ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་འགྲེལ་པ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       ༄༅། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་འགྲེལ་པ། ལེགས་བཤད་རྣམ་པར་གཡོ་བའི་སྤྲིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དབུས་ན་ཆེར་གནས་ཤིང་། །ཡོན་ཏན་རིན་ཆེན་འབར་བའི་གདེང་ཀ་ཅན། །སྟོང་ཉིད་ལྟ་ཟེར་སྐྱེ་བོས་མི་བཟོད་པ། །འཕགས་པ་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རྟོགས་ན་ལྟ་ངན་མུན་རི་འཇིག །ཡང་དག་སྣང་བའི་ཡེ་ཤེས་རབ་རྒྱས་ཏེ། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་ལེགས་བརྒལ་བ། །ཟབ་དོན་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་ཡིན། །ཀླུ་སྒྲུབ་གསུང་རབ་ལེགས་བཤད་རིན་ཆེན་གཏེར། །གདུལ་བྱའི་སྐྱེ་བོས་དགོས་འདོད་འབྱུང་བའི་གཞི། །ཐོས་བསམ་ལ་འཇུག་སངས་རྒྱས་འབྱུང་བའི་རྒྱུ། །དྲི་མེད་ཚིག་གི་ལེགས་པར་བཤད་པར་བྱ། །འདི་ལ་ཐོག་མར་བསྟན་བཅོས་ཀྱི་མཚན་བསྒྱུར་ཞིང་བཤད་པ་གཉིས་ལས། དང་པོ། རྒྱ་གར་སྐད་དུ། དྷརྨཱ་དྷ་ཏུ་ནི། བོད་སྐད་དུ། ཆོས་ཀྱི་དབྱིངས་སོ། །སྟོ་ཏྲ་ནི། བསྟོད་པའོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ལོ་ཙཱ་བས་བཀོད་པའི་མཆོད་བརྗོད་དོ། །གཉིས་པ་སངས་རྒྱས་ཀྱི་རྒྱུ་ཆོས་ཀྱི་དབྱིངས་ཀུན་ལ་གནས་པར་བསྟན་པ་དང་། མ་ཤེས་པའི་ཉེས་དམིགས་པ་བསྟན་པ་ནི། གང་ཞིག་རང་རྒྱུད་ལ་གནས་པའི་ཆོས་ཀྱི་དབྱིངས་ཀུན་ཏུ་མ་ཤེས་ན་སྲིད་པ་གསུམ་དུ་རྣམ་པར་འཁོར་ལ། རྟོགས་ན་འཁོར་བར་མི་འགྱུར་བའི་རྒྱུ། སེམས་ཅན་ཀུན་ལ་ངེས་པར་གནས་པའི་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ཞིང་འདུད་དོ། །འདི་ནི་ཆོས་ཀྱི་དབྱིངས་ལ་བསྟོད་པ་སྟེ། དེ་ལ་འཇུག་དགོས་ཞེས་པའི་དོན་ན།ོ །ཐོབ་བྱའི་མྱང་འདས་ངོས་གཟུང་བ་ནི། དྲི་མ་གང་ཞིག་འཁོར་བའི་རྒྱུར་གྱུར་པ་དེ་ཉིད་གཉན་པོས་སྦྱངས་བ་བྱས་པ་ལས་དྲི་མས་དག་པ་དེ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བརྗོད་དོ། །དྲི་མ་དག་པ་དེ་ཉིད་ལ་ཆོས་ཀྱི་སྐུར་ཡང་བརྗོད་དོ། །སེམས་ཅན་ཀུན་གྱི་རྒྱུད་ལ་ཆོས་དབྱིངས་ཡོད་ན། ཅིའི་ཕྱིར་མི་མཐོང་ཞེ་ན། ཇི་ལྟར་འོ་མ་དང་འདྲེས་པ་མར་གྱི་སྙིང་པོ་མི་སྣང་བ་དེ་བཞིན་དུ། ཉོན་མོངས་པ་དང་སེམས་རྒྱུད་འདྲེས་པས་དེས་བསྒྲིབས་ནས་ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་བསྲུབས་པ་དེ་རྣམ་པར་སྦྱངས་པས། དྲི་མ་མེད་པའི་མར་གྱི་སྙིང་པོ་མཐོང་བར་འགྱུར་བ་དེ་བཞིན་དུ། སྒྲིབ་བྱེད་ཀྱི་ཉོན་མོངས་པ་རྣམ་པར་སྦྱངས་པས། ཆོས་དབྱིངས་དྲི་མ་མེ་དཔར་མཐོང་བར་འགྱུར་རོ། །ཆོས་དབྱིངས་ཀུན་ལ་གནས་ཀྱང་མི་མཐོང་བའི་དཔེ་གཞན་ལ་ཡང་ཇི་ལྟར་བུམ་ནང་ན་གནས་པའི་མར་མེ་བུམ་པས་བསྒྲིབས་པས་ཕྱི་རོལ་དུ་འོད་ཅུང་ཞིག་ཙམ་ཡང་སྣང་བར་མི་འགྱུར་བ་ལྟར། བུམ་པ་དང་འདྲ་བའི་ཉོན་མོངས་པའི་ནང་ན་གནས་པའི་ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཤར་ལ་སོགས་པའི་ཕྱོགས་གང་དང་གང་དག་ནས་བུམ་པ་ལ་བུ་ག་གཏོད་པར་གྱུར་པའི་དེ་དང་དེའི་ཕྱོགས་ཉིད་མར་མེའི་འོད་ཀྱི་རང་བཞིན་འབྱུང་བར་འགྱུར་ཞེས་པ་སྟེ། ཉོན་མོངས་པའི་ཕྱོགས་གཅིག་སྤངས་པས་ཅུང་ཟད་སྣང་བའི་དོན་ནོ། །གང་གི་ཚེ་སྟོང་ཉིད་རྟོགས་པའི་ཏིང་ངེ་འཛིན་གྱི་རྡོ་རྗེས་བུམ་པ་དང་འདྲ་བའི་ཉོན་མོངས་པ་བཅག་པ་དེ་སྤངས་པར་གྱུར་ན། དེའི་ཚེ་ཆོས་དབྱིངས་དེ་ནི་ནམ་མཁའི་མཐར་ཐུག་པའི་བར་དུ་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་སྣང་བར་བྱེད་དོ། །སྔར་དྲི་མ་དང་བཅས་པ་ཕྱིས་དྲི་བྲལ་དུ་གྱུར་ན། ཆོས་དབྱིངས་ལ་སྐྱེ་འགག་ཡོད་པར་འགྱུར་རོ་ཞེ་ན། སྐྱེ་འགག་མེད་པར་བསྟན་པ་ནི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་མ་ཡིན། ནམ་ཡང་འགག་པར་འགྱུར་བ་མེད་ཅེས་པའོ། །རང་བཞིན་རྣམ་དག་གི་ཚུལ་སྟོན་པ་ནི། དུས་རྣམས་རྟག་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་པའོ། །འདིའི་དོན་ནི་དྲི་མའི་ངོ་བོར་ནམ་ཡང་མེད་པས། བྲལ་ཞེས་བརྗོད་དོ། དྲི་མའང་སེམས་ཀྱི་རང་བཞིན་དུ་ཡོད་མ་མྱོང་བས། རང་བཞིན་གྱི་རྣམ་པར་དག་ཅེས་པའི་དོན་རྟོགས་དགོས་སོ། །ངོ་བོ་དྲི་མེད་ཡིན་ཡང་དྲི་མས་བསྒྲིབས་ན་མི་གསལ་ཞེས་པ་ནི། ཇི་ལྟར་རིན་ཆེན་བཻཌཱུརྻ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །ཞེས་སོ། །དཔེ་དེ་བཞིན་དུ་དོན་སྟོན་པ་ནི། ཆོས་ཀྱི་དབྱིངས་ཆོས་ཉིད་ཀྱི་ངོས་ན་ཤིན་ཏུ་དྲི་མ་མེད་པ་ཡིན་ནའང་། ཉོན་མོངས་ཀྱི་སྒྲིབ་པས་འཁོར་བར་འོད་ནི་གསལ་བ་མ་ཡིན་ནོ། །ཤིན་ཏུ་དྲི་མེད་ཅེས་པའི་དོན་ནི། གདོད་མ་ནས་དྲི་མའི་ངོ་བོར་མེད་པའོ། །མྱ་ངན་སྟེ་སྒྲིབ་པ་ལས་འདས་ན་འོད་གསལ་མཐོང་བར་འགྱུར་རོ། །ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་ན་ནི། དཔེར་ན་ས་ལེ་སྦྲམ་གྱི་ཕྱི་རོལ་གྱི་བསྡམས་པ་སེལ་བའི་ལས་བྱས་པས། ས་ལེ་སྦྲམ་མངོན་སུམ་དུ་གསལ་བར་མཐོང་བར་འགྱུར་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཁམས་ཏེ་རིགས་མེད་པར་ནི་ལས་བྱས་ཀྱང་ཉོན་མོངས་འབའ་ཞིག་བསྐྱེད་པར་བྱེད་དོ། །དཔེ་དོན་གཞན་ཡང་སྟོན་པ་ནི། ཇི་ལྟར་སྦུན་པས་སྙིང་པོ་གཡོགས་གྱུར་པས། །ས་བོན་ལས་འབྲས་བུ་མངོན་སུམ་དུ་སྣང་བ་མི་འདོད་པ་ལྟར། དེ་བཞིན་དུ་ཆོས་དབྱིངས་ཉོན་མོངས་ཀྱི་གཡོགས་པར་གྱུར་པས་ཆོས་ཉིད་མི་མཐོང་བས། དེ་ནི་སངས་རྒྱས་ཞེས་མི་རྟག་ཅེས་བྱའོ། །གཞན་ཡང་སྒྲིབ་པ་ལས་གྲོལ་བའི་དཔེ་དོན་ནི། ཇི་ལྟར་སྦུན་པ་ལས་གྲོལ་བ་ནི། འབྲས་བུ་ཉིད་མངོན་སུམ་དུ་སྣང་བ་ལྟར། དཔེ་དེ་བཞིན་དུ་ཉོན་མོངས་པ་ལས་གྲོལ་ན། ཆོས་ཀྱི་སྐུ་ནི་རབ་ཏུ་གསལ། །ཅེས་སོ། །དཔེ་དོན་གཞན་ཡང་སྟོན་པ་ནི། ཆུ་ཤིང་ལ་སྙིང་པོ་མེད་དོ་ཞེས་འཇིག་རྟེན་ན་དཔེར་བྱེད་ཀྱང་། དེའི་འབྲས་བུ་སྙིང་པོ་ཉིད་ངོ་བོར་མངར་པོ་ཟ་བར་བྱེད་པ་ལྟར། ཆོས་དབྱིངས་ཉོན་མོངས་པའི་གཟེབ་དང་བྲལ་བར་གྱུར་ན། རྒྱུའི་ཆོས་དབྱིངས་ཀྱི་འབྲས་བུ་སངས་རྒྱས་ཉིད་ཐོབ་བོ། །འཕྲིན་ལས་ཀྱི་སེམས་ཅན་ཀྱི་དོན་བྱེད་པས་ལུས་ཅན་ཀུན་གྱི་བདུད་རྩིར་གྱུར་ཅེས་པའོ། །ཆོས་དབྱིངས་དྲི་མས་དག་པའི་རྒྱུ་ལ་དེ་བཞིན་གཤེགས་པ་འབྱུང་བ་དེ་བཞིན་དུ། ས་བོན་ཐམས་ཅད་ལས་རྒྱུ་དང་འདྲ་བས་ཏེ་མཐུན་པའི་འབྲས་བུ་འབྱུང་བས་ཏེ། རྒྱུ་མཐུན་གྱི་འབྲས་བུ་འབྱུང་བ་ཡོད་པར་ཤེས་ལྡན་གང་གིས་ཀྱང་བསྒྲུབ་པར་ནུས་ཞེས་པ་སྟེ། རྒྱུ་མེད་པའི་འབྲས་བུ་མེད་པར་བསྟན་ནོ། །བྱང་ཆུབ་ཀྱི་རྒྱུའི་ས་བོན་གང་ཞེ་ན། ཁམས་དེ་ཉིད་བྱང་ཆུབ་ཀྱི་ས་བོན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀུན་གྱི་རྟེན་དུ་འདོད་དོ། །ཁམས་དེ་ཉིད་སྦྱངས་པར་གྱུར་པ་ལས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར་རོ། །སྒྲིབ་བྱེད་ཀྱི་དྲི་མ་དཔེའི་སྒོ་ནས་ངོས་གཟུང་བ་ནི། དྲི་མ་མེད་པའི་ཉི་མ་དང་། ཟླ་བའང་། སྤྲིན་དང་ཁུགས་སྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྟུལ་ལོགས་པ་དང་འདྲ་བའི་སྒྲིབ་པ་ལྔས་བསྒྲིབས་པར་གྱུར་པ་དེ་བཞིན་དུ། འོད་གསལ་བའི་སེམས་ཀྱང་སྒྲིབ་པ་ལྔས་སྒྲིབས་སོ། །ལྔ་གང་ཞེ་ན། འགྱོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །ལྔའོ། །གཉེན་པོས་དྲི་མ་འཇོམས་ཀྱི་འོད་གསལ་འཇོམས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། སེམས་ལ་ཡོད་པ་ཅན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་ཡེ་ཤེས་ཀྱི་མེས་དྲི་མ་དེ་དག་བསྲེག་པར་བྱེད་པ་ཡིན་གྱིས། འོད་གསལ་དེ་ཉིད་བསྲེག་པ་ནི་མ་ཡིན་ནོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པ་ནི། ཇི་ལྟར་དང་པོ་མེ་དང་མ་འཕྲད་པའི་མེ་དག་པའི་གོས། ཕྱིས་སྣ་ཚོགས་ཀྱི་དྲི་མས་དྲི་མ་ཅན་དུ་བྱས་པས། ཇི་ལྟར་མེའི་ནང་དུ་བཅུག་ན། དྲི་མ་ཚིག་པར་འགྱུར་གྱི། གོས་ཚིག་པ་མིན་པ། དེ་བཞིན་འོད་གསལ་བའི་སེམས་ཀྱང་དེ་བཞིན་ནོ། །རྡོ་རྒྱུས་ལ་བཅོས་པའི་གོས་དཔེར་བརྗོད་པ་ཡིན་ནོ། །ཡང་དེའི་དོན་མདོ་དང་སྦྱར་ནས་སྟོན་པ་ནི། རྒྱལ་བས་སྟོང་པ་ཉིད་སྟོན་པའི་མདོ་ཇི་སྙེད་གསུངས་པ་དེ་དག་ལས། གཉེན་པོ་ཀུན་གྱི་ཉོན་མོངས་པ་ལྡོག་པར་བྱེད་ཀྱི། ཆོས་དབྱིངས་དེ་ཉམས་པར་བྱེད་པ་མ་ཡིན་ནོ་ཞེས་སྟོན་ནོ། །འོད་གསལ་བའི་སེམས་གཞིའི་དུས་ནའང་དྲི་མ་དང་རང་བཞིན་དང་། རང་བཞིན་ཅན་དུ་མེད་པར་སྟོན་པ་ནི། ས་ཡི་དཀྱིལ་ན་ཡོད་པའི་ཆུ། དྲི་མ་མེད་པར་གནས་པ་ལྟར། ཉོན་མོངས་ཀྱི་ནང་ན་ཡེ་ཤེས་ཏེ་འོད་གསལ་ཀྱི་སེམས། དེ་བཞིན་དྲི་མ་མེད་པར་གནས་སོ། །དེའི་དོན་ནི་གདོད་མ་ནས་དྲི་མའི་ངོ་བོར་མ་སྐྱེས་པའོ། །དཔེར་ན་གསེར་ལ་གཡའ་ཡོད་ཀྱང་། གཡའི་ངོ་བོར་མེད་པ་ལྟ་བུའོ། །ཆོས་དབྱིངས་སྤྲོས་བྲལ་དུ་སྟོན་པ་ནི། ཆོས་དབྱིངས་ཇི་ལྟར་བདག་ཅེས་བརྟག་པར་བྱ་སྟེ། རྟག་པར་བྱ་བ་མ་ཡིན་ཏེ། གང་གིས་ཕྱིར་ན་བདག་ཀྱང་མ་ཡིན། བུད་མེད་ཀྱང་མ་ཡིན། སྐྱེས་པའང་མ་ཡིན། གཟུང་བ་དང་འཛིན་པའི་སྤྲོས་པ་ཀུན་ལ་རྣམ་པར་གྲོལ་བའི་ཕྱིར། དོན་དམ་པར་ཆགས་པ་མེད་པའི་ཆོས་ཀུན་ལ། །བུད་མེད་དང་སྐྱེས་པ་དམིགས་པ་ལ་མ་ཡིན་པའི་ཕྱིར། འོན་ཀྱང་འདོད་ཆགས་སོགས་དྲི་མ་བློ་གྲོས་ཀྱི་མིག་ལྡོངས་པ་རྣམས་འདུལ་བའི་ཕྱིར། སྐྱེས་པ་དང་བུད་མེད་ཀྱི་ཐ་སྙད་ཀྱང་བསྟན་ནོ། །འོ་ན་སེམས་ཀྱི་དྲི་མ་སྦྱོང་བའི་ཐབས་གང་ཡིན་ཞེ་ན། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཞེས་བྱ་བ་གསུམ་པོས་སེམས་ཀྱི་དྲི་མ་སྦྱོང་བར་བྱེད་ཅིང་། གཞན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པས། མཆོག་ཏུ་སྟེ་ཁྱད་པར་དུ་སེམས་སྦྱོང་བར་བྱེད་དོ། །ཇི་ལྟར་སྦྱོང་བའི་ཚུལ་ནི་མི་རྟག་པ་བསྟན་པས་རྟག་འཛིན་གྱི་བློ་ལྡོག་པར་བྱེད་དོ། །སྡུག་བསྔལ་བ་བསྟན་པས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད་དོ། །སྟོང་པ་བསྟན་པས་ནི། ཉོན་མོངས་ཀྱི་རྩ་བ་བདག་འཛིན་གཅོད་དོ། །རང་བཞིན་མེད་པར་བསྟན་པས་ནི། ཤེས་བྱའི་སྒྲིབ་པའང་གཅོད་པར་བྱེད་དོ། །རང་ལ་ཆོས་ཉིད་ཡོད་ཀྱང་མི་མཐོང་བའི་དཔེ་གཞན་ལ་ཡང་སྟོན་པ་ནི། ཇི་ལྟར་བུད་མེད་སྦྲུམ་མའི་ལྟོ་ན་བུ་ཡོད་ཀྱང་མཐོང་བ་མ་ཡིན་པ་དེ་བཞིན་དུ། ཉོན་མོངས་ཀྱིས་གཡོགས་པའི་ཆོས་ཀྱི་དབྱིངས་ཀྱང་དྲི་མ་མ་བསལ་གྱི་བར་དུ་མི་མཐོང་ངོ་། །སྒྲིབ་བྱེད་ཀྱི་དྲི་མ་གང་ཞེ་ན། བདག་དང་བདག་གི་རྣལ་འབྱོར་རྣམ་རྟོག་དང་། མིང་གི་རྗེས་སུ་འབྲངས་པའི་འདུ་ཤེས་དང་། རྒྱུ་མཚན་གྱི་དོན་ལ་དཔྱོད་པའི་རྣམ་རྟོག་བཞི་པོ་སྔར་བྱུང་བ་དང་། མ་འོངས་པ་ན་འབྱུང་བར་འགྱུར་བ་དང་། འབྱུང་བ་ལས་གྱུར་པ་རྟོག་པ་འདི་དག་གིས་བསྒྲིབས་སོ། །འདི་ནི་གསལ་བར་བྱ་བའི་རྟོག་པ་ངོས་གཟུང་བའོ། །གཞི་དང་འབྲས་བུ་ལ་ཐུན་མོང་དུ་སྒྲོ་འདོགས་དཔྱད་ཟིན་ནས། བྱེ་བྲག་ཏུ་འབྲས་བུའི་སྒྲོ་འདོགས་དཔྱོད་པ་ནི། སངས་རྒྱས་རྣམས་ཀྱི་སྨོན་ལམ་ཡང་། །སྣང་བ་མེད་ཅིང་མཚན་ཉིད་མེད། །ཅེས་པ་དང་། སོ་སོ་རང་གི་རྟོག་པ་དང་། དེ་རྟོགས་པའི་སྦྱོར་བ་དང་ལྡན་པ་ཉིད་ཀྱང་བདེན་པར་མེད་དོ། །སངས་རྒྱས་སྐྱེ་འཇིག་གི་འགྱུར་བ་མེད་པ་རྟོག་པའི་མཚན་ཉིད་ཀྱང་བརྟགས་པ་ཙམ་སྟེ། ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་ན་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །བཏགས་པ་ཉིད་དེ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གླང་གི་རྭ་ཡང་ལེགས་པར་བཏགས་པ་ན་ཕྲ་རབ་ཀྱི་རྡུལ་གྱི་ངོ་བོའི་སྒོ་ནས་རྣམ་པར་ཕྱེ་ནས་དམིགས་པ་མ་ཡིན་ནོ། །ཇི་ལྟར་སྔོན་ཡང་ངོ་བོ་ཉིད་ཀྱིས་མི་དམིགས་པ་དེ་བཞིན་དུ། ཕྱིས་ཀྱང་མི་དམིགས་པས། དེ་ལ་ངོ་བོ་ཉིད་ཀྱིས་གྲུབ་པར་ཅི་ཞིག་བཏགས་པར་བྱས་ཏེ་མེད་དོ། །རྟེན་འབྱུང་ལ་བརྟེན་ནས་སྐྱེ་འགག་ཏུ་རྣམ་པར་གཞག་སྟེ་བརྟེན་ནས་འབྱུང་བར་འགྱུར་བ་དང་། །བརྟེན་ནས་འགག་པར་འགྱུར་བས་ན། །བདེན་པའི་དངོས་པོ་གཅིག་ཀྱང་ཡོད་པ་མ་ཡིན་པས་བྱིས་པས་ཇི་ལྟར་བདེན་པར་རྟོགས་པར་བྱེད་དེ་མི་རིགས་སོ། །རི་བོང་གི་རྭ་དང་བ་གླང་གི་རྭ་རིག་པས་བརྟགས་ན་བདེན་པར་མི་དམིགས་པའི་དཔེས་དོན་གཉིས་བསྟན་ཏེ། སྔ་མ་ནི་དོན་དམ་པར་གཏན་ནས་མེད་པ་དང་། ཕྱི་མས་ནི་སྣང་ཡང་བརྟགས་ན་མི་དམིགས་པའི་དཔེའོ། །དཔེ་འདི་གཉིས་ཀྱི་བདེ་གཤེགས་ཀྱིས་གསུངས་པའི་ཆོས་རྣམས་ཉིད། རྟག་ཆད་ཀྱི་མཐའ་དང་འབྲལ་བའི་དབུ་མ་ཉིད་དུ་བསྒྲུབ་པར་བྱེད་དོ། །རྟག་ཆད་ཀྱི་མཐའ་སྤོང་ཚུལ་ནི། ཇི་ལྟར་དང་བའི་སྣོད་ཀྱི་ཆུ་ནང་དུ་ཉི་མ་དང་ཟླ་བ་དང་། སྐར་མའི་གཟུགས་བརྙན་མཐོང་བར་གྱུར་པ་ན། སྣང་བའི་ཆ་ནས་ཆད་པ་མ་ཡིན་ལ། ངོ་བོ་ཉིད་མེད་པའི་ཆ་ནས་རྟག་པ་མ་ཡིན་པ་བཞིན་ནོ། །ཆོས་རྣམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་དང་། མ་ལུས་པའང་དེ་དང་འདྲེའོ། །ཞེས་པའོ། །དགེ་བ་ཉམས་སུ་བླང་བྱ་མིན་པས་ངོ་བོ་ཉིད་ཀྱི་ཡོད་དོ་ཞེ་ན། ཐོག་མར་དགེ་བ་སེམས་བསྐྱེད། བར་དུ་དགེ་བ་ལམ་གྱི་དངོས་གཞི། ཐ་མར་དགེ་བ་ལམ་གྱི་འབྲས་བུ་སྟེ། བསླུ་བ་མེད་ཅིང་བརྟན་པའི་དགེ་བ་གང་ཞིག་དེ་ལྟར་བདག་མེད་པ་ལ་ཇི་ལྟར་བདག་དང་བདག་གིར་བརྟགས་ཏེ་བརྟགས་པར་མི་རིགས་སོ། །བརྟན་ཅེས་པ་ནི་མི་ཉམས་སོ། །གནས་སྐབས་གཉིས་སུ་སེམས་ཅན་དང་སངས་རྒྱས་སུ་བརྗོད་པར་བསྟན་པ་ནི། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོའོ་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་པའོ། །འདི་ནི་བདག་མེད་ན་འཁོར་འདས་གཉིས་མེད་པར་འགྱུར་རོ་སྙམ་པའི་དོགས་པ་སྤོང་ངོ་། །སྐྱེ་མཆེད་དབྱིངས་དང་བཅས་པ་རང་བཞིན་མེད་པར་བསྒོམ་པར་གདམས་པ་ལ། མིག་དང་གཟུགས་ལ་བརྟེན་ནས་གཟུགས་སུ་སྣང་བའི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་བརྟེན་འབྱུང་དུ་བརྟེན་ནས་དེ་ལས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས་སོ། །སྒྲ་དང་རྣ་བ་ལ་བརྟེན་ནས་རྣ་བའི་རྣམ་པར་ཤེས་པ་འབྱུང་ངོ་། །ཤེས་པ་དེ་ཡང་རང་བཞིན་གྱི་རྣམ་པར་དག་པའོ། །མཚན་ཉིད་མེད་པའི་ངོ་བོ་ཉིད་མེད་པ་ལ་ཆོས་ཀྱི་དབྱིངས་ཞེས་བརྗོད་དོ། །ཆོས་དབྱིངས་དེ་རྟོགས་པ་དང་བཅས་པས་དྲི་མ་མེད་པའི་དབྱིངས་ཐོབ་པར་འགྱུར་རོ། །འདིས་ནི་རྣ་བའི་རྟེན་འབྲེལ་རྟོགས་པས་ཆོས་དབྱིངས་རྟོགས་པར་འགྱུར་བའི་ཕན་ཡོན་བཤད་དོ། །འདི་ནི་གཞན་ལའང་སྦྱར་རོ། །སྣ་དང་དྲི་ལ་བརྟེན་ནས་སྣོམ་པ་སྟེ་སྣ་རྣམ་པར་ཤེས་པ་འབྱུང་ངོ་། །ཡུལ་དེ་ནི་གཟུགས་ལྟར་གཟུང་དུ་མེད་པའི་དོན་ནོ། །འདི་ཡི་རྟེན་འབྱུང་ལ་བརྟེན་ནས་སྔ་མ་དེ་བཞིན་དུ། རྣ་བའི་རྣམ་ཤེས་ཀྱི་ཆོས་དབྱིངས་ལ་རྟོགས་པར་བྱེད་དོ། །རྟེན་འབྱུང་གི་རིག་པས་ལྕེའི་རང་བཞིན་སྟོང་པ་ཉིད་རྟོགས་པར་བྱེད་དོ། །རོའི་ཁམས་ཀྱི་རྟེན་འབྱུང་ཡིན་པས་རང་བཞིན་གྱིས་དབེན་པ་སྟེ། རྣམ་པར་ཤེས་པའང་ཆོས་ཀྱི་དབྱིངས་ངོ་བོ་ཡིན་པས་བརྟགས་ན་ཕྱི་ནང་གང་ནའང་གནས་པ་མེད་དོ། །རང་བཞིན་གྱི་རྣམ་པར་དག་པའི་ལུས་ཀྱི་ངོ་བོ་སྟེ་རང་བཞིན་ནི་ཆོས་ཀྱི་དབྱིངས་ཞེས་བརྗོད་པར་བྱའོ། །ཐ་སྙད་དུ་རེག་བྱ་རྒྱུ་རྐྱེན་གྱི་མཚན་ཉིད་དོན་དམ་པར་རྒྱུ་རྐྱེན་ལས་གྲོལ་བར་གྱུར་པ་དེ་ནི་རེག་བྱའི་ཆོས་ཀྱི་དབྱིངས་ཞེས་བརྗོད་པར་བྱའོ། །ཡིད་གཙོ་བོར་གྱུར་པའི་ཤེས་པའི་ཆོས་རྣམས་ལ་རང་བཞིན་མེད་པ་ཉིད་ཆོས་ཀྱི་དབྱིངས་ཡིན་ལ། རྣལ་འབྱོར་པས་བསྒོམ་པར་བྱ་བ་ནི་དེ་ཉིད་དོ། །ཆོས་དབྱིངས་ཇི་ལྟ་བུ་ཞེ་ན། རྟོག་པ་དང་རྟག་མི་རྟག་གི་སྤྲོས་པ་རྣམ་པར་སྤངས་པའོ། །མཐོང་པ་གཟུགས་དང་། ཐོས་པ་སྒྲ་དང་། སྣོམ་པ་དྲི་དང་། མྱོང་བ་རོ་དང་། རེག་པ་བྱ་བ་དག་ཏུ་གྱུར་པའི་ཆོས་རྣམས་རང་བཞིན་མེད་པ་དེ་ལྟར་དུ་རྣལ་འབྱོར་པས་ཤེས་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་གནས་ལུགས་རྫོགས་པར་རྟོགས་པ་ཡིན་ནོ། །ཨརྻ་དཱེ་བས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡི་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་སོ། །སྐྱེ་མཆེད་དྲུག་པོ་རང་བཞིན་གྱི་རྣམ་པར་དག་པ་འདི་ཉིད་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་ངོ་བོའོ། །སྐྱེ་མཆེད་དྲུག་པོ་གང་ཞེ་ན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་སྐྱེ་མཆེད་དང་། དེ་བཞིན་ཡིད་ཀྱི་སྐྱེ་མཆེད་རྣམས་སོ། །མདོར་ན་ཡུལ་གཟུགས་གཙོ་བོར་གྱུར་པ་དང་། མིག་དབང་པོ་གཙོ་བོར་གྱུར་པ་དང་། ཡིད་གཙོ་བོར་གྱུར་པའི་ཤེས་པ་རྣམས་རང་བཞིན་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། དེ་དག་རང་བཞིན་མེད་པ་ཉིད་ཆོས་ཀྱི་དབྱིངས་ཏེ། བསྒོམ་པར་བྱ་བ་དེ་ཉིད་དོ་ཞེས་བསྟན་ནོ། །ཅིའི་ཕྱིར་སེམས་ཀྱི་ཆོས་དབྱིངས་གཙོ་བོར་སྟོན་ཞེ་ན། བླང་དོར་གྱི་གནས་ཐམས་ཅད་འཁོར་འདས་གཉིས་སུ་འདུས་ལ། སེམས་ཉིད་ཀྱི་གནས་སྐབས་ལ་འཁོར་འདས་རྣམ་པ་གཉིས་སུ་མཐོང་བའི་ཕྱིར་རོ། །ཇི་ལྟར་མཐོང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་གཉིས་ལས་བདག་ཏུ་འཛིན་པའི་གནས་སྐབས་ལས་འཁོར་བ་དང་། སོ་སོ་རང་གིས་དེ་ཁོ་ན་ཉིད་ཀྱི་དོན་རིག་ན་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་གང་ཞེ་ན། འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང་། །དེ་ཉིད་འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་སོ། །འཁོར་འདས་གཉིས་པོ་ངོས་བཟུང་ནས། བཅིངས་གྲོལ་གྱི་ཁྱད་པར་བསྟན་པ་ནི། གནས་ཚུལ་ཤེས་པ་དང་། མི་ཤེས་པའི་ཁྱད་པར་དག་ལས། ལུས་འདི་ཉིད་ལ་འཁོར་འདས་ཀྱི་རྒྱུ་ཐམས་ཅད་གནས་ཏེ། བདེན་འཛིན་གྱི་རང་གི་རྣམ་པར་འགྱུར་བ་དེ་ཉིད་ལ། དེ་ཁོ་ན་ཉིད་མཐོང་བ་དང་མ་མཐོང་བའི་ཁྱད་པར་ལས། དང་པོར་མ་མཐོང་ཡང་ཕྱིས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མར་མེ་གནས་ནས་མཆོག་ཏུ་ཞི་བར་གྱུར་པ་ཐོབ་པ་ཡིན་ནོ། །བྱིས་པ་རྣམས་ནི་བདག་དང་བདག་གི་བ་ལ་གནས་བཅས་པས་འཁོར་བར་འགྱུར་རོ། །ཞེས་མདོ་སྡེ་ལས་གསུངས་པ་ཡིན་ནོ། །འདིས་ནི་འཁོར་བའི་རྩ་བ་བདག་འཛིན་ཡིན་ནོ་ཞེས་བསྟན་ནོ། །བྱིས་པ་ཐར་པ་བསྟན་ནས་མི་ཐོབ་སྙམ་ན། སྟོབས་བཅུའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཟླ་བ་ཚེས་པ་བཞིན་དུ་བྱིན་རླབས་རིམ་གྱིས་འཇུག་པས་ཐར་པ་ཐོབ་པ་ཡིན་ནོ། །སངས་རྒྱས་གཞན་དོན་ལ་རྟག་ཏུ་བཞུགས་ན་ཅིའི་ཕྱིར་མི་མཐོང་ཞེ་ན། ཉོན་མོངས་ཅན་གྱི་སེམས་ཅན་གྱིས་དེ་བཞིན་གཤེགས་པ་མི་མཐོང་སྟེ། ཞེས་གསུངས་སོ། །དཔེར་ན། ཇི་ལྟར་ཡི་དྭགས་རྣམས་ཀྱིས་རྒྱ་མཚོ་སྐེམ་པར་མཐོང་བ་ལྟར། དཔེ་དེ་བཞིན་དུ་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པས་སངས་རྒྱས་རྣམས་ནི་མེད་པར་བརྟག་གོ །སངས་རྒྱས་གཞན་དོན་དུ་བཞུགས་ཀྱང་། བློ་གྲོས་དམན་པ་དང་། བསོད་ནམས་དམན་པ་ལ་བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ལྟར་དམུས་ལོང་གི་ལག་པར་རིན་པོ་ཆེའི་མཆོག་བཞག་ཀྱང་མི་མཐོང་བ་དང་འདྲའོ། །འོ་ན་འགའ་ཞིག་ལ་སྣང་བ་ཅི་ཞེ་ན། སེམས་ཅན་བསོད་ནམས་ཀྱི་ཚོགས་བསགས་པ་བྱས་པ་རྣམས་ལ། ཐུགས་རྗེའི་འོད་ཀྱིས་གསལ་ཞིང་མཐོང་བའི་དཔལ་དང་ལྡན་ནོ། །མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སངས་རྒྱས་བསོད་ནམས་དང་ལྡན་པ་དེའི་མདུན་ན་བཞུགས་སོ། །མགོན་པོ་དེའི་གཟུགས་ཀྱི་སྐུས་བསྐལ་པ་མང་པོར་བཞུགས་ནས་ནི་གདུལ་བྱ་དཔག་ཏུ་མེད་པ་འདུལ་བའི་ཕྱིར་གཟུགས་ཀྱི་སྐུ་བསྟན་ནོ། །ཆོས་ཅན་ཐ་དད་པས་ཆོས་ཀྱི་དབྱིངས་ཐ་དད་པ་མ་ལགས་ཏེ། ཆོས་ཅན་ཐ་དད་ཀྱིས་བྱས་པའི་དབྱིངས་ཀྱི་དབྱེ་བ་མེད་པའི་ཕྱིར། སངས་རྒྱས་ཁྱོད་ཀྱི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་ནི་གདུལ་བྱ་རྣམས་ཀྱིས་ངེས་པར་རྟོགས་པར་བྱས་ནས། ཆོས་དབྱིངས་དེར་ནི་ཤེས་པ་མངོན་སུམ་དུ་འཇུག་པར་འགྱུར་རོ། །སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐོང་ན། ས་རྣམས་ཡེ་ཤེས་དེའི་བདག་ཉིད་ལ་གནས་པར་འགྱུར་རོ། །ས་རྣམས་བསྒྲོད་ཟིན་ནས་ལོངས་སྤྱོད་རྫོགས་པའི་སྐུའི་ཐོབ་ཚུལ་བསྟན་པ་ནི། ཆོས་ཀྱི་དབང་ཕྱུག་ཆེན་པོའི་གནས་མཆོག་སངས་རྒྱས་ཀྱི་ས་དང་། རྣམ་པར་མཛེས་པའི་འོག་མིན་དེ་ཉིད་དང་། །རྣམ་པ་གསུམ་དུ་ཆོས་དབྱིངས་གཅིག་ཉིད་དུ་འདྲེས་པར་ཀླུ་སྒྲུབ་བདག་སྨྲའོ། །གསུམ་པོ་གང་ཞེ་ན། ས་རྣམས་ཞེས་པ་དང་། དབང་ཕྱུག་ཆེན་པོའི་གནས་མཆོག་ཅེས་པ་དང་། འོག་མིན་ནོ། །བྱིས་པའི་ནང་ན་ཡོངས་མཁྱེན་ཅེས་པ་ནི། སོ་སོ་སྐྱེ་བོའི་ནང་ན་སྤྲུལ་པའི་སྐུ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་སྣ་ཚོགས་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུའོ། །རྒྱུད་བླ་མར་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྣ་ཚོགས་རྣམ་པ་ལྔར་བརྗོད་ཅེས་པ་ལྟ་བུའོ། །དབང་ཕྱུག་ཆེན་པོ་ནི་ཚེ་དཔག་མེད་དོ། །བསྐལ་པའི་བར་དུ་གནས་པའི་ཚེའི་རྒྱུ་གང་ཡིན་པའང་། ཆོས་ཀྱི་དབྱིངས་རྟོགས་པའོ། །ཕྱི་རོལ་གྱི་ཡུལ་ལ་སེམས་དཔའ་འཇུག་པའི་ཁམས་རྣམས་ཀྱིའང་ཚེ་དཔག་ཏུ་མེད་པའི་བསྐལ་པར་གནས་པའང་། སངས་རྒྱས་བདག་ཉིད་ཀྱིས་བསྲུངས་པར་གྱུར་པའང་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་ནོ། །རྗེས་ཐོབ་ཏུ་ཆོས་ཅན་སོ་སོ་རྟོགས་པའི་ཤེས་རབ་ཀྱི་དོན་དུ་ཆོས་དབྱིངས་རྟོགས་པ་རབ་ཏུ་འཇུག་སྟེ། སྣང་བ་མེད་པའི་ཆོས་དབྱིངས་རྟོགས་པའི་ནུས་པའི་བྱེ་བྲག་གི་ཆོས་ཅན་སོ་སོར་རྟོགས་པའི་མཁྱེན་པ་རྒྱས་མི་རྒྱས་ཀྱི་བྱེ་བྲག་ཡོད་པའི་ཕྱིར། འདི་དག་གིས་ཆོས་དབྱིངས་རྟོགས་པའི་ཕན་ཡོན་བསྟན་ནོ། །བྱང་ཆུབ་ཀྱི་ངོས་ནས་རིང་བར་མི་བསམ་ཞིང་། ཉེ་བའང་རྟག་པར་མི་བྱ་སྟེ། བྱང་ཆུབ་ཀྱི་ངོས་ནས་ཉེ་རིང་མེད་པའི་ཕྱིར། ཆོས་དབྱིངས་རྟོགས་པ་ངོས་གཟུང་བ་ནི། གཟུགས་སོགས་ཡུལ་དྲུག་སྣང་བ་མེད་པར་གཟུང་འཛིན་གྱི་སྣང་བ་ནུབ་ནས་ཡང་དག་པ་ཇི་ལྟ་བ་བཞིན་རིག་པར་གྱུར་པའོ། །རྣལ་འབྱོར་པས་ལམ་ཉམས་སུ་ལེན་ཚུལ་དཔེ་དོན་གཉིས་ཀྱིས་བསྟན་པ་ནི། ཇི་ལྟར་འོ་མ་དང་འདྲེས་པའི་ཆུ་སྣོད་གཅིག་ལ་གནས་པ་ལ། ངང་པས་འོ་མ་འཐུང་བར་བྱེད་ཅིང་ཆུ་འཐུང་བ་མ་ཡིན་པ་ལྟར། དཔེ་དེ་བཞིན་དུ་ལུས་གཅིག་པོ་འདིས་རང་གི་ཉོན་མོངས་པ་དང་། ཡེ་ཤེས་གནས་ཀྱང་། རྣལ་འབྱོར་པས་ཡེ་ཤེས་ལེན་ཅིང་མི་ཤེས་པ་འདོར་བར་བྱེད་དོ། །ཉོན་མོངས་པ་འདོར་བའི་ཐབས་ནི་ཅི་ཞེ་ན། བདག་དང་བདག་གི་བར་འཛིན་པས་ཇི་སྲིད་ཕྱི་རོལ་གྱི་དོན་བདེན་པར་བརྟགས་པས་འཛིན་པ་ནི་སྤང་བར་བྱའོ། །གང་ཟག་གི་བདག་མེད་པ་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་མཐོང་བ་ན་སྲིད་པའི་ས་བོན་འགགས་པར་འགྱུར་རོ། །སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་ཁམས་ཁྱད་པར་བྱེད་པ་གང་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་པ་འདི་ནི་དགེ་བའི་གཞིའོ། །དེའི་ཁྱད་པར་ནི་གཙང་མ་དང་། རྟག་པ་དང་། དགེ་བའི་གཞིའོ། །གང་གི་ཕྱིར་བདག་གཉིས་ནི་བྱིས་པས་བརྟགས་པའོ། །བདག་གཉིས་པོ་དེའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི་རྣལ་འབྱོར་ལ་གནས་པའོ། །དེའི་དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་ལ་ཕན་པར་ཁྱེད་པའི་བཟོད་པ་སྟེ། གསུམ་པོ་འདིའང་ཁམས་རྒྱས་པར་བྱེད་པའི་རྒྱུ་ཡིན་ནོ། །དགེ་བའི་ཆོས་ཀུན་ལ་སྤྲོ་བའི་བརྩོན་འགྲུས་དང་། བསམ་གཏན་ལ་སེམས་འཇུག་པ་དང་། རྟག་ཏུ་ཤེས་རབ་བརྟེན་པ་འདིའང་བྱང་ཆུབ་ཀྱི་ཁམས་རྒྱས་པར་བྱེད་པ་ཡིན་ནོ། །ཐབས་དང་བཅས་པའི་ཤེས་རབ་སྨོན་ལམ་རྣམ་པར་སྦྱངས་པ་དང་། སྟོབས་ལ་ངེས་གནས་ཡེ་ཤེས་ཏེ། །འདིའང་ཁམས་རྒྱས་པར་བྱེད་པའི་ཆོས་གཞིའོ། །བྱང་ཆུབ་ཀྱི་སེམས་ལ་གུས་པར་མི་བྱེད་པའི་ཉེས་དམིགས་ནི། བྱང་ཆུབ་ཀྱི་སེམས་ལ་ཕྱག་མི་བྱ་ཞེས་སྨྲ་བ་ནི། སྨྲ་བ་ངན་པ་སྨྲ་བ་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་མ་བྱུང་བར་ཆོས་ཀྱི་སྐུ་མི་མངའ་བའི་ཕྱིར། བུར་ཤིང་གི་ས་བོན་ལ་སྡང་བ་སྟེ་མི་འདོད་པ་གང་། ཀ་ར་སྤྱད་པར་འདོད་པ་དེས་ཀ་ར་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན་བུར་ཤིང་ས་བོན་མེད་པར་ཀ་ར་འབྱུང་བར་འདོད་ཀྱང་མི་འབྱུང་བའི་ཕྱིར། །གལ་ཏེ་འབྲས་བུ་ཀ་ར་འདོད་པ་ནི། བུར་ཤིང་ས་བོན་གང་ཞིག་ཐོག་མ་ནས་བསྲུངས་ནས། ཀ་ར་འབྱུང་བའི་སྦྱོར་བ་ལས་ཉེ་བར་གནས་ནས་འབད་པས་བསྒྲུབ་པ་ལས། བུ་རམ་ཀ་ར་སོགས་རྣམས་ནི་དེ་ལས་འབྱུང་བར་འགྱུར་བ་ལྟར་རོ། །བྱང་ཆུབ་ཀྱི་སེམས་འབད་པས་རབ་ཏུ་བསྲུངས་ནས་སྦྱོར་བ་ལ་ཉེ་བར་གནས་ཤིང་དངོས་གཞི་བསྒྲུབས་པ་ལས། དགྲ་བཅོམ་དང་རྐྱེན་རྟོགས་ཏེ་རང་སངས་རྒྱས་རྣམས་བྱང་ཆུབ་ཀྱི་སེམས་དེ་ལས་སྐྱེ་ཞིང་འབྱུང་བར་འགྱུར་རོ། །ཇི་ལྟར་ས་ལུའི་ས་བོན་དང་མྱུ་གུ་སོགས་ཞིང་ལས་སྐྱེ་བ་ལྟར། དེ་བཞིན་དུ་ཐེག་པ་མཆོག་ལ་མོས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་བསྒོམ་པས་འདྲེན་པ་སངས་རྒྱས་དག་ནི་འབྱུང་བར་འགྱུར་རོ། །སའི་རིམ་པས་གློ་བུར་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ནི། ཇི་ལྟར་མར་ངོའི་བཅུ་བཞི་ལ་ཟླ་བ་ཅུང་ཟད་མཐོང་བ་ལྟར། དེ་བཞིན་དུ་ཐེག་པ་མཆོག་ལ་མོས་པའི་བྱང་སེམས་སྦྱོར་ལམ་པ་རྣམས་ཀྱིས་རིམ་གྱིས་སྒྲིབ་པ་ཅུང་ཟད་སྤངས་པ་མེད་པས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཅུང་ཞིག་མཐོང་ངོ་། །དེ་ལྟར་ཚེས་པའི་ཟླ་བ་ལ་སྐད་ཅིག་སྐད་ཅིག་རྒྱས་པ་ལྟར། དེ་བཞིན་དུ་ས་ལ་བཞུགས་པ་རྣམས་ཀྱིས་རིམ་གྱིས་ཆོས་སྐུ་འཕེལ་བར་མཐོང་། ཇི་ལྟར་ཡར་ངོའི་ཚེས་བཅོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་རྫོགས་པར་མཐོང་བ་ལྟར་དུ། དེ་བཞིན་སའི་མཐར་ཐུག་མི་སློབ་ལམ་གྱི་གནས་སྐབས་ན་ཆོས་ཀྱི་སྐུའང་རྫོགས་པར་གསལ་ལོ། །འདིར་ཆོས་ཀྱི་སྐུ་ཞེས་པ་ནི་སྤངས་པ་ལ་བརྗོད། འདི་ནི་གློ་བུར་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ཡིན་གྱི། རང་བཞིན་རྣམ་དག་གི་མ་ཡིན་ནོ། །རྒྱུད་བླའི་འགྲེལ་པར། སློབ་དཔོན་ཐོགས་མེད་ཀྱིས་དྲངས་པའི་མདོ་ལས་གསུངས་པ། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །ས་ཐོབ་པའི་སྦྱོར་བ་བསྟན་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ་རྟག་ཏུ་མོས་པ་བརྟན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་དེ་ཡང་དག་པར་བསྐྱེད་པར་བྱས་ནས་ཕྱིར་མི་ལྡོག་པའི་རྟོགས་པ་ཡང་དང་ཡང་དུ་འབྱུང་ཞིང་འཕེལ་བར་འགྱུར་རོ། །ནག་པོ་མི་དགེ་བའི་གཞི་ནི་ཡོངས་སུ་སྤང་ཞིང་། དཀར་པོའི་དགེ་བའི་གཞི་རབ་ཏུ་གཟུང་བས། དེའི་ཚེ་སྦྱོར་བ་ཡོངས་སུ་རྫོགས་པ་དེ་ནི་ཆོས་ཀྱི་དབྱིངས་ངེས་པར་རྟོགས་པའི་སྟོབས་ཀྱི་དགའ་བདེ་སྐྱེས་པས་ས་རབ་ཏུ་དགའ་བ་ཞེས་བརྗོད་དོ། །འདིའི་དུས་སུ་ཆོས་ཉིད་མངོན་དུ་མཐོང་བ་ཡིན་ནོ། །འདོད་ཆགས་ལ་སོགས་པ་སྣ་ཚོགས་པའི་དྲི་མ་རྟག་ཏུ་དྲི་མ་ཅན་དུ་བྱས་པ་ཕྱིས་དྲི་མ་མེད་པར་གནས་པ་ལ་གཉིས་པ་དྲི་མ་མེད་པ་ཞེས་བརྗོད། ས་གསུམ་པའི་སྒྲ་དོན་ནི། ཉོན་མོངས་དྲ་བ་རབ་ཏུ་འགགས་ནས་དྲི་མ་མེད་པའི་ཡེ་ཤེས་རབ་ཏུ་གསལ་བས་ཚད་མེད་པའི་མུན་པ་དག་སེལ་བར་བྱེད་པས་ས་གསུམ་པ་འོད་བྱེད་པའོ། །ས་གཞི་པའི་སྒྲ་དོན་ནི། རྟག་ཏུ་མི་མཐུན་ཕྱོགས་ཀྱིས་དག་པའི་འོད་རབ་ཏུ་གསལ་ཞིང་། འདུ་འཛི་རྣམ་པར་དག་པའི་ཡེ་ཤེས་ཀྱི་འོད་རབ་ཏུ་འཕྲོ་བས་ས་བཞི་པ་འོད་འཕྲོ་བ་ཅན་དུ་འདོད་ཅེས་སོ། །ས་ལྔ་པའི་སྒྲ་དོན་ནི། རིག་གནས་དང་། རྒྱུ་རྩལ་དང་། བཟོ་གནས་ཀུན་ལ་སྦྱངས་པ་དང་། བསམ་གཏན་གྱི་བྱེ་བྲག་རྣམ་པ་སྣ་ཚོགས་གཉིས་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ཤིན་ཏུ་སྦྱངས་དཀའ་བ་ལས་རྣམ་པར་རྒྱལ་བས་ས་ལྔ་པ་ལ་ཤིན་ཏུ་སྦྱངས་དཀའ་ཞེས་བརྗོད་དོ། །ས་དྲུག་པའི་སྒྲ་དོན་ནི། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་མཉམ་གཞག་ཏུ་ཕུང་པོའི་གནས་ཚུལ་རྟོགས་པ་དང་། རྗེས་ཐོབ་ཏུ་ཕུན་སུམ་ཚོགས་པའི་དོན་ཀུན་གྱི། རྩ་བའི་མ་དཔེའི་ནང་ས་དྲུག་པ་དང་བདུན་པའི་སྒྲ་དོན་གཉིས་ཆ་ཚང་ཆད་འདུག དྲྭ་བ་འགྱེད་པས་བརྩེ་བ་དང་། འཁོར་བའི་རྒྱ་མཚོའི་འདམ་ལས་བརྒལ་བས་ས་བདུན་པ་དེ་ལ་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པའི་སྒྲ་དོན་ནི། སངས་རྒྱས་ཀྱི་ཐུགས་རྗེས་རྣམ་པ་ཀུན་ཏུ་བཟུང་ཞིང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཞུགས་པ་དང་། འཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ་པར་གྱུར་པས་བདུད་ཀྱི་འཁོར་གྱིས་མི་གཡོ་བ་ཞེས་བྱའོ། །ས་དགུ་པའི་སྒྲ་དོན་ནི། སོ་སོ་ཡང་དག་པའི་རིག་པས་གདུལ་བྱ་ཀུན་ལ་ཆོས་སྟོན་པའི་འབེལ་བའི་གཏམ་ལ་རྣལ་འབྱོར་པ་བྱང་ཆུབ་སེམས་དཔའ་དེ་བློ་གྲོས་མཐར་སོང་བས་སྟེ་མཐར་ཕྱིན་པས་ས་དགུ་པ་ལ་ལེགས་པའི་བློ་གྲོས་ཞེས་འདོད་དོ། །ས་བཅུ་པའི་སྒྲ་དོན་ནི། ཡེ་ཤེས་ཀྱི་རང་བཞིན་ཅན་འདི་སྐུ་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་ནམ་མཁའ་དང་མཉམ་པའི་ཆོས་དབྱིངས་རྟོགས་པའི་ཡེ་ཤེས་སངས་རྒྱས་རྣམས་ཀྱི་ཡོན་ཏན་ཡོངས་སུ་འཛིན་ཅིང་། དམ་པའི་ཆོས་ཀྱི་ཆར་པ་ཀུན་ཏུ་འབྱུང་བས་ས་བཅུ་པ་དེ་ལ་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་དེ་ལ་གནས་པའི་ཡོན་ཏན་བརྗོད་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་འབྱུང་བའི་གནས་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འབྲས་བུ་ཡོངས་སུ་འཛིན་པའི་ཕྱིར། སངས་རྒྱས་འབྲས་བུར་འཛིན་པའི་དོན་ནི། འདི་གནས་ཡོངས་སུ་གྱུར་པ་དེ་སྒྲིབ་པ་སྤངས་པ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །བག་ཆགས་ལས་གྲོལ་བའི་ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་ཏེ། དེ་སྟོན་པ་ནི་འཁོར་བའི་བག་ཆགས་བསམ་དུ་ཡོད་ཀྱང་། ཁྱོད་ནི་ཀུན་ཏུ་བསམ་གྱིས་མི་ཁྱབ་པས། གང་གིས་ཀྱང་ཁྱེད་ཤེས་པར་མི་ནུས་པའི་ཕྱིར་ཏེ། ངག་གི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར་ཏེ། གང་གིས་རྟོགས་ཞེས་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། ཡིད་ཀྱི་ཤེས་པ་རྟོགས་པར་བྱ་བའོ། །རིན་ཆེན་ཕྲེང་བ་ལས་གང་གིས་མཐོང་བར་གྱུར་ཞེ་ན། ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་སོ། །མཉམ་བཞག་ཏུ་བློ་མེད་ཅེས་པ་ནི་འདི་དང་འགལ་ལོ། །སངས་རྒྱས་ཐོབ་པའི་རྒྱུའི་དབྱིངས་དང་། འབྲས་བུ་སངས་རྒྱས་གཉིས་ཀ་ལ་བསྟོད་པར་འོས་པར་བསམས་ནས། གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ཡང་ན་གཉིས་ཀ་ལ་བསྟོད་ཅེས་པའི་འགྱུར་བྱའོ། །ཚུལ་ཇི་ལྟ་བུ་བྱས་པས་སངས་རྒྱས་པར་འགྱུར་ཞེ་ན། དལ་འབྱོར་གྱི་ལུས་འདི། ལམ་ལ་རིམ་གྱིས་འཇུག་པའི་ལུས་འདི་ཉིད་ཀྱིས་སངས་རྒྱས་སྲས་པོ་གྲགས་ཆེན་རྣམས་ཆོས་ཀྱི་སྤྲིན་གྱིས་ཡེ་ཤེས་ཀྱི་གནས་ཚུལ་ཆོས་ཉིད་སྟོང་པ་ཉིད་མཐོང་བར་གྱུར་ནས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཐོབ་པ་གང་གི་ཚེ། སེམས་ཀྱི་བག་ཆགས་རབ་ཏུ་བཀྲུས་པས་དྲི་མའི་གཟེབ་ལས་འདས་གྱུར་ནས་སངས་རྒྱས་ཐོབ་བོ། སངས་རྒྱས་ཐོབ་པའི་གནས་སྐབས་ཀྱི་ཕན་ཡོན་བཤད་པ་ནི། དྲི་མ་མེད་པའི་པདྨ་ཆེན་པོའི་རང་བཞིན་གྱི་གདན་ལ་སངས་རྒྱས་དེ་ནི་གནས་པར་གྱུར། པདྨ་ཇི་ལྟ་བུ་ཞེ་ན། པདྨ་པ་རིན་པོ་ཆེ་དུ་མའི་འོད་འདོད་པར་བྱ་བའི་ཟེ་འབྲུ་ཅན་དབུས་ན་བཞག་ནས། པད་ཕྲན་བྱེ་བ་དུ་མས་ཡོངས་སུ་བསྐོར་བའོ། །འདི་ནི་སངས་རྒྱས་བཞུགས་པའི་པདྨ་གདན་གྱི་ཆེ་བ་བརྗོད་པའོ། །བཞུགས་པའི་སངས་རྒྱས་ཀྱི་ཆེ་བ་བརྗོད་པ་ནི། སྟོབས་བཅུ་ཡི་ནི་ཡོངས་སུ་ངོམས། །མི་འཇིགས་པ་ཡི་ཡང་དག་ངོམས། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་དང་། ཆོས་དང་སྤྲོས་པ་མེད་པར་ཐོབ་པས་གང་ལའང་སྤང་རྟོགས་མཉམ་པ་མི་མངའ་འོ། །སྔོན་ལེགས་པར་སྤྱན་པའི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་འབྲས་བུ་སངས་རྒྱས་ལ་རྣམ་པ་ཀུན་ཏུ་འཁོར་གྱིས་བསྐོར་རོ། །དཔེ་ཇི་ལྟར་ཞེ་ན། ཟླ་བ་ཉ་བ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་ནོ། །སངས་རྒྱས་ཕྱག་གི་ཉི་མ་དེར་དྲི་མ་མེད་པའི་རིན་པོ་ཆེའི་འོད་འབར་བ་ལྟ་བུ་དེས། སྲས་ཀྱི་ཐུ་བོར་དབང་བསྐུར་ནས། དབང་བསྐུར་བ་ནི་ཀླུ་སྒྲུབ་བདག་ལའང་རྩོལ་ཞེས་པའོ། །རྣལ་འབྱོར་ཆེན་པོ་སངས་རྒྱས་ཀྱི་ས་དེར་གནས་ནས། རྨོངས་པ་དམན་པའི་འཇིག་རྟེན་པ་རྣམས་ལ་སྡུག་བསྔལ་གྱིས་འཇིགས་ཤིང་ཉེན་པ་རྣམས་ལ་ལྷའི་སྤྱན་གྱིས་གཟིགས་པར་གྱུར་ནས། སངས་རྒྱས་དེའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འབྱུང་བར་འགྱུར་ཏེ། དེ་རྨོངས་པའི་མུན་པ་རྒྱུད་ལ་ཞུགས་པར་གྱུར་པ་རྣམས་ལ་ཆོས་ཀྱི་སྒོ་རྣམ་པར་འབྱེད་པར་མཛད་པ་ཡིན་ནོ། །ཡང་འཕྲིན་ལས་ཀྱི་ཐོག་མར་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་རྣམས་ལ་འགོད། ཕྱིས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་རྣམས་ལ་འགོད་པར་མཛད་དོ། །མྱང་འདས་ངོས་གཟུང་བ་ནི། སེམས་དྲི་མ་མེད་པར་གྱུར་པའོ། །སེམས་ཅན་གྱི་ཉོན་མོངས་པའི་དངོས་པོ་མེད་པའི་ངོ་བོ་དེའང་མྱང་འདས་དེ་ཉིད་དེ། སྙིང་པོའི་དོན་ཡང་མྱ་ངན་ལས་འདས་པ་དེ་ཡིན་པས། སེམས་ཀྱི་གནས་ཚུལ་དེ་ཉིད་མཐོང་བ་ནི་བྱང་ཆུབ་སེམས་དཔའ་འཕགས་པའོ། །ཆོས་སྐུ་ཐོབ་ནས་གཞན་དོན་འབྱུང་བའི་ཚུལ་ནི། ཤིན་ཏུ་དྲི་མ་མེད་པའི་ཆོས་ཀུན་ལ་ཡེ་ཤེས་རྒྱ་མཚོ་གནས་པར་གྱུར་ནས། སྣ་ཚོགས་ནོར་བུ་ཇི་ལྟ་བ་བཞིན་དུ། དེ་ལས་སེམས་ཅན་གྱི་དོན་མཛད་པ་འབྱུང་ངོ་། །འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །ཞེས་པ་ལ་བརྟེན་ནས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་འདི་དང་འགལ་བས་མི་འཐད་དོ། །གཞུང་འདི་ཉིད་ལས། ཆོས་སྐུ་ལ་ཡེ་ཤེས་རྒྱ་མཚོ་གནས་པར་གསུངས་པ་ཤིན་ཏུ་ལེགས་པར་ཟུངས་ཤིག ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་གཞིར་བྱས་པའོ། །ཟབ་ཅིང་རྒྱ་ཆེ་གསུང་རབ་ཀུན་གྱི་དོན། །རབ་ཏུ་བསྡུས་ནས་ཚུལ་བཞིན་རབ་བཤད་པའི། །ཀླུ་སྒྲུབ་གསུང་རབ་ཆོས་དབྱིངས་བསྟོད་པ་འདི། །རྟོགས་པར་དཀའ་བས་གངས་རིའི་ཁྲོད་འདི་རུ། །རྣམ་བཤད་བྱས་པ་གཅིག་ཀྱང་མི་སྣང་བས། །བསོད་ནམས་མདུན་སླད་རབ་ཏུ་འབད་པ་ཡིས། །འགྲེལ་པ་འདི་བརྩམས་དེ་ཡི་དགེ་བ་ལས། །འགྲོ་བ་རྣམས་མཁྱེན་གོ་འཕང་ཐོབ་པར་ཤོག །ཅེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཀྱི་དབྱིངས་ལ་བསྟོད་པའི་འགྲེལ་པ་ལེགས་བཤད་རྣམ་པར་གཡོ་བའི་སྤྲིན་ཞེས་བྱ་བ་འདི་ནི །རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིགས་གིས་དཔལ་ནཱ་ལེནྡྲའི་ཆོས་གྲྭར་རབ་བྱུང་གི་ལོ་ལ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།  ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号