་སྤང་བ་ལ་གཉིས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ལུང་ལས་གྲགས་པ་ཤེས་བྱ་འཕགས་པའི་བདེན་པ་བཞི་དང་། ཡུལ་ཅན་ཡེ་ཤེས་བཞི་དང་། འབྲས་བུ་དཀོན་མཆོག་གསུམ་དང་། ལས་རྒྱུ་འབྲས་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་ཞིང་། འཇིག་རྟེན་ལ་གྲགས་པའི་ཐ་སྙད་ཐམས་ཅད་ཀྱང་མེད་པར་འགྱུར་རོ་ཞེས་རྒོལ་བ་ལ། དེ་དག་རང་བཞིན་པ་མེད་པར་ཐལ་བ་ནི་འདོད་པ་ཉིད་ཡིན་ལ། རང་བཞིན་མེད་པའི་ཕྱོགས་ལ་ཐ་སྙད་དུ་རྟེན་འབྲེལ་རུང་བས་ཐ་སྙད་དུ་དེ་དག་ཐམས་ཅད་ཆེས་ཤིན་ཏུ་འཐད་པ་ཡིན་ནོ་ཞེས་ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས་པ་འཕགས་པའི་བདེན་པ་བརྟག་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་གཉེན་པོ་ཟག་པ་མེད་པའི་ལམ་གྱིས་རྒྱུ་ཉོན་མོངས་སྤངས་པ་དང་། དེའི་སྟོབས་ཀྱིས་འབྲས་བུ་ཕུང་པོའི་རྒྱུན་འགག་པ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་མི་རུང་ངོ་ཞེས་རྒོལ་པ་ལ། ཁོ་བོ་ཅག་དེ་ཁོ་ན་ཉིད་དུ་སྡུག་བསྔལ་རྒྱུ་བཅས་རང་བཞིན་གྱིས་དག་པ་ལ་མྱ་ངན་ལས་འདས་པ་ཞེས་བཏགས་ཀྱི་གཉེན་པོའི་སྒོ་ནས་རྒྱུ་ཉོན་མོངས་སམ་འབྲས་བུ་ཕུང་པོ་སྔར་ཡོད་སྤངས་པའི་མྱང་འདས་མེད་པར་ཐལ་བ་ནི་འདོད་པ་ཉིད་ཡིན་ནོ་ཞེས་དོན་དམ་གྱི་སྒོ་ནས་ལན་འདེབས་པ་མྱང་འདས་བརྟག་པའོ། །དེ་ལྟར་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔས་ཁྱད་པར་གྱི་ཆོས་ཡང་དག་པར་རང་བཞིན་སྟོང་པ་ཉིད་དུ་བསྟན་ནས། ཁྱད་པར་གྱི་གཞི་ཉོན་མོངས་རྣམ་བྱང་གི་རྟེན་ཅིང་འབྲེལ་པར་བྱུང་བ་གཞག་པ་རྟེན་འབྲེལ་བརྟག་པ་ཡིན་ལ། རྟེན་འབྲེལ་ཁྱད་པར་ཅན་དེ་རྟོགས་པའི་འབྲས་བུ་ལྟ་བ་ཐམས་ཅད་སྤངས་ནས་མཐར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ་ཞེས་སྟོན་པ་ལྟ་བ་བརྟག་པའོ། །བྱེ་བྲག་གི་འབྲེལ་ནི་གཞན་དུ་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་སྐབས་ཀྱི་བརྗོད་བྱ་བདེན་པ་གཉིས་ཀྱི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། བདེན་པ་གཉིས་སོ་སོའི་མཚན་ཉིད་གཞག་པ་དང་། མཚན་ཉིད་གནས་པའི་རྟེན་མཚན་གཞི་ངོས་གཟུང་བ་དང་། མཚན་གཞི་ལ་མཚན་ཉིད་ངེས་པར་བྱེད་པའི་ཚད་མའོ། །དང་པོ་ནི། ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པའི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི་ཐ་སྙད་པའི་ཤེས་པ་འཁྲུལ་པའི་ཡུལ་དུ་བདེན་པ་ཡིན་ལ། དོན་དམ་པའི་བདེན་པ་ལ་རང་བཞིན་སེམས་པས་དཔྱད་ན་མཚན་ཉིད་ལ་སོགས་པ་མ་གྲུབ་མོད་ཀྱི་ཐ་སྙད་ཙམ་དུ་སྒྲོ་བཏགས་པའི་ཚུལ་གྱིས་སྟོན་ན། བློ་མ་འཁྲུལ་བའི་ཡུལ་དུ་བདེན་པ་སྟེ་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་སམ། ཚུལ་གསུམ་པའི་རྟགས་ལས་མཐར་ཐུག་དེ་ཁོ་ན་ཉིད་དཔྱོད་པ་རིགས་པའི་ཤེས་པའི་ངོར་བདེན་པའོ། །གཉིས་པ་ནི། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་པའི་ཚུལ་གྱིས་ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ནི་སྣང་བཅས་ཀྱི་བློའི་ཡུལ་ཤེས་བྱའི་ཆོས་གང་ཇི་སྙེད་པ་ཐམས་ཅད་དོ། །དེ་ལ་ཉོན་མོངས་ཅན་གྱི་མ་རིག་པས་འཁྲུལ་པར་བྱས་པ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་འཁྲུལ་པའི་ཡུལ་དུ་གྲུབ་པ་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པས་འཁྲུལ་པར་བྱས་པ་སྣང་བ་དང་བཅས་པའི་འཕགས་པ་གསུམ་གྱི་རྗེས་ཀྱི་ཤེས་པ་འཁྲུལ་པའི་ཡུལ་དུ་གྲུབ་པ་འཕགས་པའི་ཀུན་རྫོབ་ཀྱི་བདེན་པ་གཉིས་ཡིན་ལ། དང་པོ་ལ་འཇིག་རྟེན་ལ་གྲགས་པའི་གཟུང་ཡུལ་ལ་མ་འཁྲུལ་བའི་བློའི་ཡུལ་དུ་བདེན་པ་ཡང་དག་ཀུན་རྫོབ་ཀྱི་བདེན་པ་དང་། གཟུང་ཡུལ་ལ་འཁྲུལ་པའི་བློའི་ཡུལ་དུ་བདེན་པ་ལོག་པའི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ལ་འཇིག་རྟེན་གྱི་ཤེས་པ་འཁྲུལ་པ་དང་མ་འཁྲུལ་པ་ནི་ཁ་ནང་ལྟའི་ཤེས་པ་རང་གི་ངོ་བོ་མྱོང་བའི་རང་རིག་པ་དང་། ཁ་ཕྱིར་ལྟ་གཞན་རིག་གི་ཤེས་པ་ལ་དབང་པོའི་སྐྱོན་ཏེ་དབང་ཤེས་དྲུག་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་རྒྱུ་ནང་དབང་པོ་དང་དེ་མ་ཐག་པ་དང་ཕྱི་རོལ་ཡུལ་ལ་ཡོད་པ་ལ་སོགས་པ་དང་བྲལ་བ་ལས་སྐྱེས་པ་ཟླ་བ་གཅིག་འཛིན་ལ་སོགས་པ་ནི་མ་འཁྲུལ་བ་དང་། དབང་ཤེས་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཇུག་པའི་རྒྱུ་དེ་དག་དང་བཅས་པ་ལས་སྐྱེས་པའི་ཤེས་པ་ཟླ་བ་གཉིས་འཛིན་ལ་སོགས་པ་ནི་འཁྲུལ་བར་བཞག་སྟེ། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་ཇི་སྐད་གསུངས་པའོ། །དེ་ཉིད་ཀྱིས་ན་ཁ་ནང་ལྟ་རང་རིག་གི་ཡུལ་ནང་སེམས་དང་སེམས་ལས་བྱུང་བ་རིགས་པའི་དངོས་པོ་དང་། ཁ་ཕྱིར་ལྟ་དབང་པོ་དྲུག་གི་ཤེས་པ་མ་འཁྲུལ་བའི་ཡུལ་གཟུགས་ལ་སོགས་པ་ཕྱི་རོལ་དོན་གྱི་དངོས་པོ་གཉིས་ཡང་དག་ཀུན་རྫོབ་ཀྱི་བདེན་པ་དང་། དབང་པོ་དྲུག་གི་ཤེས་པ་འཁྲུལ་པའི་ཡུལ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་རྟོག་མེད་འཁྲུལ་པའི་དམིགས་པ་དང་། བདག་དང་གཙོ་བོའི་རྣམ་པ་ལ་སོགས་པ་རྟོག་པའི་གཟུང་ཡུལ་དོན་སྤྱིའི་རྣམ་པ་གཉིས་ལོག་པའི་ཀུན་རྫོབ་ཀྱི་བདེན་པར་གཞག་སྟེ། ཇི་སྐད་དུ། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག །ཅེས་དང་། ལོག་པའི་ཀུན་རྫོབ་ཀྱི་དབྱེ་བ་གཉིས་ཀྱི་དབང་དུ་མཛད་ནས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་རྒྱུ་ལ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་སོ། །དེ་ལྟར་སྣང་བཅས་ཀྱི་བློ་ལ་འཁྲུལ་མ་འཁྲུལ་དང་ཡུལ་ལ་བདེན་བརྫུན་དུ་ཕྱེད་པ་དེ་ཡང་འཇིག་རྟེན་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་དོན་དེ་ལྟར་གྲགས་པས་འཇིག་རྟེན་བྱིས་པའི་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ཅིང་། གཉིས་པ་ཀུན་རྫོབ་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་བ་སྣང་བཅས་ཀྱི་འཕགས་པ་གསུམ་གྱི་རྗེས་ཀྱི་དོན་གང་ཅི་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལ་སོགས་པ་ལྟར་བརྫུན་པ་སྣང་ལ་རང་བཞིན་མེད་པར་རོ་མཉམ་ཉིད་དུ་གཟིགས་པས་དེའི་ལ་འཕགས་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་དང་། བདེན་བརྫུན་ནམ་ཡང་དག་ལོག་པ་གཉིས་སུ་དབྱེར་མེད་པས་ཀུན་རྫོབ་ཙམ་པོ་ཞེས་དང་། དབུ་མ་པ་རྣམས་ཀྱིས་ཀྱང་དངོས་པོ་ལ་དེ་ཁོ་ན་ལྟར་སྣང་བཅས་ཀྱི་བློའི་ཡུལ་ཐམས་ཅད་བརྫུན་པ་དང་བློ་ཐམས་ཅད་འཁྲུལ་བར་འདོད་པས་དབུ་མ་པའི་ཀུན་རྫོབ་ཅེས་ཀྱང་བརྗོད་པ་ཡིན་ཏེ། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པ་ལྟ་བུའོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །གཉིས་པ་དོན་དམ་པའི་བདེན་པའི་མཚན་གཞི་ནི། ཇི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པའི་ཚུལ་གྱིས་ཇི་ལྟར་སྣང་བ་འདི་ཉིད་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་སམ། བརྟགས་ཤིང་དཔྱད་ནས་འཇུག་པ་རིགས་པའི་ཤེས་པའི་ངོ་ན་ཡོད་མེད་དམ་བདེན་བརྫུན་ནམ་ཤེས་བརྗོད་གཞལ་བྱ་ལ་སོགས་པ་ཅིའི་ངོ་བོར་ཡང་གྲུབ་པ་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཙམ་ལ་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བྱས་པར་ཟད་དེ། ཇི་ལྟར་བད་ཀན་གྱི་རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་དེ་ཉིད་རབ་རིབ་དང་བྲལ་བའི་བློའི་ཡུལ་ན་ཅིར་ཡང་གྲུབ་པ་མེད་པར་གནས་པ་ལ་སྐྲའི་དེ་ཁོ་ན་ཉིད་དུ་བརྗོད་པ་བཞིན་ནོ། །ཇི་སྐད་དུ། རབ་རིབ་མཐུ་ལས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་བ་དེ་བཞིན་དེ་ཉིད་འདིར་ཤེས་ཀྱིས། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་བདེན་པ་གཉིས་ཀྱི་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་བསམ་པ་ལ། གལ་ཏེ་མཚན་གཞི་ཤེས་བྱ་ཙམ་ལ་ཇི་སྐད་བཤད་པའི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དེ་ཡོད་པ་དང་། ཇི་སྐད་བཤད་པའི་དོན་དམ་པའི་བདེན་པའི་མཚན་ཉིད་དེ་རྟེན་པའི་མཚན་གཞི་སྤྲོས་པ་དང་བྲལ་བའམ། ཤེས་བྱའི་ཆོས་ལས་འདས་པར་ཚད་མའམ་བློ་གང་གིས་ངེས་པ་ཡིན་ཅེ་ན། འདི་ལ་བདེན་པ་གཉིས་ཀྱི་མཚན་ཉིད་ངེས་པར་བྱེད་པའི་བློའམ་ཚད་མ་ངོས་གཟུང་བ་དང་། བློ་དེས་མཚན་ཉིད་ཇི་ལྟར་ངེས་པའི་ཚུལ་བསྟན་པ་གཉིས་ཀྱིས་ཤེས་པར་བྱ་བ་ལས། དང་པོ་ལ་གཉིས་ཏེ། གཞན་གྱི་ལུགས་དགག་པ་དང་། རང་གི་ལུགས་གཞག་པའོ། །དང་པོ་ལ་རང་རྒྱུད་དུ་སྨྲ་བའི་དབུ་མ་པ་དག་རྒོལ་ཕྱིར་རྒོལ་གཉི་ག་ལ་གྲགས་པའི་དངོས་པོའི་སྟོབས་ཀྱིས་ཞུགས་པའམ། འཛིན་སྟངས་མི་འཁྲུལ་བའི་ཚད་མ་ཉིད་ཀྱིས་ངེས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ཇི་ལྟར་མི་འཐད་པའི་ཚུལ་ནི། ཚད་མའི་སྒྲ་དོན་དང་། མཚན་ཉིད་དང་། ངེས་བྱེད་མི་འཐད་པས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་སྤྱིར་དགག་པ་དང་། ཇི་ལྟར་བརྟགས་པ་ལྟར་གྱི་མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་དང་ཉེར་འཇལ་གྱི་ཚད་མ་མི་འཐད་པས་བྱེ་བྲག་ཏུ་དགག་པའི་ཚུལ་དབུ་མའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལས་ཤེས་པར་བྱའོ། །ཡང་ཁ་ཅིག གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པ་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་པའི་ཚུལ་གྱིས་དབུ་མ་པ་ལ་རང་ཕྱོགས་ཁས་བླང་རྒྱུའི་ལྟ་བ་ཅི་ཡང་མེད་པས་དེ་སྒྲུབ་བྱེད་ཀྱི་ཚད་མའང་མེད་ལ། གཞན་གྱིས་བརྟགས་པའི་མཐའ་ཐམས་ཅད་ཁས་ལེན་ནང་འགལ་གྱི་ཐལ་འགྱུར་གྱི་འགོག་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལའང་དོན་དམ་པ་བརྟགས་ཤིང་དཔྱད་པ་རིགས་པའི་ངོར་ཁས་བླང་བྱའི་ཆོས་མ་གྲུབ་པས་དེ་སྒྲུབ་བྱེད་ཀྱི་ཚད་མ་མེད་མོད། མ་དཔྱད་པའི་ཤེས་ངོ་ཀུན་རྫོབ་ཙམ་དུ་དབུ་མའི་དོན་རྟེན་འབྲེལ་ཡིན་པས་དང་། དབུ་མ་པའི་གང་ཟག་ཡོད་པས་དང་། དབུ་མའི་ངག་སྦྱོར་བས་དབུ་མ་པ་ལ་ཁས་བླང་བྱའི་ལྟ་བ་མེད་པར་མི་འཐད་པ་དང་། འཇིག་རྟེན་ནམ་ཕ་རོལ་ལ་གྲགས་པའི་ཚད་མ་ཙམ་ཡང་ཁས་མི་ལེན་ན་རང་གི་ཕྱོགས་ཀུན་རྫོབ་ཙམ་དུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་པར་འབྱུང་བ་གཞག་པ་མི་འགྲུབ་པ་དང་། གཞན་ཕྱོགས་ཐ་སྙད་དུ་མེད་པ་དང་། ཡང་དག་པར་ཡོད་པའི་མཐའ་མི་བདེན་པར་ཤེས་བྱེད་མེད་པས་གཞན་ཕྱོགས་འགོག་འདོད་ཀྱི་བློ་མི་འཇུག་ཅིང་། ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ་ཁས་བླངས་པར་ཤེས་བྱེད་མེད་པས་ཐལ་འགྱུར་རྒོལ་བའི་ཡུལ་མི་འགྲུབ་ལ། ཕ་རོལ་པོའི་ངག་སྔ་ཕྱི་འགལ་བར་ཤེས་བྱེད་མེད་པས་ཡུལ་ལ་ཐལ་བ་ཉིད་མི་འགྲུབ་པས་གཞན་ཕྱོགས་ཐལ་འགྱུར་གྱིས་འགོག་པའང་མི་འཐད་དོ་ཞེས་ཀྱང་དེ་ཉིད་དུ་བཤད་ཟིན་ཏོ། །གཉིས་པ་རང་ལུགས་གཞག་པ་ནི། དེ་ལྟར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཀུན་རྫོབ་ཏུའང་མི་འཐད་ཅིང་། ཕ་རོལ་ལམ་འཇིག་རྟེན་ལ་གྲགས་པའི་ཚད་མ་ཙམ་ལས་མ་བླངས་ན་ཀུན་རྫོབ་ཙམ་དུ་དགག་སྒྲུབ་ཀྱི་རྣམ་གཞག་གང་ཡང་མི་འགྲུབ་པས། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ལུང་དང་། ཉེ་བར་འཇལ་བ་ཞེས་བྱ་བ་འཇིག་རྟེན་ལ་གྲགས་པའི་ཚད་མ་བཞིས་ཐ་སྙད་ཙམ་དུ་ཕྱོགས་གཉིས་དགག་སྒྲུབ་ཀྱི་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །དེ་ལ་མངོན་སུམ་ཚད་མ་ནི། སྔར་མ་རྟོགས་པའི་དོན་མྱོང་བས་རྟོགས་པ་སྟེ་དེས་ཕྱི་དང་ནང་གིས་བསྡུས་པའི་མ་དཔྱད་པ་མངོན་གྱུར་གྱི་རྟེན་འབྲེལ་ཙམ་མཐོང་བས་གཙོར་ཐ་སྙད་དུ་མེད་པའི་མཐའ་སེལ་བ་ཡིན་ནོ། །རྗེས་དཔག་ནི། ཚུལ་གསུམ་པའི་རྟགས་ལས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་སྟེ། དེ་ཡང་རྟགས་གསུམ་ལ་བརྟེན་ནས་རྒྱུད་གཞན་གྱི་བློ་དང་འདུས་བྱས་མི་རྟག་པ་དང་ཆོས་བདག་མེད་པར་རྟོགས་པ་ལྟ་བུ་ཐ་སྙད་དུ་སྒྲུབ་པར་བྱེད་པའི་རྗེས་དཔག་གིས་དེ་དག་ཐ་སྙད་དུ་ཡང་མེད་པའི་མཐའ་སེལ་ལ། གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ལས་ཡང་དག་པར་སྤྲོས་པའི་མཚན་མ་གང་དུའང་གྲུབ་པ་མེད་པར་རྟོགས་པ་ལྟ་བུ་ཡང་དག་པར་དགག་པ་བྱེད་པའི་རྗེས་དཔག་གི་ཆོས་རྣམས་ཡང་དག་པར་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བ་ཡིན་ནོ། །དེ་ལ་དབུ་མའི་གཞུང་ནས་བཤད་པའི་རྗེས་དཔག་ཕལ་ཆེར་ཡང་དག་པར་དགག་པ་བྱེད་པ་གཙོ་ཆེ་བར་བལྟའོ། །དེའི་རྟགས་རྣམས་ཚུལ་གསུམ་གཉི་ག་ལ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་རང་ཕྱོགས་བདེན་པར་འཇོག་པ་རང་རྒྱུད་དུ་མ་འཐད་པར་སྔར་བཤད་ཟིན་པས་ཚུལ་གསུམ་ཕ་རོལ་གྱིས་ཁས་བླངས་པའམ་ཁས་བླངས་ཀྱི་མཐར་ཐུག་པ་ཐལ་འགྱུར་གྱི་རྟགས་དང་རྟགས་ལས་འོངས་པའི་བློ་ཕ་རོལ་ལ་གྲགས་པའི་རྗེས་སུ་དཔག་པ་ཡིན་ནོ། །ཁས་བླངས་ཀྱི་མཐར་ཐུག་པའི་དོན་ནི་དངོས་སུ་ཁས་མ་བླངས་ཀྱང་དོན་གྱིས་ཁས་བླངས་དགོས་སུ་སོང་བ་དང་། མ་དཔྱད་ན་ཚད་མས་གྲུབ་པ་ལྟར་སྣང་ཡང་དཔྱད་ན་རྟགས་འཛིན་གྱི་བློ་འཛིན་སྟངས་མི་འཁྲུལ་བའི་ཚད་མར་ཕ་རོལ་གྱི་ཁས་བླངས་ལ་ལྟོས་པའོ། །ཐལ་འགྱུར་གྱི་རྟགས་ཀྱི་དབྱེ་བ་ནི་ཕྱོགས་ཆོས་ཁྱབ་པ་ཕ་རོལ་ལ་གྲུབ་པའི་རྟགས་ཀྱིས་ཕ་རོལ་གྱི་ངོར་མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུབས་ནས་གཞན་ཕྱོགས་སེལ་བ་གཞན་ལ་གྲགས་པའི་རྗེས་དཔག་དང་། ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ་ཕ་རོལ་ལ་གྲུབ་པས་ཕ་རོལ་གྱི་ངོར་བཟློག་པ་འཕངས་པའི་སྒོ་ནས་གཞན་ཕྱོགས་སེལ་བ་འགལ་བ་བརྗོད་པའི་ཐལ་འགྱུར་དང་། རྒྱུ་མཚན་མཚུངས་ཀྱང་རྒྱུ་མཚན་ཅན་མི་མཚུངས་པར་འདོད་པ་ལ་རྒྱུ་མཚན་མཚུངས་པའི་སྒོ་ནས་རྒྱུ་མཚན་ཅན་ཡང་མཚུངས་པར་བསྒྲེ་བ་རྒྱུ་མཚན་མཚུངས་པའི་འགོ་སྙོམས་དང་། དངོས་པོར་སྨྲ་བའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པ་དང་། དབུ་མ་པའི་ཕྱོགས་ལ་སྐྱོན་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པས་རྩོད་པའི་ཡན་ལག་གང་ལ་བརྩད་པའི་ཡུལ་དེ་ལ་མ་གྲུབ་པ་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་བཞི་ཡིན་ལ། ཀུན་རྫོབ་ཏུ་དབུ་མ་པ་རང་གི་བློ་ངོར་མཐའ་གཅིག་ཏུ་ངེས་པ་བསྒྲུབ་པ་དང་། དགག་པ་འཕེན་པའང་ཡོད་མོད་ཀྱི་དེ་ཕ་རོལ་ལ་གྲགས་པའི་ཚད་མ་ཙམ་གྱིས་གྲུབ་པ་ཡིན་གྱི། དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པའི་མཐའ་གཅིག་ཏུ་ངེས་པ་དང་། བཟློག་པ་འཕངས་པ་ནི་ཀུན་རྫོབ་ཏུ་ཡང་མེད་པས་རང་རྒྱུད་དང་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དུ་མི་འགྱུར་བར་ཤེས་པར་བྱའོ། །གཞལ་བྱའི་གནས་གསུམ་སྟོན་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གིས་མི་གནོད་ཅིང་དེ་དག་གིས་གྲུབ་པ་བརྟག་པ་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་བཀའ་འམ་སློབ་དཔོན་འཕགས་པའི་བསྟན་འཆོས་ལྟ་བུ། ཡིད་ཆེས་པའི་ཚིག་ལས་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ལུང་གི་ཚད་མ་སྟེ། དེ་ཡང་ཀུན་རྫོབ་རྒྱ་ཆེན་པོ་སྟོན་པ་དྲང་དོན་གྱི་ལུང་གིས་ཐ་སྙད་དུ་མེད་པའི་དང་། དོན་དམ་ཟབ་མོ་སྟོང་པ་ཉིད་སྟོན་པ་ངེས་དོན་གྱི་ལུང་གིས་ཡང་དག་པར་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བར་བལྟའོ། །མཐོང་བའི་དཔེ་ལས་མ་མཐོང་བའི་དོན་ལ་འདྲ་བའི་ཆ་འཇལ་བ་ནི་ཉེ་བར་འཇལ་བའི་ཚད་མ་སྟེ། སྒྱུ་མ་ལ་སོགས་པ་སྣང་ཡང་རང་བཞིན་མེད་པའི་དཔེས་ཡང་དག་པར་ཡོད་པའི་དང་། རང་བཞིན་མེད་ཀྱང་ཐ་སྙད་དུ་སྣང་བའི་དཔེས་ཐ་སྙད་དུ་མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བ་ཡིན་ནོ། །གཉིས་པ་བློ་དེ་དག་གིས་ཇི་སྐད་བཤད་པའི་བདེན་པ་གཉིས་ཀྱི་མཚན་གཞི་ལ་མཚན་ཉིད་ཇི་ལྟར་ངེས་པའི་ཚུལ་ནི། ཕྱི་ནང་གི་ཆོས་རྣམས་ལ་སྔར་བཤད་པའི་རིགས་པའི་ཤེས་པས་གཞིགས་ན་དངོས་པོ་དང་དངོས་མེད་ལ་སོགས་པ་བདེན་པའི་སྤྲོས་པ་གང་ཡང་མ་རྙེད་པས་དོན་དམ་པའི་མཚན་ཉིད་དཔྱད་བཟོད་བརྟེན་པའི་མཚན་གཞི་ཤེས་བྱ་ལ་མི་སྲིད་པར་གྲུབ་ལ། དེ་ཉིད་ཀྱིས་རྟེན་མེད་པའི་མཚན་ཉིད་ཀྱང་མེད་པར་གྲུབ་པས་དོན་དམ་པའི་བདེན་པ་མཚན་མཚོན་གཞི་གསུམ་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་གྲུབ་ཅིང་། རིགས་པས་དཔྱད་ན་བདེན་པར་ཡོད་པ་ཁེགས་ཀྱང་མ་དཔྱད་པའི་བློ་ངོ་ན་སྣང་བར་འཇིག་རྟེན་གྱི་མངོན་སུམ་ལ་སོགས་པ་ཉིད་ཀྱིས་གྲུབ་པས་སྣང་བཅས་ཀྱི་བློའི་ཡུལ་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུ་དང་། བློ་འཁྲུལ་བར་གྲུབ་པར་མཚན་གཞི་ཤེས་བྱ་ཙམ་ཀུན་རྫོབ་ཀྱི་མཚན་ཉིད་ཐ་སྙད་ཀྱི་ཤེས་པ་འཁྲུལ་པའི་ཡུལ་དུ་བདེན་པ་དང་ལྡན་པར་ངེས་པ་ཡིན་ནོ། །དེ་དག་ནི་བསྟན་འཆོས་ཀྱི་སྤྱིའི་དོན་ཡིན་ནོ།།  །།ད་ནི་རབ་ཏུ་བྱེད་པ་སོ་སོའི་གཞུང་བཤད་པར་བྱ་སྟེ། དེ་ལ་རབ་ཏུ་བྱེད་པ་རེ་རེ་ལ་འབྲེལ་དགོད་པ་དང་། གཞུང་བཤད་པ་དང་། དེའི་སྤྱིའི་དོན་བསྡུ་བ་གསུམ་གསུམ་གྱིས་ཤེས་པར་བྱ་བ་ལས། རེ་ཞིག་རབ་ཏུ་བྱེད་པ་དང་པོ་རྐྱེན་བརྟག་པའི་འབྲེལ་དགོད་པ་ལ་ཟབ་མོའི་མདོའི་འབྲེལ་དང་། རབ་ཏུ་བྱེད་པའི་འབྲེལ་དགོད་པ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཉིད་ཀྱིས། སློབ་དཔོན་ཀླུ་སྒྲུབ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པར་ལུང་བསྟན་པས་འདིའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱིས་ཀྱང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོའི་དོན་ཤེས་རབ་ཀྱི་དམིགས་པ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རིགས་པའི་སྒོ་ནས་གཏན་ལ་འཕེབས་པར་བྱེད་པ་ཡིན་ལ། བྱེ་བྲག་ཏུ་རབ་ཏུ་བྱེད་པ་འདིས་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་གསུངས་པའི་དོན་རིགས་པས་ཡང་དག་པར་མཐའ་བཞིའི་སྐྱེ་བ་བཀག་པའི་སྒོ་ནས་བསྒྲུབས་པས་སྐྱེ་མེད་སྟོན་པ་རིགས་པས་གནས་པའི་ཆོས་ཉིད་དོན་དམ་སྟོན་པ་ངེས་དོན་དང་། སྐྱེ་སོགས་བསྟན་པ་བརྫུན་པ་ཀུན་རྫོབ་སྟོན་པ་དྲང་དོན་དུ་བསྒྲུབ་པའི་ཕྱིར་ཡིན་ལ། གཉིས་པ་ནི། དེ་ལྟར་སྐྱེ་བའི་སྤྲོས་པ་རིགས་ངོར་ཁེགས་པ་ན་བོང་བུའི་རྭ་ལ་སོགས་པ་ལྟར་མ་སྐྱེས་པ་ལ་ཁྱད་པར་གྱི་ཆོས་འགག་པ་ལ་སོགས་མི་འཐད་པས་འགག་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཤུགས་ལ་དགག་པར་བྱ་བའི་ཕྱིར་སྐྱེ་བ་འགོག་པ་ཐོག་མར་གསུངས་པ་ཡིན་ནོ། །དེ་ལྟར་ན་རབ་ཏུ་བྱེད་པ་འདིས་རིགས་ངོར་སྤྲོས་པ་མཐའ་དག་ཁེགས་པས་ཆོས་ཉིད་དོན་དམ་ནམ་མཁའ་ལྟར་རྟོགས་པ་སྣང་མེད་ཀྱི་ཤེས་རབ་དང་། སྐྱེ་འགག་ལ་སོགས་པར་སྣང་བའི་ཆོས་ཐམས་ཅད་དཔྱད་ན་མི་འཐད་བཞིན་དུ་སྣང་བ་ཀུན་རྫོབ་ཏུ་གྲུབ་པས་ཆོས་ཅན་ཀུན་རྫོབ་སྒྱུ་མ་ལྟར་རྟོགས་པ་སྣང་བཅས་ཀྱི་ཤེས་རབ་སྐྱེད་པར་བྱེད་པ་ཡིན་ལ། དེ་ཉིད་རབ་ཏུ་བྱེད་པ་ཀུན་ལ་སྦྱར་བར་བྱའོ། །གཞུང་གི་དོན་བཤད་པ་ལ་གཉིས་ཏེ། མཐར་བཞིའི་སྐྱེ་བ་སྤྱིར་དགག་པ་དང་། གཞན་ལས་སྐྱེ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་བ་བསྟན་པ་དང་། དེ་རིགས་པས་བསྒྲུབ་པ་དང་། བཀག་པ་ལ་སྐྱོན་སྤང་བའོ། །དང་པོ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་པའི་ཚིགས་སུ་བཅད་པ་སྟེ། འདི་ལ་གཞན་དག་ཕྱེད་ཕྱི་མའི་བསྒྲུབ་བྱ་ལ་སྔ་མ་གཏན་ཚིགས་སུ་སྦྱར་བས་མཐའ་བཞི་སྐྱེ་བྲལ་བྱེད་པ་བསྒྲུབ་པར་འཆད་པ་ལྟར་ནི་མི་བྱ་སྟེ། སྐྱེ་བ་ལ་མཐའ་ལྔ་པའི་དོགས་པ་མེད་པས་མཐའ་བཞིའི་སྐྱེ་བ་མེད་པར་གྲུབ་པའི་ཤུགས་ལ་སྤྱིར་སྐྱེ་བ་ཙམ་མེད་པར་འགྲུབ་པས་དེ་སྒྲུབ་པ་ལ་མཐའ་བཞི་སྐྱེ་བྲལ་རྟགས་སུ་བསྟན་པ་དོན་མེད་པའི་ཕྱིར་དང་། བྱེད་པ་རྟགས་སུ་སྟོན་པའི་ཚིག་མེད་པས་ཡི་གེའི་དོན་མ་ཡིན་པའི་ཕྱིར་རོ། །དེས་ན་འདིར་དངོས་པོ་གང་དག་གང་ན་ཡང་། བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཅེས་པ་ལ་སོགས་པ་སྦྱར་ནས་ལས་སུ་བསྒྲུབ་པ་དམ་བཅའ་བའི་ཚིག་ཏུ་མཛད་པ་ཡིན་པས་ཡི་གེའི་བཀོད་པའང་མཐར་གནས་ཀྱི་མ་ཡིན་མི་མངོན་པར་བྱས་ལ་གཞུང་འགའ་ཞིག་ལས། དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་པ་ལྟ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཅེས་འདོན་པ་ལྟར་འདོན་པ་བསྒྱུར་བར་བྱའོ། །འདི་ལ་དམ་བཅའ་བ་བཞི་པོའི་ཚིག་བཤད་པ་དང་། སྐྱེ་བ་འགོག་པའི་དམ་བཅའ་བཞིར་གྲངས་ངེས་པ་བསམ་པ་དང་། དབུ་མ་པ་ལ་དམ་བཅའ་མེད་པ་དང་འགལ་བ་སྤང་བ་གསུམ་གྱིས་ངེས་པར་བྱ་བའོ། །དང་པོ་ལ། གང་དག་ནི་བརྟེན་པ་ཕྱི་ནང་གི་དངོས་པོ་བརྗོད་པའི་ཚིག་སྟེ་སུ་དག་ཅེས་པའི་རྣམ་གྲངས་སོ། །གང་ན་ཡང་ནི་རྟེན་གྱི་ཚིག་སྟེ་ཡུལ་ལ་མ་གྲུབ་པའི་མཐའ་འགའ་ཞིག་ན་ཞེས་པའི་དོན་ཏོ། །ནམ་ཡང་ནི་དུས་གཞར་ཡང་ཞེས་པའོ། །གཉིས་པ་ནི། གྲངས་ཅན་དང་། རང་གི་སྡེ་པ་དངོས་པོར་སྨྲ་བ་དང་། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་དང་། རྒྱང་ཕན་ནམ་སྤྱོད་པ་པ་ལ་རིམ་པ་ལྟར་མཐའ་བཞི་ལས་སྐྱེ་བ་གྲགས་ཤིང་། སྐྱེ་བ་ལ་དངོས་སུ་གྲགས་པའི་ལོག་རྟོག་ལྔ་པ་མེད་པས་དངོས་སུ་གྲགས་པའི་ལོག་རྟོག་འགོག་པ་ལ་བཞི་ཁོ་ན་འཚམ་པས་སམ། ཡང་ན་སྐྱེ་བའི་དོགས་པའི་མཐའ་འགོག་པ་ལ་བཞི་ཁོ་ན་འཚམ་པས་དགག་པའི་དམ་བཅའ་བཞི་མཛད་པ་ཡིན་ཏེ། སྐྱེ་བ་ཙམ་ལ་རྒྱུ་ལ་ལྟོས་མི་ལྟོས་གཉིས་དང་། ལྟོས་པ་ལ་རྒྱུ་ཙམ་ལ་འབྲས་བུ་དང་རྫས་ཐ་དད་མི་དད་གཉིས་དངོས་འགལ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་ཅིང་། དེ་ལ་འབྲས་བུ་དང་རྫས་ཐ་མི་དད་པ་ཁོ་ནའི་དང་། ཐ་དད་པ་ཁོ་ནའི་དང་། དེ་གཉི་ག་ལས་སྐྱེ་བའི་དོགས་པ་གསུམ་སྲིད་ཅིང་དོགས་པ་གཞན་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་དབུ་མ་པ་ལ་དམ་བཅའ་མེད་ཅེས་པ་ཡོངས་གཅོད་བསྒྲུབ་པའི་དམ་བཅའ་མེད་པ་ཡིན་གྱི། རྣམ་གཅད་དགག་པའི་དམ་བཅའ་ཙམ་མེད་པ་མ་ཡིན་པས་མི་འགལ་ལོ་ཞེས་དང་། ཡང་ཁ་ཅིག་རྣམ་གཅད་དགག་པའི་དམ་བཅའ་ཡང་ཕ་རོལ་གྱི་ལོག་རྟོག་དགག་པར་འདོད་ནས་དེའི་ངོར་བྱས་པ་ཡིན་གྱི། དབུ་མ་པ་རང་ལ་དགག་པའི་དམ་བཅའ་ཙམ་ཡང་མེད་དོ་ཞེས་ཟེར་རོ། །དེ་གཉི་ག་ཡང་རིགས་པས་མི་འཐད་ཅིང་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་པའི་ཚུལ་གྱིས་དོན་དམ་པར་དགག་བྱ་འགོག་བྱེད་མ་གྲུབ་པས་རྣམ་གཅད་དགག་པའི་དམ་བཅའ་ཡང་མི་འཐད་ཅིང་། ཀུན་རྫོབ་ཏུ། མ་རིག་ནས་བརྩམས་རྒ་བ་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པ་ལྟར་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ཁས་བླང་དགོས་པས་ཡོངས་གཅོད་བསྒྲུབ་པའི་དམ་བཅའ་ཡང་ཡོད་པའི་ཕྱིར་དང་། ཕ་རོལ་པོའི་ལོག་རྟོག་བཟློག་པར་འདོད་ནས་དེའི་ངོར་དབུ་མ་པས་བརྗོད་པ་ཉིད་ཀུན་རྫོབ་ཏུ་དབུ་མ་པའི་རྣམ་གཅད་དགག་པའི་དམ་བཅའ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱི་དགོངས་པའམ་ཡང་དག་པའི་ལན་ནི་དབུ་མ་པའི་ཚུལ་ལ་དོན་དམ་པར་དགག་སྒྲུབ་ཀྱི་དམ་བཅའ་གང་ཡང་མེད་མོད་ཀྱི་ཁོ་བོ་ཅག་གིས་ཀྱང་དོན་དམ་པར་དགག་སྒྲུབ་ཀྱི་དམ་བཅའ་གང་ཡང་བྱས་པ་མེད་ལ། ཀུན་རྫོབ་ཙམ་དུ་འདིར་སྐབས་སུ་བབ་པ་རྣམ་གཅད་དགག་པའི་དམ་བཅའ་ཙམ་དང་། སྤྱིར་ཡོངས་གཅོད་བསྒྲུབ་པའི་དམ་བཅའ་ཡང་བྱས་མོད་ཀྱི། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་པའི་ཚུལ་གྱིས་ཀུན་རྫོབ་ཏུ་དབུ་མ་པ་ལ་དགག་སྒྲུབ་གཉི་གའི་དམ་བཅའ་མེད་པར་ཁས་མི་ལེན་ཏོ། །དེ་ལའང་ཆོས་རྣམས་ཀུན་རྫོབ་ཏུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཡིན་ཞེས་པ་ལ་སོགས་པ་ཀུན་རྫོབ་པའི་ཡུལ་ལ་དང་། ཆོས་རྣམས་དོན་དམ་པར་སྐྱེ་བ་མེད་པའམ། སྤྲོས་པ་དང་བྲལ་བ་དང་། ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་པ་ལ་སོགས་པ་ལྟ་བུ་དོན་དམ་པའི་ཡུལ་ལ་ཀུན་རྫོབ་ཏུ་དམ་བཅའ་བྱེད་པ་གཉིས་ལས། དང་པོ་ནི། དེ་ལྟར་ཞེ་བས་འདོད་པས་དམ་བཅའ་མཚན་ཉིད་པ་ཡིན་ལ། གཉིས་པ་ནི། དགག་སྒྲུབ་ཀྱི་སྤྲོས་པ་གང་གི་ཡང་ངོ་བོར་མ་གྲུབ་པར་གནས་པ་ལ་སྐྱེ་བ་ལ་སོགས་པར་ཡོད་པར་འདོད་པའི་ལོག་རྟོག་བསལ་བར་འདོད་ནས་སྐྱེ་བ་མེད་པ་ལ་སོགས་པའི་མིང་གིས་སྒྲོ་བཏགས་ནས་བསྟན་པ་ཡིན་པས་སྒྲོ་བཏགས་ཀྱི་དམ་བཅའ་ཡིན་གྱི། དོན་དམ་པར་སྐྱེ་བ་དང་སྤྲོས་པ་དང་ཁས་ལེན་ལ་སོགས་པ་བཀག་པའི་མཚན་མ་ཙམ་དུ་ཡང་ཞེ་བས་མི་འདོད་པས་དེ་དགག་པའི་དམ་བཅའ་མཚན་ཉིད་པ་མ་ཡིན་པའི་ཕྱིར་དོན་དམ་པར་དགག་སྒྲུབ་ཀྱི་དམ་བཅའ་གཉི་ག་མེད་པར་བསྟན་པ་དང་མི་འགལ་བར་ཤེས་པར་བྱའོ། །གཉིས་པ་དེ་དག་རིགས་པས་བསྒྲུབ་པ་ལ་བཞི་ལས། དང་པོ་གྲངས་ཅན་དག་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་དེའི་བདག་ཉིད་དུ་གྱུར་པའི་གཙོ་བོ་ལས་སྐྱེ་བར་སྨྲ་བས་དེ་དགག་པ་ལ་གཉིས་ཏེ། བརྟགས་ཤིང་དཔྱད་པ་རིགས་པའི་ངོར་དང་། མ་དཔྱད་པ་འཇིག་རྟེན་གྱི་ངོར་དགག་པའོ། །དང་པོ་ལའང་རང་ལས་སྐྱེ་བ་དོན་མེད་པ་དང་། སྐྱེ་ན་ཧ་ཅང་ཐལ་བ་གཉིས་ལས། དང་པོ་ནི། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེ། །ཅི་སྟེ་སྐྱེས་པས་སྐྱེད་ཅེ་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །ཅེས་པའི་ཚུལ་གྱིས་རང་མ་གྲུབ་ན་ནམ་མཁའི་ཨུཏྤལ་ལྟར་ངོ་བོ་མེད་པ་ལ་རང་སྐྱེད་པའི་ནུས་པ་མི་འཐད་ཅིང་། གྲུབ་ན་སྐྱེ་བ་དོན་མེད་པར་འགྱུར་ཏེ་རང་གི་ངོ་བོ་ཐོབ་ཟིན་པའི་ཕྱིར་རོ། །གལ་ཏེ་ངོ་བོ་གྲུབ་ཀྱང་མངོན་པར་གསལ་བར་འབྱུང་བས་སྐྱེ་བ་དོན་དང་བཅས་སོ་ཞེ་ན། མ་ཡིན་ཏེ་ངོ་བོའི་སྒོ་ནས་གྲུབ་ཟིན་པ་སྐྱེ་བ་དོན་མེད་པར་འགྱུར་ལ། གསལ་པའི་ལྡོག་པ་ནས་སྐྱེ་ན་འབྲས་བུ་རྒྱུའི་བདག་ཉིད་དུ་ཡོད་པ་སྐྱེ་བའི་ཕྱོགས་ཉམས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་བཞི་ལས་མ་གྲགས་པའི་དོན་ཐོབ་པ་ནི། འབྲས་བུ་མྱུ་གུ་རྒྱུའི་སྟེང་ན་རང་གི་བདག་ཉིད་དུ་གྲུབ་པ་སྐྱེ་ན་རྒྱུ་ས་བོན་ཡང་རང་གི་བདག་ཉིད་ལས་རྟག་ཏུ་རང་གི་བདག་ཉིད་དུ་སྐྱེ་བར་འགྱུར་ཏེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ་འབྲས་བུ་མྱུ་གུ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །མི་མཚུངས་ཏེ་འབྲས་བུ་མྱུ་གུ་ནི་རྒྱུའི་སྟེང་ན་མི་གསལ་བར་ཡོད་པས་གསལ་བར་སྐྱེ་ལ། རྒྱུ་ས་བོན་གསལ་བར་གྲུབ་ཟིན་པས་ཡང་སྐྱེ་བ་དོན་མེད་དོ་སྙམ་ན། དེ་ལྟ་ན་འབྲས་བུའི་ངོ་བོ་གྲུབ་ཟིན་སྐྱེ་བ་ལའང་དགོས་པ་ཅི་ཞིག་ཡོད་ལ། སྔར་མངོན་པར་གསལ་བར་མ་གྲུབ་པས་དེའི་རང་བཞིན་དུ་སྐྱེ་ན་ངོ་བོ་སྔར་མེད་སྐྱེ་བར་ཡང་ཇི་ལྟར་མི་རུང་ཞེས་བསྒྲེ་བར་བྱའོ། །གཉིས་པ་ལ་གྲགས་པའི་དོན་མ་ཐོབ་པ་ནི། དེའི་ཕྱིར་འབྲས་བུ་མྱུ་གུ་ལ་སོགས་པ་གཏན་མི་སྐྱེ་བར་འགྱུར་ཏེ་རྒྱུ་ས་བོན་འགག་པ་སྔོན་དུ་མ་སོང་བའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། གྲུབ་པའི་མཐའ་ལས་ཀྱང་། འབྲས་བུ་སྐྱེ་བ་ལ་དེ་མ་ཐག་པའི་རྐྱེན་རྒྱུ་འགག་པ་སྔོན་དུ་འགྲོ་བར་བརྗོད་པའི་ཕྱིར་དང་། རྒྱུ་མ་འགགས་པར་འབྲས་བུ་འབྱུང་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་ལ་དེ་ལ་ཕན་གདགས་བྱ་འདོགས་བྱེད་མེད་པས་འབྲས་བུ་རྒྱུ་མེད་དུ་འགྱུར་བས་རིགས་པ་དང་འགལ་བའི་ཡང་ཕྱིར་རོ། །གསུམ་པ་རྒྱུ་འབྲས་ངོ་བོ་འཆོལ་པར་འགྱུར་བ་ནི། རྒྱུ་ས་བོན་དང་འབྲས་བུ་མྱུ་གུ་གཉིས་ཁྱེད་རང་ལ་གྲགས་པའི་མངོན་སུམ་གྱིས་དབྱིབས་དང་། ཁ་དོག་དང་། རོ་དང་། ནུས་པ་དང་། སྨིན་པ་ལ་སོགས་པ་ཐ་དད་དུ་དམིགས་བཞིན་ཏུ། དེ་དག་ཐ་དད་མེད་པར་འགྱུར་ཏེ་དུང་དང་དཀར་པོ་ལྟར་ངོ་བོ་དབྱེར་མེད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ཅེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། སྒོག་སྐྱའི་ས་བོན་དང་ཆུ་ཤིང་གི་མྱུ་གུ་ལྟར་ཐ་དད་ཀྱི་མཚན་ཉིད་ཆོས་འགལ་བ་དང་ལྡན་པ་རྫས་གཅིག་ཏུ་མི་རུང་བའི་ཕྱིར་རོ། །གལ་ཏེ་ཡང་ས་བོན་དང་མྱུ་གུའི་དབྱིབས་ལ་སོགས་པའི་གནས་སྐབས་ལ་ཆོས་འགལ་པ་ཡོད་པས་གནས་སྐབས་ཐ་དད་ཀྱང་དེ་གཉིས་ཀྱི་རང་བཞིན་ལ་ཆོས་འགལ་བ་མེད་པས་རང་བཞིན་གཅིག་ཡིན་ནོ་ཞེ་ན། མ་ཡིན་ཏེ་དབྱིབས་ལ་སོགས་པའི་གནས་སྐབས་དེ་དག་ལས་ངོ་བོ་ཐ་དད་པའི་དེ་གཉིས་ཀྱི་རང་བཞིན་བལྟར་རུང་མ་དམིགས་པས་མེད་ལ། ངོ་བོ་དབྱེར་མེད་ཡིན་ནའང་གནས་སྐབས་བཞིན་དུ་རང་བཞིན་ལའང་ཆོས་འགལ་བ་ཡོད་དགོས་པས་རང་བཞིན་གཅིག་ཏུ་མི་རུང་བའི་ཕྱིར་རོ། །འདི་ཉིད་ཀྱིས་ཁ་ཅིག་ས་བོན་དང་མྱུ་གུ་གཉིས་ཁ་དོག་ལ་སོགས་པའི་ཡོན་ཏན་ཐ་དད་ཀྱང་ཡོན་ཏན་ཅན་གྱི་རྫས་ཐ་མི་དད་པར་སྨྲ་བའང་བསལ་བ་ཡིན་ནོ། །བཞི་པ་བློ་ལ་སྣང་བ་མཚུངས་པར་འགྱུར་བ་ནི། ས་བོན་དང་མྱུ་གུ་གཉིས་བློ་གཅིག་ལ་སྣང་མི་སྣང་གཉིས་མེད་པར་འགྱུར་ཏེ། དུང་གི་དཀར་པོ་དང་ཟླུམ་པོ་ལྟར་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར་རོ། །འདོད་པར་ནི་མི་ནུས་ཏེ་སྦྱང་ན་ས་བོན་དམིགས་ཀྱང་མྱུ་གུ་མ་དམིགས་ཤིང་། ཞིང་སྟེང་ན་མྱུ་གུ་དམིགས་ཀྱང་ས་བོན་མ་དམིགས་པའི་མངོན་སུམ་གྱིས་བསལ་བའི་ཕྱིར་རོ། །དེས་ན་ཤེས་པ་གཅིག་ལ་སྣང་མི་སྣང་ཆོས་འགལ་བ་དང་ལྡན་པའི་ཕྱིར་ངོ་བོ་གཅིག་མ་ཡིན་ནོ། །གཉིས་པ་ནི། མ་དཔྱད་པ་འཇིག་རྟེན་གྱི་ཐ་སྙད་དུའང་བདག་ལས་སྐྱེ་བ་མེད་དེ། རྒྱུ་འགགས་ནས་མ་མཐོང་ཡང་དེའི་འབྲས་བུ་མཐོང་བས་ན་མ་དཔྱད་པ་འཇིག་རྟེན་པའི་བློས་ཀྱང་དེ་དག་རྫས་གཅིག་ཏུ་མི་འཛིན་པའི་ཕྱིར་རོ། །རིགས་པ་དེ་དག་ཉིད། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པ་མ་ཡིན་ཞིང་། །སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་གྱུར་ན་ནི། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་འགྱུར་ཏེ། །མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིབས་དང་ནི། །ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །ཇི་ལྟར་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་བོན་བཞིན་ཏུ་མྱུ་གུ་ཞེས་བྱ་དེ་གཟུང་མེད་པ་འམ། །ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་འདི་བཞིན་ཏུ། །དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར་འདི་ནི་ཁས་མི་བླང་། །ཞེས་དང་། གང་ཕྱིར་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །བདག་ལས་སྐྱེ་བ་དགག་པ་བཤད་ཟིན་ཏོ། །གཉིས་པ་གཞན་ལས་སྐྱེ་བ་དགག་པ་ལ་རང་གི་སྡེ་པ་དངོས་པོར་སྨྲ་བ་དོན་དམ་པར་གཟུང་འཛིན་གཉིས་དང་གཉིས་མེད་ཀྱི་དངོས་པོ་གཞན་དུ་གྱུར་པའི་རྐྱེན་བཞི་ལས་སྐྱེ་བ་དང་། རང་རྒྱུད་དུ་སྨྲ་བའི་དབུ་མ་པ་དག་ཡང་དག་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སམ་གཉིས་མེད་ཀྱི་ཤེས་པ་གཞན་དུ་གྱུར་པའི་རྒྱུ་ལས་སྐྱེ་བར་སྨྲའོ། །འདི་དགག་པ་ལའང་རིགས་ངོ་དང་། འཇིག་རྟེན་པའི་ངོར་དགག་པ་གཉིས་ལས། དང་པོ་ལ་གཉིས་ཏེ། རྒྱུ་འབྲས་ལ་རྫས་གཞན་དུ་གྲུབ་པ་དགག་པ་དང་། རྫས་གཞན་ལ་སྐྱེ་བ་དགག་པའོ། །དང་པོ་ནི། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་པར་གཞན་གཞན་མི་འགྱུར། །ཞེས་པའི་ཚུལ་གྱིས་བྱམས་པ་དང་ཉེར་སྦས་ལྟར་ཕན་ཚུན་ལྟོས་ནས་འདི་འདི་ལས་གཞན་ཞེས་འཇོག་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པ་མེད་དོ། །དེའི་ཕྱིར་རྒྱུའི་དུས་ན་ལྟོས་ས་འབྲས་བུའི་དངོས་པོ་མ་སྐྱེས་ཤིང་མེད་པས་དེ་ལ་ལྟོས་པའི་རྒྱུ་གཞན་དུ་གྲུབ་པ་མེད་དེ། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །ཞེས་འཆད་པར་འགྱུར་ཞིང་། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གལ་ཏེ་རྒྱུའི་དུས་ན་འབྲས་བུ་མེད་ཀྱང་ཕྱིས་འབྱུང་བའི་འབྲས་བུ་ལ་ལྟོས་ནས་རྒྱུ་གཞན་དུ་འཇོག་གོ་ཞེ་ན། འབྲས་བུ་དེ་ད་ལྟ་ཡོད་ན་ཕྱིས་འབྱུང་དུ་མི་རུང་ཞིང་། མེད་ན་ལྟོས་ས་མེད་པས་ད་ལྟ་རྒྱུ་གཞན་ཉིད་དུ་མི་འགྲུབ་བོ། །མེད་ཀྱང་ཕྱིས་འབྱུང་བློས་ཡུལ་དུ་བྱས་ཏེ་དེ་ལ་ལྟོས་ནས་གཞན་དུ་འཇོག་ན་ལྟོས་ས་ཀུན་བཏགས་སུ་གྲུབ་པས་དེ་ལ་ལྟོས་པའི་གཞན་བཏགས་པ་བར་འགྱུར་གྱི་དངོས་པོ་ལ་གཞན་དུ་གྲུབ་པར་ནི་མི་འགྱུར་རོ། །གཉིས་པ་ལ་ཧ་ཅང་ཐལ་བས་དང་། རྣམ་པར་བརྟགས་པས་དགག་པ་གཉིས་ལས། དང་པོ་ལའང་ཐལ་བ་བརྗོད་པ་དང་། དེའི་ལན་དགག་པ་གཉིས་ཀྱིས་ངེས་པར་བྱའོ། །དང་པོ་ནི། འབྲས་བུ་མྱུ་གུ་འདི་གཞན་དུ་གྱུར་པའི་ས་བོན་ལས་སྐྱེ་བ་ལྟར་རྒྱུ་མ་ཡིན་པ་མེ་དང་སོལ་བ་ལས་ཀྱང་སྐྱེ་བར་འགྱུར་ཏེ་གཞན་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་ལ། དེ་འདོད་པར་ནི་མི་ནུས་ཏེ། གལ་ཏེ་སྐྱེ་ན་དེ་མངོན་སུམ་ལ་བལྟར་རུང་ཡིན་པས་སྐྱེ་བར་མ་དམིགས་པའི་མངོན་སུམ་ཉིད་ཀྱིས་བསལ་བའི་ཕྱིར་དང་། རྒྱུ་མིན་ལས་སྐྱེ་ན་རང་གི་རྒྱུ་ལས་མ་སྐྱེས་པའམ། རྒྱུའི་མཐའ་བཀག་པས་རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཡང་ཕྱིར་རོ། །འདི་ལ་ཁ་ཅིག་གཞན་དུ་མཚུངས་ཀྱང་རྒྱུར་གྱུར་པའི་གཞན་ལས་འབྱུང་གི་མ་གྱུར་པའི་གཞན་ལས་མི་འབྱུང་བས་མ་ངེས་སོ་སྙམ་ན། མ་ཡིན་ཏེ་རྒྱུ་མཚན་མཚུངས་པ་དང་ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པའི་ཕྱིར་རོ། །དང་པོ་ལའང་ཁྱད་པར་གྱི་རྒྱུ་མཚན་དྲི་བ་དང་། བརྗོད་པའི་རྒྱུ་མཚན་དགག་པ་དང་། རང་གི་ཀུན་རྫོབ་ལ་མཚུངས་པ་སྤང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི། མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་པའི་ཚུལ་གྱིས་གཞན་དུ་མཚུངས་བཞིན་ཏུ་གཅིག་ལས་ཡང་དག་པར་སྐྱེ་ལ། གཅིག་ལས་མི་སྐྱེ་བའི་ཁྱད་པར་གྱི་རྒྱུ་མཚན་གང་ཡིན་ཅེས་དཔྱད་པར་བྱའོ། །གཉིས་པ་ལའང་སྣང་བ་དང་། ནུས་པ་དང་། ཆོས་ཉིད་ལན་དུ་མི་རུང་བ་གསུམ་ལས། དང་པོ་ནི། དེ་ལྟར་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ་སྙམ་ན། མ་དཔྱད་པའི་བློ་འཁྲུལ་པས་དེ་ལྟར་མཐོང་མོད་དཔྱད་ན་རང་གི་མཚན་ཉིད་དུ་གཞན་ཡིན་པ་ལ་གཅིག་ལས་སྐྱེ་ལ་གཅིག་ལས་མི་སྐྱེ་བའི་ཁྱད་པར་གྱི་རྒྱུ་མཚན་གང་ཡིན། དེ་ལ་ནི་མཐོང་བ་ལན་དུ་མི་རུང་སྟེ་སྐྱེ་བར་སྣང་ཡང་དངོས་པོ་ལ་སྐྱེ་བར་མི་འགྲུབ་པ་ཁྱེད་ཅག་ཉིད་ལ་གྲུབ་པའི་རྨི་ལམ་སྒྱུ་མ་ལ་སོགས་པ་དང་བརྟག་པ་མཚུངས་ཤིང་། སྐྱེ་བར་མ་མཐོང་ཡང་དངོས་པོ་ལ་སྐྱེ་བ་དགག་པར་མི་ནུས་པ་ལས་འབྲས་དང་བརྟག་པ་མཚུངས་པའི་ཕྱིར་རོ། །མི་མཚུངས་ཏེ་འདི་བློ་མ་འཁྲུལ་པས་མཐོང་བའི་ཕྱིར་རོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། དེ་ལྟར་སྣང་བའི་བློའི་ཡུལ་དེ་དག་མ་དཔྱད་པའི་བློ་ངོར་སྣང་བ་དང་དཔྱད་ན་མེད་སྙམ་དུ་མཚུངས་པས་ན་ཡུལ་ལ་བདེན་རྫུན་གྱི་སྤུ་རིས་གཟུང་བར་མི་ནུས་པས་བློ་ལ་འཁྲུལ་མ་འཁྲུལ་གྱི་རྣམ་དབྱེ་མི་རྙེད་པའི་ཕྱིར་རོ་ཞེས་ལན་གཅིག་མ་ཡིན་པར་བཤད་ཟིན་ཏོ། །གཉིས་པ་ནི། ནུས་པ་ཡོད་པ་དང་མེད་པས་དེ་ལྟར་རེས་པ་ཡིན་ནོ་སྙམ་ན། དངོས་པོ་ལ་ནུས་པ་ཡོད་པ་དང་མེད་པ་ཉིད་དུ་ག་ལས་ངེས། འབྲས་བུ་སྐྱེ་བ་དང་མི་སྐྱེ་བར་མཐོང་བས་ཞེས་པ་ལ་ནི་སྔར་སུན་འབྱིན་པ་བརྗོད་ཟིན་ཏོ། །དོན་འདི་ཉིད་ཀྱི་དབང་དུ་མཛད་ནས་སློབ་དཔོན་ཉིད་ཀྱིས། དོན་མཚུངས་པ་ཡིས་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་ནི། གཞན་དུ་མཚུངས་ཀྱང་སྐྱེ་མི་སྐྱེ་དངོས་པོའི་ཆོས་ཉིད་དམ་རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ་ཞེ་ན། ཆོས་ཉིད་ཡིན་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པ་ཞིག་དགོས་པ་ལ་སྐྱེ་བ་དང་མི་སྐྱེ་བར་མཐོང་བས་དངོས་པོ་ལ་སྐྱེ་མི་སྐྱེ་ཆོས་ཉིད་དུ་མི་འགྲུབ་པ་སྔར་དང་མཚུངས་པས་གཞན་དུ་ཁྱད་པར་མེད་པ་ལ་གཅིག་ལས་ཡང་དག་པར་སྐྱེ་ལ་གཅིག་ལས་མི་སྐྱེ་བ་ཆོས་ཉིད་ཡིན་པ་ཉིད་ལ་སྒྲུབ་བྱེད་ཀྱི་ཚད་མ་ཅི་ཡང་མེད་དོ། །དེའི་ཕྱིར་གཞན་དུ་མཚུངས་པ་ལ་ཡང་དག་པར་རམ་རང་གི་མཚན་ཉིད་དུ་སྐྱེ་མི་སྐྱེའི་རྒྱུ་མཚན་དཔྱད་ན་སུས་ཀྱང་རྙེད་པ་མ་ཡིན་ནོ། །གསུམ་པ་རང་གི་ཀུན་རྫོབ་ལ་མཚུངས་པ་སྤང་བ་ནི། དེ་ལྟར་ན་ལས་ཡིན་པར་མཚུངས་པ་ལ་རྣམ་པར་སྨིན་པ་ངེས་པ་ལ་སོགས་པ་དབུ་མ་པ་ཁྱོད་ཉིད་འདོད་པའི་ཀུན་རྫོབ་ཀྱི་ངེས་པ་ཐམས་ཅད་ཀྱང་མི་འཐད་པར་འགྱུར་རོ་ཞེ་ན། ཁོ་བོ་ཅག་ལ་དཔྱད་ན་རང་གི་མཚན་ཉིད་དུ་ངེས་པ་ཀུན་རྫོབ་ཏུ་ཡང་མེད་མོད་ཀྱི། མ་དཔྱད་པ་བློ་འཁྲུལ་པའི་ངོར་ལས་འབྲས་ལ་སོགས་པ་མ་འཆོལ་བར་སྣང་བ་ཙམ་ལ་ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པ་ངེས་པར་བརྗོད་པ་ཡིན་ནོ། །འོ་ན་གཞན་དུ་མཚུངས་པ་ལ་སྐྱེ་མི་སྐྱེའི་ངེས་པའང་དཔྱད་ན་རང་གི་མཚན་ཉིད་གྲུབ་པ་ཀུན་རྫོབ་ཏུ་ཡང་མེད་ཀྱང་། མ་དཔྱད་པ་ཤེས་པ་འཁྲུལ་པའི་ངོ་ན་སྐྱེ་མི་སྐྱེར་སྣང་བ་ཙམ་ལ་ཀུན་རྫོབ་ཏུ་ངེས་པར་འདོད་དོ་ཞེ་ན། དེ་ལྟ་ན་ཀུན་རྫོབ་ཏུ་གཞན་ལས་སྐྱེ་བ་རང་གི་མཚན་ཉིད་དུ་འདོད་པའི་ཕྱོགས་ཉམས་ཤིང་། ཀུན་རྫོབ་ཀྱི་རྒྱུ་འབྲས་ཐམས་ཅད་རྨི་ལམ་ལ་སོགས་པ་ལྟར་ཤེས་པ་འཁྲུལ་པའི་ངོ་ན་སྐྱེ་བར་སྣང་བ་ཙམ་ལ་འཇོག་པ་ཁོ་བོ་ཅག་གི་ཕྱོགས་གྲུབ་པ་ཡིན་ནོ། །དེའི་ཕྱིར་ཀུན་རྫོབ་ཏུ་ཆོས་གང་ཅི་སྣང་བ་དེ་ཐམས་ཅད་ཇི་ལྟར་ཤེས་པ་འཁྲུལ་པ་ལ་ངེས་པར་སྣང་བ་དེ་ལྟར་འཇོག་པ་ཡིན་གྱི། ཁྱོད་འདོད་པ་ལྟ་བུའི་དཔྱད་ན་རང་གི་མཚན་ཉིད་དུ་ངེས་པ་ཀུན་རྫོབ་ཏུ་ཡང་མི་འདོད་པས་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་བརྗོད་པའི་སྐྱོན་མཚུངས་པའི་གོ་སྐབས་ག་ལ་ཡོད། ཇི་སྐད་དུ། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པ་ནི། མྱུ་གུ་གཉི་ག་ལས་གཞན་དུ་མཚུངས་ཀྱང་ས་བོན་ལས་སྐྱེའི་མེ་དང་སོལ་བ་ལས་མི་སྐྱེ་བས་ཁྱབ་པ་མ་གྲུབ་པར་སེམས་ན་ཁྱོད་ལ་ཁྱབ་ལྡན་གྱི་རྟགས་མེད་ན་རང་རྒྱུད་ཀྱི་རྟགས་ཐམས་ཅད་ནུབ་པར་འགྱུར་ཞིང་། ཡོད་ན་གང་ཡིན་ཞེས་དྲི་བར་བྱའོ། །དེ་ལ་གང་དུ་བ་ཙམ་ཡོད་པ་ན་མེ་ཡོད་དེ་ཚང་མང་བཞིན། ལའང་དུ་བ་ཙམ་ཡོད་པས་ཞེས་པ་ལྟ་བུ་ཡིན་ནོ་ཞེ་ན། དེ་ཡང་དུ་ཙམ་དུ་མཚུངས་པའི་ཚང་མང་གི་དུ་བ་ལ་མེས་ཁྱབ་པར་གྲུབ་ཀྱང་ལའི་དུ་བ་ལ་མེས་མ་ཁྱབ་པར་དོགས་པས་མ་ངེས་པར་ཇི་ལྟར་མི་འགྱུར། གལ་ཏེ་ཚང་མང་གི་དུ་བ་ཙམ་ལ་མེས་ཁྱབ་པ་གྲུབ་པས་དེ་དང་དུ་བ་ཙམ་དུ་ལྡོག་པ་གཅིག་པའི་ལའི་དུ་བ་ཙམ་ལའང་མེས་ཁྱབ་པ་འགྲུབ་པར་བརྗོད་ན། འདིར་ཡང་ས་བོན་གྱི་གཞན་ཙམ་ལ་མྱུ་གུ་སྐྱེ་བས་ཁྱབ་པས་དེ་དང་གཞན་ཙམ་དུ་ལྡོག་པ་གཅིག་པའི་མེ་དང་སོལ་བའི་གཞན་ཙམ་ལའང་མྱུ་གུ་སྐྱེ་བས་ཁྱབ་པའམ། ཡང་ན་མེ་དང་སོལ་བའི་གཞན་ཙམ་ལ་མྱུ་གུ་མི་སྐྱེ་བས་ཁྱབ་པས་དེ་དང་གཞན་ཙམ་དུ་ལྡོག་པ་གཅིག་པའི་ས་བོན་གྱི་གཞན་ཙམ་ལ་མྱུ་གུ་མི་སྐྱེ་བས་ཁྱབ་པར་ཡང་ཇི་སྟེ་མི་འགྲུབ། དེ་ཉིད་ཀྱི་ཕྱིར། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་དང་། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཞེས་པའང་ལེགས་པར་གསུངས་པར་འགྱུར་ལ། ཚུལ་འདིས་དཔྱད་ནས་འགོག་པའི་སྐབས་སུ་རྟགས་རྣམས་ཀྱི་ཁྱབ་པ་མཐུན་པའི་ཕྱོགས་ལ་མཐོང་ཙམ་གྱིས་ཆོག་པས་གཞུང་ལས་འབྱུང་བའི་རྟགས་རྣམས་ཀྱི་ཁྱབ་པ་བསྒྲུབ་པར་སླ་བ་ཡིན་ནོ། །དེ་ལྟ་ན་ཁྱེད་ཀྱི་ཕྱོགས་ལའང་བ་ལང་གི་སྲོག་ཆགས་ཙམ་ལ་ནོག་ལྐོག་ཤལ་གྱིས་ཁྱབ་པས་དེ་དང་སྲོག་ཆགས་ཙམ་དུ་ལྡོག་པ་གཅིག་པའི་མིའི་སྲོག་ཆགས་ཙམ་ལའང་ནོག་ལྐོག་ཤལ་གྱིས་ཁྱབ་པ་ལ་སོགས་པར་འགྱུར་བས་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་མི་རུང་ལ། དེ་ཁྱབ་པ་མ་གྲུབ་པར་བརྗོད་ན་འདིར་ཡང་མཚུངས་སོ་སྙམ་ན། རྫས་ལྡོག་རྫས་ལས་གཞན་མིན་པས། །ལྡོག་པ་གཅིག་པ་ག་ལ་ཡོད། །གལ་ཏེ་རྫས་གཞན་ལྡོག་གཅིག་ན། །གསལ་བ་གཞན་ལས་སྤྱི་གཅིག་པ། །ཅི་ཡི་ཕྱིར་ན་ཁས་མི་ལེན། །ཞེས་པའི་ཚུལ་གྱིས་ཁོ་བོ་ཅག་རྫས་དུ་མ་ཡོད་པའི་ཙམ་པོ་ལྡོག་པ་གཅིག་ཉིད་དུ་མི་སྨྲ་ཞིང་། གལ་ཏེ་ལྡོག་པ་གཅིག་ཡིན་དུ་ཆུག་ན་དཔེའི་སྟེང་གི་ཙམ་ལྡོག་ལ་ཁྱབ་པས་རྩོད་གཞིའི་སྟེང་གི་ཙམ་ལྡོག་ལ་ཁྱབ་པར་ཡང་མི་འདོད་པས་ཁོ་བོ་ཅག་གི་ཕྱོགས་ལ་ཉེས་པ་དེ་དག་ཏུ་མི་འགྱུར་ལ། དེ་བཞིན་དུ་ཁྱེད་ཅག་ཀྱང་དཔེ་དང་རྩོད་གཞིའི་སྟེང་གི་ཙམ་པོ་ལྡོག་པ་གཅིག་ཏུ་མི་འདོད་ཅིང་། དཔེའི་སྟེང་གི་རྟགས་ཙམ་ལྡོག་ལ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པས་རྩོད་གཞིའི་སྟེང་གི་རྟགས་ཙམ་པོ་ལ་ཁྱབ་པར་མི་འདོད་ན། རང་རྒྱུད་ཀྱི་རྟགས་ཐམས་ཅད་རྒྱུན་ཆད་པར་འགྱུར་བས་ཁོ་བོ་ཅག་གི་ཕྱོགས་གྲུབ་བོ། །གཉིས་པ་རྣམ་པར་བརྟགས་པས་གཞན་ལས་སྐྱེ་བ་དགག་པ་ནི། གཞན་འགག་པ་ལས་སྐྱེ་ན་རྒྱུ་མེད་དུ་འགྱུར་ལ། མ་འགགས་པ་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ། །གལ་ཏེ་རྒྱུ་མ་འགགས་པར་འབྲས་བུ་སྐྱེས་སོ་ཞེས་ནི་མི་སྨྲའི། འོན་ཀྱང་རྒྱུ་མ་འགགས་པ་ལས་འབྲས་བུ་སྐྱེའོ་ཞེས་སྨྲ་ལ། སྐྱེ་བའི་དུས་ན་འབྲས་བུ་མེད་པས་དུས་མཉམ་པར་མི་འགྱུར་རོ་སྙམ་ན་མ་ཡིན་ཏེ། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། །ཞེས་པའི་ཚུལ་གྱིས་འབྲས་བུ་མེད་ན་རྟེན་མེད་པའི་སྐྱེ་བའི་བྱ་བ་མེད་པས་འབྲས་བུ་སྐྱེ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ཕྲད་པ་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་ལ། མ་ཕྲད་པར་སྐྱེ་ན་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མེད་པས་རྒྱུ་མེད་ལས་སྐྱེ་བར་འགྱུར་རོ། །གལ་ཏེ་ཕྱོགས་གཅིག་གིས་ཕྲད་པ་ལས་སྐྱེ་བས་ཉེས་པ་གཉི་ག་མེད་དོ་སྙམ་ན། མ་ཡིན་ཏེ་རྒྱུ་འབྲས་གཉི་ག་ལ་ཕྲད་མ་ཕྲད་ཀྱི་ཆ་ཤས་དང་བཅས་པས་དོན་དམ་པར་མི་རུང་བའི་ཕྱིར་དང་། ཀུན་རྫོབ་ཏུ་ཡང་གང་ཕྲད་པའི་ཆ་ནས་དུས་མཉམ་དང་། གང་མ་ཕྲད་ལ་སྐྱེ་བའི་ཆ་ནས་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཀྱི་སྐྱེ་བ་ཇི་ལྟར་གཞག་ཅེ་ན། ས་བོན་འགགས་དང་མ་འགགས་ལས། །མྱུ་གུ་འབྱུང་བ་མ་ཡིན་པས། །དེ་ཕྱིར་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་ཏུ་གསུངས། །ཞེས་ཇི་སྐད་གསུངས་པའི་ཚུལ་གྱིས་འགགས་མ་འགགས་སམ་ཕྲད་མ་ཕྲད་ལ་སོགས་པས་དཔྱད་ན་རང་གི་མཚན་ཉིད་དུ་སྐྱེ་བ་ཀུན་རྫོབ་ཏུ་ཡང་མེད་ཀྱང་། རྨི་ལམ་སྒྱུ་མ་ལ་སོགས་པ་ལྟར་མ་དཔྱད་པ་ཤེས་པ་འཁྲུལ་བའི་དོན་ཇི་ལྟར་རྒྱུ་རྐྱེན་ལ་བརྟེན་ནས་སྣང་བ་ཙམ་ལ་གཞག་གོ །གཉིས་པ་ནི། མ་དཔྱད་པ་འཇིག་རྟེན་གྱི་ངོར་ཡང་གཞན་ལས་སྐྱེ་བ་མེད་དེ་འཇིག་རྟེན་གྱི་བློས་རྒྱུ་ལས་འབྲས་བུ་སྐྱེ་བ་ཙམ་ཞིག་མཐོང་གི་དེ་དག་རྫས་གཞན་དུ་མཐོང་བ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ་རྒྱུ་འབྲས་རྫས་གཞན་དུ་མཐོང་ན་རྒྱུ་བུའི་ས་བོན་ཙམ་བཏབ་ནས་བུ་འདི་བདག་གིས་བསྐྱེད་དོ་ཞེས་དང་། རྒྱུ་ལྗོན་ཤིང་གི་ས་བོན་ཙམ་བཙུགས་ནས་ལྗོན་ཤིང་འདི་བདག་གིས་བཙུགས་སོ་ཞེས་མི་རྟོག་པར་འགྱུར་ཏེ། གང་ཟག་གཞན་དང་ལྗོན་ཤིང་གཞན་ལྟར་ཁོས་བསྐྱེད་པ་དང་བཙུགས་པ་དེ་ལས་གཞན་དུ་རྟོག་པའི་ཕྱིར་རོ། །ཐ་མལ་པ་འཇིག་རྟེན་གྱི་བློས་དེ་ལྟར་རྟོག་པའང་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་གྱིས་ཀྱང་རྒྱུ་འབྲས་རྫས་གཞན་དུ་མཐོང་བ་མེད་དོ། །གལ་ཏེ་འཇིག་རྟེན་གྱི་བློས་རྒྱུ་འབྲས་རྫས་གཞན་དུ་མཐོང་ཡང་རྒྱུན་གཅིག་ཡིན་པས་རྒྱུན་གྱི་དབང་དུ་བྱས་ནས་དེ་ལྟར་རྟོག་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྣོད་དུ་མ་དང་འབྲེལ་པའི་རྒྱ་ཤུག་ལྟར་རྫས་དུ་མ་དང་ངོ་བོ་དབྱེར་མེད་པའི་རྒྱུན་གཅིག་ཉིད་དུ་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང་། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོག་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་གྱི་བློས་དེ་ཉིད་དང་གཞན་ལ་སོགས་པའི་རྣམ་པར་དཔྱོད་པ་མེད་པར་རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་པ་འདི་ཙམ་ཞིག་དམིགས་པ་ཡིན་ལ། སློབ་དཔོན་ཀྱང་ཀུན་རྫོབ་ཏུ་དེ་ལྟར་རྣམ་པར་འཇོག་པར་མཛད་པ་ཡིན་ཏེ། ཇི་སྐད་དུ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཅེས་གསུངས་པ་ཡིན་ནོ། །གཞན་ལས་སྐྱེ་བ་དགག་པ་བཤད་ཟིན་ཏོ། །ད་ནི་གཉི་ག་ལས་སྐྱེ་བ་དགག་པ་ལ། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བའི་གྲངས་ཅན་དག་འབྲས་བུའི་དངོས་པོ་རྣམས་རང་ལས་ཀྱང་སྐྱེ་ཞིང་གཞན་ལས་ཀྱང་སྐྱེ་བས་རང་གཞན་གཉི་ག་ལས་སྐྱེ་ལ། དེ་ལ་སྔར་བཤད་པའི་ཉེས་པར་མི་འགྱུར་ཏེ། རང་ཁོ་ན་དང་གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེས་སྨྲའོ། །དེ་དགག་པ་ལ་སྔར་བཤད་པའི་དང་། མ་བཤད་པའི་རིགས་པས་དགག་པ་གཉིས་ལས། དང་པོ་ནི། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་པའི་ཚུལ་གྱིས་རང་ལས་ཀྱང་སྐྱེ་བའི་ངོས་ནས་སྔར་རང་སྐྱེ་ལ་བཀོད་པ་དང་། གཞན་ལས་ཀྱང་སྐྱེ་བའི་ངོས་ནས་སྔར་གཞན་སྐྱེ་ལ་བཀོད་པའི་སྐྱོན་དེ་རྣམས་མ་ཚང་བ་མེད་པར་འབྱུང་བར་བལྟའོ། །གཉིས་པ་ནི། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །ཞེས་འཆད་པར་འགྱུར་བའི་ཚུལ་གྱིས་རང་གཞན་རེ་རེ་ལ་སྐྱེད་པར་བྱེད་པའི་ནུས་པ་ཡོད་ན་གཉི་ག་ཚོགས་པས་ཀྱང་སྐྱེད་པར་འགྱུར་བ་ཞིག་ན། སྔར་བཤད་པའི་ཚུལ་གྱིས་རང་གཞན་རེ་རེ་ལ་སྐྱེད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར་གཉི་ག་ཚོགས་པས་ཀྱང་སྐྱེད་པར་མི་འཐད་དེ་བྱེ་མ་དག་ལ་ཏིལ་མར་བཞིན་ནོ། །གལ་ཏེ་མིག་དང་གཟུགས་ལ་སོགས་པ་རེ་རེ་ལ་དངོས་སུ་མིག་ཤེས་སྐྱེད་པའི་ནུས་པ་མེད་ཀྱང་ཚོགས་པ་ལ་ཡོད་པས་མ་ངེས་སོ་ཞེ་ན། མ་ཡིན་ཏེ། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་བརྫུན། །ཞེས་པའི་ཚུལ་གྱིས་ཚོགས་པ་ཉིད་རྫས་སུ་མེད་པས་ན་དེ་ལ་དེ་ཁོ་ན་ཉིད་དུ་ནུས་པ་མེད་པའི་མཐུན་ཕྱོགས་ཉིད་ཡིན་པའི་ཕྱིར་དང་། ཐ་སྙད་དུ་ཚོགས་པ་ལ་ནུས་པ་ཡོད་པས་མི་མཐུན་ཕྱོགས་ཡིན་དུ་ཆུག་ནའང་། ཇི་ལྟར་ཚོགས་པ་ལ་ནུས་པ་ཡོད་པ་ལྟར་མིག་ལ་སོགས་པ་རེ་རེ་ལའང་མིག་ཤེས་སྐྱེད་པའི་ནུས་པ་ཙམ་ཡོད་པས་རེ་རེ་ལ་ནུས་པ་མེད་པའི་རྟགས་མ་ཞུགས་སོ་ཞེས་ཤེས་པར་བྱའོ། །རྒྱུ་མེད་ལས་སྐྱེ་བ་དགག་པ་ལ། ཚུ་རོལ་མཛེས་པ་བ་དག་ད་ལྟར་གྱི་རིག་ཙམ་དང་བདེ་སྡུག་སྐྱེ་བ་སྔ་མའི་རིག་ཙམ་དང་ལས་དགེ་མི་དགེའི་རྒྱུ་ལས་བྱུང་བ་མ་ཡིན་གྱི་འཇིག་རྟེན་འདིའི་འབྱུང་བ་འདུས་པ་ཙམ་དང་མཐུན་རྐྱེན་འགལ་རྐྱེན་གྱི་ཚོགས་པ་ཙམ་ལས་བྱུང་བ་ཡིན་ནོ་ཞེས་མ་མཐོང་བའི་རྒྱུ་མེད་པར་སྨྲ་ལ། དཔྱོད་པ་བ་དག ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟོངས་རིང་རྣོ་བ་དང་། །རྨ་བྱའི་མདོག་དབྱིབས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བཀོད་རང་གི་ངང་གིས་འབྱུང་། །ཞེས་འགྲོ་བ་སྣ་ཚོགས་རྒྱུ་ལ་མ་ལྟོས་པར་རང་གི་ངང་གིས་འབྱུང་བ་ཡིན་ནོ་ཞེས་མཐོང་བའི་རྒྱུ་ཡང་མེད་པར་སྨྲའོ། །འདི་དགག་པ་ལ་རེས་འགའ་བ་མ་ཡིན་པར་ཐལ་བ་དང་། འབྲས་བུའི་ཆེད་དུ་རྒྱུ་ལ་འབད་པ་དོན་མེད་པར་ཐལ་བ་དང་། ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་ཐལ་བ་གསུམ་ལས། དང་པོ་ནི། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པའི་ཚུལ་གྱིས་དངོས་པོ་རྣམས་རྒྱུ་མེད་ཡིན་ན། ཡུལ་དུས་ཀྱི་ཁྱད་པར་ལ་སོགས་པ་གང་ལའང་ལྟོས་པ་མེད་པས་འགའ་ཞིག་འགའ་ཞིག་ཏུ་ལན་ཅིག་འབྱུང་ན་ཐམས་ཅད་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་འབྱུང་བར་ཐལ་ཏེ་ལྟོས་པ་མ་ཚང་བ་མེད་པའི་ཕྱིར་འབྱུང་བར་འདོད་པའི་ཡུལ་དུས་རྣམ་པ་བཞིན་ནོ། །ཡང་འགའ་ཞིག་འགའ་ཞིག་ཏུ་ལན་འགའ་མི་འབྱུང་ན་གང་ཡང་གང་དུ་ཡང་ནམ་ཡང་མི་འབྱུང་བར་ཐལ་ཏེ་ལྟོས་པ་ཚང་བ་མེད་པའི་ཕྱིར་མི་འབྱུང་བར་འདོད་པའི་ཡུལ་དུས་རྣམ་པ་བཞིན་ནོ། །འདོད་པར་མི་ནུས་ཏེ་འཇིག་རྟེན་གྱི་མངོན་སུམ་ཉིད་ཀྱིས་དངོས་པོ་རྣམས་ཡུལ་དུས་རྣམ་པ་རེས་འགའ་བར་མཐོང་བས་བསལ་བའི་ཕྱིར་རོ། །དེས་ན་ཡུལ་དུས་རེས་འགའ་བར་མཐོང་བས་ཡུལ་དུས་ཀྱི་ཁྱད་པར་ལ་ལྟོས་པ་དང་། རྣམ་པ་རེས་འགའ་བར་མཐོང་བས་རྣམ་པའི་ཁྱད་པར་གྱི་རྒྱུ་ལ་ལྟོས་པས་ཀུན་རྫོབ་ཏུ་དངོས་པོ་རྣམས་རྒྱུ་ལྡན་དུ་གྲུབ་པ་ཡིན་ནོ། །གཉིས་པ་ནི། དངོས་པོ་རྣམས་རྒྱུ་མེད་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་འབྲས་བུ་ལོ་ཏོག་ལ་སོགས་པའི་ཆེད་དུ་རྒྱུ་ཞིང་ལས་ལ་སོགས་པ་ལ་འཇུག་པ་དོན་མེད་པར་འགྱུར་བ་ཞིག་ན་དོན་དང་བཅས་པར་མངོན་སུམ་གྱིས་དམིགས་པའང་ཡིན་ཏེ། དེའི་ཕྱིར་ན་དངོས་པོ་རྣམས་རྒྱུ་ལྡན་དུ་གྲུབ་བོ། །ཇི་སྐད་དུ། རྒྱུ་མེད་ཁོ་ན་ལྟ་ཞིག་འབྱུང་བར་འགྱུར་ན་ནི། །རྟག་ཏུ་མཐའ་དག་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། དངོས་པོ་རྣམས་རྒྱུ་མེད་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་འགྱུར་ཏེ། འགྲོ་བ་རྒྱུ་ཡིས་སྟོང་ན་ནམ་མཁའི་ཨུཏྤ་ལའི། །དྲི་དང་ཁ་དོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་ཏེ་དེ་ཡི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་འབྱུང་བར་རིག་པར་གྱིས། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །གལ་ཏེ་རྒྱུ་མེད་ཡིན་ཀྱང་དོན་སྤྱི་དང་གཟུགས་བརྙན་དང་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་འཁྲུལ་པའི་གཟུང་ཡུལ་དུ་སྣང་བས་ཐལ་བཟློག་གཉི་ག་མ་ངེས་སོ་ཞེ་ན། མ་ཡིན་ཏེ་དེ་དག་ཀྱང་ཡིད་གཏད་པ་དང་མེ་ལོང་དང་བཞིན་དང་དབང་པོ་རབ་རིབ་ཅན་ལ་མངོན་དུ་ཕྱོགས་པའི་རྐྱེན་ཡོད་ན་སྣང་གི་མེད་ན་མི་སྣང་བས་ཐ་སྙད་དུ་རྒྱུ་ལྡན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རྐྱེན་དེ་དག་ལས་དེར་འཛིན་གྱི་ཤེས་པ་འཁྲུལ་པ་འབྱུང་བ་ཡིན་ལ་ཡུལ་དེ་དག་གི་རྣམ་པ་ནི་བློ་འཁྲུལ་པ་ལ་སྣང་བ་ཙམ་ཡིན་གྱི་དངོས་པོར་མེད་པས་རྒྱུ་རྐྱེན་ལས་འབྱུང་བ་མེད་དོ་ཞེས་ཀྱང་བསམ་པར་མི་ནུས་ཏེ། བློ་མ་འཁྲུལ་བའི་དོན་རང་གི་མཚན་ཉིད་དུ་རྒྱུ་རྐྱེན་ལས་སྐྱེ་བ་དེར་འཛིན་ལའང་མེད་ལ། བློ་འཁྲུལ་དོན་རྒྱུ་རྐྱེན་ལས་སྐྱེ་བར་སྣང་བ་ཙམ་གཟུང་ཡུལ་དེ་དག་ལའང་ཡོད་པའི་ཕྱིར་རོ། །ཇི་སྐད་དུ། དབང་པོ་རབ་རིབ་བཅས་པའི་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉི་ག་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉི་གའང་བརྫུན་པ་ཡིན། །ཅེས་གསུངས་པ་ལྟ་བུའོ། །དོན་དེ་ཉིད་ཐུགས་ལ་བཞག་ནས་སློབ་དཔོན་ཉིད་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་འཆད་པར་འགྱུར་བ་དང་། མདོ་ལས་ཀྱང་། རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱི། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཤེས་མ་ཡིན། །ཅེས་གསུངས་པ་ཡིན་ནོ། །རྒྱུ་མེད་ལས་སྐྱེ་བ་དགག་པ་བཤད་ཟིན་ཏོ། །དེའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་སྐྱེ་བའི་དོགས་པ་ལྔ་པ་མི་སྲིད་ཅིང་། མཐའ་བཞི་ལས་སྐྱེ་བ་བཀག་པས་རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པར་གྲུབ་ལ། མ་སྐྱེས་པ་ལ་ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་ཁྱད་པར་གྱི་ཆོས་འགག་པ་ལ་སོགས་པ་མི་འཐད་པས་སྔར་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་ཚུལ་དེ་ལ་རྩོད་པ་སྤང་བ་ལ་ལུང་དང་འགལ་བ་སྤང་བ་དང་། མཐའ་བཞིའི་སྐྱེ་བ་བཀག་པས་ཀུན་རྫོབ་ཏུ་སྐྱེ་བ་མི་འཐད་པའི་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། དེ་ལྟར་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་རྣམ་པར་གཞག་ན། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དགག་བྱ་སྐྱེ་བ་ལ་སོགས་པ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་སྐད་གསུངས་པ་བདེན་མོད་ཀྱི། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཅེས་དང་། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། རང་བཞིན་གྱིས་ཞི་བ་ཞེས་པ་ལ་སོགས་པའང་ཇི་སྟེ་མ་གསུངས། དེའི་ཕྱིར་མདོའི་དགོངས་པ་བཙལ་དགོས་པས་བློ་གྲོས་མི་ཟད་པའི་མདོ་ལས། མདོ་གང་དོན་དམ་བསྒྲུབ་པ་བསྟན་པ་དེ་ནི་ངེས་པའི་དོན་ཅེས་བྱ་ལ། མདོ་གང་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་ནི་དྲང་བའི་དོན་ཅེས་བྱའོ་ཞེས་གསུངས་པའི་ཚུལ་གྱིས། ཐུབ་པའི་གསུང་རབ་ལ་དྲང་དོན་ངེས་དོན་གཉིས་ཡིན་པ་ལས། སྐྱེ་སོགས་སྟོན་པ་ངེས་དོན་དུ་མ་གྲུབ་སྟེ། སྐྱེ་སོགས་དེ་ཁོ་ནར་བདེན་པ་ལ་རིགས་པའི་གནོད་པ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དྲང་དོན་གྱི་མདོ་ལས་ཀུན་རྫོབ་ཀྱི་སྐྱེ་བ་ལ་སོགས་པ་ཡོད་པར་གསུངས་པས། ཁོ་བོ་ཅག་གི་ངེས་དོན་གྱི་མདོ་སྡེའི་བརྗོད་བྱ་རྟེན་འབྲེལ་དོན་དམ་པར་སྐྱེ་འགག་ལ་སོགས་པའི་སྤྲོས་པ་དང་བྲལ་བར་བཤད་པ་ལ་གནོད་པ་མེད་པ་ཉིད་དེ། ཇི་སྐད་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་དང་། ཟླ་བ་གྲགས་པས། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་ཀྱིས། །ཞེས་བཤད་པ་ལྟ་བུའོ། །གཉིས་པ་ནི། བདེན་པ་གཉིས་ཆར་དུ་ཡང་ཁྱོད་ཀྱིས་མཐའ་བཞི་ལས་སྐྱེ་བ་བཀག་ཅིང་། མཐའ་ལྔ་པ་མི་སྲིད་པས་ཁྱོད་ཀྱི་ལྟར་ན་ཀུན་རྫོབ་ཏུའང་སྐྱེ་བ་མི་འཐད་དོ་ཞེ་ན། སྔར་བཤད་པའི་ཚུལ་གྱིས་མཐའ་བཞིར་དཔྱད་ན་ཀུན་རྫོབ་ཏུའང་སྐྱེ་བ་མི་འཐད་པས་རང་རྒྱུད་པས་བརྟགས་པ་ལྟ་བུ་རང་གི་མཚན་ཉིད་དུ་སྐྱེ་བ་མེད་ཀྱང་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་རྣམས་ལ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བར་སྣང་བ་ཙམ་ལ་ཐ་སྙད་རྒྱུན་མི་གཅད་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་རྣམ་པར་གཞག་སྟེ། ཇི་སྐད་དུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས། སྡུག་བསྔལ་བདག་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་མཐའ་བཞིའི་སྐྱེ་བ་དགག་པ་སྤྱིར་བསྟན་ནས། ད་ནི་ཕྱོགས་གསུམ་གྱི་སྐྱེ་བ་མི་འཐད་པར་གསལ་བ་དང་། སྐབས་གཞན་དུ་འཕྲོས་ནས་བཀག་པ་ཉིད་ཀྱིས་གོ་ཆོད་པར་དགོངས་ནས་འཐད་པ་མ་གསུངས་ལ། ཅུང་ཟད་འཐད་པའམ་དགག་པ་དཀའ་བར་དགོངས་ནས་བྱེ་བྲག་ཏུ་གཞན་ལས་སྐྱེ་བ་དགག་པ་འཆད་དོ། །དེ་ལ་གཉིས་ཏེ། བསྟན་འཆོས་ལས་གྲགས་པའི་དང་། འཇིག་རྟེན་ལས་གྲགས་པའི་གཞན་ལས་སྐྱེ་བ་དགག་པའོ། །དང་པོ་ལ་རེ་ཞིག་དེའི་ཕྱོགས་སྔ་མ་དགོད་པ་ནི། རང་གི་སྡེ་པ་དག་འདི་སྐད་དུ། མཐའ་གསུམ་ལས་སྐྱེ་བ་དགག་པ་ནི་རིགས་མོད་ཀྱི། གཞན་ལས་སྐྱེ་བ་དགག་པ་ཆེས་ཤིན་ཏུ་མི་རིགས་ཏེ། བཅོམ་ལྡན་ཉིད་ཀྱིས་ཆོས་མངོན་པའི་མདོ་ལས། འབྲས་བུའི་དངོས་པོ་རྣམས་སྐྱེད་པར་བྱེད་པ་འབྲས་བུ་ལས་གཞན་དུ་གྱུར་པའི་རྐྱེན་བཞི་གསུངས་པའི་ཕྱིར་རོ། །དེ་ལ་གྲུབ་པའི་མཐའ་ལས་རྒྱུ་དྲུག་རྐྱེན་བཞི་ཞེས་གསུངས་པ་ནི་སོ་སོ་མ་ཡིན་གྱི། རྒྱུ་ཡི་རྐྱེན་ནི་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་དག །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་པའི་ཚུལ་གྱིས་རྒྱུ་དྲུག་ཀྱང་སྡུད་པའི་རྐྱེན་རྣམས་ནི་བཞི་སྟེ། སྤྱི་རིགས་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པ་རྒྱུ་ལྔའམ། མྱུ་གུ་དང་། མིག་ཤེས་ལ་ས་བོན་དང་ཀུན་གཞི་ལ་ཡོད་པའི་དེའི་ས་བོན་ལྟ་བུ་རྒྱུའི་རྐྱེན་དང་། གང་ལ་དམིགས་ནས་སེམས་དང་སེམས་ལས་བྱུང་བ་དེའི་རྣམ་པ་ཅན་དུ་སྐྱེད་པའི་ཡུལ་དམིགས་པའི་རྐྱེན་དང་། རྒྱུད་གཅིག་གི་རིག་པ་སྔ་མ་འགགས་མ་ཐག་པ་ཕྱི་མའི་གོ་འབྱེད་ཅིང་རིག་པ་སྐྱེད་པ་དེ་མ་ཐག་པའི་རྐྱེན་དང་། རྐྱེན་གསུམ་ལས་གཞན་པའི་དངོས་པོ་གང་ཞིག་ཡོད་ན་དེ་འབྱུང་དུ་རུང་བའམ་བྱེད་རྒྱུ་ཞེས་བྱ་བའི་བདག་པོ་ཡང་ནི་སྔ་མ་དེ་དག་བཞིན་འབྲས་བུ་ལ་ཕན་འདོགས་པའི་རྐྱེན་ཡིན་ནོ། །དེ་ལྟ་ན་གང་ཅུང་ཟད་འབྲས་བུ་ལ་ཕན་འདོགས་པའི་རྐྱེན་དུ་གྱུར་བ་ཐམས་ཅད་འདི་བཞིར་འདུས་ལ་འདི་དག་ཏུ་མ་འདུས་པའི་དབང་ཕྱུག་ལ་སོགས་པ་ནི་རྐྱེན་མ་ཡིན་པས་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །དེས་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་གཞན་དུ་གྱུར་པའི་རྐྱེན་བཞི་པོ་དེ་དག་ལས་སྐྱེ་བ་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དེ་ལྟར་གསུངས་མོད་ཀྱི་དེའི་དོན་རིགས་པས་དཔྱད་ན་མི་རུང་བས་ངེས་དོན་མ་ཡིན་པར་དྲང་དོན་ཡིན་ནོ་ཞེས་འཆད་པ་ཡིན་ལ། དེ་ལ་བཞི་སྟེ། སྤྱིར་རྐྱེན་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་དང་། བྱ་བ་གཞན་དུ་གྱུར་པ་ལས་སྐྱེ་བ་དགག་པ་དང་། རྐྱེན་གྱི་རྒྱུ་མཚན་སྤྱིར་དགག་པ་དང་། རྐྱེན་བཞི་སོ་སོའི་མཚན་ཉིད་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། དངོས་པོ་རྣམས་ཀྱི་ཞེས་པའི་ཚིགས་སུ་བཅད་པ་གཅིག་སྟེ། དེ་ཡང་ལ་ཞེས་པ་བདུན་པ་གནས་གཞིའི་བྱིངས་ཀྱི་ཚིག་རྐྱེན་ལ་སོགས་པ་ཡོད་པའི་དུས་ན་ཞེས་པ་ཡོད་པའི་བདུན་པ་དང་། རྐྱེན་ལ་སོགས་པ་ལ་ཞེས་གཞིའི་བདུན་པར་བཤད་པའི་ཚུལ་གཉིས་ལས། རིམ་པ་ལྟར་རྒྱུ་འབྲས་རྫས་གཞན་ཉིད་དང་། རྒྱུ་ལས་འབྲས་བུ་སྐྱེ་བ་འགོག་པ་ཡིན་ནོ། །དང་པོ་ནི། མྱུ་གུ་ལ་སོགས་པ་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཆོས་ཅན། རྐྱེན་ལ་སོགས་པ་སྟེ་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་ལ་སོགས་པ་སོ་སོ་བ་དང་འདུས་པ་དག་མ་འགྱུར་བར་ཡོད་པའི་དུས་ན་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དུས་མཉམ་པ་ལ་ཕན་འདོགས་མེད་པས་འབྲས་བུ་རྒྱུ་མེད་དུ་འགྱུར་རོ། །དེས་ན་རྐྱེན་གྱི་ཚེ་འབྲས་བུ་བདག་གི་དངོས་པོ་ཡོད་པ་མིན་ན་རྐྱེན་དག་གཞན་གྱི་དངོས་པོར་ག་ལ་འགྱུར་ཏེ། ལྟོས་ས་མེད་པའི་ཕྱིར་རིང་པོ་མེད་པའི་ཐུང་ངུའམ། ཕ་རོལ་མེད་པའི་ཚུ་རོལ་བཞིན་ནོ་སྙམ་དུ་དགོངས་པ་སྟེ་དོན་གྱི་ཆ་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །བཤད་ཚུལ་གཉིས་པ་ནི། མྱུ་གུ་ལ་སོགས་པ་དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་ལ་སོགས་པ་སྟེ་རྒྱུ་རྐྱེན་སོ་སོ་བ་དང་འདུས་པ་དག་གམ་དེ་ལས་གཞན་འགའ་ཞིག་ལའང་རུང་སྟེ་སྐྱེ་བའི་སྔ་རོལ་ནས་མཁར་གཞོང་ལ་རྒྱ་ཤུག་ལྟར་ཡོད་པ་མ་ཡིན་ཏེ། དེ་དག་ལ་སྣང་རུང་མ་དམིགས་པའི་ཕྱིར་དང་། གལ་ཏེ་ཡོད་ནའང་དེ་དག་ལས་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེས་ན་རྐྱེན་ལ་སོགས་ལ་འབྲས་བུའི་བདག་གི་དངོས་པོ་ཡོད་པ་མིན་ན། དེ་རྐྱེན་ལ་སོགས་པ་གཞན་ལས་འབྱུང་ཞིང་སྐྱེ་བར་ག་ལ་འགྱུར་ཏེ། བྱེ་མ་དག་ལས་ཏིལ་མར་བཞིན། །ཞེས་པ་སྟེ། ཁྱབ་པ་ནི། ཇི་སྟེ་དེ་ནི་མེད་པར་ཡང་། །ཞེས་འཆད་པར་འགྱུར་རོ། །འདིར་བྷ་བྱ་ཞེས་པའི་སྐད་ཀྱི་བྱིངས་དངོས་པོ་དང་འབྱུང་བ་གཉིས་ལ་འཇུག་པས་བཤད་ཚུལ་སྔ་མ་ལྟར་ན་དངོས་པོ་དང་། ཕྱི་མ་ལྟར་ན་འབྱུང་བར་བཤད་པ་ཡིན་ནོ། །འདི་ལ་སློབ་དཔོན་བྷ་བྱས་ཕྱེད་སྔ་མས་བདག་སྐྱེ་འགོག་པ་དང་། ཕྱེད་ཕྱི་མས་གཞན་སྐྱེ་འགོག་པར་འཆད་དོ། །གཉིས་པ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གཞན་དུ་གྱུར་པའི་རྐྱེན་ཉིད་ལས་སྐྱེ་བ་མ་ཡིན་གྱི་འོན་ཀྱང་རྐྱེན་གྱིས་བསྒྲུབས་པའི་སྐྱེ་བའི་བྱ་བ་དོན་གཞན་ལས་སྐྱེ་བ་ཡིན་ནོ་སྙམ་ན། དེ་ལྟ་ན་བྱ་བ་རྐྱེན་གྱུར་ལྡན་པའམ་མི་ལྡན་པ་ལས་སྐྱེ། དང་པོ་ལྟར་ན། འབྲས་བུ་སྐྱེས་པ་ལ་དེ་སྐྱེད་པའི་བྱ་བ་དོན་མེད་ཅིང་། མ་སྐྱེས་པ་ལ་ནམ་མཁའི་མེ་ཏོག་ལྟར་འབྲས་བུ་སྐྱེ་བའི་བྱ་བའི་རྟེན་མེད་པས་སྐྱེ་བའི་བྱ་བ་མེད་ལ། སྐྱེས་མ་སྐྱེས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པས་སྐྱེ་བཞིན་པ་ལའང་སྐྱེ་བའི་བྱ་བ་མེད་པའི་ཕྱིར་བྱ་བ་ཉིད་དུས་གསུམ་དུ་དཔྱད་ན་མེད་པས་བྱ་བ་རྐྱེན་དང་ལྡན་པ་མེད་ཅེས་པའོ། །གཉིས་པ་ལྟར་ན། རྒྱུ་མེད་པས་མ་དཔྱད་པ་སྣང་ངོ་ཙམ་དུ་ཡང་རྐྱེན་དང་མི་ལྡན་བྱ་བ་མེད་ཅེས་པའོ། །འོ་ན་རྐྱེན་ཉིད་ཀྱིས་སྐྱེད་པར་བྱེད་དོ་སྙམ་པ་ལ། དེ་ཡང་འབྲས་བུ་སྐྱེད་པའི་བྱ་བ་དང་མི་ལྡན་པ་ནམ་མཁའི་མེ་ཏོག་ལྟར་རྐྱེན་གྱི་རྣམ་འཇོག་གི་རྒྱུ་མེད་པས་རྐྱེན་ཉིད་མ་ཡིན་ལ། འོན་ཏེའམ་གལ་ཏེ་ན་བྱ་བ་དང་ལྡན་པའི་རྐྱེན་ཡོད་ན་དེས་བསྐྱེད་པར་འགྱུར་བ་ཞིག་ན། དེ་ཡང་མེད་དེ་འབྲས་བུ་སྐྱེས་མ་སྐྱེས་སྐྱེ་བཞིན་པ་ལ་སྐྱེད་པའི་བྱ་བ་མི་འཐད་པར་བཤད་ཟིན་པའི་ཕྱིར་རོ། །གསུམ་པ་ནི། འདི་སྙམ་དུ་དེ་ལྟར་དཔྱད་པས་ཅི་བྱ། ཇི་སྐད་བཤད་པའི་མིག་དང་གཟུགས་ལ་སོགས་པའི་རྐྱེན་བཞི་པོ་འདི་དག་ལ་བརྟེན་ནས་རྣམ་ཤེས་དང་མྱུ་གུ་ལ་སོགས་པ་སྐྱེ་བས་ན་དེའི་ཕྱིར་འདི་དག་དེའི་རྐྱེན་ཞེས་བརྗོད་ཅིང་གྲགས་སོ་ཞེ་ན། དེ་ལྟ་ནའང་རྐྱེན་དེ་དག་ལས་འབྲས་བུ་སྐྱེ་བ་ཉིད་དུ་མི་འགྲུབ་སྟེ། མཐུན་རྐྱེན་གྱི་ཚོགས་པ་མ་ཚང་བའམ། འགལ་རྐྱེན་གྱིས་ཆོད་པས་རྐྱེན་དེ་དག་ལས་ཇི་སྲིད་འབྲས་བུ་དེ་མི་སྐྱེ་བ་དེ་སྲིད་དུ་རྐྱེན་གྱི་རྣམ་འཇོག་གི་རྒྱུ་སྐྱེད་པའི་བྱ་བ་དང་མི་ལྡན་པས་མིག་ཤེས་ལ་རྣ་བ་དང་སྒྲ་ལྟར་བཞི་པོ་འདི་དག་རྐྱེན་མིན་ཇི་ལྟར་མིན་ཏེ་རྐྱེན་མ་ཡིན་པ་ཉིད་ཡིན་ལ། བྱེ་མ་ལས་ཏིལ་མར་ལྟར་རྐྱེན་མིན་ལས་ཕྱིས་ཀྱང་འབྲས་བུ་སྐྱེ་བར་མི་རིགས་པའི་ཕྱིར་རོ། །གལ་ཏེ་དེ་དག་སྔར་འབྲས་བུ་དེ་སྐྱེད་པའི་རྐྱེན་མ་ཡིན་ཀྱང་ཕྱིས་རྐྱེན་འགའ་ཞིག་ལས་དེ་དངོས་སུ་སྐྱེད་པའི་རྐྱེན་དུ་འགྱུར་རོ་ཞེ་ན། རྐྱེན་གཞན་གཉིས་པ་དེ་སྔར་རྐྱེན་དང་པོ་འབྲས་བུ་དངོས་སུ་སྐྱེད་པར་བྱེད་པའི་རྐྱེན་མ་ཡིན་པས་ཕྱིས་ཀྱང་དེ་དེ་ལྟར་བྱེད་པའི་རྐྱེན་དུ་མི་འཐད་ལ། དེ་ལའང་དེ་ལྟར་བྱེད་པའི་རྐྱེན་གཞན་གསུམ་པ་འདོད་ན་དེ་ལའང་རྐྱེན་གཞན་བཞི་པ་དགོས་པས་ཐུག་པ་མེད་པར་འགྱུར་རོ་ཞེས་འགྲེལ་པས་འཆད་དོ། །གཙང་པ་་་་་་ཁ་ཅིག་འབྲས་བུ་སྐྱེ་བའི་དུས་ན་སྐྱེད་པའི་བྱ་བ་དང་ལྡན་པས་རྐྱེན་ཡིན་ནོ་སྙམ་ན། དེའི་ཚེ་རྐྱེན་ལ་སྐྱེད་པའི་བྱ་བ་ཡོད་ན་འབྲས་བུ་ལ་སྐྱེ་བའི་བྱ་བ་ཡོད་པར་འགྱུར་ལ། བྱ་བ་དང་ལྡན་ན་དངོས་པོར་གྲུབ་པས་རྐྱེན་མི་དགོས་སོ་ཞེས་འཆད་དོ། །དོན་དེ་ཉིད་འབྲས་ཕྱོགས་ནས་དཔྱད་པ་ནི། ཡང་རྐྱེན་དེ་དག་གིས་འབྲས་བུ་སྐྱེད་པར་བྱེད་ན་ཅི་འབྲས་བུ་སྔར་མེད་པའམ་ཡོད་པ་ཞིག་སྐྱེད་གྲང་། དེ་ལ་འབྲས་བུ་ཡོད་དམ་མེད་པའི་དོན་ལ་ཡང་། རྐྱེན་ནི་རུང་བ་མ་ཡིན་ཏེ་ཞེས་པ་རྣལ་མའི་དམ་བཅའ་བའོ། །དེ་བསྒྲུབ་པ་ནི། འབྲས་བུ་ཡོད་པ་མ་ཡིན་པ། །རྒྱུ་ཡི་རྒྱུ་ཉིད་ཡོད་མིན་པས། །ཞེས་པའི་ཚུལ་གྱིས་རྒྱུ་ཉིད་དུ་འཇོག་པ་འབྲས་བུ་ལ་ལྟོས་པས་འབྲས་བུ་མེད་ན་བུ་མེད་པའི་ཕ་ལྟར་གང་གི་རྐྱེན་དུ་འགྱུར་ཞིང་། འབྲས་བུ་ཡོད་ན་མཁར་གཞོང་ན་ཡོད་པའི་རྒྱ་ཤུགས་ལྟར་གྲུབ་ཟིན་བསྒྲུབ་མི་དགོས་པས་དེ་སྒྲུབ་པའི་རྐྱེན་གྱིས་ཅི་ཞིག་བྱ་ཞེས་པའོ། །བཞི་པ་ནི། དེ་ལྟ་ནའང་བཅོམ་ལྡན་འདས་ཀྱིས་སྒྲུབ་པར་བྱེད་པ་ནི་རྒྱུའོ་ཞེས་པ་ལ་སོགས་པ་རྐྱེན་བཞི་སོ་སོའི་མཚན་ཉིད་གསུངས་པས་དེ་དག་རང་བཞིན་དུ་ཡོད་པ་ཉིད་དོ་ཞེ་ན། དེ་དག་རིགས་པས་མི་འཐད་པས་ངེས་དོན་དུ་གསུངས་པ་མ་ཡིན་ནོ། །ཇི་ལྟར་མི་འཐད་པའི་ཚུལ་ལ་བཞི་ལས། དང་པོ་རྒྱུའི་རྐྱེན་གྱི་མཚན་ཉིད་མ་འཐད་པ་ནི། གལ་ཏེ་བསྒྲུབ་བྱ་འབྲས་བུ་འགའ་ཞིག་འགྲུབ་ན་དེའི་ངོ་བོ་སྒྲུབ་པར་བྱེད་པའི་རྒྱུའི་རྐྱེན་ཡོད་པར་འགྱུར་བ་ཞིག་ན་བསྒྲུབ་མི་དགོས་པ་དང་། སྒྲུབ་པར་མི་ནུས་པ་དང་། འགལ་ཞིང་གཉི་ག་ལ་བཀོད་པའི་སྐྱོན་དུ་འགྱུར་བས། རིམ་པ་ལྟར་གང་ཚེ་བསྒྲུབ་བྱ་འབྲས་བུའི་ཆོས་ནི་སྔར་ནས་ཡོད་པ་དང་། སྔར་མེད་པ་དང་། ཡོད་མེད་གཉི་ག་ཡིན་པ་མི་འགྲུབ་པ་དེའི་ཚེ། ཇི་ལྟར་ན་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པའི་རྒྱུ་ཞེས་བྱ་སྟེ་སྒྲུབ་བྱེད་ཀྱི་རྒྱུ་མ་གྲུབ་པ་དེ་ལྟ་ཡིན་ན། རྒྱུའི་རྐྱེན་གྱི་མཚན་ཉིད་ཡོད་པས་དེ་ཡོད་དོ་ཞེས་སྨྲ་བ་དེ་མི་རིགས་སོ་ཞེས་པའོ། །གཉིས་པ་དམིགས་པའི་རྐྱེན་གྱི་མཚན་ཉིད་དགག་པ་ལ། དམིགས་པ་དང་བཅས་པའི་ཆོས་གང་དག་ཅེ་ན། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ་ཞེས་པའི་ཚུལ་གྱིས་དམིགས་བྱེད་སེམས་དང་སེམས་བྱུང་དམིགས་བྱའི་རྐྱེན་ལས་སྐྱེ་བར་རྟོག་ན། ཅི་དམིགས་བྱེད་ཡོད་པའམ། མེད་པ་ལ་དམིགས་བྱའི་རྐྱེན་རྟོག དང་པོ་འགོག་པ་ནི། ཕྱེད་སྔ་ཕྱི་གོ་རིམ་བཟློག་སྟེ་ཅི་སྟེ་འབྲས་བུ་སེམས་དང་སེམས་ལས་བྱུང་བ་ཡོད་པའི་ཆོས་ནི་ཞེས་པ་ཆོས་ཅན་ནོ། །དེ་དམིགས་པའི་རྐྱེན་ལ་ལྟོས་པ་ཡོད་པར་ག་ལ་འགྱུར་ཏེ། དམིགས་མེད་ན་སྟེ་དམིགས་བྱ་མེད་པའི་སྔར་ནས་ཡོད་ཟིན་པའི་ཕྱིར་རོ་ཞེས་པའོ། །དེས་ན་དམིགས་བྱེད་ཡེ་ནས་ཡོད་པའི་ཆོས་འདི་དམིགས་པའི་རྐྱེན་མེད་པ་ཁོ་ན་ལ་ཁྱོད་ཀྱི་རང་དགས་དམིགས་བྱའི་རྐྱེན་དང་བཅས་པར་ཉེ་བར་བསྟན་པར་ཟད་དོ་ཞེས་བྱ་བའོ། །མེད་པའི་དམིགས་རྐྱེན་འགོག་པ་ནི། ཡོད་པ་ས་དེའི་སྒྲ་ཡིན་པར་བྱས་ལ་གོ་རིམ་བཞིན་འབྲས་བུ་དམིགས་བྱེད་མེད་པའི་ཆོས་འདི་དམིགས་བྱའི་རྐྱེན་མེད་པ་ཁོ་ན་ཡིན་པར་གྱུར་པ་ལ་ཁྱེད་ཀྱིས་དམིགས་པའི་རྐྱེན་དང་བཅས་པར་བསྟན་པ་ཡིན་ནོ་ཞེས་པ་ལ། དེ་ཉིད་ཅི་སྟེ་ཞེ་ན། ཆོས་ནི་དམིགས་མེད་ན་སྟེ། དམིགས་པར་བྱེད་པའི་ཆོས་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་དེའི་དམིགས་བྱ་ཡོད་པར་ག་ལ་འགྱུར་ཞེས་པའོ། །སློབ་དཔོན་བྷ་བྱ་ནི་དམིགས་བྱེད་སྔར་ནས་ཡོད་པའི་ཆོས་ནི་དམིགས་བྱ་ལ་ལྟོས་པ་མེད་པ་ཁོ་ན་ལ་ཁྱོད་ཀྱིས་ཡོད་པར་བསྟན་པར་ཟད་ལ། ཅི་སྟེ་དམིགས་བྱེད་ཀྱི་ཆོས་མེད་ན་དེའི་དམིགས་བྱ་ཡང་ག་ལ་ཡོད་ཅེས་ཕྱེད་སྔ་ཕྱི་གཉིས་ཀྱིས་རིམ་པ་ལྟར་དམིགས་བྱེད་ཡོད་པ་དང་མེད་པའི་དམིགས་རྐྱེན་འགོག་པར་འཆད་དོ། །གསུམ་པ་དེ་མ་ཐག་པའི་རྐྱེན་གྱི་མཚན་ཉིད་དགག་པ་ལ། རྒྱུ་འགགས་མ་ཐག་པ་འབྲས་བུ་འབྱུང་བའི་དེ་མ་ཐག་པའི་རྐྱེན་ཡིན་མོད་ཀྱི། དེ་ལྟ་ནའང་མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་ན་སྟེ་མ་སྐྱེས་པ་དེ་སྲིད་དུ། ས་བོན་ལ་སོགས་པ་རྒྱུའི་ཆོས་རྣམས་འགག་པ་འཐད་པར་མི་འགྱུར་རོ། །འབྲས་བུ་མ་སྐྱེས་པར་རྒྱུ་མི་འགག་པ་དེའི་ཕྱིར་འབྲས་བུ་སྐྱེ་བ་ལ་རྒྱུ་འགག་པ་སྔོན་དུ་མ་སོང་བས་དེ་མ་ཐག་པའི་རྐྱེན་མི་རིགས་ལ། འོན་ཏེ་འབྲས་བུ་མ་སྐྱེས་པར་རྒྱུ་འགགས་ནའང་འགགས་པ་མེད་པ་ཡིན་པས་འབྲས་བུ་ཕྱི་མ་སྐྱེ་བའི་རྐྱེན་ཡང་གང་ཞིག་ཡིན་ལ། འབྲས་བུ་ཕྱི་མ་སྐྱེས་པའི་སྟོབས་ཀྱིས་རྒྱུ་སྔ་མ་འགག་པ་ཡིན་པས་རྒྱུ་སྔ་མ་འགག་པའི་རྐྱེན་ཡང་གང་ཞིག་ཡིན་ཞེས་པའོ། །ཡང་ན་སྔར་བཀག་པའི་ཚུལ་གྱིས་རྒྱུའི་ཆོས་རྣམས་ཉིད་སྐྱེ་བ་མེད་པས་འགག་པར་མི་འཐད་པས་དེ་མ་ཐག་པའི་རྐྱེན་མི་རིགས་པ་དང་། མ་སྐྱེས་པར་འགགས་ནའང་འབྲས་བུ་སྐྱེ་བ་དང་རྒྱུ་འགག་པའི་རྐྱེན་ཡང་གང་ཞིག་ཡིན་ཅེས་བཤད་པར་བྱའོ། །བཞི་པ་བདག་པོའི་རྐྱེན་གྱི་མཚན་ཉིད་དགག་པ་ནི། བདག་རྐྱེན་གྱི་མཚན་ཉིད་རྐྱེན་གསུམ་ལས་གཞན་པའི་དངོས་པོ་འདི་ཡོད་པས་ན་འབྲས་བུ་འདི་འབྱུང་ཞེས་བྱ་བ་དེ་ནི་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ཡོད་པ་ཉིད་གྲུབ་པའམ་ཡོད་པ་མིན་ན་ཞེས་དང་། དེའི་ཡང་འཐད་པ་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་གཟུགས་བརྙན་ལྟར་རང་བཞིན་མེད་པའི་ཕྱིར་རོ་ཞེས་པའོ། །གལ་ཏེ་ཕ་རོལ་དངོས་པོ་སྨྲ་བ་ལྟ་བུ་རང་བཞིན་མེད་པར་མ་གྲུབ་པ་ལ་རྟགས་མི་འགྲུབ་ཅིང་། གྲུབ་པ་ལ་རང་བཞིན་ཙམ་ཁེགས་པ་ཉིད་ཀྱིས་བདག་རྐྱེན་གྱི་རང་བཞིན་ཡང་ཁེགས་པས་དེ་འགོག་པ་ལ་རྟགས་དོན་མེད་པར་འགྱུར་རོ་ཞེ་ན། སྔར་བཤད་པ་ལྟར་ཕ་རོལ་རང་བཞིན་མེད་པར་མ་གྲུབ་པ་ལ་དེ་རྟེན་འབྲེལ་གྱི་རྟགས་ཀྱིས་བསྒྲུབ་ལ། རྟགས་དེས་རང་བཞིན་ཙམ་ཁེགས་པ་ན་བྱེ་བྲག་བདག་རྐྱེན་ལས་སྐྱེ་བའི་རང་བཞིན་གྱི་དོན་ཁེགས་ཀྱང་ཤིང་བཀག་པས་ཤ་པ་འགོག་པ་ལྟར་དེའི་ཐ་སྙད་འགོག་པ་ལ་རྟགས་སུ་བསྟན་པ་མི་འགལ་བ་དང་། རྣམ་པ་གཅིག་ཏུ་ན་འདི་གཞན་གྱི་སྒྲུབ་བྱེད་འགོག་པ་ཡིན་ཏེ། གཞན་དག་བདག་རྐྱེན་གྱི་མཚན་ཉིད་ཡོད་པས་རྐྱེན་ལས་སྐྱེ་བ་ཡོད་དེ་ཞེས་རྒོལ་བ་ལ། ཁོ་བོ་ཅག་དངོས་པོ་རང་བཞིན་མེད་པར་སྨྲ་བའི་ཕྱོགས་ལ་དེའི་མཚན་ཉིད་མ་གྲུབ་བོ་ཞེས་བསྟན་པ་ཡིན་པས་སྐྱོན་མེད་དོ། །ད་ནི་འཇིག་རྟེན་ལ་གྲགས་པའི་གཞན་སྐྱེ་དགག་པ་ལ། འཇིག་རྟེན་པ་དང་རྟོག་གེ་པ་ཁ་ཅིག་གཞུང་ལུགས་ལ་མ་བརྟེན་པར་མྱུ་གུ་དང་སྣམ་བུ་ལ་སོགས་པ་རང་ལས་གཞན་པའི་ས་བོན་དང་ས་དང་སྣལ་མ་ཐག་གཟངས་ལ་སོགས་པ་ལས་སྐྱེ་བར་མཐོང་བས་གཞན་ལས་སྐྱེ་བ་ཡོད་དོ་ཞེས་སྨྲའོ། །དེའི་ལན་རྨི་ལམ་ལྟར་ཐ་སྙད་པའི་ཤེས་པ་འཁྲུལ་བས་དེ་ལྟར་མཐོང་བ་ཡིན་གྱི། དཔྱད་ན་གཞན་དེ་དག་ལས་སྐྱེ་བ་མེད་དོ་ཞེས་འཆད་པ་ལ་གསུམ་སྟེ། འབྲས་བུ་རྐྱེན་ལ་ཡོད་མེད་སྐྱེ་བ་མི་འཐད་པ་དང་། རྐྱེན་གྱི་རང་བཞིན་ཡིན་མིན་སྐྱེ་བ་མི་འཐད་པ་དང་། དེས་གྲུབ་པའི་དོན་ཏོ། །དང་པོ་ནི། འབྲས་བུ་དེ་དག་རྐྱེན་ལ་ཡོད་པའམ་མེད་པ་ཞིག་སྐྱེ་གྲང་། དང་པོ་ལྟར་ན། རྐྱེན་དེ་དག་ལ་འབྲས་བུ་དེ་ཡོད་ན་དེ་ལས་སྐྱེ་བར་འགྱུར་བ་ཞིག་ན། རྐྱེན་དེ་རྣམས་ཉིད་སོ་སོ་བ་ལ་འབྲས་བུ་འདོད་པ་དེ་དག་ནི་མེད་པ་ཉིད་དེ་འབྲས་བུ་རྐྱེན་དུ་མ་ལ་ཡོད་པས་དུ་མར་འགྱུར་བའི་ཕྱིར་དང་། སྣང་རུང་མ་དམིགས་པའི་ཕྱིར་རོ། །རྐྱེན་དེ་དག་རྣམས་འདུས་པ་ལ་ཡང་མེད་པ་ཉིད་དེ་རེ་རེ་བ་ལ་མེད་པའི་ཕྱིར་དང་། རྐྱེན་དུ་མ་འདུས་པ་ལ་ཡོད་པ་ཉིད་ཀྱིས་རྐྱེན་རེ་རེ་ལ་འབྲས་བུ་དེ་ཡོད་མེད་ཀྱི་ཆ་གཉིས་གཉིས་དགོས་ལ། དེའི་གང་ཡོད་པའི་ཆ་སྐྱེད་ཀྱི་མེད་པའི་ཆ་མི་སྐྱེད་པས་འབྲས་བུ་གཅིག་རྐྱེན་རེ་རེའི་ཆ་ཤས་ཀྱི་བསྐྱེད་བྱར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་འབྲས་བུ་མྱུ་གུའམ། སྣམ་བུ་དེ་ནི་རྐྱེན་ས་བོན་དང་སྣལ་མ་ལ་སོགས་པ་ལས་ཇི་ལྟར་སྐྱེ་སྟེ་སྐྱེ་བ་མེད་དོ་ཞེས་པའི་དམ་བཅའ་ལ། རྐྱེན་རྣམས་ལ་ནི་གང་མེད་པ་སྟེ། རྐྱེན་དེ་རྣམས་ལ་མེད་པའི་ཕྱིར་བྱེ་མ་ལས་ཏིལ་མར་བཞིན་ཅེས་པ་རྟགས་སུ་བལྟའོ། །ཁྱབ་པ་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། ཅི་སྟེ་འབྲས་བུ་མྱུ་གུ་དང་སྣམ་བུ་དེ་ནི་རྐྱེན་ས་བོན་དང་སྣལ་མ་ལ་སོགས་པ་ལ་མེད་པར་ཡང་རྐྱེན་དེ་དག་ལས་སྐྱེ་བར་གྱུར་ན། རྐྱེན་མ་ཡིན་པ་མེ་དང་འཇག་མ་ལ་སོགས་པ་དག་ལས་ཀྱང་འབྲས་བུ་དེ་དག་རྒྱུ་མཚན་ཅི་ཡི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ་སྐྱེ་བར་འགྱུར་རོ་ཞེས་པ་ལ་འབྲས་བུ་མེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་པའི་རྟགས་དོན་གྱིས་བལྟའོ། །དེའི་ཁྱབ་པ་ནི་རྒྱུ་མཚན་མཚུངས་པའི་འགོ་སྙོམས་ཏེ་དེ་ཡང་རྒྱུ་མཚན་ཅིའི་ཕྱིར་ཅེས་པས་མེད་པར་མཚུངས་པ་ལ་ཡང་དག་པར་སྐྱེ་མི་སྐྱེའི་ཁྱད་པར་གྱི་རྒྱུ་མཚན་དྲི་བ་མཛད་པ་ཡིན་པས། དེ་ལ་སྣང་བ་དང་། ནུས་པ་དང་། ཆོས་ཉིད་ལན་དུ་མི་རུང་བའི་ཚུལ་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། ཡང་འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པའམ་མ་ཡིན་པ་ཞིག་རྐྱེན་ལས་སྐྱེ། དེ་ལ་གྲངས་ཅན་པ་དག་མྱུ་གུ་དང་སྣམ་བུ་ལ་སོགས་པ་ས་བོན་དང་སྣལ་མ་ལ་སོགས་པའི་རང་བཞིན་ཉིད་ཡིན་པ་སྐྱེ་བས་འབྲས་བུ་རྐྱེན་ལ་ཡོད་དམ་མེད་སྙམ་པའི་བསམ་པའང་མི་འཇུག་གོ་སྙམ་ན། རྐྱེན་ས་བོན་སྣལ་མ་ལ་སོགས་པ་དེ་དག་ལ་རང་བཞིན་ཡོད་ན་འབྲས་བུ་ཡང་རྐྱེན་དེ་དག་གི་རང་བཞིན་དུ་འགྱུར་བ་ཞིག་ན། རྐྱེན་དེ་དག་རྣམས་ཀྱང་བདག་གི་ངོ་བོའམ་རང་བཞིན་དུ་ཡོད་པ་མིན་ཏེ། གང་ཕྱིར་འདུས་ལས་མ་གཏོགས་པ། །དངོས་པོ་བློ་ཡིས་མི་ཟིན་པ། །ཞེས་པའི་ཚུལ་གྱིས་ཕྱོགས་བཅུའི་དང་། སྔ་ཕྱི་གཉིས་ཀྱི་དབུས་ན་གནས་པ་ཉིད་ཀྱིས་ཕྱོགས་བཅུ་དང་སྔ་ཕྱི་གཉིས་ལ་ལྟ་བའི་ཡུལ་དུས་ཀྱི་ཆ་དུ་མ་ཡོད་དགོས་པས་ཆ་ཤས་ཀྱི་རང་བཞིན་ནམ། རང་གི་ཆ་ཤས་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་རྐྱེན་རྣམས་ཆོས་ཅན། འབྲས་བུ་གང་ཡིན་པ་དེ་ནི་ཇི་ལྟར་ན་རྐྱེན་གྱི་རང་བཞིན་ཡིན་ཏེ། མ་ཡིན་ནོ་ཞེས་པ་ལ། རྐྱེན་རྣམས་ཉིད་བདག་དངོས་མིན་ལས་ཏེ་རང་བཞིན་དུ་མ་གྲུབ་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ་ཞེས་རྟགས་སུ་སྦྱར་རོ། །ཡང་རང་གི་སྡེ་པ་དག་འབྲས་བུ་རྐྱེན་དེ་དག་གི་རང་བཞིན་མ་ཡིན་པ་ཞིག་རྐྱེན་དེ་དག་ལས་སྐྱེའོ་སྙམ་ན། རྐྱེན་མིན་རང་བཞིན་འབྲས་བུ་ནི་ཡོད་མིན་ཏེ། མྱུ་གུ་དང་སྣམ་བུ་ལ་སོགས་པ་རྐྱེན་ས་བོན་དང་སྣལ་མའི་རང་བཞིན་དུ་མེད་ན་རྐྱེན་མ་ཡིན་པ་མེ་དང་འཇག་མ་ལ་སོགས་པའི་རང་བཞིན་དུ་འགལ་བའི་ཕྱིར་རོ་ཞེས་པའམ། ཡང་ན་རང་བཞིན་གཞན་དུ་གྲུབ་པ་རྐྱེན་ལ་ལྟོས་པ་དོན་མེད་པས་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ་ཞེས་བཤད་པར་བྱའོ། །གསུམ་པ་ནི། གལ་ཏེ་འབྲས་བུ་མེད་པར་རྐྱེན་ལས་སྐྱེ་ན་རྐྱེན་མ་ཡིན་པ་ལས་ཀྱང་སྐྱེ་བར་འགྱུར་རོ་ཞེས་ཁྱོད་ཉིད་ཀྱིས་སྨྲས་པ་ཡིན་ལ། དེས་ན་རྐྱེན་དང་རྐྱེན་མིན་གྱི་ངེས་པ་ཡོད་པས་དེའི་ལྟོས་ས་འབྲས་བུའང་ཡོད་དོ་སྙམ་ན། ཁོ་བོ་ཅག་གིས་དེ་སྐད་དུ་བརྗོད་མོད་ཀྱི་དེ་ཁྱེད་ཉིད་དམ་འཇིག་རྟེན་ལ་གྲགས་པ་ཙམ་གྱི་དབང་དུ་བྱས་པ་ཡིན་གྱི་རྣམ་པར་དཔྱད་ན་འབྲས་བུ་རྐྱེན་ལ་ཡོད་མེད་དང་། རྐྱེན་གྱི་རང་བཞིན་ཡིན་མིན་སྐྱེ་བ་བཀག་པའི་ཚུལ་གྱིས་འབྲས་བུ་མེད་པས་ན་དེ་ལ་ལྟོས་པའི་རྐྱེན་མིན་དང་རྐྱེན་ཡོད་པར་ག་ལ་འགྱུར་ཞེས་པའོ། །དེ་ལྟར་དེ་དག་གིས་གཞུང་བཤད་ནས། གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ན་རབ་ཏུ་བྱེད་པ་འདིར་རྐྱེན་གཞན་དུ་གྱུར་པ་ལས་དང་། འབྲས་བུའི་ངོ་བོ་ཡོད་མེད་དང་། རྐྱེན་ལ་ཡོད་མེད་དང་། རྐྱེན་གྱི་ངོ་བོ་ཡིན་མིན་རྐྱེན་གཞན་ལས་སྐྱེ་བ་བཀག་པའི་སྒོ་ནས་གཞན་ལས་སྐྱེ་བ་བཀག་ཅིང་། དེ་གཙོ་བོར་བྱས་པའི་མཐའ་བཞིའི་སྐྱེ་བ་སྤྱིར་བཀག་པ་ཡིན་ནོ། །དེའི་ཕྱིར་རབ་ཏུ་བྱེད་པ་འདིས་དངོས་སུ་སྐྱེ་བ་མེད་པ་ལ་ཀླན་ཀ་སྤོང་ཞིང་ཆོས་རྣམས་ཡང་དག་པར་སྐྱེ་བའི་སྤྲོས་པ་མེད་དགག་དང་། བརྟེན་ནས་སྐྱེ་བར་སྣང་བ་ཀུན་རྫོབ་པར་གྲུབ་ལ། མ་སྐྱེས་པའི་ཆོས་མི་འཐད་པས་ཤུགས་ལ་ཆོས་ཐམས་ཅད་ཡང་དག་པར་བདེན་པའི་སྤྲོས་པ་མེད་དགག་དང་། ཇི་ལྟར་སྣང་བ་སྒྱུ་མ་ལྟ་བུ་ཀུན་རྫོབ་ཏུ་གྲུབ་པས་འདིའི་དགོས་པ་བདེན་པ་གཉིས་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་སྐྱེད་པ་ཡིན་ནོ། །དོན་འདི་ནི་མདོ་ལས་ཀྱང་གསུངས་ཏེ། ཇི་སྐད་དུ་འཕགས་པ་སཱ་ལུ་ལྗང་པ་ལས། ས་བོན་གྱི་རྒྱུ་ལས་འབྱུང་བའི་མྱུ་གུ་དེ་ཡང་སྐྱེ་བ་ན་བདག་གིས་མ་བྱས་གཞན་གྱིས་མ་བྱས་གཉི་ག་ལས་མ་ཡིན་རྒྱུ་མེད་པར་མ་ཡིན་དབང་ཕྱུག་ལས་མ་ཡིན་དུས་ལས་མ་ཡིན་གྱི་འོན་ཀྱང་བརྟེན་ནས་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ཅེས་བྱ་བ་ལས། རྐྱེན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་པའོ།།  །།འགྲོ་འོང་བརྟག་པ་ལའང་སྔ་མ་ལྟར་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། གཟུགས་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་དང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཚེ་དང་ལྡན་པ་དག གང་དུ་འདོང་། གང་ནས་ལྷགས། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང་གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ་ཞེས་པ་ལ་སོགས་པ་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་རྐྱེན་བརྟག་པར་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པར་བསྟན་པ་ཉིད་ཀྱིས་འགྲོ་བ་མེད་པ་ལ་སོགས་པ་ཤུགས་ལ་གྲུབ་ཀྱང་། འགྲོ་འོང་མེད་པར་དངོས་སུ་གྲུབ་པར་བྱ་བའི་ཕྱིར་ཕ་རོལ་ལ་རབ་ཏུ་གྲགས་པའི་འཐད་པ་བརྗོད་དགོས་སོ་སྙམ་པ་ལ། འགྲོ་འོང་རང་ལྡོག་ནས་དངོས་སུ་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་གསུངས་པ་ཡིན་ནོ། །གཉིས་པ་གཞུང་བཤད་པ་ལ། འགྲོ་བའི་བྱ་བ་འགོག་པའི་རིགས་པ་རྒྱས་པར་བརྗོད་པ་དང་། བཀག་པའི་དོན་བསྡུ་བ་གཉིས་ལས་དང་པོ་ལ་ལྔ་སྟེ། ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་དང་། བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ཏེ་དགག་པ་དང་། འགྲོ་བའི་བྱ་བའི་སྒྲུབ་བྱེད་དགག་པ་དང་། རྟེན་འགྲོ་བ་བོ་དང་དེ་ཉིད་དང་གཞན་དུ་དཔྱད་པས་དགག་པ་དང་། བྱ་བ་གཅིག་དང་དུ་མར་དཔྱད་པས་དགག་པའོ། །དང་པོ་ལའང་དུས་གསུམ་གྱི་ལམ་ལ་འགྲོ་བའི་བྱ་བ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་འགྲོ་བཞིན་པ་ལ་འགྲོ་བ་དགག་པ་གཉིས་ལས། དང་པོ་ནི། འགྲོ་བའི་བྱ་བ་ལས་དང་བྱེད་པོས་བསྒྲུབ་པ་ཡིན་པས། དེ་ལ་ལས་དང་བྱེད་པ་པོ་གཉིས་ཀྱིས་ཁྱབ་དགོས་ལ། དེ་ཡང་ལས་ནི་འགྲོ་བའི་བྱ་བ་འཇུག་པའི་གཞི་ལམ་ཡིན་ཏེ། དེ་ལ་འགྲོ་བའི་བྱ་བ་འགག་པ་སོང་བ་དང་། མ་སྐྱེས་པ་མ་སོང་བ་དང་། སྐྱེས་ལ་མ་འགགས་པ་འགྲོ་བའི་བྱ་བས་ཟིན་པ་བགོམ་པའི་ལམ་གསུམ་ལས་མེད་པས། དེ་གསུམ་གང་རུང་ཞིག་ལ་འགྲོ་བར་འགྱུར་བ་ཞིག་ན། དེ་ལ་རེ་ཞིག་སོང་བའི་ལམ་ལ་ནི་མི་འགྲོ་སྟེ་འགྲོ་བའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །མ་སོང་བའི་ལམ་ལའང་འགྲོ་བ་མིན་ཏེ་འགྲོ་བའི་བྱ་བ་མ་སྐྱེས་ནས་མེད་པའི་ཕྱིར་རོ། །འགྲོ་བཞིན་པ་བགོམ་པའི་ལམ་ལའང་འགྲོ་བ་མེད་དེ། ཡུལ་ལམ་ལ་འགྲོ་བ་པོ་གཅིག་གིས་བརྒལ་མ་བརྒལ་དངོས་འགལ་ཡིན་པས་སོང་དང་མ་སོང་ལས་མ་གཏོགས་པའི་བགོམ་པ་ཤེས་པའམ་དམིགས་པར་མི་འགྱུར་བས་དེ་གཉིས་ལས་མ་གཏོགས་པའི་བགོམ་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོས་ཡུལ་གང་བརྒལ་བ་སོང་བ་དང་། མ་བརྒལ་བ་མ་སོང་བ་ཡིན་མོད་ཀྱི་འགྲོ་བཞིན་པ་རྐང་པ་གཉིས་ཀྱིས་མནན་པའི་ས་ཕྱོགས་དེ་ཉིད་བགོམ་པ་ཡིན་ནོ་སྙམ་ན། རྐང་པའང་མཐར་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པས་རྐང་པ་སྔ་མའི་སོར་མོའི་རྩེ་མོའི་དང་ཕྱི་མའི་རྟིང་པའི་རྡུལ་ཕྲ་རབ་ལ་ལྟོས་ནས་རིམ་པ་ལྟར་དེ་དག་སོང་བ་དང་མ་སོང་བའི་ལམ་དུ་འདུས་ལ། སྔར་བཤད་པ་ལྟར་རྐང་པའི་རྡུལ་ཕྲ་རབ་ལའང་ཆ་དུ་མ་ཡོད་དགོས་པས་དེའི་མདུན་དང་རྒྱབ་ཀྱི་ཆ་ལ་ལྟོས་ནས་འོག་གི་རྡུལ་སོང་བ་དང་མ་སོང་བར་འདུས་པ་ཡིན་ནོ། །ཡང་ན་སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར་ཅེས་པའི་ཚུལ་གྱིས་འགྲོ་བཞིན་པའང་ཕྱེད་སོང་ཕྱེད་མ་སོང་ལས་གཞན་དུ་མི་འཐད་པས་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་མེད་པར་གྲུབ་བོ། །གཉིས་པ་ལ་རེ་ཞིག་ཕྱོགས་སྔ་མ་དགོད་པ་ནི། སོང་བ་དང་མ་སོང་བ་ལ་འགྲོ་བ་མེད་མོད་ཀྱི་བགོམ་པ་ལ་ནི་འགྲོ་བ་ཡོད་པ་ཉིད་དེ། གང་གི་ཕྱིར་གཡོ་བ་དེ་ཡང་བགོམ་པ་ལ་ཡོད་པ་དེའི་ཕྱིར་རོ། །དེ་ལ་རྟགས་དང་རྟགས་ཅན་ཇི་ལྟར་ཡོད་སྙམ་ན། གཡོ་བ་ནི་རྐང་པ་འདེགས་པ་དང་འཇོག་པའི་བྱ་བ་དང་། འགྲོ་བ་ནི་ཡུལ་གཞན་འདོར་ཞིང་ཡུལ་གཞན་ལེན་པའི་བྱ་བ་ཡིན་ནོ། །དེའི་ཁྱབ་པ་བསྒྲུབ་པ་འགྲོ་བ་པོ་ཡུལ་གང་ན་སྔར་གྱི་མཚན་ཉིད་ཅན་གྱི་གཡོ་བ་ཡོད་པ་དེ་ན་འགྲོ་བའང་དམིགས་ལ་ཞེས་དང་། ཕྱོགས་ཆོས་བསྒྲུབ་པ་སྤྱིར་གཡོ་བ་ཙམ་མངོན་སུམ་གྱིས་དམིགས་ཤིང་དེ་འགགས་པ་དང་མ་སྐྱེས་པས་སོང་བ་ལའང་ཡོད་པ་མིན་ཅིང་མ་སོང་བ་ལའང་ཡོད་པ་མིན་པའི་ཕྱིར་དེ་ལས་འོས་མེད་པས་བགོམ་པ་ཁོ་ན་ལ་ཡོད་པར་གྲུབ་བོ་ཞེས་པའོ། །དེ་ལ་སྔར་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་ཉིད་མ་གྲུབ་པར་བཤད་པས་དེ་གཞི་ཆོས་ཅན་མ་གྲུབ་པ་ཉིད་ཡིན་མོད་ཀྱི། སྤྱིར་བགོམ་པ་ཙམ་ཞིག་ཡོད་དུ་ཆུག་ནའང་འགྲོ་བཞིན་པའམ་བགོམ་པའི་ལམ་ལ་འགྲོ་ཞེས་ལས་དང་བྱ་བའི་ཚིག་གཉི་ག་དོན་འགྲོ་བའི་བྱ་བ་དང་འབྲེལ་བར་མི་འཐད་ཅེས་པའི་སྒོ་ནས་སུན་འབྱིན་པ་ཡིན་ནོ། །དེ་ལ་གསུམ་སྟེ། འགྲོ་བའི་བྱ་བ་ལས་ཀྱི་ཚིག་དང་འབྲེལ་ན་བྱ་བའི་ཚིག་དོན་གྱིས་སྟོང་བ་དང་། བྱ་བའི་ཚིག་དང་འབྲེལ་ན་ལས་ཀྱི་ཚིག་དོན་གྱིས་སྟོང་པ་དང་། གཉི་ག་དང་འབྲེལ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། འདིར་འགྲོ་བ་པོ་ལྷས་སྦྱིན་ལྟ་བུ་གཅིག་ཡུལ་གཞན་དུ་འགྲོ་བ་ན་འགྲོ་བའི་བྱ་བ་གཅིག་ལས་མེད་དེ་དེས་བསྒྲུབས་པའི་འབྲས་བུ་ཕྱིན་པ་གཅིག་ལས་མེད་པས་སོ། །དེས་ན་འགྲོ་བའི་བྱ་བ་གཅིག་པོ་དེ་བགོམ་པ་ཞེས་པའི་ལས་ཀྱི་ཚིག་དང་འབྲེལ་ཞིང་དེས་བརྗོད་པས་དེ་དོན་དང་ལྡན་ཡང་། འགྲོ་བའི་བྱ་བ་གཉིས་མེད་པས་ན་འགྲོ་ཞེས་པ་བྱ་བའི་ཚིག་བརྗོད་བྱ་འགྲོ་བའི་བྱ་བ་དང་མ་འབྲེལ་ཞིང་དེས་སྟོང་པའི་ཕྱིར། སྒྲ་རྟག་ཅེས་པ་ལྟར་བགོམ་ལ་འགྲོ་ཞེས་པའི་ངག་བརྗོད་བྱའི་དོན་དང་ལྡན་པ་ཡིན་པར་ནི་ཇི་ལྟ་བུར་ན་འཐད་པར་འགྱུར་ཞེས་པའོ། །བགོམ་པ་ཞེས་པའི་ལས་ཚིག་འགྲོ་བའི་བྱ་བ་དང་འབྲེལ་དགོས་པ་ཉིད་ཅི་སྟེ་སྙམ་ན། དེའི་འཐད་པ་ནི། གང་གི་ཕྱིར་ནོར་མེད་པར་ཕྱུག་པོའི་ཚིག་དོན་དང་ལྡན་པར་མི་རུང་བ་ལྟར། འགྲོ་བའི་བྱ་བ་མེད་པ་ཡི་བགོམ་པ་ཞེས་པའི་ཚིག་བརྗོད་བྱའི་དོན་དང་ལྡན་པར་འཐད་པ་མེད་པའམ་མི་འཐད་པའི་ཕྱིར་བགོམ་པ་ཞེས་པའི་ལས་ཚིག་འགྲོ་བའི་བྱ་བ་དང་འབྲེལ་དགོས་སོ་ཞེས་པའོ། །འདིར་འགྲོ་བའི་བྱ་བ་མེད་པའི་བགོམ་པའི་ཚིག་དོན་ལྡན་དུ་མི་འཐད་པའི་ཕྱིར་དེ་འགྲོ་བའི་བྱ་བ་དང་འབྲེལ་དགོས་སོ་ཞེས་བཟློག་པར་བཤད་པ་ཡིན་ལ། འོག་གི་བཤད་པ་འདིར་མཚོན་ན་འགྲོ་བའི་བྱ་བ་གཅིག་པོ་དེ་འགྲོ་ཞེས་པའི་བྱ་ཚིག་དང་འབྲེལ་ཞིང་དེས་བརྗོད་པས་ན་བགོམ་པ་ཞེས་པའི་ལས་ཀྱི་ཚིག་འགྲོ་བའི་བྱ་བ་མེད་པས་འགྲོ་བའི་བྱ་བ་མེད་པའི་བགོམ་པའི་ཚིག་དོན་དང་ལྡན་པ་མི་འཐད་པའི་ཕྱིར་ཅེས་པ་རྣལ་མར་བཤད་ན་ལས་ཚིག་དོན་གྱིས་སྟོང་པར་འོང་ལ་དེ་གཉི་ག་ལྟར་ཡང་བཤད་དུ་རུང་བར་དགོངས་པ་ཡིན་ནོ། །གཉིས་པ་ནི། འགྲོ་ཞེས་པའི་བྱ་ཚིག་འགྲོ་བའི་བྱ་བ་དང་འབྲེལ་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེ་ལྟ་ན་སྔར་བཤད་པ་ལྟར་འགྲོ་བའི་བྱ་བ་གཉིས་མེད་པའི་ཕྱིར་བགོམ་པ་ཞེས་པའི་ལས་ཀྱི་ཚིག་བརྗོད་བྱའི་དོན་གྱིས་སྟོང་པས་བགོམ་ལ་འགྲོ། ཞེས་པའི་ངག་དོན་དང་ལྡན་པར་མི་འཐད་དོ་ཞེས་སྟོན་པ་ནི་རྒོལ་བ་གང་གི་འགྲོ་བའི་བྱ་བ་དང་མི་ལྡན་པས་བགོམ་པ་མིང་ཙམ་དུ་གྱུར་པ་ལ་འགྲོ་ཞེས་པའི་བྱ་ཚིག་ལ་འགྲོ་བའི་བྱ་བ་ཡོད་པར་འདོད་པའི་ཕྱོགས་དེ་ལ་བགོམ་པ་ཞེས་པ་ལས་ཀྱི་ཚིག་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན་གང་གི་ཕྱིར་འདིར་འགྲོ་བའི་བྱ་བ་ནི་གཅིག་ལས་མེད་ལ། དེ་སྔར་བཤད་པ་ལྟར་བགོམ་པ་མིང་ཙམ་དུ་གྱུར་པ་ལ་འགྲོ་ཞེས་པའི་བྱ་ཚིག་དང་འབྲེལ་པ་ཡིན་པའི་ཕྱིར་རོ་ཞེས་པའོ། །འོག་གི་བཤད་པ་འདིར་མཚོན་ན་བགོམ་པ་འགྲོ་བའི་བྱ་བ་འགྲོ་བ་དང་འབྲེལ་བར་འདོད་དོ་ཟེར་བ་ལ་རྒོལ་བ་གང་གི་བགོམ་པ་ཞེས་བྱ་བའི་སྒྲ་ལ་འགྲོ་བ་ཡོད་པར་འདོད་པ་དེའི་ཕྱོགས་ལ་བགོམ་པ་ཞེས་པའི་སྒྲ་འདི་འགྲོ་བའི་བྱ་བ་འཇུག་པས་འགྲོ་ཞེས་པ་བྱ་བ་སྟོན་པའི་སྒྲ་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་བགོམ་པའི་སྒྲ་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་པའི་ཕྱིར་རོ་ཞེས་བགོམ་པའི་ཚིག་བར་པ་འགྲོ་ལ་ཞེས་བྱ་བ་སྟོན་པའི་ཚིག་ཏུ་བཤད་དེ་བྱ་བའི་ཚིག་དོན་གྱིས་སྟོང་པར་འོང་བ་ཡིན་ནོ། །གསུམ་པ་ནི། ལས་དང་བྱ་བའི་ཚིག་གཉི་ག་ལ་འགྲོ་བའི་བྱ་བ་ཡོད་པས་ཉེས་པ་དེ་གཉི་གར་མི་འགྱུར་རོ་སྙམ་ན། དེ་ལྟ་ན་བགོམ་ལ་ཞེས་པའི་ལས་ཀྱི་ཚིག་དང་འགྲོ་ཞེས་པའི་བྱ་བའི་ཚིག་གཉི་ག་ལ་དོན་ཡོད་ན་ནི་སྟེ་ཡོད་པའི་ཕྱིར་འགྲོ་བ་པོ་གཅིག་ལ་འགྲོ་བའི་བྱ་བ་གཉིས་ཡོད་པར་ཐལ་བར་འགྱུར་ཏེ། འདི་ལྟར་འགྲོ་བའི་བྱ་བ་གང་གི་ས་ལམ་དེ་བགོམ་པའི་ཐ་སྙད་བྱར་རུང་དུ་འགྱུར་ཞིང་འཇོག་པ་དང་། ལམ་བགོམ་པར་གྱུར་པ་དེ་ལ་ཡུལ་གཞན་དུ་ཕྱིན་པའི་འགྲོ་བའི་བྱ་བ་གང་ཡིན་པ་དང་འགྲོ་བའི་བྱ་བ་གཉིས་པོ་འདིར་འགྱུར་ན། དེ་འདོད་པར་ནི་མི་ནུས་ཏེ་དེ་ལྟ་ན་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགྲོ་བའི་བྱ་བ་གཉིས་ཡོད་ཀྱང་འགྲོ་བ་པོ་གཉིས་མེད་ན་ཅི་སྟོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྤྱིར་བྱ་བ་ཐམས་ཅད་ལས་དང་བྱེད་པོ་གཉིས་ཀྱིས་བསྒྲུབ་པ་ཡིན་པས་གང་གི་ཕྱིར་འགྲོ་བའི་བྱ་བ་བྱེད་པ་པོ་འགྲོ་པོ་མེད་པར་ནི། འགྲོ་བའི་བྱ་བ་ཡོད་པའམ་འཐད་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་མེད་པའི་འགྲོ་བའི་བྱ་བ་མི་འཐད་མོད། འགྲོ་པོ་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཉིས་ཡོད་པ་མི་འགལ་ཏེ་བྱེད་པ་པོ་ལྷས་སྦྱིན་ལྟ་བུ་གཅིག་ཉིད་ལ་དུས་གཅིག་གི་ཚེ་ལྟ་བ་དང་སྨྲ་བ་དང་འདུག་པ་ལ་སོགས་པའི་བྱ་བ་དུ་མ་དང་ལྡན་པར་མཐོང་བ་བཞིན་ནོ་སྙམ་ན་བྱེད་པ་པོའི་རྫས་གཅིག་ཉིད་དུས་གཅིག་གི་ཚེ་བྱ་བ་རིགས་མི་འདྲ་བ་དུ་མ་བྱེད་པ་མི་འགལ་ཡང་འགྲོ་བའི་བྱ་བ་ལྟ་བུ་བྱ་བ་རིགས་འདྲ་གཉིས་དུས་གཅིག་གི་ཚེ་བྱེད་པར་མ་མཐོང་ཞེས་པ་ལྟར་རམ། ཡང་ན་བྱེད་པ་པོའི་རྫས་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཉིས་ཡོད་པ་མ་ཡིན་ཏེ། དེས་བསྒྲུབས་པའི་འབྲས་བུ་ཡུལ་གཞན་དུ་ཕྱིན་པ་གཅིག་ལས་མེད་པའི་ཕྱིར་རོ་ཞེས་འཆད་པའི་ཕྱོགས་ཉིད་ལེགས་པར་སེམས་སོ། །འགྲེལ་པར་ནུས་པ་བྱེད་པོ་ཡིན་གྱི་རྫས་བྱེད་པོ་མ་ཡིན་ལ། དེས་ན་གང་ཟག་གི་རྫས་གཅིག་ལ་སྨྲ་བ་དང་འདུག་པ་ལ་སོགས་པ་བྱ་བ་དུ་མ་ཡོད་པ་ལྟར་དེ་དག་གི་ནུས་པའང་དུ་མ་ཡིན་པས་བྱེད་པ་པོ་གཅིག་གི་དུས་གཅིག་ཏུ་བྱ་བ་དུ་མ་བྱེད་པའི་དཔེ་མ་གྲུབ་བོ་ཞེས་ཀྱང་འཆད་མོད་ཀྱི། དེ་ལྟ་ན་འགྲོ་བ་པོ་གང་ཟག་གི་རྫས་གཅིག་ལ་ཡང་འགྲོ་བའི་ནུས་པ་གཉིས་ཡོད་པས་འགྲོ་བའི་བྱ་བ་གཉིས་ཀྱང་མི་འགལ་བར་སྐབས་དོན་འགྲོ་བ་པོ་གང་ཟག་གི་རྫས་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཉིས་དགག་པར་མི་ནུས་པས་བཤད་པ་སྔ་མ་ཉིད་ལེགས་པར་སེམས་སོ། །གཉིས་པ་བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག་པ་ལ་གསུམ་སྟེ། འགྲོ་བ་དང་འགྲོ་བ་པོ་ཕན་ཚུན་ཁྱབ་པར་བརྗོད་པ་དང་། རྣམ་གྲངས་གསུམ་པའི་གང་ཟག་འགྲོ་བའི་བྱ་བ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་འགྲོ་བ་པོ་འགྲོ་བ་དགག་པའོ། །དང་པོ་ནི། སྔར་བཤད་པ་ལྟར་བྱ་བ་ཐམས་ཅད་བྱེད་པ་པོས་བསྒྲུབ་པ་ཡིན་པས་ན། གལ་ཏེ་འགྲོ་བའི་བྱ་བ་བྱེད་པ་པོའི་འགྲོ་པོ་མེད་པར་གྱུར་ན་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་ཏེ། དེ་བཞིན་དུ་སྤྱིར་བྱེད་པ་པོའི་ཐ་སྙད་དུ་འཇོག་པ་ཐམས་ཅད་རང་རང་གི་བྱ་བ་བྱེད་པ་ལ་ལྟོས་པས་ན་འགྲོ་བའི་བྱ་བ་མེད་ནའང་དེ་ལ་ལྟོས་པའི་འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་ནམ་མཁའ་བཞིན་ཅེས་པའོ། །འདི་འགྲེལ་པས་འགྲོ་བ་ནི་ཡོད་པ་ཉིད་དེ་རྟེན་འགྲོ་བ་པོ་ཡོད་པའི་ཕྱིར་རོ་ཞེས་པའི་དོགས་པ་བསུ་ནས་འགྲོ་བའི་བྱ་བའི་སྒྲུབ་བྱེད་འགྲོ་བ་པོ་འགོག་པར་མཛད་དོ། །གཉིས་པ་ནི། དེ་ལྟར་འགྲོ་བའི་བྱ་བ་ལ་འགྲོ་བ་པོས་ཁྱབ་པས་དེ་འགྲོ་བའི་བྱ་བ་དང་ལྡན་པའི་འགྲོ་བ་པོར་གྱུར་པ་ཞིག་འགྲོའམ། འགྲོ་བའི་བྱ་བ་དང་མི་ལྡན་པའི་འགྲོ་པོ་མ་ཡིན་པ་ཞིག་འགྲོའམ། དེ་གཉིས་ལས་མ་གཏོགས་པ་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་ཞིག་འགྲོ་གྲང་ན། དེ་ལ་རེ་ཞིག་འགྲོ་བ་པོར་གྱུར་པ་ནི་མི་འགྲོ་སྟེ་དེ་ལ་འགྲོ་བའི་བྱ་བ་གཉིས་དགོས་པ་ལས་འགྲོ་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འགྲོ་བ་པོ་མིན་པའང་མི་འགྲོ་སྟེ་འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར་ནམ་མཁའ་བཞིན་ནོ། །འགྲོ་བ་པོ་ལས་ཀྱང་གཞན་འགྲོ་པོ་མིན་པ་ལས་གཞན་པའི་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ་འགྲོ་པོ་ཡིན་མ་ཡིན་དངོས་འགལ་ལ་དགག་ཕྱོགས་ཀྱི་ཕུང་གསུམ་མི་སྲིད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གསུམ་པ་ནི། དེ་ལྟར་འགྲོ་བ་པོ་མ་ཡིན་པ་དང་འགྲོ་བ་པོ་ཡིན་མ་ཡིན་གཉི་ག་ལས་གཞན་པ་མི་འགྲོ་བ་ནི་བདེན་མོད་ཀྱི། འགྲོ་བ་པོ་ཉིད་འགྲོའོ་སྙམ་ན། འདི་དགག་པའང་སྔར་བཤད་པ་ལྟར་འགྲོ་བ་པོ་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཅིག་ལས་མེད་པས་དེ་བྱ་བའི་ཚིག་དང་འབྲེལ་ན་བྱེད་པ་པོའི་ཚིག་དོན་གྱིས་སྟོང་པ་དང་། བྱེད་པ་པོའི་ཚིག་དང་འབྲེལ་ན་བྱ་བའི་ཚིག་དོན་གྱིས་སྟོང་པ་དང་། གཉི་ག་དང་འབྲེལ་ན་ཧ་ཅང་ཐལ་བ་གསུམ་ལས། དང་པོ་ནི། རེ་ཞིག་འགྲོ་པོ་འགྲོའོ་ཞེས་པའི་ངག་དོན་ལྡན་པ་ཡིན་པར་ནི་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་གཏན་མི་འཐད་པ་ཉིད་དོ་ཞེས་དགོངས་པའོ། །དེ་མི་འཐད་པ་ཉིད་ཅི་སྟེ་སྙམ་ན། གང་གི་ཕྱིར་འདིར་འགྲོ་བ་པོ་ལྷས་སྦྱིན་ལྟ་བུ་གཅིག་ལ་འགྲོ་བའི་བྱ་བ་གཅིག་ལས་མེད་ལ་དེ་འགྲོ་ཞེས་པའི་བྱ་བའི་ཚིག་དང་འབྲེལ་ཞིང་དེས་བརྗོད་པས་དེ་དོན་དང་ལྡན་ཀྱང་འགྲོ་བའི་བྱ་བ་གཉིས་པ་མེད་པས་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོའི་ཚིག་དོན་ལྡན་དུ་འཐད་པར་མི་འགྱུར་ན་སྟེ་འགྲོ་བ་པོའི་ཚིག་དོན་དང་ལྡན་པར་མི་འཐད་པའི་ཕྱིར་ཞེས་པ་སྟེ་འགྲོ་བའི་ཚིག་དོན་དང་ལྡན་ཀྱང་འགྲོ་བ་པོའི་ཚིག་དོན་གྱིས་སྟོང་པས་འགྲོ་བོ་འགྲོ་ཞེས་པའི་ངག་དོན་ལྡན་དུ་མི་འཐད་དོ་ཞེས་པའི་དོན་ཏོ། །གོང་གི་བཤད་པ་འདིར་མཚོན་ན་འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོའི་ཚིག་དོན་དང་ལྡན་པར་མི་འཐད་པས་ན་འགྲོ་བ་པོའི་ཚིག་འགྲོ་བའི་བྱ་བ་དང་བཅས་དགོས་པས་འགྲོ་ཞེས་པའི་བྱ་བའི་ཚིག་ལ་འགྲོ་བའི་བྱ་བ་མེད་པས་བྱ་བའི་ཚིག་དོན་གྱིས་སྟོང་ངོ་ཞེས་པར་འོང་བ་ཡིན་ནོ། །གཉིས་པ་ནི། འགྲོ་བ་པོ་ཚིག་འགྲོ་བའི་བྱ་བ་དང་བཅས་པར་འདོད་པས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེ་ལྟ་ན་འགྲོ་ཞེས་པ་བྱ་བའི་ཚིག་ལ་བརྗོད་བྱའི་དོན་འགྲོ་བའི་བྱ་བ་མེད་པས་འགྲོ་བ་པོ་འགྲོ་ཞེས་པའི་ངག་དོན་དང་ལྡན་པར་མི་འཐད་དོ་ཞེས་འཆད་པ་ནི། རྒོལ་བ་གང་གི་ཕྱོགས་ལ་འགྲོ་བ་པོ་འགྲོ་བ་དང་འབྲེལ་པར་འདོད་པ་དེ་ལ་འགྲོ་མེད་པའི་འགྲོ་བོ་ཞེས་པའི་འགྲོ་བ་པོའི་སྒྲ་ནི་འགྲོ་བའི་བྱ་བའི་དོན་ལ་འཇུག་པས་འགྲོ་ཞེས་པ་བྱ་བའི་སྒྲ་ལ་བརྗོད་བྱའི་དོན་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། འགྲོ་བ་པོ་ཞེས་པ་བྱེད་པ་པོའི་སྒྲ་བརྗོད་བྱའི་དོན་འགྲོ་བའི་བྱ་བ་གཅིག་པོ་དེ་འབྲེལ་བར་འདོད་པའི་ཕྱིར་རོ། །གོང་གི་བཤད་པ་འདིར་མཚོན་ན་འགྲོ་བའི་བྱ་བ་གཅིག་པོ་དེ་འགྲོ་ཞེས་པ་བྱ་བའི་ཚིག་དང་འབྲེལ་པར་འདོད་དོ་ཞེས་ཟེར་བ་ལ་དེ་ལྟ་ན་འགྲོ་བའི་བྱ་བ་གཉིས་མེད་པས་དོན་འགྲོ་བའི་བྱ་བ་མེད་པའི་འགྲོ་པོ་མིང་ཙམ་དུ་གྱུར་པ་ཞིག་འགྲོ་ཞེས་པའི་བྱ་ཚིག་ལ་འགྲོ་བའི་དོན་ཡོད་པར་འདོད་པ་དེ་ལ་འགྲོ་བ་པོའི་ཚིག་ལ་དོན་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ་ཞེས་བྱེད་པ་པོའི་ཚིག་དོན་གྱིས་སྟོང་པར་འོང་བ་ཡིན་ཏེ་འགྲེལ་པ་མཛད་པས་གཉི་ག་ལྟར་ཡང་བཤད་དུ་རུང་བར་དགོངས་པ་ཡིན་ནོ། །གསུམ་པ་ནི། འགྲོ་བ་པོའི་ཚིག་དང་འགྲོ་བའི་ཚིག་གཉིས་དོན་འགྲོ་བའི་བྱ་བ་དང་བཅས་པར་འདོད་པས་ཉེས་པ་དེ་གཉི་གར་མི་འགྱུར་རོ་སྙམ་ན། དེ་ལྟར་གལ་ཏེ་འགྲོ་བ་པོ་དང་འགྲོ་བའི་ཚིག་གཉི་ག་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་ན་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འདི་ལྟར་འགྲོ་བའི་བྱ་བ་གང་གིས་ལྷས་སྦྱིན་འགྲོ་བ་པོའི་ཐ་སྙད་དུ་འཇོག་ཅིང་མངོན་པ་དང་། འགྲོ་བའི་བྱ་བ་དེ་དང་ལྡན་པས་འགྲོ་བ་པོར་གྱུར་ནས་གང་འགྲོ་བ་སྟེ་དེས་བྱ་རྒྱུའི་འགྲོ་བའི་བྱ་བ་གང་ཡིན་པ་དང་འགྲོ་བའི་བྱ་བ་གཉིས་པོ་འདིར་འགྱུར་ན། དེ་འདོད་པར་ནི་མི་ནུས་ཏེ་སྔར་བཤད་པའི་ཚུལ་གྱིས་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ན། དེའི་བྱེད་པ་པོ་འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་འགྲོ་བའི་བྱ་བའི་སྒྲུབ་བྱེད་དགག་པ་ལ་ལྔ་ལས། དང་པོ་དེའི་རྒྱུའི་རྩོམ་པ་དགག་པ་ནི། གཞན་དག་འགྲོ་བའི་བྱ་བ་ནི་རང་བཞིན་དུ་ཡོད་པ་ཉིད་དེ་དེའི་རྩོམ་པ་ཡོད་པའི་ཕྱིར་རོ། །དེ་ཕྱོགས་ཆོས་དང་ཁྱབ་པ་མ་གྲུབ་པའང་མ་ཡིན་ཏེ། འདིར་སྡོད་པ་ལས་བཟློག་པ་ནི་མངོན་སུམ་གྱིས་དམིགས་ལ་དེ་ཉིད་འགྲོ་བ་རྩོམ་པ་ཡིན་པའི་ཕྱིར་དང་། རུས་སྦལ་གྱི་སྤུའི་གོས་ལྟར་མེད་པ་ལ་དེའི་རྩོམ་པ་མི་འཐད་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་ནས། དེ་བརྟགས་ཤིང་དཔྱད་ན་མ་གྲུབ་པར་བསྟན་པ་ལ། ལས་ཁས་བླངས་ཀྱང་རྩོམ་པ་མ་གྲུབ་པ་དང་། བརྩམ་བྱའི་ལས་ཉིད་མ་གྲུབ་པས་རྩོམ་པ་མ་གྲུབ་པ་གཉིས་ལས། དང་པོ་ནི། གནས་པ་ལས་ལོག་སྟེ་ལམ་གྱི་ཐོག་མ་ལ་གོམ་པའི་ཐོག་མ་འདོར་པའི་བྱ་བ་འགྲོ་བའི་རྩོམ་པ་རང་བཞིན་དུ་ཡོད་ན་རྣམ་པར་རྟོག་པ་གཞན་མི་སྲིད་པས་དེ་སོང་བའི་ལམ་ལའམ། མ་སོང་བའི་ལམ་ལའམ། བགོམ་པའི་ལམ་ལ་འགྲོ་བ་རྩོམ་གྲང་། དེ་ལ་སོང་བའི་ལམ་ལ་ནི་འགྲོ་བའི་རྩོམ་པ་མེད་དེ་འགྲོ་བའི་རྩོམ་པ་འགགས་ཟིན་པའི་ཕྱིར་རོ། །མ་སོང་བའི་ལམ་ལ་ཡང་འགྲོ་བ་རྩོམ་པ་མེད་དེ་དེ་འགྲོ་བའི་བྱ་བ་མ་བརྩམས་ཤིང་མ་སྐྱེས་པ་ཡིན་པའི་ཕྱིར་དང་། གལ་ཏེ་མ་སོང་བ་ལ་འགྲོ་བ་རྩོམ་ན་ཕན་ཚུན་འགལ་བའི་ཡང་ཕྱིར་རོ། །བགོམ་པའི་ལམ་ལའང་འགྲོ་བའི་རྩོམ་པ་མེད་དེ་སྔར་བཤད་པ་ལྟར་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་ཉིད་མེད་པའི་ཕྱིར་དང་། དེ་ལ་འགྲོ་བ་རྩོམ་ན་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ལམ་གསུམ་ཆར་དུའང་འགྲོ་བའི་རྩོམ་པ་མེད་པས་ལམ་གང་དུ་འགྲོ་བ་རྩོམ་པར་བྱེད་དེ། གང་དུའང་རྩོམ་པར་མི་བྱེད་དོ་ཞེས་པའི་དོན་ཏོ། །གཉིས་པ་ནི། འགྲོ་བ་རྩོམ་པ་ལ་སྔོན་དུ་བརྩམ་བྱའི་ལས་གྲུབ་དགོས་པ་ལས། འགྲོ་བ་རྩོམ་པའི་སྔ་རོལ་ན་ལམ་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་འགྲོ་བའི་བྱ་བ་འགགས་པ་སོང་བའི་ལམ་མེད་ཅིང་། བྱ་བ་ད་ལྟར་བ་བགོམ་པའི་ལམ་མེད་པས་དེ་གཉིས་ལ་འགྲོ་བའི་རྩོམ་པ་མེད་དོ། །འོན་ཏེ་འགྲོ་བའི་བྱ་བ་རྩོམ་པའི་སྔ་རོལ་ན་མ་སོང་བའི་ལམ་ཡོད་པས་དེ་ལ་འགྲོ་བ་རྩོམ་མོ་སྙམ་ན། འགྲོ་བ་རྩོམ་པ་ལ་འགྲོ་བའི་བྱ་བ་དགོས་པས་མ་སོང་བའི་ལམ་ལ་འགྲོ་བའི་བྱ་བ་མ་བརྩམས་ཤིང་མ་སྐྱེས་པས་འགྲོ་བའི་རྩོམ་པ་ག་ལ་ཡོད་ཅེས་པའོ། །གཉིས་པ་ལས་དགག་པ་ནི། གཞན་དག་འགྲོ་བའི་བྱ་བ་ནི་རང་བཞིན་དུ་ཡོད་པ་ཉིད་དེ་དེའི་ལས་ལམ་གསུམ་པོ་སྔར་དངོས་སུ་མ་བཀག་པས་རང་བཞིན་དུ་ཡོད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་པའང་མ་ཡིན་ཏེ་ལམ་གསུམ་དུ་རྣམ་པར་འཇོག་པའི་རྒྱུ་འགྲོ་བའི་བྱ་བ་ཡིན་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་ནས། ལམ་གསུམ་པོ་རང་བཞིན་དུ་ཡོད་པའི་རྟགས་མ་གྲུབ་པར་འཆད་པ་ནི། སྔར་བཤད་པའི་ཚུལ་གྱིས་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་རིགས་ངོར་སྣང་ཞིང་མངོན་པ་མེད་པ་ཉིད་ཡིན་པའི་ཕྱིར་ན། འགྲོ་བའི་རྩོམ་པ་འགགས་པ་སོང་བའི་ལམ་ཅི་ཞིག་དང་། རྩོམ་པ་མ་སྐྱེས་པ་མ་སོང་བའི་ལམ་ཅི་ཞིག་དང་། སྐྱེས་ལ་མ་འགགས་པ་བགོམ་པའི་ལམ་ཅི་ཞིག་རྣམ་པར་བརྟག་པར་བྱ་སྟེ་རྣམ་པ་ཐམས་ཅད་དུ་རྣམ་པར་བརྟག་པར་བྱར་མེད་པ་ཉིད་དོ་སྙམ་དུ་དགོངས་པའོ། །གསུམ་པ་འབྲས་བུ་ལྡོག་པ་དགག་པ་ནི། འགྲོ་བའི་བྱ་བ་ནི་རང་བཞིན་དུ་ཡོད་པ་ཉིད་དེ་འབྲས་བུ་དེ་ལས་ལྡོག་པ་ཡོད་པའི་ཕྱིར་རོ། །ཕྱོགས་ཆོས་དང་ཁྱབ་པ་མ་གྲུབ་པའང་མ་ཡིན་ཏེ་གནས་པའི་རྩོམ་པ་མངོན་སུམ་གྱིས་དམིགས་པས་དེ་ཉིད་འགྲོ་བ་ལས་ལྡོག་པ་ཡིན་པའི་ཕྱིར་དང་། རྒྱུ་འགྲོ་བ་མེད་ན་དེའི་འབྲས་བུ་ལྡོག་པའང་མི་རུང་སྟེ་བཙུན་པ་མ་བྱས་པ་ལ་དེ་ལས་ལྡོག་པ་མི་རུང་བ་བཞིན་ནོ་སྙམ་ན། དེ་ཡང་དཔྱད་ན་འགྲོ་བ་ལས་ལྡོག་པ་མེད་པས་རྟགས་མ་གྲུབ་པར་འཆད་པ་ནི་ཚིགས་བཅད་གཉིས་ཀྱི་འོག་གི་སོང་བའི་ལམ་དང་མ་སོང་བའི་ལམ་ལ་འགྲོ་བ་ལས་ལྡོག་པར་འགྱུར་བ་མིན་ཏེ། གང་ལས་ལྡོག་པར་འགྱུར་བའི་འགྲོ་བའི་བྱ་བ་འགགས་པ་དང་མ་སྐྱེས་ནས་མེད་པའི་ཕྱིར་རོ། །བགོམ་པའི་ལམ་ལས་ཀྱང་འགྲོ་བ་ལས་ལྡོག་པར་མི་འགྱུར་ཏེ་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་ཉིད་མ་དམིགས་པས་མེད་པའི་ཕྱིར་དང་། ལམ་བགོམ་པར་འཇོག་པ་དང་གང་ལས་ལྡོག་པར་འགྱུར་བའི་འགྲོ་བའི་བྱ་བ་སྟེ་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །བཞི་པ་གཉེན་པོ་དགག་པ་ནི། འགྲོ་བའི་བྱ་བ་ནི་རང་བཞིན་དུ་ཡོད་པ་ཉིད་དེ་དེའི་གཉེན་པོ་གནས་པ་སྔར་དངོས་སུ་མ་བཀག་པས་རང་བཞིན་དུ་ཡོད་པའི་ཕྱིར་རོ། །གང་ཞིག་མེད་པ་ལ་ནི་གཉེན་པོ་ཡོད་པ་མ་ཡིན་ཏེ། མོ་གཤམ་ག་བུའི་དགྲ་བོ་བཞིན་ནོ་སྙམ་ན། སྔར་བཤད་པ་ལྟར་གནས་པའི་བྱ་བ་ཡང་བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ན་མེད་པས་རྟགས་མ་གྲུབ་ཅེས་འཆད་པ་ནི། རེ་ཞིག་འགྲོ་བ་པོ་ནི་མི་སྡོད་དེ་ཕན་ཚུན་འགལ་བའི་ཕྱིར་རོ། །འགྲོ་བ་པོ་མིན་པའང་སྡོད་པ་མིན་ཏེ་དེ་ལ་གནས་པའི་བྱ་བ་གཉིས་དགོས་པ་ལས་གནས་པའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འགྲོ་བ་པོ་དང་འགྲོ་པོ་མིན་པ་ལས་གཞན་པའི་གང་ཟག་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ་དེ་གཉིས་དངོས་འགལ་ཡིན་པས་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་མ་ཡིན་པ་དང་གསུམ་པ་མི་སྡོད་མོད་འགྲོ་བ་པོ་ཉིད་སྡོད་དོ་སྙམ་ན། དེ་ཕན་ཚུན་འགལ་བས་མི་འཐད་པར་འཆད་པ་ནི་འདིར་སྡོད་དོ། །ཞེས་བརྗོད་པས་གནས་པའི་བྱ་བ་ཡོད་པར་བསྟན་ལ་དེས་དེ་དང་འགལ་བའི་འགྲོ་བའི་བྱ་བ་མེད་པར་གྲུབ་པས་གང་གི་ཚེ་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོའི་ཚིག་དོན་ལྡན་དུ་འཐད་པར་མི་འགྱུར་བའི་ཕྱིར་ན། སྡོད་ཚིག་དོན་དང་ལྡན་ཀྱང་འགྲོ་པོའི་ཚིག་དོན་གྱིས་སྟོང་པས་རེ་ཞིག་འགྲོ་པོ་སྡོད་དོ་ཞེས་པའི་ངག་དོན་དང་ལྡན་པར་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འཐད་པ་ཉིད་དོ་ཞེས་པའོ། །ལྔ་པ་གཉེན་པོའི་སྒྲུབ་བྱེད་དགག་པ་ལ་གསུམ་ལས། དང་པོ་ནི། འགྲོ་བའི་གཉེན་པོ་གནས་པ་ནི་རང་བཞིན་དུ་ཡོད་དེ་དེའི་འགྲན་ཟླ་འགྲོ་བ་ཡོད་པའི་ཕྱིར་རོ་སྙམ་ན། དེ་དཔྱད་ན་མི་འཐད་པར་སྟོན་པ་ནི་གནས་པའི་སྒྲུབ་བྱེད་དུ་བཀོད་པ་གནས་པའི་གཉེན་པོ་འགྲོ་བ་དགག་པ་ཡང་ནི་སྔར་འགྲོ་བའི་གཉེན་པོ་གནས་པ་དགག་པ་བཤད་པ་དང་མཚུངས་ཏེ། ཇི་ལྟར་སྔར་འགྲོ་བའི་གཉེན་པོ་གནས་པ་འགོག་པ་ན། རེ་ཞིག་འགྲོ་པོ་མི་སྡོད་དེ། །ཞེས་བཤད་པ་ཉིད་ཀྱིས་གནས་པའི་གཉེན་པོ་འགྲོ་བའང་། རེ་ཞིག་གནས་པོ་མི་འགྲོ་སྟེ། །གནས་པ་པོ་མིན་འགྲོ་བ་མིན། །ཞེས་པ་ལ་སོགས་པའི་ཚིག་བཅད་གཉིས་འདོན་པ་གོ་བསྒྱུར་བས་རང་བཞིན་དུ་གྲུབ་པ་བཀག་པ་ཡིན་ནོ། །གཉིས་པ་ནི། འགྲོ་བའི་གཉེན་པོ་གནས་པ་ནི་ཡོད་པ་ཉིད་དེ་དེའི་རྒྱུ་རྩོམ་པ་ཡོད་པའི་ཕྱིར་རོ་སྙམ་པའི་དོགས་པ་བསུ་ནས། གནས་པའི་རྒྱུ་འཇུག་པ་དགག་པ་ཡང་ནི་སྔར་འགྲོ་བའི་རྒྱུ་རྩོམ་པ་དགག་པ་བཤད་པ་དང་མཚུངས་ཏེ། ཇི་ལྟར་སྔར་འགྲོ་བའི་རྩོམ་པ་རང་བཞིན་དུ་གྲུབ་པ་འགོག་པ་ན། སོང་ལ་འགྲོ་བའི་རྩོམ་མེད་དེ། །ཞེས་བཤད་པ་ཉིད་ཀྱིས་དེའི་གཉེན་པོ་གནས་པའི་རྩོམ་པའང་། གནས་ལ་གནས་པའི་རྩོམ་མེད་དེ། །ཞེས་པ་ལ་སོགས་པ་ཚིགས་བཅད་གསུམ་འདོན་པ་བསྒྱུར་བས་བཀག་པ་ཡིན་ནོ། །གསུམ་པ་ནི། འགྲོ་བའི་གཉེན་པོ་གནས་པ་ནི་རང་བཞིན་དུ་ཡོད་དེ་དེ་ལས་ལྡོག་པ་ཡོད་པའི་ཕྱིར་རོ་ཞེ་ན། གནས་པའི་སྒྲུབ་བྱེད་དུ་བཀོད་པ་དེའི་ལྡོག་པ་དགག་པ་ཡང་ནི་སྔར་འགྲོ་བ་ལས་ལྡོག་པ་དགག་པ་བཤད་པ་དང་མཚུངས་ཏེ། སྔར་འགྲོ་བ་ལས་ལྡོག་པ་རང་བཞིན་དུ་འགོག་པ་ན། བགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཅེས་བཤད་པ་ཉིད་ཀྱིས་དེའི་གཉེན་པོ་གནས་པ་ལས་ལྡོག་པའང་། གནས་བཞིན་པ་ལས་མི་ལྡོག་སྟེ། །གནས་དང་མི་གནས་ལས་ཀྱང་མིན། །ཅེས་འདོན་པ་བསྒྱུར་པས་བཀག་པ་ཡིན་ནོ། །དེ་ལྟ་ན་སྔར་འགྲོ་བའི་གཉེན་པོ་དང་རྒྱུ་རྩོམ་པ་དང་འབྲས་བུ་ལྡོག་པ་བཀག་པ་ཉིད་ཀྱིས། དེའི་གཉེན་པོ་གནས་པའི་གཉེན་པོ་དང་། རྒྱུ་རྩོམ་པ་དང་། འབྲས་བུ་ལྡོག་པའང་བཀག་པ་ཡིན་ནོ་ཞེས་སྟོན་པ་ཡིན་པས་ཚིག་ལེའུར་བྱས་པའང་། གཉེན་པོ་དང་ནི་འཇུག་པ་དང་། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །ཞེས་གདོན་པར་བྱའོ། །བཞི་པ་བྱེད་པ་པོ་དང་བྱ་བ་དེ་ཉིད་དང་གཞན་དུ་དཔྱད་ནས་དགག་པ་ལ་དམ་བཅའ་བ་ནི། འགྲོ་བའི་བྱ་བ་དེ་དང་རྟེན་འགྲོ་བ་པོ་གཉིས་ངོ་བོ་དེ་ཉིད་ཡིན་ནོ་ཞེས་ཀྱང་བྱར་མི་རུང་ལ། འགྲོ་བའི་བྱ་བ་དང་ནི་རྟེན་འགྲོ་བ་པོ་གཉིས་ངོ་བོ་གཞན་ཉིད་ཅེས་ཀྱང་བྱར་མི་རུང་ངོ་ཞེས་པའོ། །ཇི་ལྟར་མི་རུང་ཞེ་ན། དེའི་འཐད་པ་གསུངས་པ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན། སྤྱིར་བྱེད་པ་པོ་དང་དེས་བྱ་རྒྱུའི་ལས་བྱ་བ་ཉིད་ཀྱང་ངོ་བོ་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་ཁྱབ་པ་ནི་རྒྱུ་མཚན་མཚུངས་པའི་འགོ་སྙོམས་ཡིན་ལ། འདོད་པར་ནི་མི་ནུས་ཏེ་གཅོད་པའི་བྱ་བ་དར་གཅོད་པ་པོ་ལ་སོགས་པའང་ངོ་བོ་གཅིག་ཏུ་འགྱུར་བས་མཐོང་བ་དང་འགལ་བའི་ཕྱིར་རོ། །ཡང་གལ་ཏེ་འགྲོ་བའི་བྱ་བ་དང་འགྲོ་བ་པོ་ངོ་བོ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན་ཕན་ཚུན་ལྟོས་པ་མེད་པ་ཉིད་དུ་འགྱུར་ལ། དེའི་ཕྱིར་བྱེད་པ་པོའམ་རྟེན་འགྲོ་བ་པོ་མེད་པའི་འགྲོ་བའི་བྱ་བ་དང་། འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཡོད་པར་འགྱུར་ན་དེ་ལྟར་ནི་དམིགས་པའང་མ་ཡིན་པས། དེ་གཉིས་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་ངོ་བོ་གཞན་དུ་གྲུབ་པ་མེད་དོ་ཞེས་དགོངས་པའོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཀྱང་རང་བཞིན་དུ་ཡོད་དོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ་སྔར་བཤད་པའི་ཚུལ་གྱིས་འགྲོ་བ་དང་འགྲོ་བ་པོ། གང་དག་དངོས་པོ་གཅིག་པ་དང་། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་བ་ཡོད་མིན་ན། །དེ་གཉིས་རང་བཞིན་དུ་གྲུབ་པ་ཇི་ལྟར་ཡོད་དེ་དངོས་འགལ་ལ་དགག་པ་དང་། སྒྲུབ་ཕྱོགས་ཀྱི་ཕུང་གསུམ་མི་འཐད་པའི་ཕྱིར་རོ། །ལྔ་པ་འགྲོ་བའི་བྱ་བ་གཅིག་དང་དུ་མར་དཔྱད་པས་དགག་པ་ལ་ཇི་ལྟར་སྨྲ་བ་པོ་ཚིག་སྨྲའོ་བྱེད་པ་པོ་བྱ་བ་བྱེད་དོ་ཞེས་བརྗོད་པ་ལྟར། འགྲོ་བའི་བྱ་བའང་འགྲོ་བ་པོའི་བྱ་བའི་ལས་སུ་ཡོད་པ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟར་འགྲོ་བ་པོ་འགྲོ་བའི་བྱ་བ་བྱེད་ན་རང་ཉིད་འགྲོ་བ་པོར་མཚོན་པའི་འགྲོ་བའི་བྱ་བ་དེ་བྱེད་དམ། འོན་ཏེ་དེ་ལས་གཞན་པའི་འགྲོ་བའི་བྱ་བ་བྱེད། དེ་ལ་དང་པོ་འགྲོ་བའི་བྱ་བ་གང་གིས་ལྷ་སྦྱིན་འགྲོ་བ་པོའི་ཐ་སྙད་དུ་མངོན་ཞིང་མཚོན་པའི་འགྲོ་བའི་བྱ་བ་དེ་ནི་དེས་འགྲོ་ཞིང་བྱེད་པ་མིན་ཏེ། གང་གི་ཕྱིར་རྫ་མཁན་སྔ་རོལ་ན་ཡོད་པས་བུམ་པ་བྱེད་པ་ལྟར་རང་ཉིད་འགྲོ་བ་པོར་མཚོན་པའི་འགྲོ་བའི་བྱ་བའི་སྔ་རོལ་དུ་འགྲོ་བ་པོར་གྲུབ་པར་གྱུར་ན་སྔར་གྲུབ་པའི་འགྲོ་བ་པོ་གང་ཞིག་ཡུལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་གང་དུ་འགྲོ་བའི་བྱ་བ་བྱེད་པར་འགྱུར་བ་ཞིག་ན་ཞེས་ལྡོག་ཁྱབ་བསྟན་ནས། རང་ཉིད་འགྲོ་བ་པོར་མཚོན་པའི་འགྲོ་བའི་བྱ་བ་དེའི་སྔ་རོལ་དུ་དེ་བྱེད་པ་པོའི་འགྲོ་བ་པོ་ཉིད་མེད་པའི་ཕྱིར་རོ་ཞེས་རྟགས་སུ་སྦྱར་ཏེ། འགྲོ་བའི་བྱ་བ་ལ་མ་ལྟོས་པའི་འགྲོ་བ་པོ་མེད་པར་དགོངས་པའོ། །དེ་ལྟར་ཕྱེད་ཕྱི་མའི་རྐང་པ་གོ་བསྣོལ་ཏེ་ལྡོག་ཁྱབ་དང་རྟགས་སྟོན་པར་འགྲེལ་པས་འཆད་དོ། །གཉིས་པ་འགྲོ་བའི་བྱ་བ་གང་གིས་ལྷ་སྦྱིན་འགྲོ་བ་པོར་མངོན་ཞིང་མཚོན་པའི་འགྲོ་བའི་བྱ་བ་དེ་ལས་གཞན་པའང་འགྲོ་བ་པོ་དེས་འགྲོ་ཞིང་བྱེད་པ་མིན་ཏེ། གང་གི་ཕྱིར་ལྷ་སྦྱིན་ལྟ་བུ་འགྲོ་པོ་གཅིག་པུ་ལ་རང་ཉིད་འགྲོ་བ་པོར་མཚོན་པ་དང་དེས་གང་ཞིག་བྱ་བའི་འགྲོ་བའི་བྱ་བ་གཉིས་སུ་མི་འཐད་པའི་ཕྱིར་རོ། །གཞན་ཡང་འགྲོ་བ་པོས་འགྲོ་བའི་བྱ་བ་བྱེད་པར་མི་འཐད་དེ། འདི་ལྟར་བྱ་བ་དང་ལྡན་པས་འགྲོ་པོ་ཡིན་པར་གྱུར་པ་ནི་འགྲོ་བའི་བྱ་བ་དང་ལྡན་པ་ལས་ཡིན་པར་གྱུར་པ་དང་། མི་ལྡན་པ་ལས་མ་ཡིན་པར་གྱུར་པ་དང་། དེ་གཉི་གར་གྱུར་པ་འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད་ལ། བྱ་བ་དང་མི་ལྡན་པས་འགྲོ་བ་པོ་མ་ཡིན་པར་ནི་གྱུར། དེ་ཡང་འགྲོ་བ་སྔར་བཤད་པ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་ལ། བྱ་བ་དང་ལྡན་མི་ལྡན་གཉི་ག་ཡིན་པས་འགྲོ་བ་པོ་ཡིན་དང་མ་ཡིན་གཉི་གར་གྱུར་པ་ཡང་། འགྲོ་བ་སྔར་བཤད་པ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པའི་ཕྱིར་རོ། །འདི་ཡང་ལས་དང་བྱེད་པོ་བརྟག་པར་འགྲོ་བ་པོ་ཡིན་པ་དང་། མ་ཡིན་པ་དང་། གཉི་གར་གྱུར་པ་གསུམ་གྱིས་བྱེད་པ་འགོག་པ། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་དང་། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་དང་། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་དང་། ཡང་ལས་ཡིན་པ་དང་། མ་ཡིན་པ་དང་། གཉི་གར་གྱུར་པ་གསུམ་བྱེད་པ་འགོག་པ། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་དང་། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་འཆད་པར་འགྱུར་རོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟ་ན་སྔར་བཤད་པའི་ཚུལ་དེའི་ཕྱིར་རིགས་པས་རྣམ་པར་དཔྱད་ན་འགྲོ་བའི་བྱ་བ་དང་དེའི་བྱེད་པ་པོ་འགྲོ་བ་པོ་དང་། བྱ་བ་འཇུག་པའི་གཞི་བགྲོད་པར་བྱ་བའི་ལམ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་གཞུང་གི་དོན་བཤད་ནས། གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟ་ན་རབ་ཏུ་བྱེད་པ་འདིས་དངོས་སུ་འགྲོ་འོང་གི་བྱ་བ་ལས་ལ་དུས་གསུམ་དང་། བྱེད་པ་པོ་ལ་རྣམ་གྲངས་གསུམ་དང་། བྱེད་པ་པོ་དང་དེ་ཉིད་དང་གཞན་དང་། བྱ་བ་གཅིག་དང་དུ་མར་དཔྱད་པའི་སྒོ་ནས་བཀག་པས་རྟེན་འབྲེལ་ཡང་དག་པར་འགྲོ་འོང་མེད་དགག་དང་། འགྲོ་འོང་དུ་སྣང་བ་ཀུན་རྫོབ་པ་སྒྱུ་མ་ལྟ་བུར་གྲུབ་ལ། དེའི་ཤུགས་ལ་བྱ་བ་དང་བཅས་པའི་ཆོས་ཐམས་ཅད་ལས་ལ་དུས་གསུམ་དུ་དཔྱད་པས་ལེགས་ལ། བྱ་བ་མེད་པ་མེད་དང་མཚུངས། །ཅེས་པའམ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །ཞེས་པའི་ཚུལ་གྱིས་བྱ་བ་མེད་པའི་ཆོས་མི་སྲིད་པས། ཕྱི་ནང་གི་ཆོས་ཐམས་ཅད་ཡང་དག་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུར་གྲུབ་པས་རབ་ཏུ་བྱེད་པ་འདིའི་དགོས་པ་ཡང་། སྔ་མ་ལྟར་བདེན་པ་གཉིས་ཕྱིན་ཅི་མ་ལོག་པའི་ཤེས་རབ་སྐྱེད་པ་ཡིན་ནོ། །དོན་འདི་ཉིད་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤཱ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེའི་བསྡུ་བའི་ཚིག་གོ །འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི་ཚིག་གོ །གང་ལ་བསྡུ་བའི་ཚིག་མེད་པ་དང་བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད་དོ། །འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། འགྲོ་བ་དང་འོང་བ་བརྟག་པ་སྟེ་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།།  །།ད་ནི་རྟེན་འབྲེལ་ཆོས་ཀྱི་བདག་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་སྟོང་པར་བསྟན་པ་ལ། རེ་ཞིག་སྐྱེ་མཆེད་ཀྱི་ངོ་བོ་རང་བཞིན་དུ་གྲུབ་པ་འགོག་པ་སྐྱེ་མཆེད་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། མིག་མེད་རྣ་བ་མེད་ཅེས་དང་། །འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་དུ་འཇིག་རྟེན་མི་འཇུག་པ། །དེ་ནི་བདེན་པའི་མཆོག་ཡིན་ནོ། །ཞེས་དང་། མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ཕྱིར་ལྡན་ལ་བརྟེན་ཏེ་མཐོང་བས་ན། །མིག་གིས་ནམ་ཡང་གཟུགས་ནི་མཐོང་བ་མེད། །ཅེས་གསུངས་པ་ལ་སོགས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་བཀག་མོད་ཀྱི། དེ་ལྟ་ནའང་ཆོས་མངོན་པ་ལས་གསུངས་པས་ལྟ་བ་དང་ལྟ་བ་པོ་དང་བལྟ་བྱ་ལ་སོགས་པ་རང་བཞིན་དུ་ཡོད་དོ་སྙམ་པ་ལ་དེ་དག་རང་བཞིན་དུ་གྲུབ་པ་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །འདིའི་གཞུང་བཤད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་དགོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། ཉན་ཐོས་སྡེ་པ་དག་ལྟ་བ་དང་བལྟ་བྱ་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་རྣམས་ནི་རང་བཞིན་དུ་ཡོད་པ་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ལྟ་དང་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །གསུངས་པའི་ཕྱིར་རོ་ཞེས་པ་སྟེ། །དེ་ལ་གཟུགས་ལ་ལྟ་བ་མིག་གི་དབང་པོ་ཡིན་ལ། དེ་ཡང་ཁ་ཅིག་གཟུགས་ལ་ལྟ་བའི་བྱེད་པ་པོར་འདོད་ལ། ཁ་ཅིག་ལྟ་བའི་བྱེད་པར་འདོད་དོ། །འོག་མ་རྣམས་ལའང་དེ་ལྟར་ཤེས་པར་བྱའོ། །གཉིས་པ་ལྟ་བ་ལ་སོགས་པའི་ཕྱི་ནང་གི་སྐྱེ་མཆེད་རང་བཞིན་དུ་མ་གྲུབ་པས་ལུང་དེ་དྲང་དོན་དུ་བསྒྲུབ་པ་ལ་གཉིས་ཏེ། ལྟ་བ་རང་བཞིན་དུ་གྲུབ་པ་དགག་པ་དང་། དེ་གཞན་ལ་བསྒྲེ་བའོ། །དང་པོ་ལ་གཉིས་ཏེ། མིག་ལྟ་བའི་བྱེད་པ་པོར་འདོད་པ་དང་། ལྟ་བའི་བྱེད་པར་འདོད་པ་དགག་པའོ། །དང་པོ་ལ་རང་ལ་མི་ལྟ་བའི་རྟགས་ཀྱིས་དང་། ལྟ་བའི་རང་བཞིན་ཡིན་མ་ཡིན་ལ་དཔྱད་པས་དགག་པ་གཉིས་ལས། དང་པོ་ལའང་ཕྱོགས་ཆོས་བསྒྲུབ་པའི་ཚུལ་གྱིས་རྟགས་དགོད་པ་དང་། མ་ངེས་པ་སྤང་བ་དང་། དོན་བསྡུ་བ་གསུམ་ལས། བྱེ་བྲག་ཏུ་སྨྲ་བ་དག མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་ཀྱིས། །མ་ཡིན་གང་ཕྱིར་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །ཞེས་པའི་ཚུལ་གྱིས་རྣམ་ཤེས་རྟེན་པ་དང་བཅས་པའི་མིག་གི་དབང་པོ་ཉིད་ཡུལ་གཟུགས་ལ་ལྟ་བའི་བྱེད་པ་པོར་སྨྲ་བ་ལ། དེ་ལྟ་ནའང་ལྟ་བ་མིག་གི་དབང་པོ་དེ་རང་གི་བདག་ཉིད་ནི་དེ་ལ་ལྟ་བ་མ་ཡིན་པ་ཉིད་དེ། རང་ལ་རང་གི་བྱ་བ་འགལ་བའི་ཕྱིར་དང་། དེ་མཐོང་བར་མ་དམིགས་པའི་ཕྱིར་རོ། །དེས་ན་གང་ཞིག་མིག་གི་དབང་པོ་དེ་ཆོས་ཅན་གཞན་གཟུགས་ལ་སོགས་པ་དག་ལའང་ཇི་ལྟར་ལྟ་སྟེ་མི་ལྟ་བ་ཉིད་དོ་ཞེས་པ་ལ། བདག་ཉིད་ལ་མི་ལྟ་བའི་ཕྱིར་བུམ་པ་བཞིན་ནོ་ཞེས་པ་རྟགས་སུ་བལྟའོ། །འདིའི་ཁྱབ་པ་ནི་སྔར་བཤད་པ་ལྟར་བུམ་པ་དང་མིག་གི་དབང་པོ་གཉིས་རང་ལ་མི་ལྟ་བར་མཚུངས་པ་ལ་ཡང་དག་པར་ལྟ་མི་ལྟའི་ཁྱད་པར་གྱི་རྒྱུ་མཚན་མི་འཐད་པས་རྒྱུ་མཚན་མཚུངས་པ་དང་། ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པར་ཤེས་པར་བྱའོ། །ཁ་ཅིག་་་་་་གཙང་པ་ཤེས་པས་རང་མ་རིག་པར་ཡུལ་རིག་པར་མི་འཐད་པ་དང་མཚུངས་པ་ཡིན་ནོ་ཞེས་འཆད་དོ། །གཉིས་པ་ནི། རང་ལ་མི་ལྟའང་གཞན་ལ་ལྟ་བ་མི་འགལ་ཏེ། མེས་རང་མི་སྲེག་ཀྱང་གཞན་བུད་ཤིང་སྲེག་པར་མཐོང་བ་བཞིན་ནོ་སྙམ་ན། རང་ལ་མི་ལྟའང་གཞན་ལ་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་མེ་རང་མི་སྲེག་ཀྱང་གཞན་སྲེག་པ་ཡི་དཔེས་ནི་དོན་དེ་སྒྲུབ་པར་ནུས་པ་མ་ཡིན་ཏེ། འདི་ལྟར་མེས་གཞན་བུད་ཤིང་སྲེག་པའི་དཔེ་དེ་ནི་སྔར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་བྱ་བ་བཀག་པའི་རིགས་པ་དེ་ཡིས་ལན་བཏབ་ཅིང་སུན་ཕྱུང་ཟིན་པ་ཡིན་ཏེ། རེ་ཞིག་བསྲེགས་པ་མི་སྲེག་སྟེ། །ཞེས་པ་ལ་སོགས་པ་བསྲེག་བྱའི་ལས་བུད་ཤིང་ལ་དུས་གསུམ་དུ་དཔྱད་པས་དང་། རེ་ཞིག་སྲེག་པོ་མི་སྲེག་སྟེ། །ཞེས་པ་ལ་སོགས་པ་སྲེག་པར་བྱེད་པ་པོའི་མེ་ལ་རྣམ་གྲངས་གསུམ་དུ་བརྟགས་ན་མེས་གཞན་བུད་ཤིང་སྲེག་པ་མེད་པའི་ཕྱིར་རོ། །དེས་དཔེ་ཁོ་ན་བཀག་པར་མ་ཟད་ཀྱི་དོན་ལྟ་བ་དང་བཅས་པ་ལན་བཏབ་ཅིང་བཀག་པ་ཡིན་ཏེ། རེ་ཞིག་བལྟས་ལ་མི་ལྟ་སྟེ། །ཞེས་ལས་ལ་དུས་གསུམ་དང་། རེ་ཞིག་ལྟ་པོ་མི་ལྟ་སྟེ། །ཞེས་བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ན་མིག་གི་དབང་པོ་གཞན་གཟུགས་ལ་ལྟ་བའང་མི་རུང་བའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དེའི་ཕྱིར་མིག་དེ་ནི་གཟུགས་ལ་ལྟ་བས་ན་ལྟ་བར་བྱེད་པ་པོ་ཡིན་ཅེས་བྱ་བར་དེ་ནི་ཇི་ལྟར་རིགས་པར་འགྱུར་ཏེ། གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ཞེས་ཕྱེད་སྔ་ཕྱི་འདོན་པ་གོ་བསྣོལ་བར་བྱའོ། །གཉིས་པ་ནི། གཞན་ཡང་མིག་གཟུགས་ལ་ལྟ་བར་རྟོག་ན་ལྟ་བའི་བྱ་བ་དང་བཅས་པ་ལྟ་བའི་རང་བཞིན་ཅན་ཞིག་གམ། དེ་དང་བྲལ་བ་ལྟ་བའི་རང་བཞིན་ཅན་མ་ཡིན་པ་ཞིག་ལྟ་བ་དང་འབྲེལ་བར་རྟོག་གྲང་། དེ་ལ་མིག་ལྟ་བའི་རང་བཞིན་ཅན་ནི་ཡང་གཟུགས་ལ་ལྟ་བ་ཉིད་མ་ཡིན་ཏེ་ལྟ་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །ལྟ་བའི་རང་བཞིན་ཅན་མིན་པ་ཡང་མི་ལྟ་བ་ཉིད་དེ་ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་སོར་མོ་བཞིན་ནོ་ཞེས་པ་སྟེ། འདི་ཡང་སྔར་གྱི་དོན་བསྡུ་བ་དང་སྦྱར་བར་བྱའོ། །གཉིས་པ་མིག་ལྟ་བའི་བྱེད་པར་འདོད་པ་དགག་པ་ལ་མདོ་སྡེ་པ་ལ་སོགས་པ་དག་མིག་ལྟ་བའི་བྱེད་པ་པོ་མ་ཡིན་མོད་ཀྱི་ལྟ་བའི་བྱེད་པ་ཡིན་ལ། བྱེད་པ་དེས་གཟུགས་ལ་ལྟ་བ་པོ་ནི་རྣམ་པར་ཤེས་པའམ་བདག་ཡིན་ནོ་ཞེ་ན། འདིར་ལྟ་བ་པོ་མེད་པས་མིག་ལྟ་བའི་བྱེད་པར་མི་འཐད་ཅེས་སྟོན་པ་ལ། ལྟ་བ་པོ་དེ་དག་ཉིད་སྔར་བཤད་ཀྱི་རིགས་པས་དགག་པ་དང་། སྔར་མ་བཤད་པའི་རིགས་པས་དགག་པ་དང་། ལྟ་བ་པོ་བཀག་པས་གྲུབ་པའི་དོན་གསུམ་ལས། དང་པོ་ནི། སྔར་མིག་གི་དབང་པོ་གཟུགས་ལ་ལྟ་བའི་བྱེད་པ་པོར་འདོད་པ་བཀག་པ་ཉིད་ཀྱིས་རྣམ་པར་ཤེས་པའམ་བདག་གཟུགས་ལ་ལྟ་བ་པོར་འདོད་པ་ཡང་བཀག་པ་ཉིད་དུ་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། འདི་ལྟར། ལྟ་པོ་རང་གི་བདག་ཉིད་ནི། །ལྟ་བས་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །ཞེས་པ་ལ་སོགས་པ་འདོན་པ་བསྒྱུར་བས་རྣམ་ཤེས་ལ་སོགས་པ་བྱེད་པ་མིག་ལ་བརྟེན་ནས་གཟུགས་ལ་ལྟ་བ་པོར་འདོད་པ་བཀག་པ་ཡིན་ནོ། །གཉིས་པ་ནི། གཞན་ཡང་ལྟ་བ་པོ་རྣམ་ཤེས་ལ་སོགས་པ་ཡོད་ན་ལྟ་བའི་བྱ་བ་ལ་ལྟོས་པའམ་མ་ལྟོས་པ་ཞིག་ཡོད་གྲང་། དེ་ལ་ལྟ་བའི་བྱ་བ་མ་སྤངས་པ་སྟེ་ལྟ་བའི་བྱ་བ་ལ་ལྟོས་པ་དང་བཅས་པ་ལྟ་བ་པོ་ནི་ཡོད་པ་མིན་ཏེ། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་འཐད་དོ། །ཞེས་འཆད་པར་འགྱུར་བའི་ཚུལ་གྱིས་ནམ་མཁའི་མེ་ཏོག་ལྟར་ལྟོས་པ་པོ་ཉིད་མེད་པ་དང་། ལྟོས་པ་དོན་མེད་པས་ལྟ་བ་པོ་མ་གྲུབ་པ་དང་གྲུབ་པ་ལྟ་བ་ལ་ལྟོས་པར་མི་འཐད་པའི་ཕྱིར་རོ། །ལྟ་བའི་བྱ་བ་སྤངས་པ་སྟེ་ལྟ་བ་ལ་མ་ལྟོས་པར་གྱུར་ཀྱང་ལྟ་བ་པོར་མི་རུང་སྟེ་ལྟ་བ་པོར་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་བུམ་པ་བཞིན་ནོ་སྙམ་དུ་དགོངས་པའོ། །གསུམ་པ་དེས་ལྟ་བ་དང་འབྲེལ་པའི་ཆོས་ཐམས་ཅད་ཁེགས་པར་བསྟན་པ་ལ་དེ་ལྟར་ལྟ་བ་པོ་བཀག་ཀྱང་བལྟ་བྱའི་ལས་དང་ལྟ་བའི་བྱེད་པ་གཉིས་མ་བཀག་པས་ཡོད་དོ་སྙམ་ན། སྔར་བཤད་པའི་ཚུལ་གྱིས་ལྟ་བ་པོ་མེད་པའི་ཕྱིར་ན་དེ་ལ་ལྟོས་པའི་བལྟ་བྱའི་ལས་གཟུགས་དང་ལྟ་བའི་བྱེད་པ་མིག་གི་དབང་པོ་དེ་དག་རང་བཞིན་དུ་ག་ལ་ཡོད་དེ་དེ་དག་ཕན་ཚུན་ལྟོས་པས་གྲུབ་པ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་གཉིས་བཀག་མོད་ཀྱི། དེ་ལྟ་ནའང་། ཇི་ལྟར་ཕ་དང་མ་དག་ལ། །བརྟེན་ནས་བུ་ནི་འབྱུང་བཤད་པ། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་པར་རྟེན་འབྲེལ་གྱི་མདོ་ལས་བཤད་པས། དེ་གཉིས་ཀྱི་འབྲས་བུ་རྣམ་པར་ཤེས་པ་དང་རེག་པ་དང་ཚོར་བ་དང་སྲེད་པ་བཞི་ཡོད་པས་དེ་གཉིས་ཀྱང་ཡོད་དམ་སྙམ་པ་ལ། མ་ཡིན་ཏེ་སྔར་བཤད་པའི་ཚུལ་གྱིས་བལྟ་བྱ་གཟུགས་དང་ལྟ་བའི་བྱེད་པ་མིག་གི་དབང་པོ་གཉིས་མེད་པའི་ཕྱིར་དེ་དག་གི་འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་རང་བཞིན་དུ་ཡོད་པ་མིན་པར་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་ནའང་དེ་དག་གི་འབྲས་བུ་ལེན་པ་དང་སྲིད་པ་དང་རྒ་ཤི་ལ་སོགས་པ་བཞི་པོ་ནི་ཡོད་དོ་སྙམ་ན། སྔར་རྒྱུ་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པར་བཤད་པ་མ་ཡིན་པ་ཉིད་ཀྱིས་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་བཞི་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་གཏན་ཡོད་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཞེས་པ་སྟེ། ཉན་དེ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །ཅེས་པ་ལ་སོགས་པ་ཐམས་ཅད་ལ་མཚུངས་པར་སྦྱར་བར་བྱའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་རབ་ཏུ་བྱེད་པ་འདིས་ལྟ་བ་དང་བལྟ་བྱ་ལྟ་བ་པོ་ལ་སོགས་པ་བཀག་པས་དངོས་སུ་ཕྱི་ནང་གི་སྐྱེ་མཆེད་རྣམས་ཡང་དག་པར་བདེན་པའི་སྤྲོས་པ་མེད་དགག་དང་། དེ་དག་ཏུ་སྣང་བ་ཀུན་རྫོབ་པ་སྒྱུ་མ་ལྟ་བུར་གྲུབ་ལ། དེའི་ཤུགས་ལ་སྔར་བཤད་པ་ལྟར་བྱ་བ་དང་བཅས་པའི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཙམ་དུ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་དུ་གྲུབ་པ་ཡིན་ནོ། །དོན་འདི་ཉིད་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། མིག་དང་གཟུགས་ལ་བརྟེན་ནས་ནི། །མིག་གི་རྣམ་ཤེས་འདི་སྐྱེ་ཡང་། །ཞེས་པ་ནས། འགར་ཡང་འགྲོ་འོང་མེད་སྟོང་དང་། །སྒྱུ་འདྲར་རྣལ་འབྱོར་པ་ཡིས་མཐོང་། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། དབང་པོ་བརྟག་པ་སྟེ་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།།  །།ཕུང་པོ་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོའི་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཅེས་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཕྱི་ནང་གི་སྐྱེ་མཆེད་རྣམས་བཀག་མོད་ཀྱི། ཆོས་མངོན་པའི་མདོ་ལས། འདུས་བྱས་གང་ཞེ་ན་ཕུང་པོ་ལྔའོ་ཞེས་གསུངས་པས་ཕུང་པོ་ལྔ་རང་བཞིན་དུ་ཡོད་ལ། དེས་ན་དེའི་ཁོངས་སུ་འདུས་པས་སྐྱེ་མཆེད་རྣམས་ཀྱང་རང་བཞིན་དུ་ཡོད་དོ་སྙམ་པ་ལ། ཕུང་པོ་ཉིད་རང་བཞིན་དུ་ཡོད་པར་མ་གྲུབ་པས་ལུང་དེ་དྲང་དོན་དུ་བསྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་དེའི་གཞུང་བཤད་པ་ལ་གསུམ་སྟེ། གཟུགས་ཀྱི་ཕུང་པོ་རང་བཞིན་དུ་དགག་པ་དང་། དེ་ཆོས་གཞན་ལ་བསྒྲེ་བ་དང་། ཞར་ལ་རྩོད་པའི་ཐབས་ཁྱད་པར་ཅན་ལ་གདམས་པའོ། །དང་པོ་ལ་སྤྱིར་ཕུང་པོ་འདུས་བྱས་ཀྱིས་བསྡུས་ཤིང་། དེ་ལ་རྒྱུ་འབྲས་ཀྱིས་ཁྱབ་པས་རྒྱུ་འབྲས་ཀྱི་གཟུགས་ཕན་ཚུན་གཞན་ཉིད་དགག་པ་དང་། ཕན་ཚུན་ཡོད་མེད་ཀྱི་དང་། འདྲ་མི་འདྲའི་རྒྱུ་འབྲས་དགག་པ་གསུམ་ལས། དང་པོ་ལའང་གཉིས་ལས། འབྲས་བུའི་གཟུགས་གཞན་དུ་གྲུབ་པ་དགག་པ་ལ་གཟུགས་ཀྱི་རྒྱུའམ་རྒྱུའི་གཟུགས་འབྱུང་བ་བཞི་ལས་མ་གཏོགས་པར་རམ་ངོ་བོ་ཐ་དད་པའི་འབྲས་བུའི་གཟུགས་འབྱུང་བ་ལས་གྱུར་པ་ཡུལ་ལྔ་དབང་པོ་ལྔ་སྟེ་བཅུའམ། ཁ་ཅིག་གིས་བཏགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པ་ནི་དམིགས་པར་མི་འགྱུར་རོ་ཞེས་པ་རྣལ་མའི་དམ་བཅའོ། །དེའི་འཐད་པ་དེ་ལྟ་མ་ཡིན་ཏེ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་འབྲས་བུའི་གཟུགས་གྲུབ་པར་འདོད་ན་དེ་རྒྱུའི་གཟུགས་ལ་ལྟོས་པ་མེད་པར་འགྱུར་ཏེ་དེ་ལས་གཞན་དུ་གྲུབ་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ནོ། །གལ་ཏེ་གཞན་ཡིན་ཀྱང་ལྟོས་པ་མི་འགལ་ཏེ་ས་བོན་དང་མྱུ་གུ་བཞིན་ནོ་ཞེ་ན། ཐ་སྙད་དུ་མྱུ་གུ་ས་བོན་ལ་ལྟོས་སུ་ཆུག་ནའང་དེ་དག་གཞན་ཡིན་པ་ཉིད་དུ་མ་གྲུབ་སྟེ། སྔར་བདེན་པ་གཉི་གར་ཡང་རྒྱུ་འབྲས་གཞན་ཡིན་པ་བཀག་པའི་ཕྱིར་དང་། གཞན་དུ་གྲུབ་ན་ལྟོས་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་འབྲས་བུའི་གཟུགས་རང་གི་རྒྱུ་ལ་མི་ལྟོས་པའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་ན། གཟུགས་ལ་སོགས་པའི་དོན་གང་ཡང་རྒྱུ་མེད་པར་ནི་ཡུལ་ལམ་དུས་གང་ན་ཡང་མེད་དེ་ཡུལ་དུས་རྣམ་པ་རེས་འགའ་བར་དམིགས་པའི་ཕྱིར་རོ། །དེས་ན་འབྲས་བུའི་གཟུགས་རང་གི་རྒྱུ་ལ་ལྟོས་པ་དང་བཅས་པས་དེ་ལས་གཞན་དུ་གྲུབ་པ་མེད་དོ་ཞེས་བཟློག་པ་དོན་གྱིས་གནས་སོ། །གཉིས་པ་རྒྱུའི་གཟུགས་གཞན་དུ་མ་གྲུབ་པ་ནི། འབྲས་བུའི་གཟུགས་ཞེས་བྱ་བ་མ་གཏོགས་པར་རམ་དེ་ལས་ངོ་བོ་ཐ་དད་པའི་གཟུགས་ཀྱི་རྒྱུའམ་རྒྱུའི་གཟུགས་འབྱུང་བ་ཆེན་པོ་བཞི་ཡང་རྣམ་པར་དཔྱད་པའི་ངོ་ན་མི་སྣང་ངོ་ཞེས་པ་རྣལ་མའི་དམ་བཅའོ། །དེའི་འཐད་པ་དེ་ལྟ་མ་ཡིན་ཏེ། གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར། གཟུགས་ཀྱི་རྒྱུ་ཞིག་ཡོད་པར་འདོད་ན་ནི་རྒྱུ་དེ་འབྲས་བུ་ལ་ལྟོས་པ་མེད་པར་འགྱུར་ཏེ། དེའི་ཁྱབ་པ་ནི་སྔ་མ་དང་མཚུངས་ལ། འདོད་པར་མི་ནུས་ཏེ་ཕའི་ཐ་སྙད་དུ་འཇོག་པ་བུ་ལ་ལྟོས་དགོས་པ་ལྟར་འདི་ནི་འདིའི་རྒྱུ་ཡིན་ནོ་ཞེས་རྒྱུའི་ཐ་སྙད་དུ་འཇོག་པའང་འབྲས་བུ་ལ་ལྟོས་དགོས་པས། འབྲས་བུ་ལ་ལྟོས་པ་མེད་པའི་རྒྱུ་མེད་དེ་ནམ་མཁའི་མེ་ཏོག་གི་རྒྱུ་བཞིན་ནོ་ཞེས་པའོ། །སྤྱིར་རྒྱུ་འབྲས་རྫས་གཞན་དུ་གྲུབ་པ་བཀག་པ་ཙམ་གྱིས་རང་བཞིན་དུ་གྲུབ་པ་མི་ཁེགས་པས། དེ་དག་རྫས་ཐ་མི་དད་དུ་གྲུབ་པའང་དགག་དགོས་མོད་ཀྱི་འདིར་དེ་མ་གསུངས་པ་ནི་དེ་དགག་སླ་བར་དགོངས་པའམ། འདིར་རང་གི་སྡེ་པའི་གྲུབ་མཐའ་དགག་པའི་སྐབས་ཡིན་པས་དེ་ལ་རྒྱུ་འབྲས་རྫས་གཅིག་པའི་ལོག་རྟོག་མེད་པར་དགོངས་པ་ཡིན་ནོ། །གཉིས་པ་ལ་འབྲས་བུ་ཡོད་མེད་ཀྱི་རྒྱུ་དང་། རྒྱུ་མེད་ཀྱི་འབྲས་བུ་དགག་པ་དང་། དོན་བསྡུ་བ་གསུམ་ལས། དང་པོ་ནི། ཡང་གཟུགས་ཀྱི་རྒྱུ་ཞིག་ཡོད་ན་འབྲས་བུའི་གཟུགས་ཡོད་པའམ། མེད་པ་སྐྱེད་པར་བྱེད་པའི་རྒྱུ་ཞིག་རྟོག དེ་ལ་འབྲས་བུའི་གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ་རྒྱུ་ནི་འབྲས་བུ་བསྒྲུབ་པའི་དོན་དུ་ཡིན་པས་དེ་ལ་རྒྱུ་དོན་མེད་པའི་ཕྱིར་རོ། །འབྲས་བུའི་གཟུགས་མེད་ན་ཡང་གཟུགས་ཀྱི་ནི། རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ་ནམ་མཁའི་མེ་ཏོག་ལྟར་རྟེན་མེད་པའི་སྐྱེ་བའི་བྱ་བ་མི་འཇུག་པས་མེད་པ་སྒྲུབ་པར་མི་ནུས་པའི་ཕྱིར་དང་། སྔར་བཤད་པ་ལྟར་འབྲས་བུ་མེད་ན་དེའི་རྒྱུ་ཉིད་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་ཏུ་འབྲས་བུའི་གཟུགས་ཀྱང་རྒྱུ་ཡོད་པའམ་མེད་པ་ཞིག་འདོད་གྲང་། དང་པོ་ནི་མི་རུང་སྟེ་སྔར་དེའི་རྒྱུ་མེད་པ་ཉིད་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་རྒྱུ་མེད་པའི་གཟུགས་དག་ནི་དཔྱད་ན་འཐད་པར་མི་རུང་ཞིང་། མ་དཔྱད་ན་སྣང་ངོར་ཡང་རུང་མིན་ཉིད་དེ་དེ་རེས་འགའ་བར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་རྒྱུ་འབྲས་ཀྱི་གཟུགས་རིགས་པས་དཔྱད་ན་མེད་པ་དེའི་ཕྱིར་དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་རྣལ་འབྱོར་པས་གཟུགས་ཀྱི་ཁྱད་པར་གྱི་ཆོས་ཀྱི་རྣམ་པར་རྟོག་པ་སྡུག་མི་སྡུག་དང་། ཐོགས་པ་ཡོད་མེད་དང་། བསྟན་དུ་ཡོད་མེད་དང་། འདས་མ་འོངས་དང་། སྔོ་སེར་ལ་སོགས་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱ་སྟེ་ཁྱད་པར་གྱི་གཞི་མ་དམིགས་པའི་ཕྱིར་བོང་བུའི་རྭའི་རྣོ་རྟུལ་བཞིན་ནོ་ཞེས་པ་སྟེ། འདི་སྤྱིའི་མཇུག་སྡུད་དུ་སྦྱར་ཡང་འགྲིགས་སོ། །གསུམ་པ་ནི། གཞན་ཡང་གཟུགས་ཀྱི་རྒྱུ་འདི་འབྲས་བུ་འདྲ་བའམ་མི་འདྲ་བ་སྒྲུབ་པར་བྱེད་གྲང་། དེ་ལ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །རྒྱུའི་གཟུགས་འབྱུང་བ་བཞི་དང་འབྲས་བུའི་གཟུགས་དབང་པོ་ལྔ་སྲ་བ་དང་མིག་ཤེས་ཀྱི་རྟེན་གཟུགས་དང་བའི་བདག་ཉིད་ལ་སོགས་པ་མཚན་ཉིད་ཐ་དད་པ་དང་། ཡུལ་ལྔའང་དབང་པོ་ཐ་དད་ཀྱི་ཡུལ་ཡིན་པས་རྒྱུ་འབྲས་ཀྱི་གཟུགས་སྲིད་ཞི་ལྟར་མཚན་ཉིད་མི་འདྲ་བའི་ཕྱིར་དང་། དུས་མཉམ་པའི་སཱ་ལུའི་ས་བོན་ལ་སོགས་པ་ལྟར་ཕན་ཚུན་འདྲ་བ་རྣམས་ལ་རྒྱུ་འབྲས་མ་མཐོང་བའི་ཕྱིར་རོ། །འབྲས་བུའི་གཟུགས་རྒྱུའི་གཟུགས་དང་མི་འདྲ་བ་ཞིག་སྐྱེད་དོ་ཞེས་བྱ་བ་འཐད་པ་མ་ཡིན་ཏེ་མི་འདྲ་བའི་ཕྱིར་སྲིད་པ་དང་ཞི་བ་བཞིན་ནོ་ཞེས་བྱ་བའོ། །གཉིས་པ་རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། ཚོར་བ་རྒྱུ་རེག་པ་དང་འདུ་ཤེས་ལྷན་ཅིག་འབྱུང་བའི་རྣམ་པར་ཤེས་པ་དང་འདུ་བྱེད་མ་རིག་པ་དང་སེམས་གཙོ་བོ་རྣམ་པར་ཤེས་པ་འདུ་བྱེད་དང་གཅིག་དང་ཐ་དད་དུ་དཔྱད་ན་མི་འཐད་པ་ལ་སོགས་པ་རྣམ་པ་དག་ནི་ཐམས་ཅད་དུ་གཟུགས་ཉིད་ཀྱི་ནི་རིམ་པ་མཚུངས་ལ། དེ་བཞིན་དུ་མཚན་ཉིད་མཚན་གཞི་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་དེ་ཉིད་དང་གཞན་ལ་སོགས་པར་དཔྱད་ན་མི་འཐད་པ་སྔར་གཟུགས་དགག་པའི་རིམ་པ་དང་མཚུངས་པར་ཤེས་པར་བྱའོ། །གསུམ་བརྩོད་པའི་ཐབས་ཁྱད་པར་ཅན་ལ་གདམས་པ་ལ། རེ་ཞིག་གཞན་ཕྱོགས་སུན་འབྱིན་པའི་ཐབས་ཁྱད་པར་ཅན་ནི། དངོས་པོ་སྨྲ་བའི་སྒྲུབ་བྱེད་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པས་འགོག་པ་སྟེ། འདི་ལྟར་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པས་དངོས་པོ་རྣམས་རང་བཞིན་དུ་ཡོད་པ་ཅིའི་ཕྱིར་ཞེས་སྒྲུབ་བྱེད་བརྩད་པ་བྱས་པའི་ཚེ་དངོས་པོ་སྨྲ་བ་གང་ཞིག་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཞེས་པ་ལ་སོགས་པའི་ལན་འདེབས་སྨྲ་བྱེད་པ་དེ་ཡི་ལན་དེ་དག་ཐམས་ཅད་ལན་ལེགས་པར་བཏབ་པ་མིན་ཏེ། བརྟེན་ནས་འབྱུང་བ་ལ་སོགས་པར་བདེན་པའི་ཕྱོགས་ཆོས་དང་། བརྟེན་ནས་འབྱུང་བར་སྣང་བ་ལ་སོགས་པ་རང་བཞིན་ཡོད་པས་ཁྱབ་པ་བསྒྲུབ་པར་བྱ་བ་དངོས་པོ་རང་བཞིན་དུ་ཡོད་པ་དང་མཚུངས་པར་མ་གྲུབ་པར་འགྱུར་ཏེ། དབུ་མར་ཆོས་གཅིག་སྟོང་པར་བསྟན་པར་འདོད་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རང་ཕྱོགས་ལ་སྐྱོན་སྤོང་གི་ཐབས་ཁྱད་པར་ཅན་ནི། དབུ་མ་པ་ལ་སྐྱོན་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པས་ཏེ། འདི་ལྟར་དབུ་མ་པས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་བཤད་པ་བྱས་པའི་ཚེ་དངོས་པོ་སྨྲ་བ་གང་ཞིག་དེ་ལྟར་ན་ལས་རྒྱུ་འབྲས་ལ་སོགས་པའང་མེད་པར་འགྱུར་རོ་ཞེས་སྐྱོན་འདོགས་སྨྲ་བྱེད་པ། དེ་ཡི་སྐྱོན་དེ་དག་ཐམས་ཅད་སྐྱོན་ལེགས་པར་བཏགས་པ་མིན་ཏེ། དེ་དག་རང་བཞིན་པ་མེད་པར་ཐལ་བ་ནི་འདོད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་མེད་པར་ཐལ་བ་ལ་ཁྱབ་པ་བསྒྲུབ་པར་བྱ་དང་མཚུངས་པར་མ་གྲུབ་པར་འགྱུར་ཏེ། གཟུགས་བརྙན་ལ་སོགས་པས་དངོས་སུ་མ་ངེས་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་རབ་ཏུ་བྱེད་པ་འདིས་དངོས་སུ་ཕུང་པོ་ལྔ་རང་རང་གི་རྒྱུ་ལས་དེ་ཉིད་དང་གཞན་ལ་སོགས་པར་དཔྱད་ན་མ་གྲུབ་པས་དོན་དམ་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟར་གྲུབ་ལ། ཤུགས་ལ་ལྟོས་བཅས་ཀྱི་ཆོས་ཐམས་ཅད་རང་རང་གི་ལྟོས་ས་ལས་དེ་ཉིད་དང་གཞན་ལ་སོགས་པར་གྲུབ་པ་བཀག་པས་ཤུགས་ལ་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཚན་མ་ཅིར་ཡང་གྲུབ་པ་མེད་པ་དང་། ཀུན་རྫོབ་ཏུ་སྣང་བ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །དོན་འདི་ཉན་ཐོས་ལ་གདམས་པའི་མདོ་ལས། གཟུགས་ནི་ལྦུ་བ་གདོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་པ་བཞིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་ཕུང་པོ་བརྟག་པ་སྟེ། རབ་ཏུ་བྱེད་པ་བཞི་པའི་བཤད་པའོ།།  །།ཁམས་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོའི་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། སའི་ཁམས་མེད་ཅེས་དང་། ས་ལ་སོགས་པའི་ཁམས་ཤེས་ཏེ། ཇི་ལྟར་ཤེས་ཤེ་ན། ནམ་མཁའི་ཁམས་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ་ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ཐུབ་པ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་ཕུང་པོ་དང་སྐྱེ་མཆེད་ལྟར་ཁམས་རང་བཞིན་སྟོང་པ་ཉིད་དུ་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་སྐྱེ་མཆེད་དང་ཕུང་པོ་རྣམས་བཀག་མོད་ཀྱི། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ་ཞེས་གང་ཟག་གི་གདགས་གཞི་གསུངས་པ་དང་། སྔར་དངོས་སུ་མ་བཀག་པས་ཁམས་དྲུག་རང་བཞིན་དུ་ཡོད་ལ། སྐྱེ་མཆེད་དང་ཕུང་པོ་ཡང་དེའི་ཁོངས་སུ་འདུས་པས་རང་བཞིན་དུ་ཡོད་དོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་ཁམས་དྲུག་དཔྱད་ན་རང་བཞིན་མེད་པར་སྟོན་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་དེའི་གཞུང་བཤད་པ་ལ་གསུམ་སྟེ། ནམ་མཁའི་ཁམས་དགག་པ་དང་། དེ་ཁམས་གཞན་ལ་བསྒྲེ་བ་དང་། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་ནམ་མཁའི་ཁམས་ཀྱི་མཚན་ཉིད་མཚན་གཞི་དགག་པ་དང་། དངོས་པོ་དངོས་མེད་དུ་གྲུབ་པ་དགག་པ་དང་། མཇུག་བསྡུ་བ་གསུམ་ལས། དང་པོ་ལ་གསུམ་སྟེ། མཚན་གཞི་དགག་པ་དང་། མཚན་ཉིད་དགག་པ་དང་། དོན་བསྡུ་བའོ། །དང་པོ་ལའང་མཚན་ཉིད་འཇུག་པ་མི་འཐད་པ་དང་། འཇུག་པ་མེད་པ་མཚན་གཞིར་མི་རུང་བ་གཉིས་ལས། དང་པོ་ལའང་མཚན་ཉིད་ཀྱི་སྔར་མཚན་གཞི་མེད་པས་དང་། མཚན་བཅས་མཚན་མེད་དང་དེ་ལས་གཞན་ལ་མི་འཇུག་པས་མཚན་ཉིད་འཇུག་པར་མི་འཐད་པ་ལས། དང་པོ་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ། །ཞེས་པའི་ཚུལ་གྱིས་འདུས་མ་བྱས་ནམ་མཁའི་མཚན་ཉིད་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་ཅིང་སྒྲིབ་པའམ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའོ། །དེ་ལ་སྔར་མཚན་གཞི་གྲུབ་ན་དེ་ལ་མཚན་ཉིད་འཇུག་པར་འགྱུར་བ་ཞིག་ན། འདིར་ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པའི་སྔ་རོལ་ན་མཚན་གཞི་ནམ་མཁའ་ཅུང་ཟད་ཀྱང་གྲུབ་པ་ཡོད་པ་མ་ཡིན་ལ། དེ་ལྟར་མཚན་ཉིད་སྒྲིབ་པ་མེད་པ་མེད་པའི་མཚན་གཞི་ནམ་མཁའི་དངོས་པོ་སྔར་མེད་པའི་ཕྱིར་ན། མཚན་ཉིད་དེ་མཚན་གཞི་གང་དུ་འཇུག་པར་འགྱུར་ཞེས་སྦྲེལ་ཏེ་རྟེན་མཁར་གཞོང་སྔར་མེད་པར་དེ་ལ་རྒྱ་ཤུག་བརྟེན་པར་མི་རུང་བ་བཞིན་ནོ། །དེ་ལ་མཚན་གཞི་དང་མཚན་ཉིད་ནི་མཁར་གཞོང་དང་རྒྱ་ཤུག་ལྟར་རྫས་ཐ་དད་ཀྱི་རྟེན་དང་བརྟེན་པ་མ་ཡིན་གྱི་ངོ་བོ་གཅིག་ཡིན་པས་མཚན་གཞི་སྔར་གྲུབ་མི་དགོས་སོ་སྙམ་ན། མ་ཡིན་ཏེ་ངོ་བོ་གཅིག་ལ་རྟེན་དང་བརྟེན་པ་དང་ལས་དང་བྱེད་པོ་མི་རུང་བའི་ཕྱིར་རོ། །མཚན་གཞི་སྔར་མེད་པར་མ་གྲུབ་བོ་སྙམ་ན། གལ་ཏེ་ནམ་མཁའི་མཚན་ཉིད་ལས་མཚན་གཞི་ནམ་མཁའ་སྔར་གྲུབ་པར་གྱུར་ན་ནི་དེ་ལ་མཚན་ཉིད་མེད་པར་ཐལ་བར་འགྱུར་ལ། འདོད་པར་ནི་མི་ནུས་ཏེ་སྤྱིར་མཚན་ཉིད་མེད་པའི་ཆོས་སམ་དངོས་པོ་ནི་རྣམ་པ་འགའ་ཡུལ་ལམ་དུས་གང་ན་ཡང་ཡོད་པ་མ་ཡིན་ཏེ། རང་རང་གི་ཐ་སྙད་དུ་འཇོག་པའི་རྒྱུ་ཐུན་མོང་མ་ཡིན་པའི་ངོ་བོ་མེད་པའི་ཆོས་མི་སྲིད་པའི་ཕྱིར་སྙམ་དུ་དགོངས་པའོ། །གཉིས་པ་ནི། གཞན་ཡང་མཚན་ཉིད་འདི་འཇུག་ན་སྔར་ནས་མཚན་ཉིད་དེ་དང་བཅས་པའམ། དེ་མེད་པའམ། དེ་གཉིས་ལས་གཞན་པ་ཞིག་ལ་འཇུག་གྲང་། དེ་ལ་མཚན་ཉིད་དེ་སྔར་མེད་པ་ལ་ནི་མཚན་ཉིད་དེ་མི་འཇུག་སྟེ། བོང་བུའི་རྭ་ལྟར་དེ་ལ་མཚན་ཉིད་འཇུག་པར་འགལ་བའི་ཕྱིར་རོ། །སྔར་ནས་མཚན་ཉིད་དང་བཅས་པ་ལའང་འཇུག་པ་མིན་ཏེ་དོན་དང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །མཚན་བཅས་དང་མཚན་ཉིད་མེད་པ་ལས་གཞན་ལའང་འཇུག་པར་མི་འགྱུར་ཏེ། དེ་གཉིས་དངོས་འགལ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མཚན་ཉིད་འཇུག་པ་མེད་མོད་མཚན་གཞི་ནམ་མཁའ་ཡོད་དོ་སྙམ་ན། སྔར་བཤད་པའི་ཚུལ་གྱིས་མཚན་ཉིད་འཇུག་པ་མ་ཡིན་ན། མཚན་གཞི་འཐད་པར་མི་འགྱུར་ཏེ་མཚན་གཞིའི་མཚན་ཉིད་མཚན་ཉིད་གྱི་རྟེན་བྱེད་པ་ཡིན་པས་སོ། །དེ་ལྟར་ནམ་མཁའི་མཚན་གཞི་བཀག་ནས། དེའི་མཚན་ཉིད་དགག་པ་ནི། གལ་ཏེ་ཁྱོད་ཀྱིས་མཚན་ཉིད་མཚན་གཞི་ལ་འཇུག་པ་བཀག་པ་ཡིན་གྱི་མཚན་ཉིད་དེ་ཉིད་མ་བཀག་པས་ཡོད་དོ་སྙམ་ན། སྔར་བཤད་པའི་ཚུལ་གྱིས་མཚན་ཉིད་འཇུག་པ་མེད་པས་རྟེན་ནམ་ལས་མཚན་གཞི་ནམ་མཁའ་འཐད་པ་མ་ཡིན་པའི་ཕྱིར་ན་བརྟེན་པའམ་བྱེད་པ་པོ་དེའི་མཚན་ཉིད་ཀྱང་ནི་ཡོད་པ་མ་ཡིན་ཏེ་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་པའོ། །དེ་གཉིས་ཀྱི་དོན་བསྡུ་བ་ནི། མཚན་ཉིད་འཇུག་པ་མི་འཐད་པ་དེའི་ཕྱིར་ནམ་མཁའི་མཚན་གཞི་ཡོད་མིན་ཏེ། རྟེན་མཚན་གཞི་མེད་པས་དེའི་མཚན་ཉིད་ཡོད་པ་ཉིད་མ་ཡིན་ཞེས་པའོ། །གཉིས་པ་ནམ་མཁའ་དངོས་པོ་དངོས་མེད་དུ་གྲུབ་པ་དགག་པ་ལ་དངོས་པོར་མ་གྲུབ་པ་དང་། དངོས་མེད་དུ་མ་གྲུབ་པ་དང་། དེའི་འཛིན་པ་མ་གྲུབ་པ་གསུམ་ལས། དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་དག་ནམ་མཁའ་འདུས་མ་བྱས་རྟག་པའི་དངོས་པོར་སྨྲ་བ་ལ། ནམ་མཁའ་ནི་དངོས་པོར་མི་རུང་སྟེ་མཚན་ཉིད་མཚན་གཞི་གཉིས་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །དེའི་ཕྱོགས་ཆོས་ནི་སྔར་བསྒྲུབས་ཟིན་ལ། ཁྱབ་པ། མཚན་ཉིད་མཚན་གཞི་མ་གཏོགས་པའི་དངོས་པོ་ཡང་ནི་ཡོད་པ་མ་ཡིན་ཏེ། གཞི་དང་ཐུན་མོང་མ་ཡིན་པའི་ཐ་སྙད་དུ་འཇོག་པའི་རྒྱུ་རང་གི་ངོ་བོ་མེད་པའི་ཆོས་མི་སྲིད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཉིས་པ་ནི། མདོ་སྡེ་པ་དག་ནམ་མཁའ་ནི་དོན་བྱེད་པས་སྟོང་པ་དངོས་པོ་མེད་པའི་རང་བཞིན་དུ་ཡོད་དོ་ཞེས་སྨྲ་བ་ལ། ནམ་མཁའ་ཆོས་ཅན། དེ་ཁོ་ནར་དངོས་པོ་མེད་པ་ཙམ་དུའང་གྲུབ་པ་མེད་དེ། སྔར་བཤད་པའི་ཚུལ་གྱིས་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ། །གལ་ཏེ་ནམ་མཁའ་དངོས་པོར་མ་གྲུབ་པ་ཉིད་དངོས་པོ་མེད་པར་གྲུབ་པ་ཡིན་པས་ཁྱབ་པ་མ་གྲུབ་བོ་ཞེས་ཀྱང་བསམ་པར་མི་རིགས་ཏེ། རིང་པོ་དང་ཐུང་ངུ་ལྟར་དགག་བྱ་དང་བཀག་པ་ཕན་ཚུན་ལྟོས་དགོས་པས་ན་དགག་བྱ་དངོས་པོ་ཉིད་མ་གྲུབ་ན། དེ་བཀག་ཆོས་དངོས་མེད་དེ་དགག་བྱ་གང་གི་བཀག་ཆོས་ཡིན་པར་འགྱུར་ཏེ། རྨི་ལམ་གྱི་བུ་མི་བདེན་པས་དེ་ཤི་བ་མི་བདེན་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་དངོས་པོ་དངོས་མེད་ལ་དཔྱོད་པ་པོའི་གང་ཟག་ཡོད་པས་དེའི་དཔྱད་བྱ་དངོས་པོ་དངོས་མེད་གཉིས་ཀྱང་ཡོད་པ་ཡིན་ནོ་ཞེ་ན། དེ་གཉིས་ཀྱི་དཔྱོད་པ་པོ་ཉིད་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དངོས་པོ་དང་དངོས་མེད་དང་དེ་གཉི་གའི་མི་མཐུན་ཕྱོགས་སུ་གྱུར་པའི་གང་ཟག་གང་གིས་དཔྱད་བྱ་དངོས་པོ་དང་དངོས་མེད་ཤེས་པའམ་དཔྱོད་པར་བྱེད་གྲང་། དེ་དག་སྔར་དངོས་པོ་ཙམ་དང་དངོས་མེད་ཙམ་སྤྱིར་བཀག་པ་དང་། དངོས་འགལ་ལ་དགག་ཕྱོགས་ཀྱི་ཕུང་གསུམ་མི་སྲིད་པས་བཀག་ཟིན་པའི་ཕྱིར་རོ། །ཇི་སྐད་དུ། མདོ་ལས། ནང་གི་བདག་ཉིད་སྟོང་པར་ལྟོས། །ཕྱི་རོལ་གྱུར་པའང་སྟོང་པར་ལྟོས། །གང་ཞིག་སྟོང་ཉིད་སྒོམ་བྱེད་པ། །དེ་འགའ་ཞིག་ཀྱང་ཡོད་མ་ཡིན། །ཅེས་དང་། གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །སེམས་པ་དེ་ཡང་ནམ་ཡང་འབྱུང་མ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་ཡིན་ཏེ། །དེ་ཕྱིར་ཆོས་རྣམས་བསམ་ཡས་རྟོགས་པར་གྱིས། །ཞེས་གསུངས་པ་ལྟ་བུའོ། །མཇུག་བསྡུ་བ་ནི། མཚན་ཉིད་འཇུག་པ་མི་འཐད་པ་དེའི་ཕྱིར་ནམ་མཁའ་མཚན་གཞི་མིན་ལ། མཚན་གཞི་མེད་པ་དེའི་ཕྱིར་དེའི་མཚན་ཉིད་ཡོད་པ་མིན་ཞིང་། དེ་གཉིས་མེད་པའི་ཕྱིར་དེ་དངོས་པོ་མིན་ལ། དགག་པ་མེད་པ་དེའི་ཕྱིར་དེ་དངོས་མེད་མ་ཡིན་ཞེས་སྦྱར་བར་བྱའོ། །དེ་ལྟར་ནམ་མཁའི་ཁམས་བཀག་ནས་དེ་གཞན་ལ་བསྒྲེ་བ་ནི། ས་ལ་སོགས་པ་ཁམས་ལྔ་པོ་གཞན་གང་དག་ཀྱང་ནམ་མཁའ་མཚུངས་ཞེས་པ་སྟེ། ས་ཡི་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མ་ཡིན། །ཅེས་པ་ལ་སོགས་པ་ཐམས་ཅད་སྔ་མ་ལྟར་སྦྱར་བར་བྱའོ། །གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི། དེ་ལྟར་ན་རིགས་པ་དེ་ཉིད་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་ཡང་དག་པར་མཚན་ཉིད་མཚན་གཞི་དང་། དངོས་པོ་ཡོད་མེད་ཀྱི་སྤྲོས་པས་སྟོང་པར་གྲུབ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པའི་བློ་ཆུང་གང་དག་ཕྱི་ནང་གི་དངོས་པོ་ཀུན་རྫོབ་པ་རྣམས་ལ་ཡང་དག་པར་ཡོད་པ་ཉིད་དང་དེ་བཀག་པའི་མེད་པ་ཉིད་དུ་ལྟ་བའི་གང་ཟག་དེ་ཡིས་ནི་བལྟ་བར་བྱ་བ་དོན་དམ་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྒྲ་རྟོག་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལ་ཞི་བར་མི་མཐོང་སྟེ་དམུས་ལོང་གིས་ཉི་མ་བཞིན་ནོ། །དེའི་ཕྱིར་དེ་དག་གིས་ཀུན་རྫོབ་ཏུ་སྲིད་པའི་མཐའ་སྤངས་ནས་ཞི་བ་ཙམ་དང་། སྲིད་ཞི་གཉི་གའི་མཐའ་སྤངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་གོ་སྐབས་མེད་པས། མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱིས་ཇི་སྐད་བཤད་པའི་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་བསྒོམ་པར་བྱའོ། །དོན་འདི་ཉིད་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཡོད་དང་མེད་ཅེས་བྱ་བ་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་གཉིས་ཡིན། །ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ། །གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པ་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པ་སྡུག་བསྔལ་འགག །ཅེས་གསུངས་པ་ཡིན་ནོ། །རབ་ཏུ་བྱེད་པའི་དོན་བསྡུ་བ་ནི་སྔར་བཤད་པའི་རྗེས་སུ་འབྲངས་ལ་ཤེས་པར་བྱའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་ཁམས་བརྟག་པ་སྟེ། རབ་ཏུ་བྱེད་པ་ལྔ་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ཆོས་ཀྱི་བདག་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་བཀག་ནས། དེ་དག་གི་སྒྲུབ་བྱེད་དགག་པ་ལ་གསུམ་ལས། དང་པོ་དེ་དག་གི་ཡུལ་ཅན་ནམ། འབྲས་བུ་ཉོན་མོངས་པ་རང་བཞིན་དུ་འགོག་པ་འདོད་ཆགས་དང་ཆགས་པ་བརྟག་པ་ལའང་གསུམ་ལས། འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་འདོད་ཆགས་པ་དང་། གང་ལ་འདོད་ཆགས་པ་དང་། གང་གིས་འདོད་ཆགས་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་སོ་ཞེས་དང་། ཡང་། གང་དག་འདོད་ཆགས་ཞེ་སྡང་རྒྱགས་དང་གཏི་མུག་གི །ངོ་བོ་ཀུན་རྟོག་གིས་བསྐྱེད་ལོག་པར་ཞུགས་ཤེས་ནས། །རྣམ་པར་རྟོག་པར་མི་བྱེད་ཆགས་བྲལ་མི་འགྱུར་བའི། །སྒོམ་པོ་དེ་དག་རྣམས་ནི་དངོས་པོ་ཐམས་ཅད་ཡིན། །ཅེས་གསུངས་པ་ལ་སོགས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་སྐྱེ་མཆེད་དང་ཕུང་པོ་དང་ཁམས་བཀག་མོད་ཀྱི། དེ་དག་ཡོད་པ་ཉིད་དེ་དེའི་ཡུལ་ཅན་འདོད་ཆགས་ལ་སོགས་པ་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་ཀྱི་རྒྱུར་གྱུར་པ་དག་ཡོད་པའི་ཕྱིར་རོ། །ཇི་སྐད་དུ། མདོ་ལས། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྟག་པར་ལྷུང་ཞིང་། མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་ཏེ་འདོད་ཆགས་པར་བྱེད་དོ། །དེས་འདོད་ཆགས་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་དོ་ཞེས་གསུངས་ལ། མོ་གཤམ་གྱི་བུ་ལྟར་ཡུལ་མེད་པར་ཉོན་མོངས་པ་འབྱུང་བར་མི་རིགས་སོ་སྙམ་པ་ལ། ཉོན་མོངས་པ་ཉིད་དཔྱད་ན་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཞུང་བཤད་པ་ལ་འདོད་ཆགས་དང་ཆགས་པ་དགག་པ་དང་། དེ་ཆོས་གཞན་ལ་བསྒྲེ་བ་གཉིས་ལས། དང་པོ་ལའང་གཉིས་ཏེ། དེ་གཉིས་སྔ་ཕྱིར་འབྱུང་བ་དང་། ལྷན་ཅིག་འབྱུང་བ་དགག་པའོ། །དང་པོ་ནི། ཡང་དག་པ་མ་ཡིན་པའི་ཡོན་ཏན་ལ་མངོན་པར་དགའ་བའི་སེམས་བྱུང་འདོད་ཆགས་རང་བཞིན་དུ་ཡོད་ན། རྟེན་ཆགས་པ་སྟེ་འདོད་ཆགས་ཅན་གྱི་གཙོ་བོ་རྣམ་ཤེས་སྔར་ཡོད་པའམ་མེད་པ་ཞིག་ལ་རྟོག་གྲང་། དང་པོ་ལྟར་ན། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཞིག་ཡོད་ན་རྟེན་འདོད་ཆགས་ཅན་གྱི་གཙོ་བོ་རྣམ་ཤེས་སྔར་གྲུབ་པ་དེ་ལ་བརྟེན་ནས་བརྟེན་པ་འཁོར་སེམས་བྱུང་འདོད་ཆགས་ཡོད་དུ་རུང་བས་ཆགས་པ་སྔར་ཡོད་པ་ན་འདོད་ཆགས་ཡོད་དོ་ཞེས་རིགས་པར་འགྱུར་བ་ཞིག་ན། འདོད་ཆགས་མེད་པའི་ཆགས་པ་ཡོད་པ་ནི་སྲིད་པའང་མ་ཡིན་ཏེ། འཕགས་པ་དགྲ་བཅོམ་པ་རྣམས་ལའང་ཆགས་པ་ཡོད་པར་འགྱུར་བས་མཐར་འདོད་ཆགས་ཀྱང་ཡོད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། རྟེན་ཆགས་པ་སྔར་ཡོད་པར་མ་གྱུར་ནའང་བརྟེན་པ་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། རྟེན་ཤིང་ཏོག་མེད་པར་དེའི་སྨིན་པ་མེད་པ་བཞིན་ནོ། །དེ་ལྟར་འདོད་ཆགས་མེད་མོད་ཆགས་པ་ཡོད་དོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ་ཆགས་པ་སྔར་ཡོད་མེད་ཀྱི་འདོད་ཆགས་མི་འཐད་པའི་རིམ་པ་འདི་ཉིད་རྟེན་ཆགས་པ་ལ་ཡང་བརྟེན་པ་འདོད་ཆགས་ནི་སྔར་ཡོད་པ་ན་འདོད་དམ། འོན་ཏེ་མེད་ཀྱང་འདོད་ཅེ་དཔྱད་ན་མི་འཐད་པར་མཚུངས་ཏེ། སྔ་མ་ལྟར་ན། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད་དུ་རུང་བས། འདོད་ཆགས་སྔར་ཡོད་པ་ན་ཆགས་པ་ཡོད་དོ་ཞེས་རིགས་པར་འགྱུར་བ་ཞིག་ན། འདོད་ཆགས་སྔར་ཡོད་པ་ཉིད་མི་སྲིད་དེ་རྟེན་མེད་པའི་ཕྱིར་ཤིང་ཏོག་མེད་པར་དེའི་སྨིན་པ་བཞིན་ཅེས་དང་། ཕྱི་མ་ལྟར་ན། འདོད་ཆགས་ཡོད་པར་མི་གྱུར་ནའང་། །ཆགས་པ་ཡོད་པར་ག་ལ་འགྱུར་ཏེ། འཕགས་པ་དགྲ་བཅོམ་པ་ལའང་ཆགས་པ་ཡོད་པར་ཐལ་བས་སོ་ཞེས་འདོན་པ་བསྒྱུར་བས་ཤེས་པར་བྱའོ། །གཉིས་པ་ལ་ཁ་ཅིག་དེ་གཉིས་སྔ་ཕྱིར་འབྱུང་བ་མ་ཡིན་གྱི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་པའི་ཚུལ་གྱིས་སེམས་ཀྱིས་དུས་མཉམ་དུ་སེམས་བྱུང་འདོད་ཆགས་བསྐྱེད་ལ་དེས་ཀྱང་སེམས་འདོད་ཆགས་ཅན་ནམ་ཆགས་པར་བྱེད་པ་ཡིན་པས་ལྷན་ཅིག་ཏུ་འབྱུང་བ་ཡིན་ནོ་ཞེ་ན། འདི་དགག་པ་ལ་ལྟོས་མེད་དུ་འགྱུར་བ་དང་། གཅིག་དང་ཐ་དད་ལ་ལྷན་ཅིག་མི་འཐད་པ་གཉིས་ལས། དང་པོ་ནི། འདོད་ཆགས་དང་ནི་ཆགས་པ་དག་ལྷན་ཅིག་ཉིད་དུ་སྐྱེ་བར་མི་རིགས་ཏེ། འདི་ལྟར་གལ་ཏེ་ལྷན་ཅིག་ཏུ་འབྱུང་ན་བ་ལང་གི་རྭ་གཡས་གཡོན་ལྟར་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་ན། མ་དཔྱད་པའི་མངོན་སུམ་ཉིད་ཀྱིས་ཕན་ཚུན་ལྟོས་པར་མཐོང་བས་ན་ལྷན་ཅིག་ཏུ་མི་རིགས་སོ་ཞེས་པའི་དོན་ཏོ། །གཉིས་པ་ལའང་གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག་པ་དང་། ཐ་དད་ལ་ལྷན་ཅིག་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི། རེ་ཞིག་དེ་གཉིས་ངོ་བོ་གཅིག་པའམ། ཐ་དད་པ་ཞིག་ལ་ལྷན་ཅིག་རྟོག་གྲང་། དང་པོ་ལྟར་ན། དེ་གཉིས་ལ་ལྷན་ཅིག་ཉིད་མེད་དེ་ངོ་བོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཁྱབ་པ་ནི་ལྷན་ཅིག་ལ་འདི་འདི་དང་ལྷན་ཅིག་ཅེས་ཐ་དད་པས་ཁྱབ་པས་ན་དེ་ཉིད་དེ་དང་ལྷན་ཅིག་ཏུ་རུང་བ་མིན་ནོ། །ངོ་བོ་གཅིག་ཀྱང་ལྡོག་པ་ཐ་དད་པས་ལྷན་ཅིག་རུང་ངོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། ལྡོག་པ་ཐ་དད་རྟོག་པས་བརྟགས་པ་ཡིན་གྱི་དོན་ལ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཇི་སྟེ་ངོ་བོ་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ། དེའི་ཁྱབ་པ་ནི། དངོས་པོ་ཐ་དད་ཡུལ་དུས་གཅིག་པར་འགལ་བའི་ཕྱིར་ཏེ་གཟུགས་ཅན་དང་ཤེས་པའི་དངོས་པོ་ཐ་དད་ཡུལ་གོ་ས་གཅིག་དང་རྒྱུད་གཅིག་ཏུ་མི་རུང་ཞིང་། དངོས་པོ་ལས་ཐ་དད་པའི་དུས་མ་དམིགས་པའི་ཕྱིར་རོ། །ཡང་དེ་གཉི་ག་ཧ་ཅང་ཐལ་བས་དགག་པ་ནི། གལ་ཏེ་ངོ་བོ་གཅིག་པུ་ཞིག་ལ་ལྷན་ཅིག་འདོད་ན། གྲོགས་གཞན་མེད་པར་ལྷ་སྦྱིན་གཅིག་པུར་གནས་པ་ཡང་ལྷན་ཅིག་དེར་འགྱུར་རོ། །ཡང་གལ་ཏེ་ངོ་བོ་ཐ་དད་པ་ལ་ལྷན་ཅིག་འདོད་ན། ཤར་ནུབ་ཀྱི་རིའི་རྟ་དང་བ་ལང་ལྟར་ཕན་ཚུན་གྲོགས་སུ་མེད་པར་ཐ་དད་དུ་གནས་པ་ཡང་ལྷན་ཅིག་དེར་འགྱུར་རོ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། དེ་གཉིས་ཐ་དད་པར་མ་གྲུབ་པས་ལྷན་ཅིག་ཏུ་མི་འགྲུབ་པ་དང་། ཐ་དད་པར་གྲུབ་ན་རང་བཞིན་དུ་བསྒྲུབ་པ་ལ་ལྷན་ཅིག་དོན་མེད་པ་དང་། ཐ་དད་ལྷན་ཅིག་ལ་ལྟོས་ན་ཕན་ཚུན་བརྟེན་པའོ། །དང་པོ་གལ་ཏེ་ངོ་བོ་ཐ་དད་ལ་ལྷན་ཅིག་འདོད་ན་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་གྲུབ་ན། དེས་ན་དེ་གཉིས་ལྷན་ཅིག་ཏུ་འགྱུར་བ་ཞིག་ན་ཅི་གོ་འདོད་ཆགས་དང་ནི་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་ཉིད་དུ་གྲུབ་འགྱུར་རམ་སྟེ་མ་གྲུབ་པས་ལྷན་ཅིག་ཏུ་མི་འགྲུབ་ཅེས་སྦྱར་བར་བྱའོ། །གཉིས་པ་ནི། གལ་ཏེ་ཐ་དད་པར་མ་གྲུབ་པ་ལ་ལྷན་ཅིག་མི་རུང་བས་འདོད་ཆགས་དང་ནི་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་ཉིད་དུ་གྲུབ་པར་འདོད་པར་གྱུར་ན། དེ་ལྟར་གྲུབ་པ་ཉིད་ན་རང་བཞིན་དུ་འགྲུབ་པའི་ཕྱིར་འདོད་ཆགས་དང་ཆགས་པ་དེ་དག་རང་བཞིན་དུ་བསྒྲུབ་པ་ལ་ལྷན་ཅིག་ཉིད་དུ་ནི། ཅི་ཡི་ཕྱིར་ན་ཡོངས་སུ་རྟོག་པར་བྱེད་དེ། སྔར་དེ་གཉིས་སྔ་ཕྱིར་མི་རུང་བས་རང་བཞིན་མེད་དོ་ཞེས་བསྟན་པ་ལ། དེ་ལྟ་ནའང་དེ་གཉིས་ལྷན་ཅིག་ཏུ་ཡོད་པས་རང་བཞིན་དུ་ཡོད་དོ་ཞེས་དང་། ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་མ་གྲུབ་པ་ལ་ལྷན་ཅིག་མི་རུང་བས་དེ་ལྟར་གྲུབ་པར་ཡང་ཁྱོད་ཀྱིས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གྲུབ་པ་ཉིད་ན་རང་བཞིན་དུ་གྲུབ་པའི་ཕྱིར་དེ་གཉིས་ཐ་དད་དུ་གྲུབ་པས་ལྷན་ཅིག་ཏུ་ཡོད་ལ། ལྷན་ཅིག་ཏུ་ཡོད་པས་རང་བཞིན་དུ་ཡོད་དོ་ཞེས་དེ་གཉིས་རང་བཞིན་དུ་བསྒྲུབ་པ་ལ་བར་གྱི་ལྷན་ཅིག་དོན་མེད་དོ། །གསུམ་པ་ནི། ལྷན་ཅིག་དོན་མེད་པར་མི་འགྱུར་ཏེ་དེ་ལ་མ་ལྟོས་པར་ཐ་དད་ཉིད་གྲུབ་པར་མ་གྱུར་པས་ཐ་དད་དེ་བསྒྲུབ་པའི་ཕྱིར་ལྷན་ཅིག་དེའི་སྒྲུབ་བྱེད་དུ་འདོད་པར་བྱེད་ན་ནི། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །ཞེས་པའི་ཚུལ་གྱིས་ཐ་དད་པར་མ་གྲུབ་པ་ལ་ལྷན་ཅིག་ཉིད་མི་རུང་བས། ལྷན་ཅིག་རབ་ཏུ་བསྒྲུབ་པའི་ཕྱིར། །ཐ་དད་པ་ཉིད་དེའི་སྒྲུབ་བྱེད་དུ་ཡང་འདོད་དམ་སྟེ་འདོད་པར་བྱ་དགོས་པས་ཐ་དད་དང་ལྷན་ཅིག་གྲུབ་པ་ཕན་ཚུན་བརྟེན་པར་འགྱུར་རོ། །དེའི་ཕྱིར་ཐ་དད་དངོས་པོ་གང་ཡོད་ན། ལྷན་ཅིག་དངོས་པོ་འདོད་པར་བྱེད་དེ་ཐ་དད་ལ་ལྟོས་ནས་ལྷན་ཅིག་མི་འགྲུབ་ཅེས་པའོ། །ཇི་ལྟར་ཞེ་ན། སྔར་བཤད་པ་ལྟར་སྒྲུབ་བྱེད་ཐ་དད་ཉིད་ཀྱང་བསྒྲུབ་བྱ་ལྷན་ཅིག་ལ་ལྟོས་པས་ན་སྒྲུབ་བྱེད་ཐ་དད་ཀྱི་ངོ་བོ་སྔར་མ་གྲུབ་པས། བསྒྲུབ་བྱ་ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར་ཞེས་པའོ། །དེ་བཞིན་ཏུ་ལྷན་ཅིག་ལ་ལྟོས་ནས་ཐ་དད་མི་འགྲུབ་པ་ཡང་། ལྷན་ཅིག་དངོས་པོ་གང་ཡོད་ན། །ཐ་དད་དངོས་པོ་འདོད་པར་བྱེད། །ལྷན་ཅིག་དངོས་པོ་མ་གྲུབ་པས། །ཐ་དད་དངོས་པོ་འགྲུབ་མི་འགྱུར། །ཞེས་འདོན་པ་བསྒྱུར་བས་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། སྔར་བཤད་པའི་ཚུལ་དེ་ལྟར་རྣམ་པར་དཔྱད་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་དང་ལྷན་ཅིག་མིན་པར་མི་འགྲུབ་པས་རང་བཞིན་མེད་དོ་ཞེས་པའོ། །གཉིས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། འདོད་ཆགས་རྟེན་ཆགས་པ་དང་ལྷན་ཅིག་དང་ལྷན་ཅིག་མ་ཡིན་པར་མ་གྲུབ་པ་དེ་བཞིན་དུ། ཉོན་མོངས་པ་ཞེ་སྡང་ལ་སོགས་པ་ལྟོས་བཅས་ཀྱི་ཆོས་རྣམས་ཀུན་རྟེན་སྡང་བ་ལ་སོགས་པ་རང་རང་གི་ལྟོས་པ་དང་ལྷན་ཅིག་དང་ལྷན་ཅིག་མིན་པར་མི་འགྲུབ་པས། བརྟེན་ནས་འབྱུང་བའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་གྲུབ་སྟེ། གལ་ཏེ་ཞེ་སྡང་སྔ་རོལ་ན། །ཞེ་སྡང་མེད་པའི་སྡང་ཡོད་ན། །ཞེས་ཐམས་ཅད་ལ་མཚུངས་པར་སྦྱར་བར་བྱའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། འདོད་ཆགས་དང་ཆགས་པ་བརྟག་པ་སྟེ། རབ་ཏུ་བྱེད་པ་དྲུག་པའི་རྣམ་པར་བཤད་པའོ།།  །།འདུས་བྱས་ཀྱི་མཚན་ཉིད་བརྟག་པ་ལའང་གསུམ་ལས་འབྲེལ་དགོད་པ་ལ། ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིགས་ནས་རྡུལ་ཙམ་མི་དམིགས་པ། །དེ་ཚེ་འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཆོས་གང་འབྱུང་བ་མེད་ཅིང་འཇིག་པ་མེད། །གནས་པ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཅེས་པ་ལ་སོགས་པ་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ། ཕུང་པོ་ཁམས་དང་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཅན་དག་ནི་ཡོད་པ་ཉིད་དེ། སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་སྟེ། འདུས་བྱས་ནི་སྐྱེ་བ་དང་འཇིག་པ་དང་། གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ་ཞེས་གསུངས་པས། དེ་དག་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་འཇིག་པ་རང་བཞིན་དུ་ཡོད་དོ་སྙམ་པ་ལ། དེ་ངེས་དོན་དུ་གསུངས་པ་མ་ཡིན་ཏེ། དེའི་མཚན་ཉིད་སྐྱེ་གནས་འཇིག་པ་ཉིད་རིགས་པས་མི་རུང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་འདི་བཀོད་པའོ། །འདིའི་གཞུང་བཤད་པ་ལ་གསུམ་སྟེ། འདུས་བྱས་ཀྱི་མཚན་ཉིད་ཡང་དག་པར་དགག་པ་དང་། དེས་གྲུབ་པའི་དོན་དང་། བཀག་པ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་ཡང་སྐྱེ་གནས་འཇིག་པ་ཐུན་མོང་དུ་དགག་པ་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ལ་གསུམ་སྟེ། འདུས་བྱས་ཡིན་མ་ཡིན་དང་། རེ་རེ་བ་དང་འདུས་པ་དང་། དེ་ལ་མཚན་ཉིད་གཞན་ཡོད་མེད་དུ་དཔྱད་པས་དགག་པའོ། །དང་པོ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་བུམ་པ་འདུས་བྱས་སུ་མཚོན་པ་ལ་སྐྱེ་བ་དང་གནས་པ་དང་འཇིག་པ་དོན་གཞན་དུ་གྱུར་པ་ཞིག་དེའི་མཚན་ཉིད་དུ་སྨྲ་བ་ལ། མཚན་གཞི་ལས་ངོ་བོ་གཞན་དུ་གྱུར་པའི་སྐྱེ་བ་ཞིག་དེ་འདུས་བྱས་སུ་མཚོན་པའི་མཚན་ཉིད་དུ་འདོད་པ་ན། འདུས་བྱས་སམ་འདུས་མ་བྱས་ཤིག་དེའི་མཚན་ཉིད་དུ་རྟོག་གྲང་། དེ་ལ་གལ་ཏེ་སྐྱེ་བ་འདུས་བྱས་ཡིན་ན་བུམ་པ་ལྟར་དེ་ལ་སྐྱེ་བ་ལ་སོགས་པའི་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། ཁྱབ་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་སྐྱེ་གནས་འཇིག་པ་གསུམ་ལ་མི་འཁྲུལ་བར་རང་ཉིད་ཀྱིས་ཁས་བླངས་ལ། འདོད་པར་ནི་མི་ནུས་ཏེ། དེ་ལྟ་ན་གཟུགས་ལ་སོགས་པ་ལྟར་འདུས་བྱས་ཀྱི་མཚན་གཞིར་འགྱུར་པས་དེའི་མཚན་ཉིད་ཡིན་པ་ཉམས་པའི་ཕྱིར་རོ། །ཇི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ན་ནམ་མཁའ་ལྟར་དེ་ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། ཁྱབ་པ་ནི་མཚན་ཉིད་དེ་མཚན་གཞི་དང་མཚོན་བྱ་ལ་མི་སྲིད་པས་མཚན་ཉིད་དུ་མི་རུང་བར་དགོངས་པའོ། །ལྷག་མ་གཉིས་པོ་ཡང་། གལ་ཏེ་གནས་པ་འདུས་བྱས་ན། །ཞེས་དང་། གལ་ཏེ་འཇིག་པ་འདུས་བྱས་ན། །ཞེས་འདོན་པ་བསྒྱུར་བས་བཀག་པར་བལྟའོ། །གཉིས་པ་ནི། ཡང་གསུམ་པོ་རེ་རེ་བའམ་འདུས་པ་ཞིག་དེའི་མཚན་ཉིད་དུ་རྟོག་གྲང་། དང་པོ་ལྟར་ན། སྐྱེ་ལ་སོགས་གསུམ་སོ་སོ་སྟེ་རེ་རེ་བ་ཡིས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་ནི་ནུས་པ་མིན་ཏེ། འདུས་བྱས་ཆོས་གཉིས་གཉིས་དང་བྲལ་བས་འདུས་མ་བྱས་སུ་འགྱུར་བ་དང་། མ་སྐྱེས་པ་དང་། རང་དུས་སུ་མི་གནས་པ་དང་། རྟག་པ་དངོས་པོར་མི་རུང་བའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་པོ་གཅིག་ལ་དུས་གཅིག་ཏུ་དེ་གསུམ་འདུས་པར་ཡང་ནི་ཇི་ལྟར་འགྱུར་ཏེ་བྱ་བ་འགལ་བའི་ཕྱིར་སྣང་མུན་བཞིན་ནོ། །གསུམ་པ་ལ་གཉིས་ལས་རེ་ཞིག་ཧ་ཅང་ཐལ་བ་དགོད་པ་ནི། གཞན་ཡང་གལ་ཏེ་སྐྱེ་དང་གནས་དང་འཇིག་རྣམས་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་གཞན་ཞིག་ནི་ཡོད་ན། དེ་ལའང་འདུས་བྱས་ཀྱི་མཚན་ཉིད་གཞན་ཡོད་དགོས་པས་འདུས་བྱས་ཀྱི་མཚན་ཉིད་ཐུག་པ་མེད་པར་འགྱུར་ལ། དེ་ལྟ་ན་མཐའ་ཕྱི་མ་མ་གྲུབ་པས་སྔ་མ་གྲུབ་པར་མི་འགྱུར་རོ། །འོན་ཏེ་སྐྱེ་གནས་འཇིག་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་གཞན་མེད་ན་དེ་དག་འདུས་བྱས་མིན་པས་དེའི་མཚན་ཉིད་དུ་མི་རུང་ངོ་། །གཉིས་པ་ཉེས་སྤོང་གི་ལན་དགག་པ་ལ། ཐལ་བ་དང་པོ་དང་། གཉིས་པའི་ལན་དགག་པ་གཉིས་ལས། དང་པོ་ནི། མང་པོས་བཀུར་བ་ཁ་ཅིག་མཚན་ཉིད་སྐྱེ་གནས་འཇིག་པ་ལ་སྐྱེ་བའི་སྐྱེ་བ་ལ་སོགས་པ་མཚན་ཉིད་གཞན་གསུམ་ཡོད་པས་ཉེས་པ་གཉིས་པ་མེད་ལ། ཐུག་པ་མེད་པར་ཡང་མི་འགྱུར་ཏེ། མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ཕན་ཚུན་མཚོན་པའམ་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་ལྟར་མཚན་གཞི་དེ་ཉིད་དང་། མཚན་ཉིད་གསུམ་དང་། རྗེས་སུ་མཐུན་པའི་མཚན་ཉིད་གསུམ་སྟེ་ཆོས་བདུན་ཡོད་པ་ལས། སྐྱེ་བའི་སྐྱེ་བས་རྩ་བ་ཡི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་སྐྱེ་བ་ཡི་སྐྱེ་བ་ལ་སོགས་པ་རང་ཉིད་ལས་གཞན་པ་དྲུག་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལ་སྐྱེ་བའི་སྐྱེ་བ་ནི་སྐྱེ་བ་རང་ཉིད་སྐྱེད་པའི་སྐྱེ་བའི་བྱ་བ་དང་། རྩ་བའི་སྐྱེ་བ་ནི་སྐྱེ་བ་ལས་མ་གཏོགས་པའི་ཆོས་གཞན་སྐྱེད་པའི་སྐྱེ་བའི་བྱ་བའོ། །དེ་བཞིན་ཏུ་གནས་པའི་གནས་པས་རྩ་བའི་གནས་པ་ཉིད་དང་། རྩ་བའི་གནས་པས་ཆོས་གཞན་དྲུག་གནས་པར་བྱེད་ལ། འཇིག་པའི་འཇིག་པས་རྩ་བའི་འཇིག་པ་ཉིད་དང་། རྩ་བའི་འཇིག་པས་ཆོས་གཞན་དྲུག་འཇིག་པར་བྱེད་པས་མཚན་ཉིད་གསུམ་དང་མཐུན་པའི་མཚན་ཉིད་གསུམ་གྱི་མཚན་གཞི་དང་ཆོས་བདུན་པོ་རེ་རེ་ཡང་དང་པོར་བསྐྱེད། བར་དུ་གནས་པར་བྱས། ཐ་མར་འཇིག་པར་བྱས་པ་ལ། དེ་དག་འདུས་བྱས་སུ་མཚོན་ཞེས་སྨྲ་བས། གཞི་མཚན་གཉིས་རྫས་ཐ་དད་དང་། བྱ་བྱེད་རང་དབང་བར་འདོད་པ་ཡིན་ནོ། །ཆོས་མངོན་པ་ལས། མཚན་ཉིད་ལ་རྒ་བ་དང་བཞིར་ཕྱེ་ནས། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་ལ། འདིར་གནས་པ་རྙིངས་པ་རྒ་བར་བརྗོད་པ་ཡིན་པས་དེ་རྒ་བ་གནས་པར་བསྡུས་པ་ཡིན་ནོ། །དེས་ན་འགྲེལ་པར་མཚན་ཉིད་བདུན། རྗེས་སུ་མཐུན་པའི་མཚན་ཉིད་བདུན། མཚན་གཞི་དང་ཆོས་བཅོ་ལྔར་ཕྱེ་ནས་དེ་ཆོས་བཅུ་བཞི་དང་གཅིག་ལ་འཇུག་ཅེས་པའི་དོན་དུ་འཆད་པ་ནི་རྩ་བའི་གཞུང་ན་མི་སྣང་ངོ་། །ཕན་ཚུན་བརྟེན་པའི་ཉེས་པས་དེ་སུན་དབྱུང་བ་ལ། སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་མི་འཐད་པ་དང་། རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་སྐྱེད་པར་མི་འཐད་པ་དང་། དེ་གཉི་གའི་ལན་དགག་པ་གསུམ་ལས། དང་པོ་ནི། གལ་ཏེ་ཁྱོད་ཀྱི་ལྟར་ན་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་ན། ཁྱོད་འདོད་པའི་སྐྱེ་བའི་སྐྱེ་བ་ཆོས་ཅན། དེས་རྩ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། དེའི་སྔར་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཞེ་ན། དེ་རྩ་བའི་སྐྱེ་བ་ལ་ལྟོས་པས་དེའི་སྔར་རྩ་བའི་སྐྱེ་བས་མ་བསྐྱེད་པའི་ཕྱིར་རོ་ཞེས་རྟགས་སུ་སྦྱར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་ལྟར་ན་རྩ་བའི་སྐྱེ་བ་ཡིས་སྐྱེད་པ་ཡི་སྐྱེ་བའི་སྐྱེ་བ་དེ་ཡིས་རྩ་བའི་སྐྱེ་བ་སྐྱེད་པས་ཉེས་པ་དེ་མེད་དོ་སྙམ་ན། དེ་ལྟ་ནའང་རྩ་བའི་སྐྱེ་བ་ཆོས་ཅན། དེས་སྐྱེ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། དེའི་སྔར་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་ཞེ་ན། དེ་སྐྱེ་བའི་སྐྱེ་བ་ལ་ལྟོས་པས་དེའི་སྔར་སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་ཕྱིར་རོ་ཞེས་པའོ། །གསུམ་པ་ནི། གལ་ཏེ་ཁོ་བོ་ཅག་དུས་གསུམ་རྫས་སུ་འདོད་པས་སྐྱེ་བའི་སྐྱེ་བའི་སྔར་དེས་མ་བསྐྱེད་ཀྱང་མ་འོངས་པ་ན་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་ཡོད་པས་དེས་སྐྱེ་བའི་སྐྱེ་བ་སྐྱེད་པར་བྱེད་ལ་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་མ་འོངས་པ་ན་ཡོད་པ་དེ་ཉིད་ད་ལྟར་དུ་སྐྱེད་པར་བྱེད་དོ་སྙམ་ན། སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང་། །ཞེས་པའི་ཚུལ་གྱིས་སྐྱེ་བཞིན་པ་ནི་མ་སྐྱེས་ཤིང་མེད་པ་ཡིན་པས། སྤྱིར་རང་ཉིད་མ་སྐྱེས་ཤིང་མེད་པ་དེ་ཡིས་མ་སྐྱེས་པ་གཞན་དེ་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་མ་འོངས་ཤིང་མེད་པ་དེ་ཡིས་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་ནི་འདོད་ལ་རག་ན། མོ་གཤམ་གྱི་བུ་མོས་དེའི་བུ་ལྟར་རང་ཉིད་མ་སྐྱེས་ཤིང་མེད་པས་མ་སྐྱེས་པ་གཞན་སྐྱེད་པར་མི་ནུས་པའི་ཕྱིར། རྩ་བའི་སྐྱེ་བ་སྐྱེ་བཞིན་པས་སྐྱེ་བའི་སྐྱེ་བ་སྐྱེད་པར་མི་རིགས་སོ་ཞེས་པའི་དོན་ཏོ། །ཡང་སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པ་མ་འོངས་པ་ན་ཡོད་པས་རྩ་བའི་སྐྱེ་བ་སྐྱེད་པ་ལའང་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ལྷག་མ་གཉིས་པོ་ལའང་། གལ་ཏེ་ཁྱོད་ཀྱི་གནས་པའི་གནས། །རྩ་བའི་གནས་པས་གནས་བྱེད་ན། །ཁྱོད་ཀྱི་རྩ་བས་མི་གནས་དེས། །དེ་ནི་ཇི་ལྟར་གནས་པར་བྱེད། །ཅེས་དང་། གལ་ཏེ་ཁྱོད་ཀྱི་འཇིག་པའི་འཇིག །རྩ་བའི་འཇིག་པས་འཇིག་བྱེད་ན། །ཞེས་འདོན་པ་བསྒྱུར་བས་བཀག་པར་བལྟའོ། །ཐལ་བ་གཉིས་པའི་ལན་དགག་པ་ནི། ཡང་ཁ་ཅིག་སྐྱེ་གནས་འཇིག་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་གཞན་མེད་པས་ཐུག་མེད་དུ་མི་འགྱུར་ལ། འདུས་མ་བྱས་སུ་ཡང་མི་འགྱུར་ཏེ་ཇི་ལྟར་མར་མེ་སྣང་བའི་རང་བཞིན་ཡིན་པས་རང་དང་གཞན་གཉི་ག་སྣང་བར་བྱེད་པ་དེ་བཞིན་ཏུ། སྐྱེ་བའི་བྱ་བའང་སྐྱེ་བའི་རང་བཞིན་ཡིན་པའི་ཕྱིར་རང་དང་དེ་ལས་གཞན་གྱི་འདུས་བྱས་ཀྱི་དངོས་པོ་གཉི་ག་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། གནས་པའང་རང་དང་གཞན་གྱི་དངོས། །གཉི་ག་གནས་པར་བྱེད་པ་ཡིན། །ཅེས་དང་། འཇིག་པའང་རང་དང་གཞན་གྱི་དངོས། །གཉི་ག་འཇིག་པར་བྱེད་པ་ཡིན། །ཅེས་སྦྱར་བར་བྱའོ། །འདི་སུན་དབྱུང་བ་ལ་གཉིས་ཏེ། དཔེ་མ་གྲུབ་པ་དང་། དོན་མི་འཐད་པའོ། །དང་པོ་ལ་ཁྱབ་བྱེད་མི་དམིགས་པའི་རྟགས་དང་། ཧ་ཅང་ཐལ་བས་དགག་པ་གཉིས་ལས། དང་པོ་ནི། རྣམ་པར་དཔྱད་ན་མར་མེས་རང་དང་གཞན་སྣང་བར་བྱེད་པའི་དཔེ་ཉིད་མ་གྲུབ་སྟེ། འདི་ལྟར་མར་མེས་ཆོས་ཅན། རང་དང་གཞན་ཅི་ཞིག་སྣང་བར་བྱེད་དེ། རང་གཞན་ལ་མུན་པ་མ་བསལ་བའི་ཕྱིར་རོ། །རྟགས་མ་གྲུབ་པ་མ་ཡིན་ཏེ་སྣང་མུན་ཡུལ་གཅིག་ཏུ་འགལ་བས་མར་མེ་དང་ནི་གཞན་ཡུལ་གང་དག་ན་མར་མེ་དེ་འདུག་པ་ན་བསལ་བྱའི་མུན་པ་མེད་པའི་ཕྱིར་རོ། །མུན་པ་མ་བསལ་ཡང་སྣང་བྱེད་ཡིན་པ་ཅི་འགལ་སྙམ་ན། འཇིག་རྟེན་ན་མུན་པ་སེལ་བས་སྣང་བྱེད་དུ་བརྗོད་པ་ཡིན་ནོ། །གལ་ཏེ་སྐྱེས་ཟིན་པའི་མར་མེས་མུན་པ་མི་སེལ་བ་དེ་ལྟ་ནའང་། སྐྱེ་བཞིན་པའི་མར་མེས་རང་དང་གཞན་ལ་མུན་པ་སེལ་བ་ཡིན་ནོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ། སྔར་བཤད་པ་ལྟར་སྣང་མུན་ཡུལ་དུས་གཅིག་ཏུ་འགལ་བས་ན་གང་གི་ཚེའམ་གང་གི་ཕྱིར་མར་མེ་སྐྱེ་བཞིན་པ་མུན་པ་དང་ནི་ཕྲད་པ་མེད་པ་དེའི་ཕྱིར་ན། མར་མེ་སྐྱེ་བཞིན་པས་ཇི་ལྟར་མུན་པ་སེལ་བར་བྱེད་པ་ཡིན་ཏེ་བསྐལ་པའི་ཡུལ་ན་གནས་པའི་མུན་པ་ལྟར་རྣམ་པ་ཐམས་ཅད་དུ་སེལ་བར་མི་བྱེད་དོ་ཞེས་པའོ། །གལ་ཏེ་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་ན་ཅི་སྟོ་ཁྱབ་པ་མེད་དོ་ཞེ་ན། དེ་ལྟ་ན་འདི་ན་གནས་པའི་མར་མེ་ཆོས་ཅན། དེས་གླིང་བར་གྱི་ལ་སོགས་པ་འཇིག་རྟེན་ཀུན་ན་གནས་པའི་མུན་པ་ཐམས་ཅད་སེལ་བར་འགྱུར་ཏེ། མ་ཕྲད་པར་ཁྱད་པར་མེད་པའི་ཕྱིར། ཡུལ་འདི་ནི་གནས་པའི་མུན་པ་བཞིན་ནོ། །ཇི་སྟེ་མ་ཕྲད་པར་མཚུངས་ཀྱང་དེས་བསལ་དུ་རུང་བའི་ཡུལ་ན་གནས་པ་སེལ་གྱི་དེ་མ་ཡིན་པ་མི་སེལ་བ་མི་འགལ་ཏེ། མིག་གིས་གཟུགས་མ་ཕྲད་པར་མཐོང་ཡང་མཐོང་དུ་རུང་བ་ན་གནས་པ་མཐོང་གི་མི་རུང་བ་ན་གནས་པ་མི་མཐོང་བ་བཞིན་ནོ་སྙམ་ན། དཔེ་དོན་གཉི་ག་དཔྱད་ན་མི་རུང་སྟེ། མ་ཕྲད་པར་མཚུངས་པ་ལ་བསལ་བ་དང་མཐོང་བར་རུང་མི་རུང་ཉིད་མི་འཐད་པའི་ཕྱིར་ཏེ། ཇི་ལྟར་ཡུལ་ཐག་རིང་བ་དང་ཉེ་ཡང་རྫས་གཞན་གྱིས་ཆོད་པ་ན་གནས་པ་མ་ཕྲད་པས་བསལ་བ་དང་མཐོང་བར་མི་རུང་བ་ལྟར་ཉེ་བ་དང་མ་ཆོད་པ་ན་གནས་པ་ཡང་བསལ་བ་དང་མཐོང་བར་མི་རུང་སྟེ་མ་ཕྲད་པའི་ཕྱིར་རོ། །དེ་ལ་དེ་ལྟར་སྣང་བ་ལ་སོགས་པ་ལན་དུ་མི་རུང་བའི་ཚུལ་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ཧ་ཅང་ཐལ་བ་ནི། གལ་ཏེ་མར་མེ་སྣང་བྱེད་ཡིན་པས་རང་དང་གཞན་གྱི་དངོས་པོ་གཉི་ག་སྣང་བར་བྱེད་པར་འགྱུར་ན། མུན་པ་ཡང་སྒྲིབ་བྱེད་ཡིན་པས་ཐེ་ཚོམ་མེད་པར་རང་དང་གཞན་གྱི་དངོས་པོ་གཉི་ག་སྒྲིབ་པར་འགྱུར་རོ། །དེ་ལྟར་འདོད་ན་མུན་པས་བདག་ཉིད་སྒྲིབ་པའི་ཕྱིར་དེ་མཐོང་བར་མི་འགྱུར་བ་ཞིག་ན། འཇིག་རྟེན་གྱི་མངོན་སུམ་གྱིས་མུན་པའི་རྡུལ་ཕྲ་རབ་མཐོང་བས་ན་དེ་ལ་རང་སྒྲིབ་མེད་ལ། མུན་པ་ལྟར་མར་མེ་ལ་ཡང་རང་གཞན་སྣང་བ་མེད་དོ་ཞེས་པའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། དཔེར་ན་ཁྱིམ་དུ་མི་འགའ་ལ་ལ་ཡིས། །ཡུན་རིང་ལོན་ནས་མར་མེ་བུས་བྱས་ན། །དེ་ལ་མུན་པ་བདག་གནས་རིང་ལོན་གྱིས། །འདི་ནས་མི་འགྲོ་སྙམ་དུ་སེམས་པ་མེད། །མར་མེ་བྱུང་ན་མུན་པ་མུན་ནག་ལ། །མེད་པར་མི་འགྱུར་བ་ཡི་ནུས་པ་མེད། །མར་མེར་བརྟེན་ནས་མུན་པ་མེད་པར་འགྱུར། །གཉི་གའང་སྟོང་ལ་རློམ་སེམས་ཅི་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །དོན་མི་འཐད་པ་ལ་སྐྱེ་བས་རང་དང་གཞན་སྐྱེད་པ་དགག་པ་གཉིས་ལས། དང་པོ་ནི། སྐྱེ་བས་རང་སྐྱེད་པར་བྱེད་ན་རང་སྐྱེས་པའམ་མ་སྐྱེས་པ་ཞིག་གིས་སྐྱེད་པར་བྱེད་གྲང་། དང་པོ་ལྟར་ན། སྐྱེ་བ་འདི་ནི་ཆོས་ཅན། རང་གི་བདག་ཉིད་ཇི་ལྟར་སྐྱེད་པར་བྱེད་དེ། རང་ཉིད་མ་སྐྱེས་པའི་ཕྱིར་ཞེས་པ་སྟེ། མ་སྐྱེས་པ་ལ་ནམ་མཁའི་མེ་ཏོག་ལྟར་ངོ་བོ་མེད་པས་རང་ཉིད་སྐྱེད་པའི་མཐུ་མེད་པར་དགོངས་པའོ། །ཇི་སྟེ་རང་སྐྱེས་པས་སྐྱེད་པར་བྱེད་དོ་སྙམ་ན། སྐྱེ་བ་དེ་ཆོས་ཅན། ཅི་ཞིག་བསྐྱེད་དུ་ཡོད་དེ། སྐྱེས་ཟིན་པའི་ཕྱིར་རོ་ཞེས་པ་སྟེ་གྲུབ་ཟིན་བསྒྲུབ་མི་དགོས་པར་དགོངས་པའོ། །གཉིས་པ་ལ་ལས་ལ་དུས་གསུམ་དུ་དཔྱད་པས་དང་། སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་གཉིས་ལས། དང་པོ་ལ་གསུམ་སྟེ། དུས་གསུམ་གྱི་ལས་ལ་སྐྱེ་བ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་སྐྱེ་བཞིན་པ་སྐྱེ་བ་དགག་པ་དང་། དེ་ལ་རྟེན་འབྱུང་མི་རུང་བ་སྤང་བའོ། །དང་པོ་ནི། སྐྱེ་བའི་བྱ་བ་དོན་གཞན་དེས་འདུས་བྱས་ཀྱི་ཆོས་བུམ་པ་ལྟ་བུ་གཞན་སྐྱེད་ན་དེས་སྐྱེས་པའམ། མ་སྐྱེས་པའམ། སྐྱེ་བཞིན་པ་ཞིག་སྐྱེད་གྲང་། དེ་ལ། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། །དེ་ནི་སོང་དང་མ་སོང་དང་། །བགོམ་པ་རྣམ་པར་བཤད་པ་ཡིན། །ཅེས་པ་སྟེ། སྔར་འགྲོ་བའི་བྱ་བ་ལས་ལ་དུས་གསུམ་དུ་དཔྱད་པས་བཀག་པ་ལྟར། སྐྱེ་བའང་ལས་ལ་དུས་གསུམ་དུ་དཔྱད་ན། སྐྱེ་བའི་བྱ་བ་འགགས་པ་དང་། མ་སྐྱེས་པ་དང་། དེ་གཉིས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མ་དམིགས་པས་མི་འཐད་པར་དགོངས་པའོ། །གཉིས་པ་ལ་རྟེན་མེད་པའི་སྐྱེ་བའི་བྱ་བ་མེད་པས་སྐྱེ་བཞིན་པ་མེད་པ་དང་། དེའི་ལན་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་སྐྱེས་པ་དང་མ་སྐྱེས་པ་མི་སྐྱེའི་སྐྱེ་བཞིན་པ་སྐྱེ་ལ། སྐྱེས་མ་སྐྱེས་ལས་གཞན་པའི་སྐྱེ་བཞིན་པ་མེད་པའང་མ་ཡིན་ཏེ། སྐྱེ་བའི་བྱ་བ་དང་ལྡན་པ་ལས་བུམ་པ་སྐྱེ་བཞིན་པར་བརྗོད་པ་དེ་སྐྱེ་བ་དོན་གཞན་གྱིས་སྐྱེད་པར་བྱེད་དོ་སྙམ་ན། གང་གི་ཚེ་སྐྱེ་བའི་བྱ་བ་འགའ་ཞིག་ཡོད་ན་དེ་དང་ལྡན་པས་བུམ་པ་སྐྱེ་བཞིན་པ་འདི་ཞེས་འབྱུང་ཞིང་རིགས་པ་ཞིག་ན། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། །ཅེས་པའི་ཚུལ་གྱིས་བུམ་པ་སྐྱེ་བཞིན་པའི་དུས་ན་སྐྱེ་བའི་བྱ་བའི་རྟེན་བུམ་པ་མ་སྐྱེས་ནས་མེད་པས། དེ་ལ་བརྟེན་པའི་བུམ་པ་སྐྱེ་བའི་བྱ་བ་མེད་པ་དེའི་ཚེ། སྐྱེ་བའི་བྱ་བ་ལ་བརྟེན་ནས་བུམ་པ་སྐྱེ་བཞིན་པ་འདི་ཞེས་ནི་ཇི་ལྟར་བརྗོད་པར་བྱ་སྟེ་བུམ་པ་སྐྱེ་བཞིན་པ་ཉིད་མ་གྲུབ་པ་སྟེ་དེ་སྐྱེ་བ་དོན་གཞན་གྱིས་སྐྱེད་པར་མི་འཐད་དོ་ཞེས་པའོ། །གཉིས་པ་ནི། ཁ་ཅིག་དུས་གསུམ་རྫས་སུ་ཡོད་པས་སྐྱེ་བཞིན་པའི་བུམ་པའང་མ་འོངས་པ་ན་ཡོད་ལ་དེའི་ཕྱིར་དེ་ལ་སྐྱེ་བའི་བྱ་བ་བརྟན་པའི་སྒོ་ནས་ད་ལྟ་བར་སྐྱེ་བར་འགྱུར་རོ་སྙམ་ན། ཚིགས་བཅད་གཅིག་གི་འོག་གི་གལ་ཏེ་བུམ་པ་ལྟ་བུའི་དངོས་པོ་མ་སྐྱེས་པ་འགའ་ཞིག་མ་འོངས་པའི་གནས་སྐབས་གང་ན་ཡོད་པར་གྱུར་ན་དེ་ལ་སྐྱེ་བའི་བྱ་བ་རྟེན་དུ་རུང་བས་དེ་ནི་སྐྱེ་བར་འགྱུར་བ་ཞིག་ན། མ་འོངས་པའི་དངོས་པོ་དེ་ནམ་མཁའི་མེ་ཏོག་ལྟར་མ་སྐྱེས་ཤིང་བདག་ཉིད་མ་ཐོབ་པའི་ཕྱིར་ཅི་ཞིག་སྐྱེ་བར་འགྱུར་ཏེ་རྟེན་མེད་པས་སྐྱེ་བའི་བྱ་བ་འཇུག་པར་འགལ་བའི་ཕྱིར་རོ། །ཇི་སྟེ་བུམ་པ་སྐྱེ་བཞིན་པའི་དུས་ན་བུམ་པ་མེད་ཀྱང་དེ་མ་ཡིན་པ་ཞིག་ལ་བུམ་པ་སྐྱེ་བའི་བྱ་བ་འཇུག་པས་དེ་སྐྱེས་ནས་བུམ་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ་ཆོས་གཞན་ལ་སྐྱེ་བའི་བྱ་བ་བརྟེན་པས་ཆོས་གཞན་སྐྱེ་བར་འགལ་བའི་ཕྱིར་རོ། །གསུམ་པ་ནི། རང་གི་སྡེ་པ་དག་བཅོམ་ལྡན་འདས་ཀྱིས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་པའི་ཚུལ་གྱིས་མུ་སྟེགས་པས་བཏགས་པའི་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གིས་སྟོང་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་པ་ཆོས་ཙམ་དེ་ཁོ་ནར་བསྟན་པ་ཡིན་ལ། ཁྱོད་ཀྱིས་ནི་གསུང་རབ་འཆད་པའི་སྒྱུ་ཐབས་ཀྱིས། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། །ཞེས་དེ་བཞིན་གཤེགས་པ་བསྐྲུན་པའི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བ་བཀག་པས་ཐམས་ཅད་མེད་པར་སྨྲ་བར་འགྱུར་རོ་ཞེ་ན། ཁོ་བོས་ཁྱེད་ཅག་གིས་བཏགས་པའི་རྟེན་ནས་འབྱུང་བ་རང་བཞིན་དུ་གྲུབ་པ་བཀག་མོད་ཀྱི། དེ་ཉིད་ཀྱིས་མདོའི་དགོངས་པ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་གསལ་བར་བྱས་པ་ཡིན་ཏེ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །ཞེས་འཆད་པའི་ཚུལ་གྱིས་རང་བཞིན་མེད་པ་ལ་ཐ་སྙད་དུ་རྒྱུ་རྐྱེན་གྱི་བཅོས་མ་རུང་ཞིང་ཡོད་ན་དེ་མི་རུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བས་སྟོང་པ་ཉིད་ཡིན་ཏེ། ཇི་སྐད་དུ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་དང་། བློ་གྲོས་ཆེན་པོ། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་སྐྱེ་བ་མེད་པར་བཤད་དོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་བསྐྱེད་བྱ་སྐྱེ་བཞིན་པ་ཉིད་དང་ནི་སྐྱེད་བྱེད་སྐྱེ་བ་ཡང་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ནོ། །གཉིས་པ་སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་ནི། གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་སྐྱེ་བའི་བྱ་བ་དོན་གཞན་དེ་ཡིས་ནི་བུམ་པ་སྐྱེ་བཞིན་པ་ནི་སྐྱེད་པར་བྱེད་ན། སྐྱེ་བ་དོན་གཞན་དེ་ནི་སྐྱེ་བ་ལྟར་རང་ངམ་གཞན་གང་ཞིག་གིས་ནི་སྐྱེད་པར་བྱེད། དེ་ལ་གལ་ཏེ་སྐྱེ་བ་དེ་སྐྱེ་བ་གཞན་ཞིག་གིས་སྐྱེད་པར་འདོད་ན་དེ་སྐྱེད་པ་ལའང་སྐྱེ་བ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་ལ། ཇི་སྟེ་སྐྱེ་བ་སྐྱེ་བ་གཞན་མེད་པར་སྐྱེ་ན་དེ་བཞིན་དུ་སྐྱེ་བས་བསྐྱེད་བྱའི་དངོས་པོ་ཐམས་ཅད་ཀྱང་སྐྱེ་བ་དོན་གཞན་མེད་པར་སྐྱེ་བར་འགྱུར་ཏེ་དངོས་པོ་ཡིན་པའི་ཕྱིར་སྐྱེ་བ་བཞིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་སྐྱེ་བས་རང་གཞན་སྐྱེད་པ་བཀག་པ་ཉིད་ཀྱིས་གནས་པས་རང་གཞན་གཉི་ག་གནས་པར་བྱེད་པ་དང་། འཇིག་པས་རང་གཞན་གཉི་ག་འཇིག་པར་བྱེད་པའང་སྔར་གྱི་འདོན་པ་བསྒྱུར་པས་བཀག་པར་བལྟའོ། །དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་གསུམ་ཐུན་མོང་དུ་བཀག་ནས། ད་ནི་སོ་སོར་དགག་པ་ལ་གསུམ་ལས། དང་པོ་སྐྱེ་བ་དགག་པ་ལ་སྔར་བཤད་པ་དྲན་པར་བྱ་བ་དང་། མ་བཤད་པའི་རིགས་པ་གཉིས་ལས། དང་པོ་ནི། རེ་ཞིག་ཡོད་དང་མེད་པ་ཡང་། །སྐྱེ་བར་རིགས་པ་མ་ཡིན་ཞིང་། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་རྐྱེན་བརྟག་པར། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་དུ་རུང་བ་མ་ཡིན་ནོ། །ཞེས་དང་། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པ། །ཞེས་བསྟན་ཟིན་པ་ཉིད་ཡིན་ནོ་ཞེས་པའོ། །གཉིས་པ་ནི། སྐྱེ་བ་འདི་དངོས་པོ་དུས་གཉིས་པར་འགག་བཞིན་པའམ་དེ་མ་ཡིན་པ་ཞིག་ལ་རྟོག དང་པོ་ལྟར་ན། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་ཏེ། །སྐྱེ་བའི་བྱ་བ་དང་འགལ་བ་འགག་པའི་བྱ་བ་ཡོད་པའི་ཕྱིར་དང་། ཡང་ན་འགག་བཞིན་པའི་དངོས་པོ་མ་འགགས་པར་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ཡང་མི་རུང་སྟེ་གང་ཞིག་དུས་གཉིས་པར་འགག་བཞིན་པ་མ་ཡིན་པ་དེ་ནི། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་པའི་ཚུལ་གྱིས་རྟག་པ་དང་འདུས་མ་བྱས་སུ་འགྱུར་བས་དངོས་པོར་མི་འཐད་པའི་ཕྱིར་རོ། །གལ་ཏེ་དང་པོ་ཉིད་ནས་འགག་བཞིན་པ་མ་ཡིན་ཡང་རྒྱུན་གྱི་མཐར་འཇིག་པས་དེ་ལྟར་མི་འགྱུར་རོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། གནས་པ་ལ་ནི་མི་སྲིད་དང་། །དང་པོ་མི་འགྱུར་མཐར་མི་འཇིག །ཅེས་པའི་ཚུལ་གྱིས་དང་པོ་ནས་དུས་གཉིས་པར་མི་སྡོད་པའི་རང་བཞིན་མ་ཡིན་ན་གཉིས་སྡོད་ཀྱི་རང་བཞིན་ཐུག་མེད་དུ་འགྱུར་བས་རྒྱུན་གྱི་མཐར་ཡང་འཇིག་པར་འགལ་བའི་ཕྱིར་རོ། །གཉིས་པ་གནས་པ་དགག་པ་ལ་བཞི་ལས། དང་པོ་སྐྱེ་བ་བཀག་པས་དགག་པ་ནི། འོག་གི་དེ་ལྟར་འདུས་བྱས་ཀྱི་ཆོས་ལ་སྐྱེ་བ་བཀག་པས་མ་སྐྱེས་པའི་ཕྱིར་གང་ཞིག་གནས་པར་འགྱུར་ཏེ་ནམ་མཁའི་མེ་ཏོག་ལྟར་གང་ཡང་གནས་པར་མི་འགྱུར་རོ་ཞེས་པའོ། །གཉིས་པ་ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་ནི། ཡང་གནས་པའི་བྱ་བ་དོན་གཞན་དེས་འདུས་བྱས་ཀྱི་དངོས་པོ་གནས་པར་བྱེད་ན་དེ་གནས་པའམ་མི་གནས་པའམ་གནས་བཞིན་པ་ཞིག་གནས་པར་བྱེད་གྲང་། དེ་ལ་དངོས་པོ་གནས་པ་ནི་མི་གནས་ཏེ་གནས་པའི་བྱ་བ་འགགས་པའི་ཕྱིར་རོ། །དངོས་པོ་མི་གནས་པ་ཡང་གནས་པ་མིན་ཏེ་གནས་པའི་བྱ་བ་མ་སྐྱེས་པའི་ཕྱིར་རོ། །གནས་བཞིན་པ་ཡང་མི་གནས་ཏེ། དེ་གཉིས་ལས་ཐ་དད་པའི་གནས་བཞིན་པ་མེད་པའི་ཕྱིར་དང་། གནས་པའི་བྱ་བ་གཉིས་སུ་ཐལ་པའི་ཕྱིར་རོ་ཞེས་པའོ། །གསུམ་པ་འགག་བཞིན་ཡིན་མིན་ལ་དཔྱད་པས་དགག་པ་ནི། ཡང་གནས་པ་འདི་དངོས་པོ་འགག་བཞིན་པའམ། དེ་མ་ཡིན་པ་ཞིག་ལ་རྟོག དང་པོ་ལྟར་ན། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་ཏེ། །དེ་དང་འགལ་བ་འགག་པའི་བྱ་བ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ཡང་མི་རུང་སྟེ། གང་ཞིག་འགག་བཞིན་མ་ཡིན་པའི་སྐད་ཅིག་གཉིས་པར་སྡོད་པ་དེ་ནི་སྔར་བཤད་པ་ལྟར་ཕྱིས་ཀྱང་འགག་པར་མི་རུང་བས་དོན་བྱེད་ནུས་པའི་དངོས་པོར་མི་འཐད་པའི་ཕྱིར་རོ། །དེས་ན། དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་གསུངས་ཏེ། སྐྱེས་དུས་ཉིད་ནས་སྐད་ཅིག་གཉིས་པར་སྡོད་པའི་གནས་པ་གཏན་མི་སྲིད་དོ་སྙམ་དུ་དགོངས་པའོ། །དངོས་པོའི་རྫས་སྐད་ཅིག་མ་ཡིན་པས་གནས་པ་མེད་ཀྱང་། རྒྱུན་ལ་ཡོད་དོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། རྫས་སྐད་ཅིག་ལས་ངོ་བོ་ཐ་དད་པའི་རྒྱུན་མ་དམིགས་ཤིང་། ངོ་བོ་དབྱེར་མེད་ཡིན་ན་རྫས་ལྟར་རྒྱུན་ཡང་གནས་པར་འགལ་བའི་ཕྱིར་རོ། །བཞི་པ་གནས་པ་ལ་གནས་པ་གཞན་ཡོད་མེད་དུ་དཔྱད་པས་དགག་པ་ནི། ཡང་འདུས་བྱས་ཀྱི་དངོས་པོ་རྣམས་གནས་པ་དོན་གཞན་གྱིས་གནས་པར་བྱེད་ན། གནས་པ་དེ་ཉིད་རང་ངམ་གཞན་གང་གིས་གནས་པར་བྱེད། དེ་ལ་གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་པར་མི་རིགས་ཏེ། ཐུག་མེད་དུ་འགྱུར་བ་དང་རང་ལ་བྱ་བྱེད་འགལ་བའི་ཕྱིར། ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཞེས་པ་སྟེ། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་དང་། གནས་པ་འདི་ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །ཞེས་པའམ། ཇི་སྟེ་གནས་མེད་དེ་གནས་ན། །ཐམས་ཅད་དེ་བཞིན་གནས་པར་འགྱུར། །ཞེས་འདོན་པ་བསྒྱུར་བ་སླའོ། །དེ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཆོས་འདི་དག་ནི་མི་གནས་ཏེ། །འདི་དག་ལ་ནི་གནས་ཡོད་མིན། །གནས་མེད་གནས་པའི་སྒྲས་བརྗོད་ཀྱང་། །རང་གི་ངོ་བོས་རྙེད་མ་ཡིན། །ཅེས་གསུངས་པ་ཡིན་ནོ། །གསུམ་པ་མི་རྟག་པ་དགག་པ་ལ་དྲུག་ལས། རྒྱུ་སྐྱེ་བ་བཀག་པས་དགག་པ་ནི། འོག་གི་སྔར་སྐྱེ་བ་བཀག་པས་མ་སྐྱེས་པའི་ཕྱིར་གང་ཞིག་འགག་པར་འགྱུར་ཞེས་པའོ། །ལས་ལ་དུས་གསུམ་དུ་དཔྱད་པས་དགག་པ་ནི། འགགས་པ་འགག་པར་མི་འགྱུར་ཏེ་འགག་པའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །མ་འགགས་པ་ཡང་འགག་པར་མི་འགྱུར་ཏེ་འགག་པའི་བྱ་བ་མ་སྐྱེས་པའི་ཕྱིར་དང་། ཕན་ཚུན་འགལ་བའི་ཕྱིར་རོ། །འགག་བཞིན་པ་ཡང་སྔ་མ་གཉིས་པོ་དེ་བཞིན་འགག་པར་འགྱུར་བ་མིན་ཏེ་གཉིས་པོ་ལས་གཞན་པའི་འགག་བཞིན་པ་མི་སྲིད་པའི་ཕྱིར་དང་། འགག་པའི་བྱ་བ་གཉིས་སུ་ཐལ་བའི་ཕྱིར་རོ་ཞེས་པའོ། །གསུམ་པ་གནས་བཞིན་ཡིན་མ་ཡིན་ལ་དཔྱད་པས་དགག་པ་ནི། རེ་ཞིག་དངོས་པོ་གནས་བཞིན་པ་ལ་ནི་འགག་པ་འཐད་པར་མི་འགྱུར་ཏེ། དེ་དང་འགལ་བ་གནས་པའི་བྱ་བ་ཡོད་པའི་ཕྱིར་རོ། །དངོས་པོ་གནས་བཞིན་མ་ཡིན་པའི། མི་གནས་པ་ལ་ཡང་འགག་པ་འཐད་པར་མི་འགྱུར་ཏེ། དེ་འདུས་མ་བྱས་སུ་འགྱུར་བས་དང་། རང་དུས་སུ་མི་གནས་པའི་ཆོས་མི་སྲིད་པས་དངོས་པོར་མི་རུང་བའི་ཕྱིར་རོ། །བཞི་པ་གནས་སྐབས་དེ་ཉིད་དམ་གཞན་གྱིས་འགག་པར་མི་འཐད་པ་ནི། ཡང་རྒྱུ་འགགས་ནས་འབྲས་བུ་འབྱུང་བར་འདོད་པ་ན། རྒྱུའི་གནས་སྐབས་དེ་ཉིད་ཀྱིས་སམ། གཞན་འབྲས་བུའི་གནས་སྐབས་ཀྱིས་རྒྱུ་འགག་པར་བྱེད་གྲང་། དང་པོ་རྒྱུ་འོ་མའམ་གཞོན་ནུ་ལྟ་བུའི་གནས་སྐབས་དེ་ཡིས་ནི་གནས་སྐབས་དེ་ཉིད་འགག་པ་ཉིད་དུ་མི་འགྱུར་ཏེ་རང་ལ་བྱ་བྱེད་འགལ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་ཞོའམ་རྒན་པོ་ལྟ་བུའི་གནས་སྐབས་གཞན་གྱིས་ཀྱང་ནི་རྒྱུ་འོ་མ་དང་གཞོན་ནུ་ལྟ་བུའི་གནས་སྐབས་ནི། གཞན་ཡང་འགག་པར་མི་འགྱུར་ཏེ་ཕན་ཚུན་མ་ཕྲད་པའི་ཕྱིར་ཚང་མང་དང་གངས་གོང་གི་ཚ་གྲང་བཞིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟ་ན་ཡང་རྒྱུ་འོ་མ་དང་གཞོན་ནུ་ལ་ནི་འགག་པ་ཡོད་པ་ཉིད་དེ་དེའི་འབྲས་བུ་ཞོ་དང་རྒན་པོ་སྐྱེ་བར་དམིགས་པའི་ཕྱིར་རོ་སྙམ་ན། གང་གི་ཚེ་སྔར་འབྲས་བུ་ཞོ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་འཐད་པར་མི་འགྱུར་བར་བཤད་ཟིན་པ་དེའི་ཚེ་རྒྱུ་འོ་མ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱི་འགག་པའང་འཐད་པར་མི་འགྱུར་བར་གསལ་བར་བསྟན་པ་ཡིན་ནོ། །ལྔ་པ་དངོས་པོ་དངོས་མེད་ལ་དཔྱད་པས་དགག་པ་ནི། ཡང་འགག་པ་འདི་དངོས་པོ་ཡོད་པའམ་མེད་པ་ཞིག་ལ་རྟོག དེ་ལ་རེ་ཞིག་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། རྟེན་དངོས་པོ་དེ་འགག་པ་དངོས་མེད་དང་གཅིག་ཉིད་ཡིན་ན་ནི་དངོས་པོར་མི་འཐད་ཅིང་། ཆོས་འགག་པ་དངོས་མེད་དེ་རྟེན་དངོས་པོ་དང་ངོ་བོ་གཅིག་ཡིན་ན་དངོས་པོ་མེད་པར་མི་འཐད་པའི་ཕྱིར་རོ་ཞེས་པའོ། །རྣམ་པ་གཅིག་ཏུ་ན་དེ་གཉིས་གཅིག་ཡིན་ན་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་ལྟར་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པ་མི་འཐད་དོ་ཞེས་པའོ། །གཉིས་པ་དངོས་པོ་མེད་པར་གྱུར་པ་ལའང་། འགག་པ་འཐད་པར་མི་འགྱུར་ཏེ། རྟེན་མེད་པའི་ཕྱིར་ནམ་མཁའི་རི་མོ་བཞིན་ནམ། ཇི་ལྟར་མགོ་བོ་གཉིས་པ་མེད་པའི་སྲོག་ཆགས་ལ་དེ་གཅད་དུ་མེད་པ་བཞིན་ནོ་ཞེས་པའོ། །དྲུག་པ་འགག་པ་ལ་འགག་པ་གཞན་ཡོད་མེད་དཔྱད་པས་དགག་པ་ནི། ཡང་འགག་པ་དོན་གཞན་དེ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་འགག་བྱེད་དུ་འདོད་ན། ཅི་འགག་པ་དེ་རང་གི་བདག་ཉིད་ཀྱིས་སམ། འགག་པ་གཞན་གྱིས་འགག་པར་བྱེད། དེ་ལ་འགག་པ་རང་གི་བདག་ཉིད་ཀྱིས་ཡོད་མིན་འགག་པ་གཞན་གྱིས་མིན་ཏེ། རང་ལ་བྱ་བྱེད་འགལ་བ་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཇི་ལྟར་སྔར་སྐྱེ་བ་རང་དང་ནི། གཞན་གྱིས་བསྐྱེད་པ་མ་ཡིན་པར་བཤད་པ་བཞིན་ཞེས་པ་སྟེ་སྔ་མ་ལྟར་འདོན་པ་བསྒྱུར་བར་སླའོ། །འདིར་འགྲེལ་པས་ཉེས་པ་དེ་རང་གི་ཀུན་རྫོབ་ཀྱི་འཇིག་པ་ལ་མཚུངས་པ་སྤང་བ་དང་། འཇིག་པ་རྒྱུ་མེད་དགག་པ་དང་། རྒྱུ་བཅས་ལ་སྐྱོན་སྤང་བ་རྣམས་འཕྲོས་ནས་འཆད་པ་ནི་འགྲེལ་པ་ཉིད་ན་གསལ་ལོ། །དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡང་དག་པར་བཀག་ནས། གཉིས་པ་དེས་གྲུབ་པའི་དོན་ནི། དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་གསུམ་བཀག་ཀྱང་མཚན་གཞི་གཟུགས་དང་ཚོར་བ་ལ་སོག་པ་ཕྱི་ནང་གི་དངོས་པོ་རྣམས་ཡོད་དོ་སྙམ་ན། མ་ཡིན་ཏེ་སྔར་བཤད་པའི་ཚུལ་གྱིས་མཚན་ཉིད་སྐྱེ་དང་གནས་དང་འཇིག་པ་རྣམས་རང་བཞིན་དུ་མ་གྲུབ་པའི་ཕྱིར་ན་འདུས་བྱས་ཀྱི་མཚན་གཞི་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཀྱང་རང་བཞིན་མེད་པར་གྲུབ་པ་ཡིན་ནོ། །དེ་ལྟ་ན་ཡང་འདུས་མ་བྱས་ནི་ཡོད་དེ་མ་བཀག་པའི་ཕྱིར་རོ་སྙམ་ན། ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་པར་དཔྱད་ན་འདུས་བྱས་ཡོད་པ་མ་ཡིན་ན། དེ་བཀག་པའི་འདུས་མ་བྱས་ནི་ཇི་ལྟར་འགྲུབ་སྟེ་དགག་བྱ་མེད་པའི་བཀག་པ་མི་གྲུབ་པར་དགོངས་པའོ། །ཇི་སྐད་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། འདུས་བྱས་འདུས་མ་བྱས་ཀུན་དབེན་པ་སྟེ། །དྲང་སྲོང་དེ་དག་ལ་ནི་རྣམ་རྟོག་མེད། །འགྲོ་བ་ཀུན་ཏུ་འདུས་མ་བྱས་ཐོབ་པས། །ལྟ་བ་དག་ལས་ཁོར་མོར་རྣམ་པར་དབེན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་བཀག་པ་ལ་ལུང་དང་འགལ་བ་སྤང་བ་ནི། གལ་ཏེ་དེ་ལྟར་སྐྱེ་གནས་འཇིག་པ་རང་བཞིན་དུ་མེད་ན། སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པའི་མདོ་ལས། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་མངོན། འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་པར་ཡང་མངོན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་སྐད་གསུངས་མོད་ཀྱི་དེ་དོན་དམ་སྟོན་པའི་ངེས་དོན་མ་ཡིན་ཏེ། རྨི་ལམ་ན་དངོས་པོ་ལ་སྐྱེ་བ་མེད་ཀྱང་སྐྱེ་བར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་འདུས་བྱས་ཀྱི་སྐྱེ་བ་དང་། སྒྱུ་མ་ལ་དངོས་པོ་ལ་གནས་པ་མེད་ཀྱང་གནས་པར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་འདུས་བྱས་ཀྱི་གནས་པ་དང་། དྲི་ཟའི་གྲོང་ཁྱེར་ལ་དངོས་པོ་ལ་འཇིག་པ་མེད་ཀྱང་འཇིག་པར་སྣང་བ་ཇི་ལྟ་བ་དེ་བཞིན་དུ་འདུས་བྱས་ཀྱི་འཇིག་པ་གསུངས་པ་ཡིན་པས་མི་འགལ་ལོ་ཞེས་པའམ། ཡང་ན་དཔེ་གསུམ་པོ་དེ་དག་རེ་རེ་ལའང་སྐྱེ་གནས་འཇིག་པ་དངོས་པོ་ལ་མེད་ཀྱང་སྐྱེ་གནས་འཇིག་པར་སྣང་བ་བཞིན། འདུས་བྱས་ལའང་སྐྱེ་གནས་འཇིག་པ་དངོས་པོ་ལ་མེད་ཀྱང་བློ་འཁྲུལ་ངོར་སྐྱེ་གནས་འཇིག་པར་སྣང་བ་ཙམ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་དཔེ་གསུམ་ཀ་ཐུན་མོང་གི་དཔེར་བྱའོ། །དེ་ལྟ་ན་རབ་ཏུ་བྱེད་པ་འདིས་དངོས་སུ་འདུས་བྱས་དང་འདུས་མ་བྱས་དོན་དམ་པར་བཀག་ཅིང་། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་བསྟན་པས་ཆོས་ཐམས་ཅད་ཡང་དག་པར་རང་བཞིན་སྟོང་པ་ཉིད་དང་། ཀུན་རྫོབ་ཏུ་སྣང་བ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ཏེ། དེ་གཉིས་ཀྱིས་མ་བསྡུས་པའི་ཆོས་མི་སྲིད་པའི་ཕྱིར་རོ། །དོན་འདི་ཉིད་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཆོས་གང་འབྱུང་བ་མེད་ཅིང་འཇིག་པ་མེད། །འཆི་འཕོ་མེད་ཅིང་རྒ་བར་མི་འབྱུང་བ། །མི་ཡི་སེང་གེ་དེས་ནི་དེ་བསྟན་ཅིང་། །སེམས་ཅན་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །ཅེས་དང་། འཇིག་རྟེན་མགོན་པོས་གནས་པ་དང་། །སྐྱེ་བ་བསྟན་པ་མ་ཡིན་ཏེ། །དེས་ན་དེ་ལྟའི་འཇིག་རྟེན་མགོན། །རིག་ནས་ཏིང་འཛིན་ཤེས་པར་གྱིས། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་འདུས་བྱས་བརྟག་པ་སྟེ། རབ་ཏུ་བྱེད་པ་བདུན་པའི་རྣམ་པར་བཤད་པའོ།།  །།ལས་དང་བྱེད་པོ་བརྟག་པའི་རབ་ཏུ་བྱེད་པ་ལའང་གསུམ་ལས། འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། འཕགས་པ་ས་བཅུ་པ་ལས། གང་ན་དོན་དམ་པར་བྱེད་པ་པོ་མེད་པར་དེ་ན་ལས་ཀྱང་མི་དམིགས་སོ་ཞེས་གསུངས་པ་ལ་སོགས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཅན་དག་ནི་ཡོད་པ་ཉིད་དེ། མདོ་ལས། མ་རིག་པ་དང་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་འདུ་བྱ་བ་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པའི་ཚུལ་གྱིས་དེའི་རྒྱུ་ལས་དང་། དེའི་བྱེད་པ་པོ་ཡོད་པའི་ཕྱིར་རོ། །གང་ཞིག་མེད་པ་ལ་ནི་དེའི་ལས་དང་བྱེད་པ་པོ་ཡོད་པ་མ་ཡིན་ཏེ། ཇི་ལྟར་རུ་སྦལ་གྱི་སྤུའི་གོས་ཀྱི་ལས་དང་བྱེད་པ་པོ་བཞིན་ནོ་སྙམ་པ་ལ། དཔྱད་ན་ལས་དང་བྱེད་པ་པོ་ཉིད་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ནོ། །གཞུང་བཤད་པ་ལ་གསུམ་སྟེ། ལས་དང་བྱེད་པ་པོ་རང་བཞིན་དུ་གྲུབ་པ་དགག་པ་དང་། ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པར་བསྟན་པ་དང་། དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་སྤྱིར་ལས་འགའ་ཞིག་བྱེད་པས་ན་བྱེད་པ་པོ་སྟེ། དེ་ཡང་ལས་འགའ་ཞིག་བྱེད་པའི་བྱ་བ་དང་ལྡན་མི་ལྡན་དང་། དེ་གཉི་ག་ཡིན་པའི་བྱེ་བྲག་གིས་བྱེད་པ་པོ་ཡིན་པ་དང་། མ་ཡིན་པ་དང་། དེ་གཉི་གར་གྱུར་པ་གསུམ་ལས་མི་སྲིད་ལ། ལས་ནི་བྱ་བས་ན་ལས་ཏེ་བྱེད་པ་པོའི་བསྒྲུབ་བྱར་གྱུར་པའོ། །དེ་ཡང་བྱེད་པ་པོས་བྱ་བའི་བྱ་བ་དང་ལྡན་མི་ལྡན་དང་། དེ་གཉི་ག་ཡིན་པའི་བྱེ་བྲག་གིས་ལས་ཡིན་པ་དང་། མ་ཡིན་པ་དང་། དེ་གཉི་གར་གྱུར་པ་གསུམ་ལས་མི་སྲིད་པས། དེ་དག་ཕྱོགས་མཐུན་གྱི་བྱ་བྱེད་དགག་པ་དང་། ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པ་གཉིས་ལས། དང་པོ་ལ་གསུམ་སྟེ། བྱེད་པོ་ཡིན་པས་ལས་ཡིན་པ་དང་། བྱེད་པོ་མ་ཡིན་པས་ལས་མ་ཡིན་པ་དང་། བྱེད་པོ་གཉི་གར་གྱུར་པས་ལས་གཉི་གར་གྱུར་པ་བྱེད་པ་དགག་པའོ། །དང་པོ་ལ་བྱ་བ་དང་ལྡན་པའི་བྱེད་པོ་ཡིན་པར་གྱུར་པ་དེ་བྱ་བ་དང་ལྡན་པའི་ལས་སུ་གྱུར་པ་མི་བྱེད་དོ་ཞེས་པ་རྣལ་མའི་དམ་བཅའོ། །དེའི་འཐད་པ་ལ་རེ་ཞིག་བྱེད་པོ་ཡིན་པར་གྱུར་པ་བྱེད་ན་སྔར་བཤད་པ་ལྟར། རང་ཉིད་བྱེད་པ་པོར་འཇོག་པ་དང་། བྱེད་པ་པོར་གྱུར་ནས་ལས་བྱེད་པའི་བྱ་བ་དང་བྱ་བ་གཉིས་དགོས་པ་ལས། བྱེད་པོ་ཡིན་པར་གྱུར་པ་ཆོས་ཅན། དེས་ལས་མི་བྱེད་དེ། དེ་ལ་རང་ཉིད་བྱེད་པ་པོར་འཇོག་པ་ལས་གཞན་པའི་བྱ་བ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་བྱེད་པ་པོ་གཅིག་ལ་བྱ་བ་གཉིས་མེད་པས་བྱེད་པ་པོ་ལས་མི་བྱེད་པ་དེའི་ཚེ་དེའི་ལས་དེའང་བྱེད་པ་པོ་ལ་ལྟོས་པ་མེད་ཅིང་བྱེད་པ་པོས་མ་བྱས་པའི་ལས་སུ་འགྱུར་ན་དེ་སྲིད་པའང་མ་ཡིན་ཏེ་མོ་གཤམ་གྱི་བུས་བྱས་པའི་བུམ་པ་བཞིན་ནོ། །ཡང་ལས་ཡིན་པར་གྱུར་པ་བྱེད་ན་སྔར་བཤད་པ་ལྟར་རང་ཉིད་ལས་སུ་འཇོག་པ་དང་། ལས་སུ་གྱུར་ནས་བྱེད་པ་པོས་བྱ་བའི་བྱ་བ་སྟེ་བྱ་བ་གཉིས་དགོས་པ་ལས། ལས་ཡིན་པར་གྱུར་པ་ཆོས་ཅན། བྱེད་པ་པོས་བྱ་བ་མ་ཡིན་ཏེ། རང་ཉིད་ལས་སུ་འཇོག་པའི་བྱ་བ་ལས་གཞན་པའི་བྱ་བ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་བྱ་བ་གཉིས་མེད་པས་ལས་ཡིན་པར་གྱུར་པ་མི་བྱེད་པ་དེའི་ཚེ་ལས་དེའི་བྱེད་པ་པོ་ཡང་ལས་མེད་པར་ཏེ་ལས་ལ་ལྟོས་པ་མེད་ཅིང་ལས་མི་བྱེད་པའི་བྱེད་པ་པོར་འགྱུར་ན་དེ་སྲིད་པའང་མ་ཡིན་ཏེ། མཚམས་མེད་ཀྱི་ལས་མ་བྱས་པར་དེའི་བྱེད་པ་པོ་མི་སྲིད་པ་བཞིན་ནོ། །གཉིས་པ་ལའང་དམ་བཅའ་དང་། འཐད་པ་གཉིས་ལས། དང་པོ་ནི། བྱ་བ་དང་མི་ལྡན་པའི་བྱེད་པོ་མ་ཡིན་གྱུར་པ་ཡང་བྱ་བ་དང་མི་ལྡན་པའི་ལས་སུ་མ་གྱུར་མི་བྱེད་དོ་ཞེས་པའོ། །དེའི་འཐད་པ་ལ་ལས་དང་བྱེད་པོ་རྒྱུ་མེད་དུ་འགྱུར་བའི་ཐལ་བ་དགོད་པ་དང་། འདོད་པ་ལ་གནོད་པ་བརྗོད་པ་གཉིས་ལས། དང་པོ་ནི། གལ་ཏེ་ལས་བྱེད་པའི་བྱ་བ་དང་མི་ལྡན་པའི་བྱེད་པོར་མ་གྱུར་པ་བྱེད་ན་ནི་བྱེད་པ་པོའི་རྣམ་འཇོག་རྒྱུ་མེད་དུ་འགྱུར་ཞིང་། བྱེད་པ་པོས་བྱ་བ་དང་མི་ལྡན་པའི་ལས་སུ་མ་གྱུར་བྱེད་ན་ནི། ལས་ལ་ཡང་རྣམ་འཇོག་གི་རྒྱུ་ནི་མེད་པར་འགྱུར་རོ། །དེ་གཉི་གའི་ཁྱབ་པ་ནི་བྱེད་པ་པོ་དང་ལས་ཀྱི་ཐ་སྙད་དུ་འཇོག་པའི་རྒྱུ་རིམ་པ་ལྟར་དེ་གཉིས་ལ་ཡོད་པའི་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་ལས། དང་པོ་རྒྱུ་འབྲས་མེད་པར་ཐལ་བ་ནི། དེ་ལྟར་ཐ་སྙད་རྣམས་ལ་རྒྱུ་མེད་པར་འདོད་ན་ནི་རྒྱུ་མཚན་མཚུངས་པས་སྤྱིར་རྒྱུས་བསྐྱེད་པར་བྱ་བའི་འབྲས་བུ་དང་འབྲས་བུ་དེ་སྐྱེད་པའི་རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་ལྟར་འདོད་ན་སྤྱིར་བྱ་བྱེད་ཀྱི་ཐ་སྙད་མེད་པར་ཐལ་བ་འབྲས་བུ་དང་། དེའི་བྱེད་རྒྱུ་དེ་མེད་ན་ནི་འབྲས་བུ་འབྱུང་བའི་བྱ་བ་དང་། དེ་ལ་རང་དབང་དུ་གྱུར་པའི་བྱེད་པ་པོ་དང་བྱེད་པ་པོ་དེས་འགའ་ཞིག་བྱེད་པར་གྱུར་པའི་སྒོ་ནས་ལས་འགའ་ཞིག་ལ་འབྲས་བུ་བྱེད་པར་མི་རིགས་སོ་ཞེས་པའོ། །དེ་ཡང་འདོད་ན་བསྟན་བཅོས་ལས་གྲགས་པའི་ཐ་སྙད་ཐམས་ཅད་མེད་པར་ཐལ་བ། བྱ་བ་དང་ལ་སོགས་ཀྱིས་བསྡུས་པ་བྱེད་པ་པོ་དང་ལས་དང་བྱེད་པ་མི་རིགས་ན། དེ་དག་གིས་ཁྱབ་པའི་དགེ་བ་བཅུ་སྤྱོད་པ་དང་བདག་མེད་སྒོམ་པ་ལྟ་བུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་དང་། དེ་ལས་བཟློག་པ་ཆོས་མིན་ཡོད་པ་མ་ཡིན་པར་འགྱུར་ལ། ཆོས་དང་ཆོས་མིན་མེད་ན་ནི་དེ་གཉིས་ལས་བྱུང་བའི་འབྲས་བུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་དང་། འཁོར་བ་དང་ངན་འགྲོའི་སྡུག་བསྔལ་མེད་པར་འགྱུར་རོ། །དེ་ལྟར་ཡང་འདོད་ན་ཆོས་ཀྱི་འབྲས་བུ་དེ་གཉིས་མེད་ན་དེ་དག་ཐོབ་པའི་དོན་དུ་ཐར་པ་དང་མཐོ་རིས་སུ་འགྱུར་བའི་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པའི་ལམ་སྒོམ་པ་དོན་མེད་པར་འགྱུར་བས་དེ་དག་བསྒོམ་པ་མི་འཐད་དོ་ཞེས་པའོ། །འཇིག་རྟེན་ལ་གྲགས་པའི་ཐ་སྙད་ཐམས་ཅད་མེད་པར་ཐལ་བ་ནི། གཞན་ཡང་དེ་ལྟར་འབྲས་བུ་དང་རྒྱུ་མེད་ན་ནི་འཇིག་རྟེན་པའི་ཞིང་ལས་ལ་སོགས་པའི་བྱ་བ་འབྲས་བུའི་དོན་དུ་རྩོམ་པ་དེ་དག་ཐམས་ཅད་ཀྱང་ནི། དོན་མེད་པ་ཉིད་དུ་ཐལ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་འབྲས་བུ་དང་རྒྱུ་གཏན་མེད་པ་མ་ཡིན་ནོ་ཞེས་པའོ། །གསུམ་པ་ལའང་དམ་བཅའ་དང་འཐད་པ་གཉིས་ལས། དང་པོ་བྱ་བ་དང་ལྡན་མི་ལྡན་གཉི་ག་ཡིན་པའི་བྱེད་པ་པོར་གྱུར་མ་གྱུར་གཉི་ག་ཡིན་པ་ནི་ལས་སུ་གྱུར་མ་གྱུར་གཉི་ག་ཡིན་པ་དེ་མི་བྱེད་དེ་ཞེས་དང་། ཅིའི་ཕྱིར་ཞེ་ན་རིམ་པ་ལྟར་བྱེད་པ་པོ་དང་ལས་གཉི་གའི་ཆ་ནས་ཡིན་པ་དང་མ་ཡིན་པར་གྱུར་པ་བྱ་བ་དང་ལྡན་མི་ལྡན་གཉིས་བྱེད་པ་པོ་དང་ལས་གཅིག་ལ་ག་ལ་ཡོད་དེ་ཕན་ཚུན་འགལ་བའི་ཕྱིར་ཞེས་པའོ། །དེ་ལྟར་ཕྱོགས་མཐུན་བཀག་ནས། ཕྱོགས་མི་མཐུན་དགག་པ་ལ་གཉིས་ཏེ། བྱེད་པ་པོ་རེ་རེས་ལས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དང་། གཉིས་གཉིས་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། །མ་གྱུར་ལས་ནི་མི་བྱེད་དེ། །བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ། དེའི་འཐད་པ་གལ་ཏེ་བྱེད་ན་འདིར་ཡང་སྐྱོན་དེར་ཐལ་བར་འགྱུར་ཞེས་པ་སྟེ། བྱེད་པ་པོར་གྱུར་པ་དང་། ལས་སུ་མ་གྱུར་པ་དང་། བྱེད་པ་པོར་མ་གྱུར་པ་དང་། ལས་སུ་གྱུར་པ་བྱེད་ན་རིམ་པ་ལྟར། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་དང་། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་བཤད་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། བྱེད་པོ་ཡིན་པས་ལས་མ་ཡིན་པ་དང་། དེ་གཉི་ག་བྱེད་པ་དགག་པ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། །ལས་ནི་མ་གྱུར་བཅས་པ་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །ཞེས་གདོན་པར་བྱའོ། །དེའི་འཐད་པ། གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །ཞེས་པ་སྟེ། བྱེད་པོར་གྱུར་པ་དང་། ལས་སུ་མ་གྱུར་པ་དང་། ལས་སུ་གྱུར་མ་གྱུར་གཉི་ག་བྱེད་ན་རིམ་པ་ལྟར། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་དང་། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །གཉིས་པ་བྱེད་པོ་མ་ཡིན་པས་ལས་ཡིན་པ་དང་ལས་ཡིན་མིན་གཉི་ག་བྱེད་པ་དགག་པ་ནི། བྱེད་པ་པོར་ནི་མ་གྱུར་པ། །ལས་ནི་གྱུར་དང་བཅས་པ་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །ཞེས་པ་སྟེ། བྱེད་པོར་མ་གྱུར་པ་དང་། ལས་སུ་གྱུར་པ་དང་། ལས་སུ་གྱུར་མ་གྱུར་གཉི་ག་མི་བྱེད་པའི་འཐད་པ་རིམ་པ་ལྟར། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་དང་། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །གསུམ་པ་བྱེད་པོ་ཡིན་མ་ཡིན་གཉི་ག་ལས་ཡིན་པ་དང་། མ་ཡིན་པ་སོ་སོར་བྱེད་པ་དགག་པ་ནི། བྱེད་པ་པོར་གྱུར་མ་གྱུར་གཉི་ག་ཡིན་པ་ནི། ལས་སུ་གྱུར་པ་དང་། ལས་སུ་མ་གྱུར་པ་གང་ཡང་རུང་བ་སོ་སོར་མི་བྱེད་དེ། འདི་ཡང་གཏན་ཚིགས་ནི། གོང་དུ་བསྟན་པར་ཤེས་པར་བྱ། །ཞེས་པ་སྟེ། བྱེད་པོ་གང་ཡིན་པ་དང་། ལས་སུ་གྱུར་པ་དང་། ལས་སུ་མ་གྱུར་པ་བྱེད་པ་དགག་པའི་འཐད་པ་ནི་རིམ་པ་ལྟར། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་བྱ་བྱེད་ཀྱི་མཐའ་བཅུ་གཅིག་བཀག་པས་ལས་དང་བྱེད་པོ་རང་གི་མཚན་ཉིད་པ་མ་གྲུབ་པར་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་དེ་ལྟ་ན་ཐུབ་པས། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱང་བར་འགྱུར། །ཞེས་གསུངས་པ་ལ་སོགས་པ་ཚུལ་འདིས་བཀག་པས་ལས་འབྲས་ལ་སོགས་པ་ཐམས་ཅད་མེད་པར་ལྟ་བའི་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་དེ་ཁོ་ན་ཉིད་དུ། གང་ཚེ་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །ཞེས་པའི་ཚུལ་གྱིས་དགག་བྱ་ལས་འབྲས་ལ་སོགས་པའི་དངོས་པོ་ཡོད་པ་མ་གྲུབ་པས་དེ་ལ་ལྟོས་པའི་བཀག་ཆོས་མེད་པ་ཙམ་ཡང་གྲུབ་པར་ཁས་མི་ལེན་ལ། ཀུན་རྫོབ་ཤེས་པ་འཁྲུལ་པའི་ངོ་ན་ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་པ་ཙམ་གྱིས་གྲུབ་པས། སྒྱུ་མ་ལྟ་བུའི་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པའི་ཕྱིར་རོ་ཞེས་འཆད་པ་ནི་ལས་འདིའི་བྱེད་པ་པོ་ཡིན་ནོ་ཞེས་བྱེད་པ་པོའི་རྣམ་འཇོག་ལས་ལ་བརྟེན་པར་བྱས་ནས་འདོགས་ཤིང་། བྱེད་པ་པོས་བྱེད་བཞིན་པ་ཉིད་ལས་ཡིན་པས་ལས་ཀྱང་བྱེད་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་ཙམ་ལས་མ་གཏོགས་པ་འགྲུབ་པའི་རྒྱུ་གཞན་དཔྱད་ན་རང་གི་མཚན་ཉིད་དུ་གྲུབ་པ་ནི་མ་མཐོང་ངོ་ཞེས་པ་སྟེ། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་ཕན་ཚུན་ལྟོས་ནས་གྲུབ་པ་རྣམས་ལ་གྲུབ་པ་རང་བཞིན་པ་མེད་པར་འཆད་པར་འགྱུར་རོ། །གསུམ་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། ཇི་ལྟར་ལས་དང་བྱེད་པ་པོ་ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་གྲུབ་པ་མེད་པ་དེ་བཞིན་ཏུ་ཉེ་བར་ལེན་པས་ན་ཉེ་བར་ལེན་པ་སྟེ་དངོས་སུ་ཉེ་བར་ལེན་པའི་བྱ་བ་བསྟན་ལ། དེའི་ཤུགས་ལ་རང་གི་སྒྲུབ་བྱེད་ཉེ་བར་བླང་བྱ་དང་ལེན་པ་པོ་གཉིས་འཛིན་པས་ཉེར་ལེན་གྱི་སྒྲས་ཤུགས་ལ་བསྟན་པའི་ཉེ་བར་བླང་བྱ་ཕུང་པོ་དང་དེ་ཉེ་བར་ལེན་པོའི་བདག་གཉིས་ཀྱང་ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་དུ་མ་གྲུབ་པར་ཤེས་པར་བྱ་སྟེ། དེའི་ཁྱབ་བྱེད་སྤྱིར་ལས་དང་བྱེད་པ་པོ་རང་བཞིན་དུ་གྲུབ་པ་བསལ་བའི་ཕྱིར་རོ། །དེ་གཉིས་ཁོ་ནར་མ་ཟད་ཀྱི། །ལས་དང་བྱེད་པ་པོ་དག་གིས། །དངོས་པོ་ལྷག་མ་རྒྱུ་འབྲས་དང་མཚན་ཉིད་མཚན་གཞི་དང་བརྗོད་བྱ་རྗོད་བྱེད་དང་ཤེས་པ་ཤེས་བྱ་དང་ཚད་མ་དང་གཞལ་བྱ་ལ་སོགས་ལྟོས་བཅས་ཀྱི་ཆོས་ཐམས་ཅད་ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་མ་གྲུབ་པར་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་ན་རབ་ཏུ་བྱེད་པ་འདིས་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་རྟེན་ནས་འབྱུང་བ་སྒྱུ་མ་ཙམ་དུ་གྲུབ་པ་ཡིན་ནོ། །དོན་འདི་ཉིད་འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོ་ངན་སོང་གྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འཛིན་པའི། །གནོད་པ་བྱེད་པའང་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་གི །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །ཅེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ལས་དང་བྱེད་པ་པོ་བརྟག་པ་སྟེ། རབ་ཏུ་བྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་རྟེན་འབྲེལ་ཆོས་ཀྱི་བདག་གིས་སྟོང་པར་བསྟན་ནས། ད་ནི་གང་ཟག་གི་བདག་གིས་སྟོང་པར་སྟོན་པ་ལ། རེ་ཞིག་དེའི་ངོ་བོ་རང་བཞིན་དུ་གྲུབ་པ་འགོག་པ་སྔ་རོལ་ན་གནས་པ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་པའི་ཡུམ་ལས། གཟུགས་ནི་བདག་གམ་བདག་གིས་སྟོང་ཞེས་དང་། ལང་ཀར་གཤེགས་པ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །འདི་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་བདག་གམ་སེམས་ཅན་མེད། །ཅེས་དང་། མདོ་ཐམས་ཅད་ནས་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འབའ་ཞིག་པ་འདི་ཞེས་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། སྔར་བླང་བྱ་ལེན་པོ་གཉིས་རང་བཞིན་མེད་པར་བསྟན་མོད་ཀྱི། དེ་མི་རིགས་ཏེ་བླང་བྱའི་སྔར་གྲུབ་པའི་ལེན་པ་པོས་དེ་ཉེ་བར་ལེན་པས་དེ་གཉིས་རང་བཞིན་དུ་ཡོད་དོ་སྙམ་པ་ལ། དེ་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་བཤད་པ་ལ་གསུམ་སྟེ། ཉེ་བར་ལེན་པ་པོའི་བདག་དགག་པ་དང་། དེས་བླང་བྱ་ཡང་དགག་པ་དང་། འབྲས་བུ་བསྡུ་བའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་མ་དགོད་པ་ནི། རང་གི་སྡེ་པ་མང་པོས་བཀུར་བ་བ་ཁ་ཅིག་འདི་སྐད་དུ་སྨྲའོ་ཞེས་སྦྲེལ་ཏེ། ཇི་སྐད་དུ་སྙམ་ན། སྔར། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་སྨྲས་པ་དེ་མི་རིགས་ཏེ། འདི་ལྟར་ཉེ་བར་བླང་བྱ་ལྟ་དང་ཉན་པ་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་དང་། ཚོར་བ་རེག་པ་སེམས་པ་ལ་སོགས་པ་དབང་དུ་བྱེད་པ་པོའམ་ཉེ་བར་ལེན་པར་བྱེད་པ་པོའི་གང་ཟག་གང་གི་དབང་དུ་བྱས་པའམ། ཉེ་བར་ལེན་པ་ཡིན་པའི་དབང་དུ་བྱེད་པ་པོའམ་ཉེ་བར་ལེན་པ་པོའི་བདག་དེ་བླང་བྱ་དེ་དག་གི་སྔ་རོལ་ན་ཡོད་དོ་ཞེས་སོ། །དེ་ཉིད་ཅིས་ཏེ་སྙམ་ན། འདི་ལྟར་ཉེ་བར་ལེན་པའི་སྔར་ཉེ་བར་ལེན་པ་པོ་བདག་གི་དངོས་པོ་ཡོད་པ་མ་ཡིན་ན། དེས་རྒྱུ་ལས་བསགས་པའི་སྒོ་ནས་འབྲས་བུ་ལྟ་བ་ལ་སོགས་པ་ཉེ་བར་ལེན་པར་ཇི་ལྟར་འགྱུར་ཏེ་མོ་གཤམ་གྱི་བུས་བསགས་པའི་ནོར་ལེན་པ་མེད་པ་བཞིན་ནོ། །དེའི་ཕྱིར་ཉེ་བར་ལེན་པ་ལྟ་སོགས་དེ་དག་གི་སྔ་རོལ་ན་དེ་དག་ཉེ་བར་ལེན་པར་བྱེད་པ་པོ་བདག་གི་དངོས་པོ་གནས་པ་དེ་ཡོད་དོ་ཞེས་ཟེར་རོ། །དེ་སུན་དབྱུང་བ་ལ་གསུམ་སྟེ། ལེན་པ་པོ་བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ནས་ཡོད་པ་དགག་པ་དང་། རེ་རེའི་སྔར་ཡོད་པ་དགག་པ་དང་། ལྟ་སོགས་ཀྱི་རྒྱུའི་ཉེ་བར་ལེན་པ་པོར་རྟོག་པ་དགག་པའོ། །དང་པོ་ལ་གཉིས་ལས། བདག་ཏུ་གདགས་པའི་རྒྱུ་མེད་པས་དགག་པ་ནི། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པའི་ཚུལ་གྱིས་སྤྱིར་གང་ཟག་ཏུ་ཕུང་པོ་ལ་བརྟེན་ནས་དང་། བྱེ་བྲག་ལྟ་བ་པོ་ལ་སོགས་པའི་གང་ཟག་ཏུ་ལྟ་བ་ལ་སོགས་པ་ལ་བརྟེན་ནས་འདོགས་པ་ཡིན་པས། ལྟ་དང་ཉན་ལ་སོགས་པ་སྣོམ་པ་དང་མྱོང་བ་དང་རེག་པ་དང་འཛིན་པ་དང་། ཚོར་པ་ལ་སོགས་པ་རྣམ་པར་ཤེས་པ་དང་། རེག་པ་དང་སེམས་པ་ལ་སོགས་པ་ཉིད་ཀྱི་ནི་སྔ་རོལ་ནས་དེ་དག་ཉེ་བར་ལེན་པ་པོ་བདག་གི་དངོས་པོ་གནས་པ་དེ་ནི་ལྟ་བ་ལ་སོགས་པའི་ཆོས་གང་གིས་ལྟ་བ་པོ་ལ་སོགས་པའི་གང་ཟག་ཏུ་གདགས་པར་བྱ་སྟེ་གདགས་པའི་རྒྱུ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར། མོ་གཤམ་གྱི་བུ་ལྟར་ལྟ་བ་པོ་ལ་སོགས་པའི་བདག་མེད་དོ་ཞེས་པའོ། །གཉིས་པ་བདག་ཏུ་གདགས་པ་རྒྱུ་ལ་མི་ལྟོས་པ་དགག་པ་ལ་ཧ་ཅང་ཐལ་བ་དགོད་པ་དང་། འདོད་པ་ལ་གནོད་པ་བརྗོད་པ་གཉིས་ལས། གལ་ཏེ་ཉེ་བར་ལེན་པ་ལྟ་བ་ལ་སོགས་པ་མེད་པར་ཡང་ལེན་པ་པོའི་བདག་དེ་ནི་གནས་པར་གྱུར་ན་ཞེས་གཞན་གྱི་བསམ་པ་བླངས་ནས། དེ་ལྟ་ན་རྒྱུ་མཚན་མཚུངས་པས་ཉེ་བར་ལེན་པ་པོའི་བདག་དེ་མེད་པར་ཡང་ཉེ་བར་ལེན་པ་ལྟ་བ་ལ་སོགས་པ་ཕུང་པོ་དེ་དག་ནི་ཐེ་ཚོམ་མེད་ཅིང་གདོན་མི་ཟ་བར་ཡོད་པར་འགྱུར་རོ། །དེ་ལྟར་ཡང་འདོད་པ་ཡིན་ནོ་སྙམ་ན། གཉིས་པ་ནི། དཔེར་ན་འཇིག་རྟེན་ན་འདི་ནི་འདིའི་རྒྱུ་ཡིན་ལ། འདི་ནི་འདིའི་འབྲས་བུ་ཡིན་ནོ་ཞེས་རྒྱུ་དང་འབྲས་བུར་ཕན་ཚུན་ལྟོས་ནས་འཇོག་པས། དེ་གཉིས་གང་རུང་གཅིག་མེད་པའི་ཅིག་ཤོས་མི་འབྱུང་བ་ལྟར། འདི་ནི་དེའི་ཉེ་བར་ལེན་པ་པོ་ཞེས་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཡིས་ཉེ་བར་ལེན་པ་པོའི་བདག་གང་ཞིག་ཏུ་གསལ་ཞིང་འདོགས་པར་བྱེད་ལ། འདི་ནི་འདིའི་ཉེ་བར་ལེན་པའམ་བླང་བྱ་ཡིན་ནོ་ཞེས་ཉེ་བར་ལེན་པ་པོའི་བདག་གང་གིས་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཞིག་ཏུ་གསལ་ཞིང་འདོགས་པར་བྱེད་པ་ཡིན་པས། རང་གི་ལྟོས་ས་བླང་བྱ་ལྟ་བ་ལ་སོགས་པ་ཅི་མེད་པའི་ལེན་པ་པོའི་བདག་གང་ཞིག་ག་ལ་ཡོད་ཅིང་། ཡང་རང་གི་ལྟོས་ས་ལེན་པ་པོའི་བདག་གང་མེད་པའི་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཞིག་ག་ལ་ཡོད་དེ་གཅིག་མེད་པར་གཅིག་ཡོད་པར་མི་སྲིད་དོ་ཞེས་པའོ། །གཉིས་པ་ནི། གལ་ཏེ་བདག་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ན་ཉེས་པ་དེར་འགྱུར་བ་ཞིག་ན། བདག་གང་ཞིག་དེ་ལྟར་ཡོད་པ་མིན་གྱི། ལྟ་ལ་སོགས་ལས་གཞན་ཉན་སོགས་ཞིག་གིས་གཞན་ལྟ་བ་མེད་པའི་ཚེ་ན་ལེན་པ་པོའི་བདག་ཏུ་གསལ་ཞིང་འདོགས་པར་བྱེད་པས་བདག་ཏུ་གདགས་པའི་རྒྱུ་མེད་པའི་ཉེས་པ་མེད་དོ་ཞེ་ན། འདི་སུན་དབྱུང་བ་ལ་གཉིས་ལས། བླང་བྱ་ཐམས་ཅད་ཀྱི་སྔར་མ་གྲུབ་པས་རེ་རེའི་སྔར་ཡོད་པ་མི་འཐད་པ་ནི། རེ་རེ་བས་སྔ་བ་ལ་མཐར་ཐམས་ཅད་པས་སྔ་བས་ཁྱབ་པ་ལས། བདག་དེ་ནི་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ཇི་ལྟར་ཡོད་དེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མིན་པའི་ཕྱིར་ན་ཞེས་པ་སྟེ། མཐར་རེ་རེའི་མཐར་མ་ཐུག་པའི་ཐམས་ཅད་མི་སྲིད་པས་རེ་རེའི་སྔ་རོལ་ན་ཡོད་ན་ཐམས་ཅད་ཀྱི་ཡང་སྔ་རོལ་ན་ཡོད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལེན་པ་པོ་གཅིག་དང་ཐ་དད་དུ་མི་འཐད་པས་བླང་བྱ་རེ་རེའི་སྔ་རོལ་དུ་ཡོད་པ་དགག་པ་ནི། སྤྱིར་བདག་ཙམ་ཞིག་ལྟ་སོགས་ཐམས་ཅད་ཀྱི་སྔར་མེད་ཀྱང་རེ་རེའི་སྔར་ཡོད་དུ་ཆུག་ན་ཡང་བླང་བྱ་རེ་རེའི་སྔར་རང་རང་གི་ལེན་པ་པོ་ཡོད་པར་ནི་མི་རིགས་ཏེ། ཇི་ལྟར་ལྟ་བའི་ལེན་པ་པོ་ནི་ལྟ་བ་པོའི་བདག་ཡིན་པས་གལ་ཏེ་ལྟ་བ་པོའི་བདག་དེ་ཉིད་ཉན་པ་པོའང་དེ་ཚོར་བ་པོའང་དེ་ཉིད་ཡིན་ན་ལྟ་བའི་སྔར་ཉན་པོ་ཡོད་དུ་རུང་བ་ལ་དེ་ཉིད་ལྟ་བ་པོ་ཡིན་པས། བླང་བྱ་ལྟ་བ་ལྟ་བུ་རེ་རེའི་སྔ་རོལ་ན་ལྟ་བ་པོ་ལྟ་བུ་རང་གི་ཉེ་བར་ལེན་པ་པོ་ཡོད་པར་འགྱུར་བ་ཞིག་ན། བྱ་བ་ཐ་དད་རིམ་ཅན་གྱི་བྱེད་པ་པོ་གཅིག་ཡིན་པ་དེ་ནི་དེ་ལྟར་མི་རིགས་པས་ལྟ་བའི་སྔར་ཉན་པོ་ཡོད་ཀྱང་ལྟ་པོ་མེད་པས་བླང་བྱ་རེ་རེའི་སྔར་རང་གི་ལེན་པོ་ཡོད་པར་མི་རིགས་སོ་ཞེས་པའོ། །ཡང་གལ་ཏེ་བྱ་བ་ཐ་དད་རིམ་ཅན་གྱི་བྱེད་པོ་གཅིག་ཏུ་འགལ་བའི་ཉེས་པ་དེ་སྤང་བར་འདོད་ནས། ལྟ་བ་པོ་གཞན་ཉིད་ལ་ཉན་པ་པོ་གཞན་ཚོར་བ་པོའང་གཞན་དུ་འདོད་ན། དེ་དག་ཕན་ཚུན་ལྟོས་པ་མེད་པས་རྟ་དང་བ་ལང་ལྟར་སྔར་ལྟ་བ་པོ་ཡོད་པའི་ཚེ་ཉན་པ་པོ་ལ་སོགས་པའང་ཡོད་དུ་རུང་པར་འགྱུར་ན། རང་ཉིད་ཚོགས་དྲུག་དུས་གཅིག་པར་མི་འདོད་པ་དང་། གཞན་ཡང་དེ་ལྟར་འདོད་ན་གང་ཟག་གཅིག་ལ་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པའི་བདག་མང་པོ་ཉིད་དུའང་འགྱུར་ན། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ་ཞེས་པའི་ལུང་ལས་འདོད་པར་མི་ནུས་སོ། །གསུམ་པ་ནི། བདག་ནི་ལྟ་སོགས་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ལ་དེར་གདགས་པའི་རྒྱུ་མེད་པའང་མ་ཡིན་ཏེ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་པའི་ཚུལ་གྱིས་དེའི་ཚེ་ལྟ་བ་ལ་སོགས་པ་རྒྱུ་མིང་བཞི་དང་ཚོགས་པའི་མེར་མེར་པོ་ལ་སོགས་པའི་འབྱུང་བ་བཞིའི་གཟུགས་ཡོད་པས་དེའི་རྒྱུ་ཅན་ནམ་དེ་ཉེ་བར་ལེན་པ་པོའི་བདག་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ལྟ་དང་ཉན་ལ་སོགས་པ་དང་། ཚོར་བ་དག་ལ་སོགས་པ་ཡང་གང་ལས་འབྱུང་བར་འགྱུར་བའི་རྒྱུ་མིང་བཞི་དང་ཚོགས་པའི་མེར་མེར་པོ་ལ་སོགས་པ་འབྱུང་བ་ཆེན་པོ་དེ་ལའང་། དེ་ཉེ་བར་ལེན་པ་པོའི་བདག་དེ་ནི་ཡོད་པ་མ་ཡིན་ཏེ། སྔ་མ་ལྟར་བླང་བྱ་འབྱུང་བ་ཆེན་པོའི་སྔར་དེ་ལེན་པ་པོའི་བདག་མེད་པས་དེ་ཉེ་བར་ལེན་པ་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །མདོ་སྡེ་པ་ལ་སོགས་པ་དག་དེ་ལྟར་ཉེ་བར་ལེན་པ་པོའི་བདག་མེད་ཀྱང་ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་ཙམ་ཡོད་དོ་སྙམ་པ་ལ། གཉིས་པ་དེས་བླང་བྱ་ཡང་འགག་པར་གྲུབ་པ་ནི། གལ་ཏེ་དེ་དག་གི་ཉེ་བར་ལེན་པ་པོ་ཡོད་ན་ཉེ་བར་ལེན་པ་དེ་དག་ཀྱང་ཡོད་པར་འགྱུར་བ་ཞིག་ན་སྔར་བཤད་པའི་ཚུལ་གྱིས་ཉེ་བར་ལེན་པ་ལྟ་དང་ཉན་པ་ལ་སོགས་པ་དང་། ཚོར་བ་དག་ལ་སོགས་པ་ཡང་། ལེན་པ་པོ་གང་གི་ཉེ་བར་ལེན་པ་ཡིན་པའི་ལེན་པ་པོའི་བདག་དེ་མེད་ན་དེས་ལས་བསགས་པའི་སྒོ་ནས་བསྒྲུབ་པའམ། རྣམ་འཇོག་དེ་ལ་ལྟོས་པའི་བླང་བྱ་ལྟ་སོགས་དེ་དག་ཀྱང་ནི་རང་བཞིན་དུ་ཡོད་པ་མིན་ནོ་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་ན་བླང་བྱ་དང་ལེན་པོ་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ལེན་པ་པོའི་བདག་གང་ཞིག་ལྟ་བ་ལ་སོགས་པའི་སྔ་རོལ་ན་མེད་དེ། བདག་ཏུ་གདགས་པའི་རྒྱུ་མེད་པའི་ཕྱིར་རོ། །ད་ལྟ་ལྷན་ཅིག་ཏུ་ཡང་མེད་དེ། སོ་སོར་མ་གྲུབ་པའི་ཕྱིར་དང་། ཕན་ཚུན་ལྟོས་མེད་དུ་འགྱུར་པའི་ཕྱིར་རོ། །ཕྱི་ནའང་མེད་དེ། ལེན་པ་པོ་མེད་པའི་བླང་བྱ་སྔར་གྲུབ་ན་དེ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་ཏུ་བླང་བྱ་ཡང་ལེན་པོ་དང་སྔ་ཕྱི་ལྷན་ཅིག་ཏུ་གྲུབ་པས་ཕན་ཚུན་སྔ་ཕྱི་ལྷན་ཅིག་ཏུ་མ་གྲུབ་པའི་ལེན་པ་པོའི་བདག་དང་བླང་བྱ་ལྟ་སོགས་དེ་ལ་རང་བཞིན་དུ་ཡོད་དོ་ཞེས་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད། འོ་ན་མེད་པར་འདོད་དམ་ཞེ་ན། འདིར་ནི་ཡོད་ཉིད་འགོག་འདོད་ཀྱི། །མེད་ཉིད་སྒྲུབ་པ་མ་ཡིན་ནོ། །ཞེས་པའི་ཚུལ་གྱིས་གཞན་དག་གིས་དེ་དག་རང་བཞིན་དུ་ཡོད་པར་བཏགས་པ་བཀག་པ་ཙམ་ཡིན་གྱི་དེ་དག་དེ་ཁོ་ན་ཉིད་དུ་རང་བཞིན་མེད་དོ་ཞེས་པའི་བཀག་ཆོས་ཉིད་དུའང་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད་དེ་མོ་གཤམ་གྱི་བུ་ལྟར་རྣམ་པ་ཐམས་ཅད་དུ་དམིགས་པ་མེད་པའི་རང་བཞིན་དེ་ལ་ཡོད་མེད་ཀྱི་རྟོག་པ་ཐམས་ཅད་ལྡོག་པར་འགྱུར་རོ་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་རབ་ཏུ་བྱེད་པ་འདིས་དངོས་སུ་བདག་དང་ཕུང་པོ་གཉིས་ཡང་དག་པར་ཡོད་མེད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུར་ཕན་ཚུན་ལྟོས་ནས་གྲུབ་པར་བསྟན་པས། ཤུགས་ལ་བརྟེན་ནས་འབྱུང་བའི་ཆོས་ཐམས་ཅད་ཡང་དག་པར་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་དང་། ཀུན་རྫོབ་ཏུ་བརྟེན་ནས་འབྱུང་བ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །དོན་དེ་ཉིད་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་བསྟན་དུ་མེད་པ། རྣམ་པར་རིག་པ་མེད་པ། སྣང་བ་མེད་པ། གནས་པ་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་སོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་སྔ་རོལ་ན་གནས་པ་བརྟག་པ་སྟེ། རབ་ཏུ་བྱེད་པ་དགུ་པའི་རྣམ་པར་བཤད་པའོ།།  །།མེ་དང་བུད་ཤིང་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་ཚིག་མིན་ལྟར། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་གཞར་ཡང་མེ་ནང་ཡོང་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་གྱུར་ལ། །འབར་བ་འདི་རྣམས་མ་ལུས་ཞི་གྱུར་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །ཅེས་གསུངས་པ་ལ་སོགས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་དང་། ཉེ་བར་ལེན་པ་པོའི་བདག་གཉིས་ཕན་ཚུན་ལྟོས་ཀྱང་རང་བཞིན་དུ་ཡོད་པ་མི་འགལ་ཏེ། མེ་དང་བུད་ཤིང་ཕན་ཚུན་ལྟོས་ཀྱང་བསྲེག་བྱ་དང་སྲེག་པར་བྱེད་པའི་རང་བཞིན་དུ་ཡོད་པ་བཞིན་ནོ་སྙམ་པ་ལ། དཔེ་མེ་དང་བུད་ཤིང་ཉིད་རང་བཞིན་དུ་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། མེ་དང་བུད་ཤིང་རང་བཞིན་དུ་གྲུབ་པ་དགག་པ་དང་། དེ་ཆོས་གཞན་ལ་བསྒྲེ་བ་དང་། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ་སྟེ། དེ་ཉིད་དང་གཞན་དུ་དཔྱད་པས་མེ་དང་བུད་ཤིང་གི་ངོ་བོ་དགག་པ་དང་། སྒྲུབ་བྱེད་དགག་པ་དང་། བཀག་པའི་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་མེ་དང་བུད་ཤིང་རང་བཞིན་དུ་ཡོད་ན་ངོ་བོ་གཅིག་གམ་ཐ་དད་དུ་ཡོད་གྲང་། དང་པོ་དགག་པ་ནི། གལ་ཏེ་བསྲེག་བྱའི་བུད་ཤིང་གང་ཡིན་པ་དེ་ཉིད་སྲེག་པར་བྱེད་པ་པོའི་མེ་ཡིན་ན་རྒྱུ་མཚན་མཚུངས་པས་སྤྱིར་བྱེད་པ་པོ་དང་ལས་ངོ་བོ་གཅིག་ཏུ་འགྱུར་ན། འདོད་པར་ནི་མི་ནུས་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་། རྫ་མཁན་དང་བུམ་པའམ་གཅོད་པ་པོ་དང་གཅད་བྱ་ཡང་ངོ་བོ་གཅིག་ཏུ་ཐལ་བའི་ཕྱིར་རོ། །གཉིས་པ་གཞན་ཡིན་པ་དགག་པ་ལ་གཉིས་ཏེ། མེ་བུད་ཤིང་ལ་མི་ལྟོས་པར་ཐལ་བས་དང་། མི་ཕྲད་པར་ཐལ་བས་དགག་པའོ། །དང་པོ་ལའང་བུད་ཤིང་ལ་མ་ལྟོས་པའི་མེ་དམིགས་པར་ཐལ་བ་དང་། རྒྱུ་མེད་ལ་སོགས་པར་ཐལ་བ་དང་། དེ་གཉི་ག་མ་ངེས་པ་སྤང་བའོ། །དང་པོ་ནི། གལ་ཏེ་མེ་བུད་ཤིང་ལས་ངོ་བོ་གཞན་ཡིན་པའི་ཕྱིར་ན་བུད་ཤིང་ལ་ལྟོས་པ་མེད་པར་འབྱུང་བར་འགྱུར་རོ། །དེའི་ཁྱབ་པ་ནི་བུམ་པ་དང་སྣམ་བུ་ལྟར་ངོ་བོ་གཞན་དུ་གྲུབ་པ་ལ་ལྟོས་པ་དོན་མེད་པ་རྩོད་སྤང་དང་བཅས་པ་བཤད་ཟིན་ཏོ། །འདོད་པར་ནི་མི་ནུས་ཏེ་བུད་ཤིང་ལ་མ་ལྟོས་པའི་མེ་དམིགས་པར་འགྱུར་ན་བསྲེག་བྱའི་ལས་མེད་པའི་སྲེག་པར་བྱེད་པ་པོའི་མེ་དམིགས་པའང་མ་ཡིན་པས་མེ་བུད་ཤིང་ལ་ལྟོས་ལ་ལྟོས་པ་དང་བཅས་པའི་ཕྱིར་གཞན་དུ་གྲུབ་པ་མེད་དོ། །གཉིས་པ་ནི། གཞན་ཡང་མེ་བུད་ཤིང་ལས་གཞན་ཡིན་ན་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་མི་འབྱུང་བར་འགྱུར་རོ། །ཁྱབ་པ་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། མེ་བུད་ཤིང་ལས་གཞན་ཡིན་པའི་ཕྱིར་བུམ་པ་དང་སྣམ་བུ་ལྟར་བུད་ཤིང་ལ་ལྟོས་པ་མེད་པར་འགྱུར་ལ། ལྟོས་པ་མེད་པའི་ཕྱིར་འབར་བ་མེ་དེ་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་མི་འབྱུང་བར་འགྱུར་དགོས་སོ་ཞེས་སྦྲེལ་ལོ། །ཡང་ན་ཐལ་འགྱུར་སྔ་མའི་རྒྱས་པར་བཤད་པ་ཡང་རུང་ངོ་། །དེ་འདོད་ན། ཐལ་བ་གཉིས་པ་མེ་འབར་བྱེད་ཀྱི་རྒྱུ་ལས་མི་འབྱུང་ན། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པའི་ཚུལ་གྱིས་ལན་གཅིག་མི་འབར་ན་ལྟོས་པ་ཚང་དུས་མེད་པས་ནམ་ཡང་མི་འབར་བའམ། ལན་གཅིག་འབར་ན་ལྟོས་པ་མ་ཚང་བ་མེད་པས་རྟག་ཏུ་འབར་བ་ཉིད་དུ་འགྱུར་རོ་ཞེས་པའོ། །དེ་ཡང་འདོད་ན་ཐལ་བ་གསུམ་པ་བུད་ཤིང་བསྐུལ་པའི་རྩོམ་པ་དོན་མེད་ཉིད་དུ་འགྱུར་རོ། །དེ་ཉིད་བཤད་པ་ནི། རྟག་ཏུ་འབར་བ་ཡིན་ན་ནི་མེ་བསྒྲུབ་པ་དང་མི་འཆི་བར་བྱ་བའི་དོན་དུ་བུད་ཤིང་བསྐུལ་བ་དང་སྦར་བ་ལ་སོགས་པའི་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་པའོ། །དེ་ཡང་འདོད་ན་ཐལ་བ་བཞི་པ་བུད་ཤིང་བསྐུལ་བའི་རྩོམ་པ་དོན་མེད་པ་དེ་ལྟ་ཡིན་ན་ལས་བུད་ཤིང་མེད་པའི་མེ་ཡོད་པར་ཡང་འགྱུར་རོ་ཞེས་ཀྱང་ངམ་ཡང་གི་སྒྲ་རིམ་པ་གཞན་དུ་སྦྱར་རོ། །དེ་འདོད་པར་ནི་མི་ནུས་ཏེ་མོ་གཤམ་གྱི་བུའི་ལུས་སྲེག་པའི་མེ་ལྟར་བསྲེག་བྱའི་ལས་མེད་པའི་སྲེག་པར་བྱེད་པ་པོ་འགལ་བའི་ཕྱིར་རོ། །དེའི་ཕྱིར་བསྲེག་བྱའི་ལས་བུད་ཤིང་མེད་པའི་མེ་ཡོད་པ་མ་ཡིན་པའི་ཕྱིར་མི་བསྒྲུབ་པ་དང་། མི་འཆི་བར་བྱ་བའི་དོན་དུ་བུད་ཤིང་བསྐུལ་བའི་རྩོམ་པ་དོན་དང་བཅས་ལ། རྩོམ་པ་དོན་དང་བཅས་པའི་ཕྱིར་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་འབྱུང་ཞིང་། བུད་ཤིང་ལས་འབྱུང་བའི་ཕྱིར་མེ་བུད་ཤིང་ལས་གཞན་དུ་གྱུར་པ་མེད་དོ་ཞེས་བཟློག་པ་བཞི་ཡོད་པར་དོན་གྱིས་ཤེས་པར་བྱའོ། །གསུམ་པ་ཐལ་བ་དེ་གཉི་ག་མ་ངེས་པ་སྤང་བ་ནི། མེ་བུད་ཤིང་ལས་གཞན་ཡིན་ན་བུད་ཤིང་ལ་མི་ལྟོས་པར་འགྱུར་བས་དེ་མེད་པའི་མེ་དམིགས་པར་ཐལ་བ་དང་། མེ་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་མི་འབྱུང་བར་ཐལ་ལོ་ཞེས་བརྗོད་པ་དེ་ལ་གལ་ཏེ་གཞན་དག་འདི་སྙམ་དུ། མེ་བུད་ཤིང་ལས་གཞན་ཡིན་ཀྱང་དེ་ལ་ལྟོས་པ་མི་འགལ་ཏེ་འདི་ལྟར་མེས་སྲེག་བཞིན་པ་ཉིད་བུད་ཤིང་ཡིན་པས་བུད་ཤིང་མེ་ལ་ལྟོས་ལ། བུད་ཤིང་དེ་སྲེག་པར་བྱེད་པ་པོ་ཉིད་མེ་ཡིན་པས་མེ་ཡང་བུད་ཤིང་ལ་ལྟོས་པས་དེ་གཉིས་ཕན་ཚུན་ལྟོས་བཅས་ཀྱི་གཞན་ཡིན་གྱི་བུམ་སྣམ་ལྟར་ལྟོས་མེད་ཀྱི་གཞན་མ་ཡིན་པས་ཐལ་བ་གཉིས་པོ་དེར་མི་འགྱུར་སྙམ་དུ་སེམས་ན། མེས་བུད་ཤིང་སྲེག་ན་དེ་ལྟར་བརྟག་པར་རིགས་པ་ཞིག་ན་མེས་བུད་ཤིང་སྲེག་པ་ཉིད་མི་འཐད་དེ། འདི་ལྟར་བུད་ཤིང་ཆོས་ཅན། མེ་གང་གིས་བུད་ཤིང་དེ་སྲེག་པར་བྱེད་དེ་སྲེག་པར་མི་བྱེད་དོ་ཞེས་པ་ལ། གཏན་ཚིགས་གང་གི་ཚེའམ་གང་གི་ཕྱིར་སྲེག་བཞིན་པ་དེ་ཙམ་བུད་ཤིང་དེ་ཡིན་པའི་ཕྱིར་རོ་ཞེས་པ་སྟེ། དེའི་ཁྱབ་པ་ནི་སྲེག་བཞིན་པ་དེ་ཙམ་ལས་ཐ་དད་པའི་སྲེག་པར་བྱེད་པ་པོའི་མེ་མ་དམིགས་པས་རང་ལ་བྱ་བྱེད་འགལ་བར་དགོངས་པའོ། །དེའི་ཕྱིར་མེས་སྲེག་བཞིན་པ་བུད་ཤིང་དང་བུད་ཤིང་སྲེག་པར་བྱེད་བཞིན་པར་མེར་མི་རུང་བས་དེ་དག་ལྟོས་བཅས་ཀྱི་གཞན་དུ་མ་གྲུབ་པས་ཐལ་བ་སྔ་མ་གཉིས་པོ་བཟློག་པར་མི་ནུས་སོ། །གཞན་ཡང་མེ་དང་བུད་ཤིང་ལྟོས་བཅས་ཀྱི་གཞན་ཡིན་པའི་ཕྱིར་ཡུལ་དུས་གཅིག་ཏུ་མི་ཕྲད་ལ། ཕྲད་པ་མེད་པའི་ཕྱིར་མེས་བུད་ཤིང་བསྲེག་པར་མི་འགྱུར་བས་སྲེག་བཞིན་པ་བུད་ཤིང་དུ་མི་འཐད་དོ་ཞེས་སྲེག་བཞིན་པ་བུད་ཤིང་ཡིན་པ་འགོག་པའི་འཐད་པ་གཉིས་པར་འགྲེལ་པས་འཆད་དོ། །ཡང་ན་དེ་ལྟར་མི་ལྟོས་པར་ཐལ་བས་མེ་དང་བུད་ཤིང་གཞན་ཡིན་པ་བཀག་ནས། མི་ཕྲད་པར་ཐལ་བས་དེ་གཉིས་གཞན་ཡིན་པ་འགོག་པ་ཡིན་ནོ། །དེ་ལ་གཉིས་ལས་ཐལ་བ་དགོད་པ་ནི། གཞན་ཡང་མེ་དང་བུད་ཤིང་རྫས་གཞན་ཡིན་པའི་ཕྱིར་སྣང་མུན་ལྟར་ཡུལ་དུས་གཅིག་ཏུ་མི་ཕྲད་ལ་ཕྲད་པ་མེད་པའི་ཕྱིར་ན་བསྐལ་པའི་ཡུལ་དུས་ན་གནས་པ་ལྟར་མེས་བུད་ཤིང་སྲེག་པར་མི་འགྱུར་ཞིང་། མེས་བུད་ཤིང་མི་སྲེག་པའི་ཕྱིར་ན་བུད་ཤིང་སྲེག་པ་ལ་མི་ལྟོས་པས་བུད་ཤིང་རྒྱུན་ཆད་པས་འཆི་བར་མི་འགྱུར་ལ་མི་འཆི་བའི་ཕྱིར་ན་བུད་ཤིང་རྒྱུན་ཆད་པ་ན་རང་གི་རྟགས་རང་གི་མཚན་ཉིད་དང་ལྡན་པར་གནས་པར་ཡང་འགྱུར་རོ། །དེ་འདོད་པར་ནི་མི་ནུས་ཏེ། བུད་ཤིང་རྒྱུན་ཆད་པའི་ཚེ་རང་གི་མཚན་ཉིད་ཚ་ཞིང་སྲེག་པ་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་བུད་ཤིང་རྒྱུན་ཆད་པས་འཆི་བའི་ཕྱིར་བུད་ཤིང་སྲེག་ཅིང་བུད་ཤིང་སྲེག་པས་དེ་དང་ཕྲད་ལ་ཕྲད་པའི་ཕྱིར་བུད་ཤིང་ལས་གཞན་དུ་མ་གྲུབ་བོ་ཞེས་བཟློག་པ་དོན་གྱིས་གནས་སོ། །གཉིས་པ་མ་ངེས་པ་སྤང་བ་ནི། གལ་ཏེ་མེ་དང་བུད་ཤིང་གཞན་ཡིན་ཀྱང་ཕྲད་པ་མི་འགལ་ཏེ་སྐྱེས་པ་དང་བུད་མེད་བཞིན་ནོ་སྙམ་ན། ཇི་ལྟར་བུད་མེད་སྐྱེས་པ་དང་། སྐྱེས་པའང་བུད་མེད་དང་ལྟོས་མེད་ཀྱི་གཞན་ཡིན་པས་ཕྲད་པ་བཞིན་གལ་ཏེ་ཤིང་ལས་མེ་ལྟོས་མེད་ཀྱི་གཞན་ཡིན་ན་ཤིང་དང་ཕྲད་པར་རུང་བར་འགྱུར་བ་ཞིག་ན་དེ་གཉིས་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་པས་ཕྲད་པ་མེད་དོ་ཞེས་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི། གལ་ཏེ་མེ་དང་ཤིང་དག་ནི་སྐྱེས་པ་དང་བུད་མེད་ལྟར་གཅིག་གིས་གཅིག་ནི་བསལ་བའམ་ཕན་ཚུན་མི་ལྟོས་པར་གྱུར་ན་དུས་གཅིག་གི་ཚེ་ཚོགས་སུ་རུང་བས་ཤིང་ལས་མེ་གཞན་ཉིད་ཡིན་ཀྱང་། ཤིང་དང་ཕྲད་པར་འདོད་ལ་རག་ན་དེ་གཉིས་སྐྱེས་པ་བུད་མེད་ལྟར་ཕན་ཚུན་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་པའི་ཕྱིར་ཕྲད་པ་གཏན་མི་སྲིད་དོ་སྙམ་དུ་དགོངས་པའོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་གཉིས་ལས། རེ་ཞིག་ལྟོས་པ་དགག་པ་ནི། གལ་ཏེ་མེ་དང་བུད་ཤིང་ཕན་ཚུན་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་མོད་ལྟོས་བཅས་ཡིན་པའི་ཕྱིར་རང་བཞིན་དུ་ཡོད་པ་ཉིད་དེ་མོ་གཤམ་གྱི་བུ་ལྟར་མེད་པ་ནི་ལྟོས་པར་མི་རུང་བས་སོ་ཞེ་ན། དེ་དག་མ་དཔྱད་པ་ཤེས་པ་འཁྲུལ་པའི་ངོ་ན་ལྟོས་པར་སྣང་མོད་ཀྱི་དེ་ཙམ་གྱིས་གཟུགས་བརྙན་ལྟར་རང་བཞིན་དུ་མི་འགྲུབ་ལ། རྣམ་པར་དཔྱད་ན་ལྟོས་པ་ཉིད་མ་གྲུབ་བོ། །དེ་ལ་གསུམ་སྟེ། སྔ་ཕྱི་དང་དུས་མཉམ་པ་ལྟོས་པར་མི་འཐད་པ་དང་། གྲུབ་པ་དང་མ་གྲུབ་པ་ལྟོས་པར་མི་འཐད་པ་དང་། དོན་བསྡུ་བའོ། །དང་པོ་ལ་རེ་ཞིག་སྔ་ཕྱི་བ་ལྟོས་པ་དགག་པ་ནི། གལ་ཏེ་མེ་འདི་ནི་བུད་ཤིང་དེའི་སྲེག་པར་བྱེད་པ་པོ་ཡིན་ནོ་ཞེས་བུད་ཤིང་ལ་ལྟོས་ནས་མེར་རྣམ་པར་འཇོག་པ་ཡིན་ལ། གལ་ཏེ་བུད་ཤིང་འདི་ནི་མེ་འདིའི་བསྲེག་བྱའི་ལས་ཡིན་ནོ་ཞེས་མེ་ལ་ལྟོས་ནས་བུད་ཤིང་དུ་རྣམ་པར་འཇོག་པ་ཡིན་ན། དེའི་ཚེ་དང་པོ་བུད་ཤིང་གང་ལ་ལྟོས་ནས་མེ་གྲུབ་པར་འགྱུར་བ་ལ་བུད་ཤིང་སྔར་གྲུབ་པས་ཁྱབ་པ་ལས་བུད་ཤིང་དང་པོར་གྲུབ་པ་གང་ཞིག་ཡིན་ཏེ་མེས་སྲེག་བཞིན་པ་མ་ཡིན་པ་བུད་ཤིང་མ་ཡིན་པ་ནི་བུད་ཤིང་ཉིད་མ་ཡིན་པའི་ཕྱིར་རོ། །གཉིས་པ་མེ་གང་ལ་ལྟོས་ནས་བུད་ཤིང་གྲུབ་པར་འགྱུར་བ་ལ་མེ་སྔར་གྲུབ་པས་ཁྱབ་པ་ལས་མེ་དང་པོར་གྲུབ་པ་གང་ཞིག་ཡིན་ཏེ་དེ་སྔར་གྲུབ་ན་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་གང་ཡང་སྔར་མ་གྲུབ་པས་གང་ལ་ལྟོས་ནས་གང་ཡང་མི་འགྲུབ་བོ་ཞེས་པའི་དོན་ཏོ། །ཡང་གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་གྲུབ་པ་ཡིན་ན། མེ་གྲུབ་པ་ལ་བསྒྲུབ་པར་འགྱུར་ཏེ། དེའི་ཁྱབ་པ་ནི་མེ་མ་གྲུབ་ན་མོ་གཤམ་གྱི་བུ་ལྟར་ལྟོས་པ་མེད་པས་ལྟོས་པར་མི་འཐད་པའི་ཕྱིར་རོ་སྙམ་པའོ། །འདོད་པའང་མ་ཡིན་ཏེ་མེ་གྲུབ་ཟིན་བུད་ཤིང་གིས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དེས་ན་གྲུབ་ཟིན་ལྟོས་པ་དོན་མེད་པས་ཤིང་ལ་ལྟོས་ནས་མེ་ཡིན་ན་མེ་མ་གྲུབ་པ་བསྒྲུབ་པར་འགྱུར་ན། འདོད་པའང་མ་ཡིན་ཏེ་མ་གྲུབ་པ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ་ཞེས་པའང་དོན་གྱིས་བལྟ་བར་བྱའོ། །གཞན་ཡང་བུད་ཤིང་ལ་ལྟོས་ནས་མེ་འགྲུབ་པ་ཡིན་ན། བུད་པར་བྱ་བའི་ཤིང་ལ་ཡང་། མེ་མེད་པར་ནི་འགྱུར་བ་ཡིན་ཏེ་དེའི་ཁྱབ་པ་ནི་བུད་ཤིང་མ་གྲུབ་ན་ལྟོས་པར་འགལ་ཤིང་། མེ་གྲུབ་ན་ལྟོས་མི་དགོས་པས་སོ་སྙམ་དུ་དགོངས་པའོ། །དུས་མཉམ་པ་ལྟོས་པར་མི་འཐད་པ་ནི། དེ་གཉིས་སྔ་ཕྱིར་མ་གྲུབ་ཀྱང་དུས་མཉམ་ཁོ་ནར་ཕན་ཚུན་ལྟོས་ནས་གྲུབ་པས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེ་ཡང་མི་རུང་སྟེ་གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་ལ་ལྟོས་ནས་འགྲུབ་ལ། མེའི་ལྟོས་བྱའམ་ལྟོས་ས་བུད་ཤིང་གང་ཡིན་པ་དེ་ཡང་མེ་དེ་ཉིད་ལ་ལྟོས་ནས་ནི་གྲུབ་ན་བུད་ཤིང་གང་ལ་ལྟོས་ནས་མེ་གང་ཞིག་འགྲུབ་སྟེ་མེ་གྲུབ་ན་བུད་ཤིང་ལ་ལྟོས་མི་དགོས་ཤིང་། མ་གྲུབ་ན་ལྟོས་ས་བུད་ཤིང་ཡང་དེ་ཉིད་ལ་ལྟོས་པས་མི་འགྲུབ་པའི་ཕྱིར་རོ། །ཡང་དེ་བཞིན་དུ་བུད་ཤིང་གི་དངོས་པོ་གང་མེ་ལ་ལྟོས་ནས་འགྲུབ་ལ། བུད་ཤིང་གི་ལྟོས་བྱའམ་ལྟོས་ས་མེ་གང་ཡིན་པ་དེ་ཡང་བུད་ཤིང་དེ་ཉིད་ལ་ལྟོས་ནས་ནི་འགྲུབ་ན་མེ་གང་ལ་ལྟོས་ནས་བུད་ཤིང་གང་ཞིག་འགྲུབ་སྟེ་བུད་ཤིང་གྲུབ་ན་མེ་ལ་ལྟོས་མི་དགོས་ལ། མ་གྲུབ་ན་ལྟོས་ས་མེ་ཡང་བུད་ཤིང་དེ་ཉིད་ལ་ལྟོས་པས་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་མེའི་དངོས་པོ་བུད་ཤིང་ལ་ལྟོས་ནས་གྲུབ་པ་གང་ཡིན་པ་དེ་གྲུབ་པའམ་མ་གྲུབ་པ་ཞིག་བུད་ཤིང་ལ་ལྟོས་གྲང་། དང་པོ་ལྟར་ན་མེ་དེ་བུད་ཤིང་ལ་ཇི་ལྟར་ལྟོས་ཏེ་མ་གྲུབ་པའི་ཕྱིར་རི་བོང་གི་རྭ་བཞིན་ཅེས་པ་སྟེ། ལྟོས་པ་ལ་ལྟོས་ས་ལྟོས་ཆོས་གཉིས་ཀྱིས་ཁྱབ་པས་ལྟོས་པ་པོ་མེད་པའི་ལྟོས་ས་མི་འཐད་པར་དགོངས་པའོ། །ཇི་སྟེ་གཉིས་པ་ལྟར་མེ་གྲུབ་པ་ཞིག་བུད་ཤིང་ལ་ལྟོས་སོ་ཞེ་ན། མེ་དེ་ནི་བུད་ཤིང་ལ་ལྟོས་པར་མི་རིགས་ཏེ་གྲུབ་ཟིན་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་གྲུབ་ཟིན་པ་ལ་ཅིར་ཡང་བྱར་མེད་པས་སོ་སྙམ་པའོ། །དེ་བཞིན་ཏུ་བུད་ཤིང་ཡང་གྲུབ་པ་དང་མ་གྲུབ་པ་མེ་ལ་ལྟོས་པ་མི་འཐད་པ་སྦྱར་བར་བྱའོ། །གསུམ་པ་དོན་བསྡུ་བ་ནི། རྣམ་པར་དཔྱད་ན་ལྟོས་པ་ཉིད་མི་འཐད་པ་དེའི་ཕྱིར་ཤིང་ལ་ལྟོས་པའི་མེ་མེད་དེ། འོ་ན་མ་ལྟོས་པར་ཡོད་དོ་སྙམ་ན། ཤིང་ལ་མ་ལྟོས་པའི་མེ་མ་དཔྱད་པ་ཐ་སྙད་དུ་ཡང་མེད་དེ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་ཏུ་རྣམ་པར་དཔྱད་ན་མེ་ལ་ལྟོས་པའི་ཤིང་མེད་དེ་མེས་སྲེག་བཞིན་པ་ཉིད་བུད་ཤིང་ཡིན་པས་མེ་ལ་མ་ལྟོས་པའི་བུད་ཤིང་མ་དཔྱད་པ་ཐ་སྙད་དུ་ཡང་མེད་དོ། །གཉིས་པ་སྒྲུབ་བྱེད་མངོན་སུམ་དགག་པ་ནི། ཇི་སྟེ་མེ་དང་བུད་ཤིང་ངོ་བོ་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད་ཅེས་པའི་དཔྱད་པ་འདིས་ཅི་ཞིག་བྱ་སྟེ། མེས་བུད་ཤིང་སྲེག་པ་མངོན་སུམ་ཉིད་ཀྱིས་དམིགས་པས་དེ་དག་རང་བཞིན་དུ་ཡོད་དོ་ཞེ་ན། མ་འཁྲུལ་བའི་མངོན་སུམ་གྱིས་དེ་ལྟར་དམིགས་པ་ཉིད་དུ་མ་གྲུབ་སྟེ། རྣམ་པར་དཔྱད་ན་མེས་བུད་ཤིང་སྲེག་པར་མི་རུང་བའི་ཕྱིར་རོ། །གལ་ཏེ་སྲེག་ན་གཞན་ནས་འོངས་པའི་མེས་སམ། སྔར་ནས་བུད་ཤིང་ལ་ཡོད་པའི་མེས་དེ་སྲེག་གྲང་། དང་པོ་ལྟར་ན། མེ་ནི་བུད་ཤིང་ལས་མ་གཏོགས་པ་གཞན་ལས་མི་འོང་སྟེ་དེ་ལྟར་མ་དམིགས་པའི་ཕྱིར་དང་། རྒྱུ་བུད་ཤིང་མེད་པའི་མེ་མེད་པས་དེ་ལ་འོང་བ་མེད་ཅིང་བུད་ཤིང་དང་བཅས་པའང་བུད་ཤིང་གི་སྟེང་དུ་འོང་བ་ལ་དགོས་པ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཤིང་ལའང་སྔར་ནས་མེ་ཡོད་པ་ནི་མ་ཡིན་ཏེ་སྣང་རུང་མ་དམིགས་པའི་ཕྱིར་རོ། །གལ་ཏེ་མེ་སྔར་ནས་ཤིང་ལ་ཡོད་མོད་ཀྱི་དེ་གཙུབ་ཤིང་ལ་སོགས་པའི་རྐྱེན་གྱིས་མངོན་པར་གསལ་བར་བྱེད་པ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། མེའི་རང་གི་ངོ་བོ་གྲུབ་ཟིན་པས་བྱ་མི་དགོས་ཤིང་། མངོན་པར་གསལ་བར་བྱེད་ན་དེ་ཉིད་སྔར་མེད་པས་རྒྱུ་ལ་འབྲས་བུ་ཡོད་པའི་ཕྱོགས་ཉམས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་དེ་བཞིན་ཏུ་མེས་བུད་ཤིང་སྲེག་པ་སུན་འབྱིན་པའི་ལྷག་མ་ནི་སྔར་སོང་དང་མ་སོང་བགོམ་པ་ལ་འགྲོ་བའི་བྱ་བ་བཀག་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། རོ་ཞིག་བསྲེགས་པ་མི་སྲེག་སྟེ། །ཞེས་འདོན་པ་བསྒྱུར་བ་ནི་སླའོ། །དེས་ན་མེས་བུད་ཤིང་སྲེག་པ་ཉིད་མེད་པས་རྨི་ལམ་གྱི་མེས་བུད་ཤིང་སྲེག་པ་ལྟར་མི་བདེན་པ་མཐོང་བ་ཡིན་ནོ་ཞེས་འགྲེལ་པས་སྒྲུབ་བྱེད་མངོན་སུམ་དགག་པར་འཆད་དོ། །ཁ་ཅིག་ཕྱེད་སྔ་མས་མེ་བུད་ཤིང་ལ་བརྟེན་པ་དགག་པ་དང་། ཕྱི་མས་བུད་ཤིང་སྲེག་པའི་བྱ་བ་དགག་པར་འཆད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་སྔར་བཀག་པས་ཤིང་ཉིད་མེ་ནི་མ་ཡིན་ཏེ། ཤིང་ལས་གཞན་ལ་མེ་ཡང་མེད་ལ། རིགས་པ་དེ་ཉིད་ཀྱིས་མེ་ནི་ཤིང་དང་ཐ་དད་ཐ་མི་དད་ཀྱི་ལྡན་པ་མ་ཡིན་ཞིང་། རྟེན་དང་བརྟེན་པ་ལ་ཐ་དད་ཀྱིས་ཁྱབ་པས་རྟེན་མེ་ལ་ཤིང་བརྟེན་པར་མེད་ལ། ཤིང་དེར་མེ་བརྟེན་པར་མེད་དོ། །དེའི་ཕྱིར་མེ་དང་བུད་ཤིང་ཕྱོགས་ལྔར་མ་གྲུབ་པས་རང་བཞིན་མེད་པར་གྲུབ་བོ། །གཉིས་པ་རིགས་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། དེ་ལྟར་མེ་དང་ཤིང་ཕྱོགས་ལྔར་དཔྱད་ན་མེད་པ་དེ་ཉིད་ཀྱིས་ཉེ་བར་ལེན་པ་པོའི་བདག་དང་ནི་ཕུང་པོ་ལ་སོགས་པ་ཉེ་བར་བླང་བ་ལའང་ཕྱོགས་ལྔ་པོའི་རིམ་པ་ཀུན་མཚུངས་པར་རྣམ་པར་བཤད་ཅེས་སྦྲེལ་ཏེ། ལས་དང་བྱེད་པོ་གཅིག་ཏུ་འགྱུར་བས་བདག་ཕུང་པོའི་ངོ་བོར་མི་འཐད་ལ། ཐ་དད་དུ་དམིགས་པར་ཐལ་བ་དང་། རྒྱུ་ཕུང་པོ་ལ་མི་ལྟོས་པར་འགྱུར་བས་བདག་ཏུ་གདགས་པའི་རྒྱུ་མེད་དུ་འགྱུར་བའི་ཕྱིར་བདག་ཕུང་པོ་ལས་གཞན་དུ་མེད་ཅིང་། དེ་ཉིད་ཀྱིས་ན་བདག་ཕུང་པོ་དང་ཐ་དད་མི་དད་ཀྱི་ལྡན་པ་དང་། བདག་ཕུང་པོའི་རྟེན་དང་། ཕུང་པོ་ལ་བརྟེན་པར་ཡོད་པ་ཡང་བཀག་པ་ཡིན་ནོ། །དེ་ཁོ་ནར་མ་ཟད་ཀྱི་ཡན་ལག་དང་ཡན་ལག་ཅན་དང་རྒྱུ་དང་འབྲས་བུ་དང་མཚན་ཉིད་དང་མཚན་གཞིས་ཁྱབ་པའི་བུམ་སྣམ་སོགས་དང་ལྷན་ཅིག་ཏུ་མ་ལུས་པར་ནི་སྔར་བཤད་པའི་ཕྱོགས་ལྔ་པོའི་རིམ་པ་ཀུན་མཚུངས་པར་རྣམ་པར་བཤད་པ་ཡིན་ནོ། །དེའི་ཕྱིར་མེ་དང་བུད་ཤིང་ཕྱོགས་ལྔར་མ་གྲུབ་པའི་ཚུལ་འདིས་ལྟོས་མེད་ཀྱི་ཆོས་མི་སྲིད་ཅིང་ལྟོས་བཅས་ཀྱི་ཆོས་རྣམས་རང་གི་ལྟོས་ས་ལས་རྣམ་པ་ལྔར་དཔྱད་ན་མེད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་ཡང་དག་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །དོན་འདི་ཉིད་མདོ་ལས། ཇི་ལྟར་གཙུབ་ཤིང་དང་ནི་གཙུབ་གཏན་དང་། །ལག་པའི་རྩོལ་བ་འདི་གསུམ་འདུས་པ་ཡི། །རྐྱེན་འདི་དག་ལས་མེ་ནི་འབྱུང་འགྱུར་ཞིང་། །བྱུང་སྟེ་བྱ་བ་བྱས་ནས་མྱུར་དུ་འགག །དེ་ནས་འདི་ནི་གང་ནས་འོངས་སམ་གར། །སོང་ཞེས་མཁས་པ་གང་ཞིག་ཚོལ་བར་བྱེད། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བཙལ་བྱས་ན། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་ལ། །ཆོས་ཉིད་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས་པ་ལྟ་བུའོ། །གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི། དེ་ལྟར་གྲུབ་བཞིན་དུ་རང་གི་སྡེ་པ་གང་དག་རྟེན་ཅིང་འབྲེལ་པ་མཆོག་ཏུ་ཟབ་པའི་དོན་ལ་རྨོངས་པས་ཉེ་བར་ལེན་པ་པོའི་བདག་དང་འབྲས་བུ་དང་ཡན་ལག་ཅན་དང་མཚན་ཉིད་ལ་སོགས་པ་ལྟོས་ཆོས་ཀྱི་དངོས་པོ་རྣམས་རང་གི་ལྟོས་ས་ཉེ་བར་ལེན་པའི་ཕུང་པོ་དང་རྒྱུ་དང་། ཡན་ལག་དང་མཚན་གཞི་ལ་སོགས་པ་ལས་དེ་བཅས་ཀྱི་ངོ་བོ་ཐ་མི་དད་པ་ཉིད་དང་། ངོ་བོ་ཐ་དད་པར་སྟོན་པ་དེ་དག་ཐུབ་པས་བསྟན་པ་རྟེན་ཅིང་འབྲེལ་པ་ཆེས་ཟབ་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྟག་པ་དང་ཆད་པ་དང་བྲལ་བའི་དོན་ལ་མཁས་སོ་སྙམ་དུ་འཕགས་པ་ཀླུ་སྒྲུབ་ཁོ་བོ་མི་སེམས་སོ་ཞེས་པའོ། །ཇི་སྐད་དུ་བསྟོད་པ་ལས། འགྲོ་བ་སྒྲ་བརྙན་དང་འདྲ་བར། །གཅིག་ཉིད་གཞན་ཉིད་དང་བྲལ་ཞིང་། །འཕོ་དང་འཇིག་པ་དང་བྲལ་བར། །སྨད་མེད་ཁྱེད་ཀྱིས་ཐུགས་སུ་ཆུད། །ཅེས་བཤད་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། མེ་དང་བུད་ཤིང་བརྟག་པ་སྟེ། རབ་ཏུ་བྱེད་པ་བཅུ་པའི་རྣམ་པར་བཤད་པའོ།།  །།སྔོན་དང་ཕྱི་མའི་མཐའ་བརྟག་པ་ལ་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། འཕགས་པ་དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་པ་ལ་སོགས་པ་འཁོར་བ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་གང་ཟག་གི་བདག་གི་ངོ་བོ་དང་དཔེ་མེ་དང་བུད་ཤིང་བཀག་མོད་ཀྱི། མདོ་ལས། དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ལ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པའི་ཚུལ་གྱིས་འཁོར་བ་ཡོད་པས་འཁོར་བ་པོའི་བདག་ཀྱང་ཡོད་དོ་སྙམ་པ་ལ། འཁོར་བ་ཉིད་དཔྱད་ན་མ་གྲུབ་པས་འཁོར་བ་པོའི་བདག་ཀྱང་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་འདི་བཀོད་པའོ། །གཉིས་པ་གཞུང་བཤད་པ་ལ་གཉིས་ཏེ། འཁོར་བ་རང་བཞིན་དུ་ཡོད་པ་དགག་པ་དང་། དེ་གཞན་ལ་སྦྱར་བའོ། །དང་པོ་ལ་འཁོར་བའི་ཐོག་མཐའ་དབུས་གསུམ་མེད་པས་དང་། སྐྱེ་བ་དང་རྒ་ཤི་སྔ་ཕྱི་ལྷན་ཅིག་ཏུ་མ་གྲུབ་པས་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་འཁོར་བ་རང་བཞིན་དུ་ཡོད་ན་བུམ་པ་ལྟར་དེའི་ཐོག་མཐའ་དབུས་གསུམ་ཡོད་དགོས་པ་ལས། ཐོག་མཐའ་དབུས་གསུམ་དང་བྲལ་པའི་ཕྱིར་འཁོར་བ་རང་བཞིན་མེད་དེ་ནམ་མཁའ་བཞིན་ནོ་ཞེས་པའི་རྟགས་དོན་གྱིས་གནས་ལ། དེའི་ཕྱོགས་ཆོས་ནི། གཞན་ལ་གྲགས་པའི་རིགས་པས་ཀྱང་དེའི་ཐོག་མ་དང་ཐ་མ་དང་དབུས་དགག་པར་ནུས་མོད་ཀྱི། རེ་ཞིག་རང་གི་སྡེ་པ་ལ་ཐུབ་པའི་ལུང་གིས་བསྒྲུབ་པ་ནི། འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ་སྲེད་པའི་ཀུན་ཏུ་སྦྱོར་བ་ཅན་སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིངས་པ་འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་དེའི་སྔོན་གྱི་མཐའ་མངོན་པ་མིན་པར་གསུངས་པ་དང་། ཡང་དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དེ། དེ་གཉིས་ཀྱི་རྣམ་གྲངས་དེ་ལ་སྔོན་གྱི་ཆ་མེད་ཅིང་ཕྱི་མའི་ཆ་ཡང་མེད་དོ། །དེ་ལྟ་ནའང་དེའི་དབུས་མ་བཀག་པས་རང་བཞིན་དུ་ཡོད་དོ་ཞེ་ན། སྔར་བཤད་པའི་ཚུལ་གྱིས་གང་ལ་ཐོག་མཐའ་གཉིས་མེད་པའི་འཁོར་བ་དེ་ལ་དབུས་ནི་ག་ལ་ཡོད་དེ། དེ་གཉིས་མེད་པར་དེ་གཉིས་ཀྱི་བར་ན་གནས་པ་མི་རུང་བའི་ཕྱིར་རོ། །གཉིས་པ་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི། ཐོག་མཐའ་དབུས་མེད་པ་དེའི་ཕྱིར་འཁོར་བའི་རང་བཞིན་སྐྱེ་བ་དང་རྒ་ཤི་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་མི་འཐད་པས། འཁོར་བ་རང་བཞིན་དུ་མེད་དོ་ཞེས་པའོ། །གཉིས་པ་ལ་རེ་ཞིག་སྔ་ཕྱིར་འབྱུང་བ་དགག་པ་ལ་སྐྱེ་བ་སྔ་བ་དགག་པ་ནི། གལ་ཏེ་སྐྱེ་བ་སྔ་གྱུར་ལ། དངོས་པོ་དེ་ཉིད་དང་གཞན་གྱི་རྒ་ཤི་ཕྱི་བ་ཡིན་ན་ནི། སྐྱེ་བ་ཆོས་ཅན། རིམ་པ་ལྟར་དེ་ཉིད་ཀྱི་རྒ་ཤི་མེད་པ་དང་། གཞན་དུ་མ་ཤི་བ་ཡང་འདིར་སྐྱེ་བར་འགྱུར་ན། འདོད་པར་ནི་མི་ནུས་ཏེ་རིམ་པ་ལྟར་རྟག་པ་དང་རྒྱུ་མེད་དུ་འགྱུར་བས་དངོས་པོར་མི་རུང་བའི་ཕྱིར་རོ། །རྒ་ཤི་སྔ་བ་དགག་པ་ནི། ཡང་གལ་ཏེ་སྐྱེ་བ་ཕྱི་གྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་པའོ། །ལྷན་ཅིག་ཏུ་འབྱུང་པ་དགག་པ་ནི། སྐྱེ་བ་དང་ནི་རྒ་ཤི་དག་དངོས་པོ་གཅིག་ལ་དུས་གཅིག་གི་ཚེ་ལྷན་ཅིག་རུང་བ་མ་ཡིན་ཏེ། དེ་ལྟ་ན་སྐྱེ་བཞིན་པ་ན་འཆི་བར་འགྱུར་ན་འབྱུང་འཇིག་གི་བྱ་བ་འགལ་བ་གཉིས་དངོས་པོ་གཅིག་ལ་དུས་གཅིག་གི་ཚེ་མི་སྲིད་པའི་ཕྱིར་དང་། ཕན་ཚུན་མི་ལྟོས་པར་འགྱུར་བས་གཉི་གའང་རྒྱུ་མེད་ཅན་དུ་འགྱུར་བའི་ཕྱིར་རོ་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེའི་ཕྱིར་དེ་ལྟར། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །རྣམ་པ་ཐམས་ཅད་དུ་མ་དམིགས་པ་ན་འཕགས་པའམ་བྱིས་པ་རྣམས་ཡང་དག་པར་ཡོད་མེད་ཅེས་སྒྲ་རྟོག་གིས་ཅིའི་ཕྱིར་ན་སྤྲོ་བར་བྱེད་དེ་སྤྲོ་བར་མི་མཛད་པའམ་སྤྲོ་བར་མི་རིགས་སོ་ཞེས་པའོ། །དེ་ཆོས་གཞན་ལ་སྦྱར་བ་ནི། འཁོར་བའི་ཁྱབ་བྱེད་སྐྱེ་བ་རྒ་ཤི་འབའ་ཞིག་སྔོན་གྱི་མཐའ་དང་ལྷན་ཅིག་ཏུ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །ཤེས་པ་དང་ཤེས་བྱ་ལ་སོགས་པ་དོན་ཡོད་གང་དག་ཅི་ཡང་རུང་། ཕན་ཚུན་ལྟོས་པ་དང་བཅས་པའི་དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། གཅིག་སྔོན་དུ་གྲུབ་པའི་སྔོན་གྱི་མཐའ་དང་ལྷན་ཅིག་ཏུ་ཡོད་པ་མ་ཡིན་པས་ལྟོས་གྲུབ་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་སྟོང་པ་ཉིད་དང་། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ཏེ། འདི་ལྟར་རྒྱུ་སྔ་ན་དེའི་རྣམ་འཇོག་རྒྱུ་མེད་དང་། འབྲས་བུ་སྔ་ན་དེའི་ངོ་བོ་རྒྱུ་མེད་དང་། དུས་མཉམ་ན་གཉི་ག་རྒྱུ་མེད་དུ་འགྱུར་ལ། དེ་བཞིན་ཏུ་ཐམས་ཅད་ལ་སྦྱར་བར་བྱའོ། །དོན་དེ་ཉིད་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །སོང་བ་མེད་ཅིང་གནས་མེད་གནས་ཀྱི་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །ཅེས་དང་། འཁོར་བ་ལ་ནི་ཐ་མ་མི་རྙེད་དེ། །གང་དག་སྔོན་དུས་མཐའ་ནི་མཚན་ཉིད་མེད། །ཅེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། སྔོན་དང་ཕྱི་མའི་མཐའ་བརྟག་པ་སྟེ། རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་པར་བཤད་པའོ།།  །།སྡུག་བསྔལ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི་རྒྱལ་བའི་ཡུམ་ལས། སྡུག་བསྔལ་མེད་ཅེས་དང་། འཕགས་པ་ས་བཅུ་པ་ལས། རྒྱལ་བའི་སྲས་དག་དེ་ལྟར་འདུ་བྱེད་སྡུག་བསྔལ་དུ་གྱུར་པ་ཉེས་པ་མང་པོས་སྐྱོན་ཆགས་པ་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་མ་འགགས་པར་སོ་སོར་རྟོག་པ་ན་ཞེས་སྡུག་བསྔལ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་གང་ཟག་གི་བདག་བཀག་མོད་ཀྱི། འོན་ཀྱང་མདོ་ལས། སྐྱེ་བ་ནི་སྡུག་བསྔལ་ལོ། །ན་བ་དང་རྒ་བ་དང་འཆི་བ་ནི་སྡུག་བསྔལ་ལོ་ཞེས་དང་། སྡུག་བསྔལ་ཉེར་ལེན་ཅན་ཕུང་པོ་ཞེས་གསུངས་པའི་ཚུལ་གྱིས་ཟག་བཅས་ཕུང་པོ་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བར་གྱུར་པ་ཡོད་ལ། དེའི་ཕྱིར་དེའི་རྟེན་གང་ཟག་གི་བདག་ཀྱང་ཡོད་དོ་ཞེ་ན། སྡུག་བསྔལ་ཉིད་མཐའ་བཞི་ལས་སྐྱེ་བ་མེད་པས་དེའི་རྟེན་གང་ཟག་གི་བདག་ཀྱང་མེད་དོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཉིས་པ་གཞུང་བཤད་པ་ལ་གསུམ་སྟེ། རྟོག་གེ་པའི་འདོད་པ་དགོད་པ་དང་། དེ་དགག་པ་དང་། རིགས་པ་ཆོས་གཞན་ལ་སྦྱར་བའོ། །དང་པོ་ནི། སྡུག་བསྔལ་རང་བཞིན་དུ་ཡོད་ན་མཐའ་བཞི་གང་རུང་ལས་སྐྱེ་དགོས་པས་གང་ལས་སྐྱེ་གྲང་། དེ་ལ་གྲངས་ཅན་པ་ཁ་ཅིག་སྡུག་བསྔལ་བདག་གིས་བྱས་པ་དང་། རང་གི་སྡེ་པ་དག་སྡུག་བསྔལ་གཞན་གྱིས་བྱས་པ་དང་། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་དག་རང་གིས་ཀྱང་བྱས་ཤིང་། གཞན་གྱིས་ཀྱང་བྱས་པས་གཉི་གས་བྱས་པ་དང་། རྒྱང་ཕན་པ་དང་སྤྱོད་པ་བ་དག་མ་མཐོང་བ་དང་མཐོང་བའི་རྒྱུ་མེད་པ་ལས་བྱུང་བར་འདོད་དོ་ཞེས་པའོ། །དེ་དགག་པ་ལ་གཉིས་ལས། དམ་བཅའ་མདོར་བསྟན་པ་ནི། སྡུག་བསྔལ་དེ་ནི་དེ་ལྟར་འདོད་པར་གྱུར་པའི་མཐའ་བཞི་པོ་དེས་བྱ་བར་རམ་སྐྱེད་པར་མི་རུང་ངོ་ཞེས་པའོ། །དགག་པའི་རིགས་པ་བཤད་པ་ལ་གསུམ་སྟེ། རང་གཞན་སོ་སོ་ལས་སྐྱེ་བ་དགག་པ་དང་། གཉི་གས་བྱས་པ་དགག་པ་དང་། རྒྱུ་མེད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་ལ་ལྟོས་ཏེ་རང་དང་གཞན་གྱིས་བྱས་པ་དགག་པ་དང་། གང་ཟག་ལ་ལྟོས་ཏེ་རང་དང་གཞན་གྱིས་བྱས་པ་དགག་པ་དང་། རང་བྱས་མ་གྲུབ་པས་གཞན་བྱས་དགག་པའོ། །དང་པོ་ལ་གཉིས་ལས། སྡུག་བསྔལ་ལ་ལྟོས་ཏེ་རང་བྱས་དགག་པ་ནི། གལ་ཏེ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་འདི་ཕུང་པོ་བདག་ཉིད་ཀྱིས་བྱས་པར་གྱུར་ན་དེའི་ཕྱིར་སྡུག་བསྔལ་གྱི་ཕུང་པོ་འདི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་རོ། །དེའི་ཁྱབ་པ་ནི་རང་གྲུབ་ན་རྒྱུ་རྐྱེན་ལས་སྐྱེ་བ་དོན་མེད་ཅིང་། མ་གྲུབ་ན་སྐྱེད་བྱེད་མེད་པར་དགོངས་པའོ། །འདོད་པར་ནི་མི་ནུས་ཏེ་གང་གི་ཕྱིར་འགག་པའི་ཆར་གཏོགས་ཀྱི་ཕུང་པོ་སྔ་མ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་ཕྱི་མ་དེ་དག་འབྱུང་བར་མཐོང་བས་སོ་ཞེས་པའོ། །ཉེར་ལེན་ལ་ལྟོས་ཏེ་གཞན་བྱས་དགག་པ་ནི། གལ་ཏེ་འབྲས་བུ་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་ལས་རྒྱུ་འགག་པའི་ཆར་གཏོགས་ཀྱི་ཕུང་པོ་འདི་རྫས་གཞན་གྱུར་ན་དེས་སྡུག་བསྔལ་བྱས་པ་རྒྱུ་གཞན་གྱིས་བྱས་པར་འགྱུར་ཞིང་། ཡང་གལ་ཏེ་རྒྱུ་འགག་པའི་ཆར་གཏོགས་ཀྱི་ཕུང་པོ་འདི་ལས་འབྲས་བུ་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་རྫས་གཞན་ཡིན་ན་དེ་དག་གིས་སྡུག་བསྔལ་དེ་བྱས་པ་འབྲས་བུ་གཞན་བྱས་པར་འགྱུར་ན་རིམ་པ་ལྟར་རྒྱུ་དང་འབྲས་བུ་རྫས་གཞན་ཡིན་པ་ཉིད་དུ་མ་གྲུབ་སྟེ། ཅིག་ཅར་དུ་མེད་པའི་ཕྱིར་དང་། རྫས་གཞན་དུ་གྲུབ་པ་ཕན་ཚུན་ལྟོས་པ་དོན་མེད་པས་རྒྱུ་འབྲས་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་འགག་པའི་ཆར་གཏོགས་ཀྱི་ཕུང་པོས་འབྲས་བུ་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་བྱས་སུ་ཆུག་ནའང་རིམ་པ་ལྟར་རྒྱུ་གཞན་གྱིས་བྱས་པ་དང་། འབྲས་བུ་གཞན་བྱས་པར་མ་གྲུབ་པས་སྡུག་བསྔལ་གྱི་ཕུང་པོ་དེ་ཉིད་གཞན་གྱིས་བྱས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཟག་ལ་ལྟོས་ཏེ་རང་གཞན་གྱིས་བྱས་པ་དགག་པ་ལ་གཉིས་ལས། གང་ཟག་རང་གིས་བྱས་པ་དགག་པ་ནི། གལ་ཏེ་གང་ཟག་གཞན་གྱིས་བྱས་ནས་འདི་ལ་བྱིན་པ་མ་ཡིན་གྱི་སྡུག་བསྔལ་གང་གིས་གང་ཟག་དེར་བཏགས་པའི་གང་ཟག་དེ་ཉིད་ཀྱིས་སྡུག་བསྔལ་དེ་བྱས་པས་སྡུག་བསྔལ་བདག་གིས་བྱས་པ་ཡིན་ནོ་སྙམ་ན། དེ་ཡང་མི་རུང་སྟེ་གལ་ཏེ་སྡུག་བསྔལ་དེ་ཉིད་ལས་བཏགས་པའི་གང་ཟག་བདག་གིས་ནི་སྡུག་བསྔལ་དེ་བྱས་པར་རྟོག་ན། མིའི་སྡུག་བསྔལ་བྱེད་པའི་མིའི་གང་ཟག་དེ་མིའི་སྡུག་བསྔལ་མ་གཏོགས་གང་ཞིག་ཡིན་ཏེ་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་རང་ལ་བྱ་བྱེད་འགལ་བས་དེས་བྱས་པ་མ་ཡིན་ནོ། །ཇི་སྟེ་ཚེ་སྔ་མའི་མིའི་གང་ཟག་གིས་ཕྱི་མའི་ལྷའི་སྡུག་བསྔལ་བྱེད་པས་བྱ་བྱེད་གཉིས་ཡོད་པར་རྟོག་ན་སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པར་ཇི་སྟེ་མི་འགྱུར། ཚེ་སྔ་ཕྱིའི་མི་དང་ལྷའི་སྡུག་བསྔལ་ཐ་དད་ཀྱང་དེ་དག་ལེན་པ་པོའི་གང་ཟག་ཐ་མི་དད་པའང་མ་ཡིན་ཏེ། སྡུག་བསྔལ་ལས་ངོ་བོ་ཐ་དད་པའི་གང་ཟག་བསྟན་པར་མི་ནུས་པའི་ཕྱིར་རོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号