ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་ཀུན་རྫོབ
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

        ༄༅། །དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་ཀུན་རྫོབ་ཀྱི་བདེན་པ་ལས་འཕྲོས་པའི་དོན་ཚན་རྣམས་བཤད་པའི་ལེའུ་ལྔ་པ་བཞུགས་སོ།། ༄༅། །དྲེགས་པའི་ཞབས་ཟུང་ལྷ་བརྒྱའི་སྤྱི་བོར་བཞག །ཐུགས་རྗེའི་ཕྱག་རིང་འཁོར་བའི་གཏིང་དུ་བརྐྱང་། །འཕྲིན་ལས་རྔ་ཆེན་ཕྱོགས་ཀྱི་ལང་ཚོ་ཅན། །ཡོངས་ཀྱི་རྣ་བར་སྩལ་ལ་ཕྱག་བགྱི་འོ། །གང་དག་འདི་ན་དགག་པ་དང་། །སྒྲུབ་པ་ལྷུར་ལེན་བྱེད་དེ་དག །རང་ཕྱོགས་བསྲུང་བའི་ལུང་དང་ནི། །རིགས་པའི་གནས་ལ་མི་བཟོབ་པར། །རྨོངས་པས་བཀུར་བའི་ཁྲི་ལ་ནི། །རབ་འཁོད་གཅམ་བུའི་ཆང་གིས་ནི། །གང་མྱོས་མེ་ཏོག་གཞུ་བླངས་ནས། །ཆགས་དང་སྡང་དང་ཕྲག་དོག་གི །མདའ་ཆེན་ཕྱོགས་བརྒྱར་འཕེན་བྱེད་པ། །དེ་དག་དཔུང་དང་བཅས་པ་ཡི། །སྙིང་ལ་བདུད་རྩིས་རེག་གྱུར་ཅིག །ཅེས་མཆོད་པར་བརྗོད་ཅིང་བརྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུམ་པ་བདེན་གཉིས་ལས་འཕྲོས་པའི་གྲུབ་མཐའི་ཁྱད་པར་འགའ་ཞིག་བཤད་པ་ལ་གཉིས་ཏེ། ཀུན་རྫོབ་བདེན་པ་ལས་འཕྲོས་པའི་དོན་བཤད་པ་དང་། དོན་དམ་པའི་བདེན་པ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་ཡང་ཚད་མས་མི་འགྲུབ་པར་བཤད་པ་ཕྱི་རོལ་གྱི་དོན་ཁས་མ་བླངས་ན་དོན་སྣང་གི་ཤེས་པ་ལས་འཕྲོས་པའི་དོན། ཞིག་པ་དངོས་པོར་འདོད་པ་འཇིག་རྟེན་ན་མ་གྲགས་པའི་རྒྱུ་མཚན་གྱིས་དེ་དངོས་པོར་ཁས་ལེན་པ་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་པར་བསྟན། རང་རིག་གིས་མི་འགྲུབ་པ་དབུ་མ་པའི་ལུགས་སུ་བཤད་ནས་རང་རིག་ཁས་མི་ལེན་པ་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་པར་བསྟན། བདེན་འཛིན་གང་ཡིན་ཀུན་རྫོབ་བདེན་པར་འཇོག་བྱེད་ཀྱི་ཉོན་སྒྲིབ་ཏུ་འདོད་པ་བསལ་ནས་བདེན་འཛིན་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་སུ་འབྱེད་པ་ཟླ་བའི་དགོངས་པར་བསྟན་པ་རྣམས་སོ། །དང་པོ་ནི། འོ་ན། ཐ་སྙད་དུ་ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀ་ཡོད་མཉམ་དུ་ཁས་ལེན་ན། ཇི་སྐད་དུ། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་པའི་གཞུང་གི་དོན་ཅི་ཞེ་ན། འདི་ལ་དངོས་དང་། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི། གཞི་གཅིག་གི་སྟེང་དུ་ལྷ་མི་ཡི་དྭགས་དུད་འགྲོ་རྣམས་ལ་བདུད་རྩི་དང་ཆུ་དང་རྣག་ཁྲག་སོགས་སུ་སྣང་བ་དེའི་ཚེ་ན། ཀུན་རྫོབ་ཏུ་ནི་བདེན་པ་ཡིན་ཏེ། དེ་དང་དེར་སྣང་བའི་ཤེས་པ་དེ་དང་དེའི་དོན་བདུད་རྩི་ལ་སོགས་པ་དེ་དང་དེར་བདེན་པའི་ཕྱིར། དེའི་ཚེ་ཚད་མས་ནི་ཆུ་ལ་སོགས་པའི་དངོས་པོ་གཅིག་ཀྱང་གྲུབ་པ་མ་ཡིན་ཏེ། ཚད་མའི་ངོར་ནི་ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀ་ཡང་མེད་མཉམ་དུ་མཚུངས་པའི་ཕྱིར། དེ་སྐད་དུ་ཡང་། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་གསུངས་ལ། དེ་གཉིས་མཚུངས་པའི་ཚུལ་ཡང་། ཇི་སྐད་དུ། དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་རྫུན་པ་ཡིན། །ཞེས་གསུངས་པ་དེ་ཉིད་དོ། །དེ་ལྟ་མོད་ཀྱི་ཁྱད་པར་ཞིབ་མོར་འབྱེད་ན་འདི་ལྟར། རླན་ཞིང་གཤེར་བར་སྣང་བའི་དངོས་པོ་གཅིག་ཉིད། མི་ལ་ཆུར་སྣང་བ་དེའི་ཚེ། དེར་སྣང་བ་དེ་ཉིད་མི་ལ་ལྟོས་པའི་ཡང་དག་ཀུན་རྫོབ་དང་། གཞན་རྣམས་ལ་དེ་དང་དེར་སྣང་བ་དེ་མི་ལ་ལྟོས་ནས་ལོག་པའི་ཀུན་རྫོབ་ཏུ་བཞག་དགོས་ཏེ། དེ་དང་དེར་སྣང་བ་དེ་མི་ལ་ལྟོས་ནས་འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་དང་། མ་བསླད་པའི་ཁྱད་པར་དག་དམིགས་པའི་ཕྱིར། གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཉིས་པ་ནི། གཞན་དག་གིས་གསལ་བར་བྲིས་པའི་ཡི་གེ་ལས་འདི་ལྟར་འདོན་ཏེ། འདི་ལ་གང་དག ཆོས་ཐམས་ཅད་རང་གི་སེམས་ཀྱིས་གང་བཟོ་བཟོ་ཡིན་གྱི། མཐའ་གཅིག་ཏུ་འདི་ཡིན་དང་། འདི་མ་ཡིན་གང་དུ་ཡང་བཞག་ཏུ་མེད་དོ། །ཞེས་སྨྲ་བ་དང་། རང་རང་གི་བློ་ངོ་ན་ཐད་ཀ་ཐད་ཀར་བདེན་པས་རླན་ཞིང་གཤེར་བའི་དངོས་པོ་གཅིག་ཉིད་ཡི་དྭགས་ཀྱི་ངོ་ན་རྣག་ཏུ་བདེན། མིའི་ངོ་ན་ཆུར་བདེན་ནོ་ཞེས་ཟེར་བ་དེ་དག་ནི། གཅེར་པུ་པ་དང་མཚུངས་པར་ཆེས་བླུན་པར་གོ་བར་བྱེད་པ་སྟེ། དངོས་པོ་གཅིག་པོ་དེ་ཉིད་ལྷ་མི་ཡི་དྭགས་གསུམ་གྱི་མིག་ཤེས་ལ་དེ་ལྟར་སྣང་བའི་ཚེ། མིག་ཤེས་དེ་དག་ཐམས་ཅད་ཚད་མར་ཁས་ལེན་ནམ། ཁ་ཅིག་ཚད་མར་ཁས་ལེན། དང་པོ་ལྟར་ན། དངོས་པོ་གཅིག་པོ་དེ་རྣམ་ཁྲག་དང་ཆུ་དང་བདུད་རྩི་གསུམ་གྱི་གཞི་མཐུན་དུ་འགྱུར་ཞིང་། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་བ་དང་། ཚད་མས་གྲུབ་མ་གྲུབ་ཀྱི་རྣམ་དབྱེ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། དངོས་པོ་གཅིག་པོ་དེ་རྣག་ཁྲག་ཡིན་པར་ཡང་ཚད་མས་གྲུབ་པ་མ་ཡིན་པར་ཡང་ཚད་མས་གྲུབ་པའི་ཕྱིར་རོ། །རང་རང་གི་བློ་ངོ་ན་ཐད་ཀ་ཐད་ཀར་བདེན་པས་འདི་ཡིན་དང་འདི་མ་ཡིན་ཞེས་མཐའ་གཅིག་ཏུ་འཇོག་མི་ནུས་པར་སྨྲ་བས་ནི། མུ་སྟེགས་པ་དང་སངས་རྒྱས་པའི་གྲུབ་མཐའ་ལ་མཐའ་གཅིག་ཏུ་བཟང་ངན་དབྱེ་མི་རུང་བར་སྨྲ་དགོས་པ་དང་། མུ་སྟེགས་ཀྱི་སྟོན་པ་དང་སྟོན་པ་སངས་རྒྱས་ལའང་བཟང་ངན་གྱི་དབྱེ་བ་མི་རུང་བས་དཀོན་མཆོག་གསུམ་ལ་སྐུར་བ་འདེབས་པ་འདི་ལྟ་བུ་ལས་ཐ་ཆད་པ་ཅི་ཞིག་ཡོད། གཉིས་པ་ལྟར་ན་གང་ཚད་མ་ཡིན། འོན་ཏེ་ལྷ་དང་ཡི་དྭགས་ཀྱིས་དེ་ལྟར་མཐོང་བ་ནི་ལས་ཀྱིས་བསླད་པའི་འཁྲུལ་སྣང་ཡིན་པས་ཚད་མ་མ་ཡིན་ལ། མིས་མཐོང་བ་ཚད་མ་ཡིན་ནོ་ཞེ་ན། ལས་ཀྱི་འཁྲུལ་སྣང་ཡིན་པ་ཅིག་ཤོས་ལ་ཡང་མཚུངས་པས། དེ་ཡང་ཚད་མ་མིན་པར་འགྱུར་ལ། འགྲོ་བ་གཞན་གྱི་མིག་ཤེས་རྣམས་ཚད་མ་མ་ཡིན་ན། རྩ་སྣང་བའི་ཤེས་པ་སོགས་གཞན་ལ་ཡང་མཚུངས་པས་མི་མ་ཡིན་པའི་འགྲོ་བ་གང་གི་རྒྱུད་ལའང་ཚད་མ་གཏན་མི་སྲིད་པར་འགྱུར་བས། འདི་ལྟར་སྨྲ་བ་ནི་ཕྱུགས་ལས་ཀྱང་ཕྱུགས་སོ། །འོ་ན་ཇི་ལྟར་ཁས་བླང་བར་བྱ་སྙམ་ན། ལྷ་མི་ཡི་དྭགས་གསུམ་ཀའི་མིག་ཤེས་དེ་དག་ཚད་མར་ཁས་ལེན་ལ། དེ་ལྟ་ན་ཡང་རླན་ཞིང་གཤེར་བ་སྣོད་གང་པོ་དེ་ཉིད་ཆུ་སོགས་གསུམ་ཀའི་གཞི་མཐུན་དུ་ཁས་ལེན་པ་ཡང་མ་ཡིན། སྣོད་གང་པོ་དེའི་གོ་ས་ན་ཆུ་དང་རྣག་ཁྲག་བདུད་རྩི་སྣོད་གང་བ་རེ་རེ་ཡོད་དོ་ཞེས་ཀྱང་མི་སྨྲ་ཡི། སྣོད་གང་པོ་དེ་ཉིད་ཆ་ཅན་ཡིན་ལ། དེའི་ཆ་ཤས་གཅིག་རྣག་ཁྲག་དང་གཅིག་ཆུ་དྭངས་ཤིང་བསིལ་བ་དང་ཆ་གཅིག་བདུད་རྩིར་སྐྱེས་པ་ཡིན་ལ། དེ་ཡང་། དང་པོ་ནས་མིའི་ཡུལ་དུ་སྐྱེས་པའི་རླན་ཞིང་གཤེར་བ་དེ་ཆུར་གནས་པ་དང་། ལྷ་དང་ཡི་དྭགས་ཀྱི་ཡུལ་ན་དང་པོ་ནས་ཡོད་པའི་དེ་ཡང་བདུད་རྩི་དང་རྣག་ཁྲག་ཏུ་གནས་པ་ཡིན་པ་ལ། གསར་དུ་འགྲོ་བ་གཞན་དེ་དང་དེའི་དྲུང་དུ་ལྷགས་པ་ན། འགྲོ་བ་དེའི་ལས་ཀྱི་དབང་གིས་གསར་དུ་སྐྱེས་པ་ཡིན་གྱི། དང་པོ་ནས་ཆ་ཤས་དེ་དང་དེར་གནས་པ་མ་ཡིན། ཆ་ཤས་གསུམ་པོ་དེ་རྒྱུན་ལྡན་དུ་འཇུག་པའི་ཁྱབ་པ་ཡང་མེད་དོ། །དེ་ཡང་རླན་གཤེར་ཕོར་གང་པོ་དེ་ཉིད་བལྟ་བྱ་ཐུན་མོང་བར་སོང་བའི་ཚེ་ཆ་ཤས་གསུམ་ལྡན་དུ་སྐྱེས་པ་ཡིན་གྱི། བལྟ་བྱ་ཐུན་མོང་མ་ཡིན་པར་སོང་བའི་ཚེ་རེ་རེ་ཁོ་ནའོ། །ཇི་སྐད་བཤད་པའི་ཚུལ་འདི་ནི་དཔེར་ན་ལྕགས་གོང་དམར་འབར་བ་ལ་སྔགས་ཀྱི་ཁྱད་པར་འགའ་ཞིག་གིས་བཏབ་པའི་ལག་པས་རེག་པའི་ཚེ་ན་མི་ཚ་ལ། གཞན་གྱིས་རེག་པ་ན་ཚ་བའང་དེ་ལ་ཚ་བ་དང་མི་ཚ་བའི་རེག་བྱ་གཉིས་ཡོད་པ་སོ་སོར་མྱོང་བ་ཡིན་ནོ། །ཇི་སྐད་དུ། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ཞེས་གསུངས་པ་ཡང་། ཆ་ཤས་དང་ཆ་ཅན་གྱི་དབྱེ་བས་དེ་ལྟར་ཤེས་པར་བྱའོ། །ཞེས་བྲིས་སོ། །འདི་མི་འཐད་པ་ལ་གཉིས་ཏེ། ཧ་ཅང་ཐལ་བའི་སུན་འབྱིན་བརྗོད་པ་དང་། དེའི་ཉེས་སྤོང་དགག་པའོ། །དང་པོ་ལ་གསུམ་སྟེ། ཁས་བླངས་པ་དང་འགལ་བ། རིགས་པ་དང་འགལ་བ་དང་། ལུང་དང་འགལ་བའོ། །དང་པོ་ནི། ཁྱེད་ཉིད་ཀྱིས་གཞན་ལ་འཕངས་པའི་ཧ་ཅང་ཐལ་བ་ཇི་སྙེད་པ་ཕྱིར་བཟློག་པར་བྱ་སྟེ། དེ་ཡང་། འདི་ལྟར། རླན་ཞིང་གཤེར་བ་ཕོར་པ་གང་པོ་དེ་ཉིད་ལྷ་མི་ཡི་དྭགས་གསུམ་གྱི་བལྟ་བྱ་ཐུན་མོང་བར་སོང་བ་དེའི་ཚེ། མིག་ཤེས་གསུམ་ཀ་ཚད་མ་ཡིན་ནམ། འགའ་ཞིག་ཚད་མ་ཡིན། དང་པོ་ལྟར་ན་བལྟ་བྱ་ཐུན་མོང་བ་དེ་གསུམ་ཀའི་གཞི་མཐུན་དུ་འགྱུར་བ་དང་། འགལ་བ་ལ་མི་འཁྲུལ་པའི་ཚད་མ་ཡོད་པར་འགྱུར་བ་དང་། ཚད་མས་གྲུབ་མ་གྲུབ་ཀྱི་རྣམ་དབྱེ་ཅུང་ཟད་མེད་པར་འགྱུར་རོ། །གཞན་ཡང་། བལྟ་བྱ་ཐུན་མོང་བ་སྣོད་གང་པོ་དེའི་གོ་ས་ན་ཆུ་སོགས་སྣོད་གང་བ་གསུམ་ཡོད་པར་འགྱུར་ཏེ། གོ་ས་གཅིག་པོ་དེ་ན་ཆུ་སྣོད་གང་འཇལ་བའི་ཚད་མ་དང་། བདུད་རྩི་སྣོད་གང་འཇལ་བའི་ཚད་མ་དང་། རྣག་ཁྲག་སྣོད་གང་འཇལ་བའི་ཚད་མ་གསུམ་ཀ་ཅིག་ཅར་དུ་ཡོད་པའི་ཕྱིར། གཞན་ཡང་མི་ཡུལ་གྱི་ཆུ་ལ་བལྟ་བའི་ཡི་དྭགས་ཀྱི་མིག་ཤེས་ཆོས་ཅན། ལོག་ཤེས་སུ་ཐལ། རང་གི་བལྟ་བྱ་དེ་ཆུར་གནས་པ་ལ་རྣག་ཁྲག་ཏུ་གསལ་བར་སྣང་བའི་མིག་ཤེས་ཡིན་པའི་ཕྱིར། གཞན་གཉིས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་གལ་ཏེ། དང་པོར་ཆུར་གནས་ཀྱང་། ལས་ཀྱི་རྣག་ཁྲག་ཏུ་སྐྱེས་སོ། །ཞེས་མ་སྨྲས་སམ་ཞེ་ན། དེ་ལྟར་སྨྲས་མོད། འོ་ན་མི་ཡུལ་གྱི་ཆུ་ཆོས་ཅན། རྣག་ཁྲག་ཏུ་ཐལ། རྣག་ཁྲག་འཛིན་པའི་མིག་ཤེས་མ་འཁྲུལ་བ་ལ་དེའི་རྣམ་པ་དངོས་སུ་གཏོད་བྱེད་ཡིན་པའི་ཕྱིར། གལ་ཏེ་རྟགས་ཁས་མི་ལེན་ནོ་ཞེ་ན། འོ་ན་དེའི་ཚེ་བལྟ་བྱ་ཐུན་མོང་བ་གཅིག་མེད་པར་ཐལ། དེའི་ཚེ་སྣང་ཡུལ་གསུམ་པོ་ནི་འགལ། གཟུང་ཡུལ་ཐུན་མོང་བ་ཁས་མི་ལེན་པའི་ཕྱིར། གཞན་ཡང་ཆོས་ཐམས་ཅད་རང་གི་སེམས་ཀྱིས་གང་བཟོ་བཟོ་ཡིན་པར་ཐལ་བ་དང་། མཐའ་གཅིག་ཏུ་ངེས་པ་མེད་པར་ཐལ་བ་དང་། རྒོལ་བ་ཁྱེད་ཀྱང་གཅེར་བུ་པ་དང་མཚུངས་པར་ཐལ། དངོས་པོ་ལ་ཆུར་གནས་པ་གཅིག་ལ་ཡི་དྭགས་ཀྱིས་རྣག་ཕྲག་ཏུ་བཟོ་ཐུབ། ལྷས་བདུད་རྩིར་བཟོ་ཐུབ། ཡི་དྭགས་ཀྱི་ཡུལ་གྱི་རྣག་ཁྲག་ལ་མིས་ཆུ་དང་ལྷས་བདུད་རྩིར་བཟོ་ཐུབ་པའི་ཕྱིར། གཞན་ཡང་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ། ཆ་ཤས་གསུམ་ཀ་ཚང་བར་གནས་པའི་ཆ་ཅན་ཕོར་པ་གང་པོ་དེ་ཆུ་ཁོ་ནར་འཇལ་བའི་ཚད་མ་དང་། གཞན་གཉིས་པོ་ཡང་དེ་ཁོ་ནར་འཇལ་བའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་འདྲ་དེ་མིའི་རོ་འཛིན་དབང་པོའི་མངོན་སུམ་གྱིས་ཆུ་ཁོ་ནར་འཇལ་བ་ལ་སོགས་པའི་ཕྱིར། གལ་ཏེ་དེའི་ཚེ་ཆ་ཤས་གསུམ་ཀ་མ་ཚང་ངོ་ཞེ་ན། འོ་ན་ཟླ་བའི་འོད་ཟེར་དང་། ལྕགས་ཀྱི་གོང་བུ་དམར་འབར་བ་ལྟ་བུའི་རེག་བྱ་འགྲོ་བ་གཉིས་ཀྱིས་དུས་ཅིག་ཆར་དུ་མྱོང་བ་དེའི་ཚེ་ན། རེག་བྱ་གཉིས་པོ་ཅིག་ཆར་དུ་ཡོད་དམ་མེད། མེད་ན་དངོས་སུ་འགལ། ཡོད་ན། ཟླ་བའི་འོད་ཟེར་ཡི་དྭགས་ཀྱི་ལུས་ལ་རེག་པ་དེའི་ཚེ། འོད་ཟེར་དེ་ཚ་བའི་ངོ་བོར་སྐྱེས་ནས། བསིལ་བའི་རེག་བྱ་མ་ཚང་བར་ཐལ། ཆུ་ཡི་རེག་བྱ་ཡི་དྭགས་ཀྱིས་མྱོང་བའི་ཚེ་ཆུའི་རེག་བྱ་མ་ཚང་བར་རྣག་ཁྲག་གི་རེག་བྱ་ཁོ་ནར་སྐྱེས་པའི་ཕྱིར། གལ་ཏེ་ཅིག་ཤོས་བལྟ་བྱ་ཐུན་མོང་བ་ཡིན་ལ། གཞན་དེས་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པས་མི་མཚུངས་སོ། །ཞེ་ན། མི་དང་ཡི་དྭགས་ཀྱིས་དུས་ཅིག་ཅར་དུ་ཟླ་བའི་འོད་ཀྱི་རེག་བྱ་མྱོང་བའི་ཚེ། བལྟ་བྱ་ཐུན་མོང་བ་གཅིག་མི་སྲིད་པར་ཐལ། ཟླ་བའི་འོད་ཟེར་ལ་ཡོད་པའི་རེག་བྱའི་ཁྱད་པར་ཡི་དྭགས་ཀྱིས་མྱོང་བ་དེ། དེའི་དུས་ཀྱི་མིས་མྱོང་བ་མི་སྲིད། ཅིག་ཤོས་དེ་ཡང་གཞན་དེས་མྱོང་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཆ་ཤས་ནས་དེ་ལྟར་ཡིན་ཡང་། ཆ་ཅན་དེ་ཐུན་མོང་བ་ཡིན་ནོ་ཞེ་ན། ཚ་གྲང་གི་རེག་བྱ་འགལ་བ་གཉིས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། གཞི་གཅིག་གི་སྟེང་དུ་བསྐལ་པའི་བར་ལྷན་ཅིག་ཏུ་གནས་པར་ཇི་ལྟར་རུང་། དེར་མ་ཟད་ཀྱི་འགྲོ་བ་དེ་གསུམ་གྱི་བལྟ་བྱ་ཐུན་མོང་བར་གྱུར་པའི་རླན་ཞིང་གཤེར་བ་གཅིག་མི་སྲིད་པར་ཐལ། རླན་ཞིང་གཤེར་བ་ཡིན་ན། འགྲོ་བ་དེ་གསུམ་གྱི་མིག་ཤེས་དབང་པོའི་མངོན་སུམ་གྱི་བལྟ་བྱ་ཡིན་པར་འགལ་ལ། དེ་གསུམ་གང་རུང་གི་ལུས་ཤེས་དབང་པོའི་མངོན་སུམ་གྱི་བལྟ་བྱ་ཡིན་ན། དེ་གསུམ་གྱི་མྱོང་བྱ་ཐུན་མོང་བ་ཡིན་དགོས་པར། ཁྱེད་རང་གིས་ཁས་བླངས་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། དེ་གསུམ་གྱི་བལྟ་བྱ་ཐུན་མོང་བར་གྱུར་པའི་རླན་ཞིང་གཤེར་བ་ཕོར་པ་གང་པོ་དེ་ཆོས་ཅན། གཟུགས་ཅན་གྱི་དངོས་པོ་མ་ཡིན་པར་ཐལ། རང་ཡོད་པའི་གོ་སར་གཟུགས་ཅན་གྱི་དངོས་པོ་གཞན་འབྱུང་བའི་གོ་མ་བཀག་པའི་ཕྱིར། ཡང་དེ་དུས་ཀྱི་ཆུའི་ཁ་དོག་མཐོང་བའི་མིག་ཤེས་ཆོས་ཅན། རང་གི་བལྟ་བྱ་དེ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པར་ཐལ། དེའི་ཆ་ཤས་གཅིག་མཐོང་། དེ་དང་གྲུབ་བདེ་རྫས་གཅིག་པའི་ཆ་ཤས་འགའ་ཞིག་མ་མཐོང་བའི་ཕྱིར། གཞན་ཡང་། ཆ་ཅན་སྣོད་གང་པོ་དེ་ཆོས་ཅན། རང་འཛིན་ཤེས་པ་མ་འཁྲུལ་པ་ལ་རང་འདྲའི་རྣམ་པ་གཏོད་བྱེད་དུ་ཐལ། ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། ཁྱབ་པ་ཡང་ཁྱོད་ཀྱིས་ཁས་ལེན་དགོས་ཏེ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་སོགས་ཀྱི་རིགས་པའི་དཔྱད་པ་བཅུག་ནས་ཀྱང་ཕྱི་རོལ་གྱི་དོན་ཁས་ལེན་གྱིན་འདུག་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། ངེས་པའི་བདག་ཉིད་རང་ངོ་བོས། །མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་པའི་ཐལ་བར་གནོད་བྱེད་དུ་འཇུག་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཆ་ཅན་དེའི་སྟེང་ན་ཆུའི་ཁ་དོག་དང་། རྣག་གི་ཁ་དོག་གཉིས་ཡོད་བཞིན་དུ་རང་འཛིན་མི་ཤེས་ལ་གཅིག་གིས་རྣམ་པ་གཏོད་ལ་ཅིག་ཤོས་ཀྱིས་རྣམ་པ་མི་གཏོད་པའི་རྒྱུ་མཚན་མེད་པ་དང་། རྣམ་པ་གཏོད་ལུགས་དེ་ལྟར་བྱེད་ན་རང་འདྲའི་རྣམ་པ་གཏོད་པར་འགལ་བའི་ཕྱིར། གལ་ཏེ་རྒྱུ་མཚན་མེད་པ་མ་གྲུབ་སྟེ། ལས་ཀྱིས་བསྒྲིབས་ནས་གཅིག་ལ་ཅིག་ཤོས་ཀྱི་ཁ་དོག་མི་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན། ཇི་སྐད་དུ། མ་མཐོང་བསྒྲིབས་ཕྱིར་མིན་ཞེ་ན། །དོན་གྱི་དབང་གིས་རྟོགས་མི་འགྱུར། །དུ་མའི་བདག་ཉིད་དངོས་དེ་ལ། །གཅིག་གི་བདག་ཏུ་མཐོང་བྱེད་པ། །མ་མཐོང་བ་དེ་ཇི་ལྟར་ན། །དོན་མཐོང་བྱེད་པར་འགྱུར་བ་ཡིན། །ཞེས་པའི་རིགས་པ་དྲི་མ་མེད་པས་ལེགས་པར་བཀག་པའི་ཕྱོགས་སྔ་མ་དེ་ཉིད་ཁྱེད་ཀྱིས་ཁས་བླངས་པ་ཡིན་ནོ། །གཞན་ཡང་སྔར་ཆུའི་ངོ་བོར་གནས་པ་ལ་ཕྱིས་ཡི་དྭགས་ཉེ་བར་འོངས་པའི་སྟོབས་ཀྱིས་རྣག་ཁྲག་གི་གཟུགས་གསར་དུ་སྐྱེས་པ་ཡིན་ཞེས་ཟེར་བ་དེ་དག་གིས་ནི། ཇི་སྐད་དུ། གལ་ཏེ་དེར་ཡང་མཐོང་མེད་ལ། །བརྟེན་ནས་གཟུགས་གཞན་འབྱུང་གྱུར་ན། །དེ་དག་རྣམས་ནི་ཕན་ཚུན་དུ། །བསྒྲིབས་འགྱུར་དེ་ཕྱིར་སྣང་བ་ནི། །སྒྲིབ་བྱེད་དེ་ལ་གཅིག་སྣང་འགྱུར། །དེ་མ་བསྒྲིབས་ན་ཅིག་ཆར་ནི། །གསལ་དང་མི་གསལ་རང་བཞིན་དག །མཐོང་འགྱུར་མཐོང་མེད་ཀྱིས་གཅིག་བསྒྲིབས། །གང་གིས་དོན་དང་དོན་མིན་མེད། །དེ་ལ་མ་མཐོང་བས་ཅི་བྱེད། །ཅེས་པའི་གཞུང་གིས་བསྟན་པའི་རིགས་པས་གང་བཀག་པ་དེ་ཉིད་ཁས་བླངས་པ་ཡིན་ནོ། །དེ་ཡང་འདི་ལྟར། སྣོད་གསུམ་པོ་དེའི་སྟེང་གི་ལས་གཟུགས་གསུམ་པོ་དེ་ཕན་ཚུན་དུ་གཅིག་གིས་གཅིག་སྒྲིབ་པར་བྱེད་དམ་མི་བྱེད། མི་བྱེད་ན་ནི་དེའི་ཚེ་གསུམ་ཀས་གསུམ་ཀ་མཐོང་བར་འགྱུར་ཏེ། གསུམ་ཀ་མཐོང་རུང་གི་གཟུགས་སུ་ཡོད་པ་གང་ཞིག སྒྲིབ་བྱེད་མེད་པའི་ཕྱིར། བྱེད་ན་ནི་དེའི་ཚེ་ལྷའི་མིག་ཤེས་ཀྱིས་གཞི་དེར་ཆུའི་ཁ་དོག་མཐོང་བར་འགྱུར་ཏེ། གཞི་དེར་བདུད་རྩིའི་ཁ་དོག་ལ་ཆུའི་ཁ་དོག་གིས་བསྒྲིབས་ནས་ཡོད་པའི་ཕྱིར། དེ་ལས་གཞན་དུ་ན་ཆོས་ཀྱི་གྲགས་པའི་རིགས་པ་དེ་དག་ལ་སྔོན་ཆད་མ་གྲགས་པའི་འཆད་ཚུལ་གསར་པ་ཞིག་ཁྱེད་ཀྱིས་བསྟན་དུ་གསོལ། གང་ཡང་ཁྱེད་ཀྱིས་འདི་སྐད་དུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་པའི་གཞུང་དོན་འཆད་པའི་སྐབས་སུ། དེ་དུས་ཀྱི་མིག་ཤེས་གསུམ་ཀ་ཚད་མ་ཡིན་ནམ། གང་རུང་གཅིག་ཚད་མ་ཡིན་ཞེས་དྲི་བ་ནི། ཕྱི་རྒོལ་ཚར་བཅད་ཀྱི་གནས་ཡིན་ཏེ། སྐབས་ཀྱི་རྒོལ་བ་ལ་དྲི་བར་མི་འོས་པའི་དོན་དྲིས་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། དེ་གསུམ་ཀ་ཚད་མ་མ་ཡིན་པ་སྐབས་ཀྱི་རྒོལ་བས་འཆད་བཞིན་པའི་སྐབས་ཡིན་པའི་ཕྱིར་དང་། མིག་ཤེས་རེག་བྱའི་སྐྱེ་མཆེད་ལ་ཚད་མ་ཡིན་པར་བསམས་ནས་དྲིས་པའི་ཕྱིར་རོ། །གསུམ་པ་ལུང་དང་འགལ་བ་ནི། ཇི་སྐད་དུ། ཐེག་བསྡུས་ལས། དམྱལ་བ་ཡི་དྭགས་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིས་རིས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པའི་ལུང་དང་། དེའི་བཤད་སྦྱར་གྱི་ལུང་དང་བཅས་པ་ཁྱོད་ཀྱིས་དྲངས་ནས། གོང་གི་རྣམ་གཞག་དེ་ལྟར་དུ་འཆད་པ་གང་ལ་ཤེས་བྱེད་ཚད་མར་སོང་བར་རློམ་པའི་ལུང་དེས་དོན་དེ་ཉིད་ལ་གནོད་པ་བྱས་པ་ཡིན་ཏེ། ལུང་དེ་ཕྱི་རོལ་གྱི་དོན་འགོག་པའི་ལུང་ཡིན་པ་ལ། ཁྱེད་ཀྱིས་ཕྱི་རོལ་གྱི་དོན་ཚད་གྲུབ་ཏུ་བྱས་པའི་ཕྱིར། ལུང་དེས་ནི་དངོས་པོ་གཅིག་ཉིད་ལ་དུ་མའི་སྣང་བ་འཆར་བར་བཤད་ལ། ཁྱེད་ཀྱིས་ནི་གཞི་གཅིག་གིས་དོན་དུ་མ་ཉིད་རང་རང་སོ་སོའི་ཡུལ་ཅན་ལ་སོ་སོར་ཐ་དད་དུ་མ་འཁྲུལ་བའི་ཚུལ་གྱིས་སྣང་བ་ཐ་དད་དུ་འཆར་བར་བཤད་པའི་ཕྱིར། བྱེ་བྲག་ཏུ་ཟླ་བའི་ཞབས་ཀྱི་ལུང་ཉིད་དང་འགལ་ཏེ། ཇི་སྐད་དུ། ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །ཞེས་དེའི་དུས་ཀྱི་ཡུལ་དུ་སྣང་བ་གསུམ་ཀ་མེད་མཚུངས་དང་། ཡུལ་ཅན་གསུམ་ཀ་ཡང་ཇི་སྐད་དུ། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཞེས་རྟོག་མེད་ལོག་ཤེས་སུ་མཚུངས་པར་བཤད་ཀྱི། ཚད་མར་མ་བཤད་པའི་ཕྱིར་དང་། ཚད་མར་ལྟ་ཞོག་སྤྱིར་ཡོད་པར་ཡང་མ་བཤད་དེ། ཇི་སྐད་དུ། བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་བཤད་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན། ཆ་ཅན་སྐྱེས་བུ་གཅིག་གི་དྲུང་དུ། གང་ཟག་དགྲ་གཉེན་གཉིས་ལྷགས་པའི་ཚེ་ན། ཆ་ཤས་ཡིད་དུ་འོང་མི་འོང་གི་གཟུགས་གསར་པ་གཉིས་སྐྱེ་བར་འགྱུར་ལ། དེའི་ཚེ་གཉིས་ཀའི་ཚད་མས་གཉིས་ཀ་མི་རྟོགས་པའི་ཤེས་བྱེད་ནི། ལས་ཀྱིས་བསྒྲིབས་པའི་ཕྱིར་ཟེར་བ་ལས་འོས་མེད་པས། དེ་ལྟར་ན་ནི། ཇི་སྐད་དུ། དུ་མའི་བདག་ཉིད་དངོས་དེ་ལ། །གཅིག་གི་བདག་ཏུ་མཐོང་བྱེད་པ། །ཞེས་སོགས་ཀྱི་རིགས་པས་བཀག་པ་དང་། དེ་དུས་ཀྱི་མིག་ཤེས་ཚད་མ་གཉིས་པོ་དེ་རེ་རེ་ནས་ཆོས་ཅན། སྐྱེས་བུ་གཅིག་གི་གཟུགས་རྟོགས་པའི་མངོན་སུམ་མ་ཡིན་པར་ཐལ། དེའི་གཟུགས་ཀྱི་གནས་ཚུལ་དང་། ཁྱོད་ལ་སྣང་ཚུལ་མི་མཐུན་པའི་ཕྱིར། གཞན་ཡང་། སྟོན་པ་ཡང་སངས་རྒྱས་དང་ཕྱི་རོལ་པའི་སྟོན་པ་སོགས་ལ་བཟང་ངན་གྱི་ཁྱད་པར་མེད་པའི་ཉེས་པ་ཁྱེད་ཉིད་ལ་འཇུག་སྟེ། ཆ་ཅན་སྟོན་པ་དེ་དང་དེའི་དྲུང་དུ། དེ་དག་ལ་ཡོན་ཏན་དང་སྐྱོན་ཅན་དུ་བལྟ་བའི་གང་ཟག་རེ་རེ་ལྷགས་པ་ན་སྟོན་པ་དེ་དང་། དེ་ལ་ཡོན་ཏན་དང་སྐྱོན་གྱི་ཆ་ཤས་རེ་རེ་གསར་དུ་སྐྱེ་བའི་ཕྱིར་རོ། །འདོད་ན། ཁྱེད་ཅག་གིས་ཕྱི་རོལ་དོན་འགོག་གི་ལུང་ཚད་མར་ཁས་བླངས་ནས། ཕྱི་རོལ་གྱི་དོན་ཡོད་པའི་སྒྲུབ་བྱེད་དུ་སྦྱར་བས་གྲུབ་པའི་མཐའ་འཇོག་ཚུལ་ནོངས་པ་ཡིན་ཏེ། ཇི་སྐད་དུ། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མ་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམས་པར་འགྱུར། །ཞེས་བཤད་པ་དེར་ཡང་དེ་དག་དེ་ལ་ཚད་མར་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ལྟ་ཡིན་མོད་དེ་ལས་ཅིར་འགྱུར་ཆ་ཅན་ཆུ་བོ་གངྒཱའི་དྲུང་དུ། གང་ཟག་ཡི་དྭགས་དང་ལྷའི་རིགས་གཉིས་ལྷགས་པའི་ཚེ། གཅིག་གི་ལས་ཀྱིས་ནི་གངྒཱ་བདུད་རྩིར་བྱས་ལ། ཅིག་ཤོས་ཀྱི་ལས་ཀྱིས་ནི་གངྒཱ་མེད་པར་བྱས་སོ་ཞེས་ཁས་ལེན་དགོས་པར་འགྱུར་རོ། །དེར་མ་ཟད་ཀྱི། ཇི་སྐད་དུ། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་ཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པའི་དོན་དེ་ཉིད་ཀྱང་ཁྱེད་ཀྱིས་གསལ་བར་བཀག་པ་ཡིན་ཏེ། དེ་དག་ཕྱི་རོལ་གྱི་དོན་དུ་ཡོད་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་དེའི་ཉེས་སྤོང་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་ཉིད་སུན་དབྱུང་བའོ། །དང་པོ་ནི། གཞན་དག་གིས་བྲིས་པའི་ཡི་གེ་ལས། དེ་ལྟར་ཁས་ལེན་པ་ཆོས་ཀྱི་གྲགས་པའི་རིགས་པས་བཀག་གོ་ཞེས་སྨྲ་བས་ནི། ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་དགག་ཡུལ་གྱི་འདོད་པ་གཉིས་ཀའི་རྒྱུས་ཅི་ཡང་མེད་པར་གསལ་བར་བྱ་སྟེ། གལ་ཏེ་དེར་ཡང་མཐོང་མེད་ལ། །རྟེན་ནས་གཟུགས་གཞན་འབྱུང་འགྱུར་ན། །ཞེས་སོགས་ནི་ཐག་ཉེ་བ་ནས་བལྟ་བའི་ཚེ་ཡུལ་དབང་བར་དུ་ལས་གཟུགས་གསལ་བ་དང་། ཐག་རིང་བ་ནས་བལྟ་བའི་ཚེ་ཡུལ་དབང་བར་དུ་ལས་གཟུགས་མི་གསལ་བ་སྐྱེ་བས་ཐག་ཉེ་རིང་ལས་སྔོ་སོགས་དབང་ཤེས་ལ་གསལ་མི་གསལ་གྱི་ཁྱད་པར་འབྱུང་བ་ཡིན་གྱི། ཤེས་པ་ལ་རྣམ་པ་ཤར་བའི་དབང་གིས་མ་ཡིན་པར་སྨྲ་བའི་འདོད་པ་བརྗོད་ནས། དེ་འགོག་པ་ན། ཡུལ་ཤེས་བར་དུ་སྐྱེས་པའི་ལས་གཟུགས་དེས་ཡུལ་ལ་སྒྲིབ་བམ་མི་སྒྲིབ། སྒྲིབ་ན་སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་མི་མཐོང་བར་ཐལ་ཞིང་མ་བསྒྲིབས་ན་ཐག་ཉེ་བ་ནས་བལྟ་བའི་མིག་ཤེས་ཀྱིས་ལས་གཟུགས་གསལ་བ་དང་སྔོན་པོ་གཉིས་ཅིག་ཆར་སོ་སོར་མཐོང་བར་ཐལ་བ་དང་། ཐག་རིང་བ་ནས་བལྟ་བའི་མིག་ཤེས་ཀྱིས་ཀྱང་ལས་གཟུགས་མི་གསལ་བ་དང་སྔོན་པོ་གཉིས་ཅིག་ཆར་སོ་སོར་མཐོང་བར་ཐལ་བ་འཕེན་པ་ཡིན་གྱིས། སྐྱེས་བུ་གཅིག་གི་གཟུགས་ཡིད་དུ་འོང་མི་འོང་གི་ཆ་གཉིས་སུ་གནས་པ། སུས་ཀྱང་གང་དུ་ཡང་ཁས་མ་བླངས་ཤིང་། དེ་འདྲ་འགོག་པ་ལ་གཞུང་དེ་དག་སྦྱོར་བ་ལས་འབྲེལ་མེད་ཀྱི་བཤད་པ་ཡ་མཚན་པ་གཞན་མེད་ལ། ཡི་དྭགས་ཀྱི་མིག་ཤེས་དེས་དེའི་ཚེ་ཆུ་དྭངས་ཞིང་བསིལ་བ་མ་མཐོང་བར་ཐལ་བ་འཕན་ན་ནི། གཉིད་ཀྱིས་བསླད་བའི་ཐལ་བ་མ་ཡིན་ནམ་ཤེས་པ་རྣལ་དུ་ཞོག་ཅིག་དེ་ལྟར་ཁས་བླངས་པ་ལ་ཆོས་ཀྱི་གྲགས་པའི་རིགས་པས་གནོད་པ་མ་ཡིན་གྱི། རླུང་མཁྲིས་བད་ཀན་ལ་སོགས་པའི་ནད་ལྔ་དང་། འབྱུང་བ་ལྔ་དང་གདོན་ལྔ་ཉོན་མོངས་པ་དུག་ལྔའི་དངོས་འབྲས་ཡིན་པར་འདོད་པ་ནི། ཇི་སྐད་དུ། འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །ཞེས་སོགས་ཆོས་ཀྱི་གྲགས་པས་མུ་སྟེགས་འགོག་པའི་རིགས་པ་དེ་དག་འདོན་པ་བསྒྱུར་བས་བཀག་པར་ཤེས་པར་བྱོས་ལ། འདུས་མ་བྱས་ཀྱི་ནམ་མཁའ་ཕྲག་དོག་གི་དངོས་འབྲས་ཡིན་ནོ་ཞེས་སོགས་ཤིན་ཏུ་བླུན་པོའི་ཚོགས་སླུ་བར་བྱེད་པའི་བསམ་པས་མུ་སྟེགས་ཀྱི་འདོད་པ་བས་ཀྱང་ཀུན་ཏུ་ཐ་ཆད་པའི་འཆལ་གཏམ་སྨྲ་བ་ལྷུར་མ་བྱེད་ཅིག ཅེས་བྱ་བ་བྲིས་སོ། །གཉིས་པ་དེ་སུན་དབྱུང་བ་ལ། དྲན་པ་རང་བཞིན་དུ་མ་གནས་པའི་གཏམ་གྱི་ཚོགས་ཡི་གེར་བྲིས་པ་ལ། དེ་སུན་འབྱིན་པའི་ངལ་བས་ཅི་ཞིག་བྱ། དེ་ལྟ་ན་ཡང་། དེ་སྐད་ཅེས་སྨྲ་བ་དེ་དག་གིས་ཟབ་མོའི་གསུང་རབ་ཆེས་ཤིན་ཏུ་མང་པོ་དག་ཆུད་གསོན་པར་བྱས་པའི་མྱོས་བྱེད་ཀྱི་བུམ་པ་དེ་ཉིད་རྒྱལ་བའི་བཀའ་བཞིན་དུ་མགོ་བོའི་ཅོད་པན་གྱིས་ཉེ་བར་བླངས་ནས་སྙིང་གི་པདྨར་སིམ་ཞིང་། འཐུང་བར་བྱེད་པ་དེ་དག་ལ་དེའི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར་སྨྲས་པ་ནི་གཉིས་ཏེ། ཚིག་ནོར་བ་དང་། དོན་ནོར་བའོ། །དང་པོ་ནི། རིགས་པ་མཁྱེན་པའི་གཞུང་གི་འཆད་ཚུལ་དེ་ལྟར་ཡིན་ན། རིག་པ་མཁྱེན་པ་ལ་འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་མཚར་དུ་དངར་བ་དག་དབུལ་བར་བྱ་སྟེ། སྔོན་འཛིན་མིག་ཤེས་ཀྱི་སྔོན་པོ་མི་མཐོང་བར་ཐལ། ཡུལ་ཤེས་བར་གྱི་ལས་གཟུགས་དེས་ཡུལ་སྔོན་པོ་བསྒྲིབས་པའི་ཕྱིར། ཁྱབ་པ་དང་ཐལ་ཆོས་དངོས་འགལ། རྟགས་མ་གྲུབ་ན། ཐག་ཉེ་བ་ནས་བལྟ་བའི་མིག་ཤེས་ཀྱིས་ལས་གཟུགས་གསལ་བ་དང་སྔོན་པོ་གཉིས་ཅིག་ཆར་སོ་སོར་མཐོང་བར་ཐལ། དེས་དེ་ལ་མ་བསྒྲིབས་པའི་ཕྱིར། འཁོར་གསུམ་དང་པོའོ། །ཐག་རིང་བ་ནས་བལྟ་བའི་མིག་ཤེས་ཀྱིས་ཀྱང་ལས་གཟུགས་མི་གསལ་བ་དང་སྔོན་པོ་གཉིས་ཅིག་ཆར་སོ་སོར་མཐོང་བར་ཐལ། དེས་དེ་མ་བསྒྲིབས་པའི་ཕྱིར། འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་གཉིས་པའོ། །མདོར་ན། དེས་དེ་བསྒྲིབས་ཟེར་བ་དང་མ་བསྒྲིབས་ཟེར་བ་གཉིས་ཀ་ལ། ཁྱབ་པ་ཚད་མས་གྲུབ་པར་རློམ་ཞིང་ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་མ་ཞུགས་པའི་ཐལ་འགྱུར་གཅིག་རྗེས་སུ་གཅིག་འཕེན་མཁན་ཁྱེད་མིན་པ་སུ་ཞིག་འོང་། གཉིས་པ་དོན་ནོར་བ་ནི། ཐལ་བ་དེ་ལྟར་དུ་འཕེན་པ་གཞུང་གི་དོན་མ་ཡིན་ཏེ། ཕྱོགས་སྔ་མའི་རྩ་བའི་ཁས་བླངས་དེ་ཉིད་སླར་ཡང་ཐལ་བས་འཕངས་འདུག་པའི་ཕྱིར་དང་། ཇི་སྐད་དུ། བསྒྲིབས་འགྱུར་དེ་ཕྱིར་སྣང་བ་ནི། །བསྒྲིབས་བྱེད་དེ་ལ་གཅིག་སྣང་འགྱུར། །ཞེས་པའི་གཞུང་གི་དོན་ཐག་ཉེ་རིང་ནས་བལྟ་བའི་མིག་ཤེས་གཉིས་ཀ་ལ་གསལ་བ་དང་མི་གསལ་བའི་གཟུགས་གང་རུང་ཅིག་ཁོ་ནར་རྟག་ཏུ་སྣང་བར་ཐལ། གཅིག་སྣང་བ་ལ་ཅིག་ཤོས་ཀྱིས་དུས་རྟག་ཏུ་བསྒྲིབས་ནས་ཡོད་པའི་ཕྱིར། ཞེས་འཕེན་རྒྱུ་ཡིན་པ་ལ་ཁྱེད་ཀྱིས་ནི། དེས་སྔོན་པོ་མི་མཐོང་བར་ཐལ་ཞེས་འཕངས་པས་ཇི་སྐད་དུ། དེ་ལ་གཅིག་ནི་སྣང་བར་འགྱུར། །ཞེས་པའི་གཞུང་ཙམ་ཡང་མ་བཀླགས་པས་བསྟན་པ་ཆུད་གསན་པའི་ཕྱིར། ཐག་ཉེ་བ་ནས་བལྟ་བའི་མིག་ཤེས་ལ་མི་གསལ་བའི་གཟུགས་དེ་སྣང་བར་ཐལ། དེ་ལ་མི་གསལ་བའི་གཟུགས་སྣང་རུང་དུ་ཡོད་པ་གང་ཞིག མི་གསལ་བའི་གཟུགས་སྣང་བ་ལ་གསལ་བའི་གཟུགས་ཀྱིས་མ་བསྒྲིབས་པའི་ཕྱིར། ཞེས་དང་། ཡང་། ཐག་རིང་བ་ནས་བལྟ་བའི་མིག་ཤེས་ལ་གསལ་བའི་གཟུགས་སྣང་བར་ཐལ། དེ་ལ་དེ་སྣང་དུ་རུང་དུ་ཡོད་པ་གང་ཞིག གསལ་བའི་གཟུགས་སྣང་བ་ལ་མི་གསལ་བའི་གཟུགས་ཀྱིས་མ་བསྒྲིབས་པའི་ཕྱིར། ཞེས་འཕེན་རྒྱུ་ཡིན་པ་ལ་ཐག་ཉེ་བ་ལ་གསལ་བའི་གཟུགས་དང་ཐག་རིང་བ་ལ་མི་གསལ་བའི་གཟུགས་སྣང་བར་ཐལ་ཞེས་གཉིད་ཀྱིས་བསླད་པའི་ཐལ་བ་དང་། བླུན་པོའི་ཚོགས་སླུ་བར་བྱེད་པའི་ཐལ་བ་གཉིས་ཀ་ཁྱེད་རང་གིས་འཕངས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་། ཇི་སྐད་དུ། དེ་མ་བསྒྲིབས་ན་ཅིག་ཆར་ནི། །གསལ་དང་མི་གསལ་རང་བཞིན་དག །མཐོང་འགྱུར། ཞེས་པའི་གཞུང་ཀློག་པའི་ངལ་བ་ཙམ་ཡང་ཁྱེད་ཀྱིས་མ་བྱས་ཤིང་རྣམ་པར་དག་པའི་གཞུང་ལུགས་དང་། རང་གི་ཤེས་རྒྱུད་དང་། ཕྱི་མའི་དུས་སུ་འབྱུང་བའི་སྐྱེ་བོ་རང་ལ་ཡིད་རྟོན་པ་དེ་དག་གི་སེམས་རྒྱུད་ཆུད་གསོན་པར་འགྱུར་བའི་རྟོག་དཔྱོད་ཙམ་ཡང་མ་བཏང་བར་བློ་ལ་ཐོལ་བྱུང་དུ་གང་ཤར་བ་དེ་ཉིད་བག་ཡངས་པར་བསྐྱངས་ནས་ཡི་གེར་བྲིས་པའི་ཕྱིར་རོ། །ཡང་སྐྱེས་བུ་གཅིག་གི་གཟུགས་ཡིད་དུ་འོང་མི་འོང་གཉིས་ཀ་གང་དུ་ཡང་ཁས་མ་བླངས་ན། ཇི་སྐད་དུ། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཁས་བླངས་ན་ཡང་། ཞེས་པ་དེ་ཆོས་ཀྱི་གྲགས་པས་དྲན་པ་རང་བཞིན་དུ་མི་གནས་པའི་དུས་སུ་སྨྲས་པ་ཡིན་ནམ། དེ་འགོག་པ་ལ་གཞུང་དེ་དག་སྦྱོར་བ་མ་འབྲེལ་ན། ཇི་སྐད་དུ། གཉིས་པོ་དག །ཐ་དད་པར་ནི་མྱོང་མི་འགྱུར། །མ་མཐོང་སྒྲིབ་བྱེད་མིན་ཞེ་ན། །ཞེས་གསུངས་པས་དེ་ཡང་དེའི་དུས་སུ་སྨྲས་པ་ལས་འོས་མེད་དོ། །ཡང་རྗེ་བཙུན་དམ་པ་རྒྱ་གར་གྱི་གསུང་ལས། ནད་ལྔ་པོ་དུག་ལྔའི་འབྲས་བུར་བཤད་པ་ལ། ཁྱེད་ཀྱིས་འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །ཞེས་པའི་གཞུང་གི་རིགས་པ་འདོན་པ་བསྒྱུར་ན་ཇི་ལྟར་དུ་བསྒྱུར་སྟོན་ཅིག གཞུང་དེར་ནི། དུག་གསུམ་པོ་ནད་གསུམ་གྱི་ཉེར་ལེན་ལས་སྐྱེ་བ་བཀག་པ་ཡིན་གྱི། ནད་གསུམ་པོ་དུག་གསུམ་གྱི་འབྲས་བུ་ཡིན་པ་བཀག་པ་མེད་དོ། །དེ་བཀག་པའི་འདོན་པ་ཅིག་ཤོས་ལ་བསྒྱུར་དུ་རུང་ན། མེ་དུ་བའི་འབྲས་བུ་ཡིན་པ་འགོག་པའི་རིགས་པ་ཞིག་ཡོད་ན། དེ་ཉིད་དུ་བ་མེའི་འབྲས་བུ་ཡིན་པ་འགོག་པ་ལ་ཡང་བསྒྱུར་ཞིག གཞན་ཡང་ཉེས་པ་བད་མཁྲིས་རླུང་གསུམ་པོ་དེ་ཉོན་མོངས་པ་དུག་གསུམ་གྱི་འབྲས་བུ་ཡིན་པར་དྲི་མ་མེད་པའི་བཀའ་དང་བསྟན་བཅོས་དག་ལས་གསུངས་པ་དེ། ཁྱེད་ཀྱིས། འཁྲུལ་ཕྱིར་རླུང་སོགས་ཆོས་མ་ཡིན། །ཞེས་པའི་རིགས་པས་འགོག་པར་བྱོས་ཤིག་དང་། དེ་ལ་ཤེས་པ་རང་བཞིན་དུ་གནས་པ་གཞན་གྱིས་བལྟ་ཞིང་རྟོག་པར་བྱའོ། །གཞན་ཡང་ནམ་མཁའ་ཕྲག་དོག་གི་དངོས་འབྲས་སུ་ཁས་ལེན་པ་ཞིག་ཡོད་ན། དེ་ལ་དེ་ཙམ་དུ་མཚར་དུ་མི་རྩི་ཡི། དེ་བས་ཀྱང་ངོ་མཚར་ཆེ་བ་གཞན་ཞིག་སྣང་བ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་པའི་ལྷ་ཞིག་གིས། ཆུ་ཀླུང་ཆེན་པོ་ཞིག་གི་དྲུང་དུ་ཕྱིན་པ་ན། ཆུ་དེའི་སྐད་ཅིག་སྔ་མས་ཉེར་ལེན་དང་། ལྷ་དེའི་ལས་དེས་བདག་པོའི་རྐྱེན་བྱས་ནས་ཆུ་ཀླུང་གི་དངོས་འབྲས་སུ་ནམ་མཁའ་སྐྱེའོ། །ཞེས་ཟེར་བ་འདི་ཉིད་ཤིན་ཏུ་ཡ་མཚན་ནོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། མཁས་པའི་ལེགས་བཤད་འདི་འདྲ་ན། །མཁས་པ་མིན་པའི་ཉེས་བཤད་གང་། །རིགས་པའི་དབང་ཕྱུག་དེ་འདྲ་ན། །རིགས་མིན་སྨྲ་བ་ཤིན་ཏུ་དཀོན། །རྨོངས་པས་བཅོས་པས་དེར་འགྱུར་ན། །བརྗོད་འདོད་དངོས་པོའི་སྟོབས་ཀྱིས་ཞུགས། །རང་གིས་རློམ་པས་དེར་འགྱུར་ན། །མངོན་པའི་ང་རྒྱལ་མཆོག་ཏུ་བཟུང་། །རྩ་བའི་གྲུབ་མཐའ་འཇོག་ཉེས་པ། །དེ་ཡི་ཤེས་བྱེད་ལྟར་སྣང་ནི། །བརྒྱ་ཕྲག་བཀོད་པས་འཁྲུལ་པའི་གཏམ། །རྒྱུན་མི་ཆད་པར་འབྱུང་འདིའོ། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་ཞིག་པ་དངོས་པོར་འདོད་པ་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་པར་བསྟན་པ་ལ། འདོད་པ་བརྗོད་པ་དང་། དེ་མི་འཐད་པའོ། །དང་པོ་ནི། གཞན་དག་ན་རེ། འདས་པ་དང་མ་འོངས་པ་དངོས་པོར་མེད་པ། རང་རྒྱུད་པ་མན་ཆད་ཀྱི་གྲུབ་མཐའ་སྨྲ་བ་གསུམ་གྱི་ལུགས་ཡིན་ལ། གསུམ་ཀ་དངོས་པོར་ཡོད་པ་ཐལ་འགྱུར་བའི་ལུགས་སོ། །འདི་ལ། མཚན་ཉིད་དང་། མཚན་གཞི་དང་། དུས་གཉིས་དངོས་པོར་ཡོད་པའི་སྒྲུབ་བྱེད་དོ། །དང་པོ་ནི། འདས་པའི་མཚན་ཉིད། ཁྱོད་དུས་གང་དུ་འཇོག་པ་དངོས་པོ་གང་གི་རང་དུས་ལ་ལྟོས་ནས་བཞག་དགོས་པའི་དངོས་པོའི་རང་དུས་དེ་ལས་ཐལ་ཟིན་པ། མ་འོངས་པའི་མཚན་ཉིད། དེར་གྱུར་པའི་དངོས་པོའི་རང་དུས་དེར་མ་སླེབ་པའི་ཆོས་སོ། །ད་ལྟར་བའི་མཚན་ཉིད་ནི། སྐྱེས་ལ་མ་འགགས་པ་གང་ཞིག ཁྱོད་ཀྱི་སྤྱི་འཆར་བ་ཁྱོད་ཀྱི་རང་དུས་ན་ཐལ་ཟིན་པ་དང་མ་སླེབ་པའི་ཆོས་གཞན་གྱི་སྤྱི་འཆར་བ་ལ་མི་ལྟོས་པའོ། །གཉིས་པ་ལ། འདས་པའི་མཚན་གཞི་ནི། །མྱུ་གུ་རང་གི་དུས་གཉིས་པར་ཞིག་པའི་ཆ་ལྟ་བུ་དང་། མ་འོངས་པའི་མཚན་གཞི་ནི། དགུན་དུས་ཀྱི་ཤར་ཕྱོགས་ཀྱི་ཞིང་འདིར་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་མྱུ་གུ་མ་སྐྱེས་པའི་ཆ་ལྟ་བུ་དང་། ད་ལྟར་བའི་མཚན་གཞི་ནི། མྱུ་གུ་ལྟ་བུའོ། །ཡང་དཔལ་ལྡན་ཟླ་བའི་ལུགས་འདི་ལ། སྐྱེས་ལ་མ་འགགས་པ་དེ་ད་ལྟར་བའི་མཚན་ཉིད། ཅེས་དང་། མ་འོངས་པའི་མཚན་ཉིད་ཀྱི་ཟུར་དུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཞེས་སྨྲས་ན་བཞད་གད་དུ་བྱ་བར་འོས་ཏེ། མྱུ་གུའི་མ་སྐྱེས་པ་ཆོས་ཅན། བྱས་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན་སྐྱེས་པར་ཐལ། བྱས་པའི་ཕྱིར། འདོད་ན། ད་ལྟར་བར་ཐལ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། འཁོར་གསུམ་གང་ལ་ལན་འདེབས་སོམས་ཤིག མྱུ་གུའི་མ་སྐྱེས་པ་རང་རྒྱུ་ལས་སྐྱེས་ཟིན་པ་མ་ཡིན་ན། དངོས་པོ་ཡིན་པ་ཉམས། དེ་ཡིན་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པར་འགལ། དེས་ན་མྱུ་གུའི་མ་སྐྱེས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཤན་མ་ཕྱེད་པར་གསལ་ལོ། །གཞན་ཡང་མདོ་སྡེ་པ་ནས་ཐལ་འགྱུར་བའི་བར་ཐམས་ཅད་ཀྱི་ལུགས་ལ། མྱུ་གུའི་ཞིག་པ་ནི་མྱུ་གུའི་འདས་པའི་དུས་དང་། དེ་མ་སྐྱེས་པ་ནི་དེ་མ་འོངས་པའི་དུས་དང་། དེ་སྐྱེས་ལ་མ་འགགས་པ་དེ་ད་ལྟར་བའི་དུས་སུ་འདོད་པ་ལ་ཁྱད་པར་མེད་དོ། །གསུམ་པ་དེ་དངོས་པོ་ཡིན་པའི་སྒྲུབ་བྱེད་ལ་ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་ཚིག་གསལ་དུ། ཞིག་པ་དངོས་པོར་བསྒྲུབས་པ་ལས། དེ་ཉིད་ཀྱི་མ་འོངས་པ་ཡང་དེར་འགྲུབ་བོ། །དང་པོ་ལུང་ནི། མདོ་སྡེ་ས་བཅུ་པ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་དང་། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང་། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་དང་། རྩ་ཤེ་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་རྒྱུ་སྣུམ་ཟད་པ་དེ་འབྲས་བུ་མར་མེ་ཟད་པའི་རྒྱུར་གསུངས་སོ། །གཉིས་པ་རིགས་པ་ནི། ཚིག་གསལ་ལས། འཇིག་པ་རྒྱུ་མེད་དུ་ཁས་བླངས་ནས་འདུས་བྱས་སྐད་ཅིག་མ་ཡིན་པ་ལྟར་ན་རྒྱུ་མེད་པས་འཇིག་པ་མེད་པའི་ཕྱིར། དངོས་པོ་སྐད་ཅིག་དང་འཇིག་པ་དང་བྲལ་བ་རྣམས་འདུས་བྱས་སུ་ཇི་ལྟར་འགྲུབ། དེའི་ཕྱིར་དེ་ཐམས་ཅད་མི་འགྲིག་པར་འགྱུར་རོ། །ཞེས་གསུངས་ཏེ། དེའི་དོན་ནི། རང་སྡེ་ཞིག་འཇིག་ཐ་དད་དུ་ཁས་ལེན་པ་རྣམས་ཀྱིས་དངོས་པོ་རྣམས་འཇིག་པ་ནི། དངོས་པོ་དེ་ཉིད་ཀྱི་རྒྱུ་ལས་སྐྱེས་པས་ཕྱིས་ཀྱི་རྒྱུ་ལ་མི་ལྟོས་ལ། ཞིག་པ་ནི་དངོས་མེད་ཡིན་པས་རྒྱུ་གཏན་མེད་དུ་འདོད་དོ། །དེ་ལ་ནི་དུས་གཉིས་པར་མ་བསྡད་པ་ལ་རྒྱུ་མེད་ན་མི་སྡོད་པ་ལ་ཡང་རྒྱུ་མེད་དགོས་ལ། དེ་མེད་ན་དེ་འདུས་བྱས་མ་ཡིན་པར་འགྱུར་ཞིང་། དེ་ལྟ་ན་སྐད་ཅིག་མ་མ་ཡིན་པར་འགྱུར་རོ། །ཞེས་པའི་དོན་ཏོ། །ཞེས་སོགས་སྤྲོས་པ་དང་བཅས་ཏེ་འཆད་པར་བྱེད་དོ། །གཉིས་པ་དེ་སུན་དབྱུང་བ་ལ་གཉིས་ཏེ། དུས་གསུམ་སྤྱིའི་རྣམ་གཞག་མི་འཐད་པ་དང་། བྱེ་བྲག་ཏུ་ཞིག་པ་དངོས་པོར་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། ཁས་བླངས་ནང་འགལ་བས་མི་འཐད་པ་དང་། ལུང་དང་རིགས་པས་མི་འཐད་པའོ། །དང་པོ་འདི་ལྟར། མྱུ་གུ་ཞིག་པ་ཆོས་ཅན། མཚན་ཉིད་དེར་ཐལ། འདས་པའི་ཕྱིར། འདོད་ན། མྱུ་གུའི་རང་དུས་ལས་ཐལ་བར་ཐལ། འདོད་པ་གང་ཞིག དེ་དེའི་ལྟོས་སར་གྱུར་པའི་དངོས་པོ་དེར་ཁས་བླངས། མྱུ་གུ་ཙམ་ལས་མ་གཏོགས་པའི་དེའི་ལྟོས་སར་གྱུར་པའི་དངོས་པོ་གཞན་སྣང་རུང་མ་དམིགས་པའི་ཕྱིར། འདོད་ན་མྱུ་གུའི་ཞིག་པ་དེ། མྱུ་གུའི་སྔ་རོལ་དུ་འབྱུང་བར་ཐལ། དེ་མྱུ་གུའི་རང་དུས་ལས་འདས་པའི་ཕྱིར། ལན་གྱི་བཟློག་པར་མི་ནུས་པའི་ཐལ་བ་དང་པོའོ། །དགུན་གྱི་ཞིང་དེར་མྱུ་གུ་མ་སྐྱེས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མ་འོངས་པ་ཡིན་པའི་ཕྱིར། འདོད་ན་ནི། དེ་ཆོས་ཅན། དེའི་རང་དུས་སུ་མ་སླེབ་པ་མ་ཡིན་ཏེ། དེ་ཡིན་ན་མྱུ་གུའི་རང་དུས་སུ་མ་སླེབ་པ་ཡིན་དགོས་པ་ལས་དེ་ཡང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མྱུ་གུའི་རང་དུས་ལས་ཐལ་ཟིན་པ་མ་ཡིན་པར་ཐལ། དེར་མ་སླེབ་པའི་ཕྱིར། དེ་ཡང་འདོད་ན་ནི། ལོ་གཅིག་གི་དགུན་ལས་དབྱར་སྔ་བར་ཐལ། དེའི་དབྱར་དུས་དགུན་ཐལ་མ་ཟིན་པའི་ཕྱིར། དེ་ནི་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་གཉིས་པའོ། །ཡང་མྱུ་གུ་ཞིག་པ་དང་། མ་སྐྱེས་པ་ཆོས་ཅན། ད་ལྟར་བར་ཐལ། མཚན་ཉིད་དེ་ཚང་བའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དངོས་པོ་མ་ཡིན་པར་ཐལ། མ་སྐྱེས་པའི་ཕྱིར། ཞེས་པའི་འཁོར་གསུམ་ཁས་བླངས་པ་དང་། འདས་པར་ཐལ། འགགས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་སྤྱི་འཆར་བ་དེ་གཉིས་ཀྱི་སྤྱི་འཆར་བ་ལ་མི་ལྟོས་ཏེ། དེ་གཉིས་ཀྱི་སྤྱི་འཆར་བ་ཁྱོད་ཀྱི་སྤྱི་འཆར་བ་ལ་ལྟོས་པའི་ཕྱིར་ཏེ། ཁྱོད་དེ་གཉིས་འདས་པ་དང་མ་འོངས་པའི་དུས་སུ་འཇོག་པའི་འཇོག་བྱེད་ཀྱི་དུས་ཀྱི་གཙོ་བོ་ཡིན་པའི་ཕྱིར། འདིའི་ཁྱབ་པ་སྔ་ཕྱི་གཉིས་ཀྱང་ཁས་བླངས་པས་བཟློག་པར་མི་ནུས་པའི་ཐལ་བའོ། །ཡང་མྱུ་གུ་དང་། མྱུ་གུ་མ་སྐྱེས་པ་གཉིས་ལ་ད་ལྟར་བའི་མཚན་གཞི་ཡིན་མིན་གྱི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀ་ད་ལྟར་བའི་དུས་འདིར་སྐྱེས་པ་འགགས་པར་མཚུངས་པའི་ཕྱིར། སྐྱེས་པ་མ་གྲུབ་ན། དེ་གཉིས་དུས་འདིར་ཆོས་ཅན། སྐྱེས་པར་ཐལ། དངོས་པོ་ཡིན་པའི་ཕྱིར་ཏེ། མ་འོངས་པ་ཡིན་པའི་ཕྱིར། ཞེས་པ་འདི་ནི་བཟློག་པར་མི་ནུས་པའི་ཐལ་བ་བཞི་པའོ། །ཡང་ཁྱེད་རང་ལྟར་ན། སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དངོས་པོ་ཞིག་ཡོད་དམ་མེད། མེད་ན་དེ་ལས་བསྙོན་ཆེ་བས་ཆེ་བ་གཞན་ཅིག་ཞིག་ཡོད། ཡོད་ན་དེའི་མཚན་གཞི་གང་ཡིན། སང་ཕོད་ཀྱི་ལོ་ཐོག་གོ་ཞེ་ན། དེ་ཆོས་ཅན། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པར་ཐལ། རང་རྒྱུ་ལས་སྐྱེས་ཟིན་པའི་ཕྱིར། ཁྱབ་པ་དངོས་འགལ། མ་གྲུབ་ན། དངོས་པོ་མ་ཡིན་པར་ཐལ། རང་རྒྱུ་ལས་སྐྱེས་མ་ཟིན་པའི་ཕྱིར། ཞེས་བྱ་བ་འདི་ནི་བཟློག་པར་མི་ནུས་པའི་འཁོར་གསུམ་དངོས་འགལ་ལོ། །ཞིག་པའི་རིགས་འདྲ་ཕྱི་མ་ཐུག་མེད་དུ་སྐྱེ་བར་ཁས་བླངས་པ་དེ་རྣམས་ཆོས་ཅན། སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་ཡིན་པར་ཐལ། སྐྱེས་ཟིན་པའི་ཕྱིར་ཏེ། ཞིག་པའི་ཕྱིར། ཞེས་པའི་ཐལ་བ་ཡང་བཟློག་པར་མི་ནུས་པ་དང་། ཡང་། སྐྱེས་མ་ཟིན་པའི་མྱུ་གུ་ཆོས་ཅན། རང་རྒྱུ་ལས་སྐྱེས་ཟིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། ཐལ་ཆོས་ཚད་མས་བསལ། རྟགས་མ་གྲུབ་ན། དེ་རྟག་པ་དང་། མེད་ངེས་གཉིས་ལས་གང་ཡིན། མེད་ངེས་སོ་ཞེ་ན། དེ་ཆོས་ཅན། སྐྱེ་བ་མ་ཡིན་པར་ཐལ། མེད་ངེས་ཡིན་པའི་ཕྱིར། འདོད་ན། ཁོ་བོ་ཅག་ཐལ་ཆོས་ལ་ཚད་མའི་བསལ་བ་མ་ཞུགས་པ་མི་འདོད་ཀྱང་། ཁྱེད་ལ་འགལ་བ་འདི་ལྟར། སྐྱེས་ཟིན་པའི་མྱུ་གུ་སྐྱེ་བར་ཐལ། མྱུ་གུ་སྐྱེ་བ་གང་ཞིག སྐྱེས་མ་ཟིན་པའི་མྱུ་གུ་མི་སྐྱེ་བའི་ཕྱིར། འདིའི་ཁྱབ་པ་ཁྱེད་ཅག་གིས་རྩ་བའི་གྲུབ་མཐའ་ལ་ཁས་བླངས་སོ། །འདོད་ན། མྱུ་གུ་སྐྱེ་བ་ཐུག་མེད་དུ་ཐལ་ལོ། །གཞན་ཡང་། མྱུ་གུའི་ཞིག་པ་ཆོས་ཅན། མི་རྟག་པར་ཐལ། དངོས་པོ་ཡིན་པའི་ཕྱིར། རྟགས་ཁས་ཁྱབ་པ་ཚད་མས་གྲུབ། འདོད་ན། འཇིག་པར་ཐལ་ལོ། །ཁྱབ་པ་ཁྱེད་ཀྱིས་ཁས་བླངས་པ་ཡིན་ཏེ། ཞིག་ཟིན་པའི་དངོས་པོ་འཇིག་པར་ཁས་བླངས་པའི་ཕྱིར། ཁོ་བོ་ཅག་ལ་ནི་མ་ཡིན་ཏེ། དེ་དེར་ཁས་ལེན་པ་མ་ཡིན་པའི་ཕྱིར། དེ་ལྟ་ན་ནི་འཇིག་པ་ཐུག་མེད་དུ་ཐལ་བར་འགྱུར་རོ། །ཞེས་པ་འདི་ཡང་བཟློག་པར་མི་ནུས་པའི་ཐལ་བའོ། །གཞན་ཡང་། ཁྱེད་ཀྱིས་ཞིག་པ་སྐད་ཅིག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ་ཐུག་མེད་དུ་ཁས་བླངས་པས། མྱུ་གུ་ཞིག་པའི་ཞིག་པ་སྐད་ཅིག་ཕྱི་མ་དེ་རིང་གི་མྱུ་གུ་དང་དུས་མཉམ་པ་འདི་དང་། དེའི་རིགས་འདྲའི་རྒྱུན་སང་ཉིན་འབྱུང་དུ་རུང་བ་ཆོས་ཅན། རིམ་པ་བཞིན་ད་ལྟར་བ་དང་། མ་འོངས་པ་མ་ཡིན་པར་ཐལ། འདས་པའི་ཕྱིར། ཁྱབ་པ་ནི་དུས་གསུམ་འགལ་བར་ཁས་བླངས་པས་དངོས་འགལ་ལོ། །རྟགས་མ་གྲུབ་ན། འདས་པར་ཐལ། ཞིག་པའི་ཕྱིར་ཏེ། མྱུ་གུ་ཞིག་པ་ཡིན་པའི་ཕྱིར། དེའི་འཁོར་གསུམ་ཁས་བླངས་པའི་རྒྱུ་མཚན་ནི། ཁྱེད་ཉིད་ཀྱིས་བྲིས་པའི་ཡི་གེ་ལས། མྱུ་གུའི་ཞིག་པ་སྐད་ཅིག་མ་ཕྱི་མ་རྣམས་ནི་མྱུ་གུའི་ཞིག་པ་ཡིན་པས་སྤྱིར་ཞིག་པ་ཡིན་པའི་ཕྱིར། འདས་པ་ཁོ་ནའོ། །ཞེས་འབྱུང་བས་སོ། །རྩ་བར་འདོད་ན། དེ་དང་དེ་ཆོས་ཅན། རིམ་པ་བཞིན་དེ་དང་དེ་ཡིན་ཏེ། ད་ལྟར་གྱི་དངོས་པོ་དང་དུས་མཉམ་པའི་དངོས་པོ་ཡིན་པའི་ཕྱིར་དང་། མ་འོངས་པའི་དངོས་པོ་དང་དུས་མཉམ་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཡང་ཁས་བླངས་ནང་འགལ་བས་བཟློག་པར་མི་ནུས་པའི་ཐལ་བའོ། །གཉིས་པ་ལུང་དང་རིགས་པས་མི་འཐད་པ་ལ། མདོ་སྡེ་པ་སོགས་གསུམ་གྱིས་དུས་གཉིས་དངོས་མེད་དུ་འདོད་པ་མི་འཐད། ཐལ་འགྱུར་བའི་དུས་གསུམ་གྱི་འཇོག་ལུགས་དེ་ལྟར་འདོད་པ་མི་འཐད། རང་ལུགས་ལ་ཐལ་འགྱུར་བའི་དུས་གསུམ་གྱི་འཇོག་ལུགས་མདོ་ཙམ་བཤད་པའོ། །དང་པོ་ནི། དེ་གསུམ་གྱིས་དེ་ལྟར་འདོད་དོ་ཅེས་ཟེར་བ་མི་འཐད་དེ། རིགས་པ་མཁྱེན་པའི་གཞུང་ལས། ཇི་སྐད་དུ། འདས་དང་མ་འོངས་བརྗོད་བྱ་མིན། །ཞེས་དང་། འདས་དང་མ་སྐྱེས་པ་ལ་ཡང་། །ཞེས་སོགས་སྐབས་དུ་མར་དུས་གཉིས་ཀ་དངོས་པོ་ཡིན་པ་དང་རང་མཚན་མ་ཡིན་པའི་ཚུལ་གསལ་བར་བཤད་པ་ཡིན་པའི་ཕྱིར་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་དང་། མངོན་པ་ཀུན་ལས་བཏུས་ལས། དུས་གཉིས་པོ་རྒྱུ་དང་འབྲས་བུ་ལོངས་སྤྱད་ཟིན་མ་ཟིན་གྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར་དང་། མདོར་ན་དུས་རྟག་པར་འདོད་པའི་རང་སྡེ་མེད་པའི་ཕྱིར་རོ། །གཉིས་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་དུས་གཉིས་ཀྱི་མཚན་ཉིད་འཇོག་ལུགས་ལ་མི་རིགས་པ་ཆེར་མེད་ཀྱང་། ད་ལྟར་བའི་མཚན་ཉིད་དང་། མཚན་གཞི་འཛིན་ཚུལ་ཤིན་ཏུ་ནོངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། དུས་གསུམ་གྱི་རྣམ་པར་དབྱེ་བ་འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ཉིད་ཐད་སོར་འཇོག་རྒྱུ་ཡིན་པ་ལ། ཁྱེད་ཀྱིས་ནི་དབུ་མ་ལ་གྲགས་པའི་རིགས་པའི་དཔྱད་པ་བཅུག་ནས་ཁས་བླངས་པའི་རྒྱུ་མཚན་གྱིས་སོ། །དཔྱད་པ་བཅུག་པ་ཇི་ལྟར་ཞེ་ན་མྱུ་གུ་འཇིག་གོ་ཞེས་པ་ཙམ་ཞིག་གྲགས་པས་གྲུབ་པ་ཡིན་ཀྱང་། ཁྱེད་ཀྱིས་ནི་མྱུ་གུ་ཞིག་ཟིན་པ་དང་། མ་ཞིག་པ་དང་འཇིག་བཞིན་པ་གསུམ་ཀ་འཇིག་པར་ཁས་བླངས་པ་དང་། དེ་རིང་གི་མྱུ་གུ་སྐྱེས་སོ་ཞེས་དང་། སང་ཕོད་ཀྱི་མྱུ་གུ་སྐྱེའོ་ཞེས་པ་ཙམ་ཞིག་གྲགས་པས་གྲུབ་པ་ཡིན་ཡང་། ཁྱེད་ཀྱིས་ནི་མྱུ་གུ་སྐྱེས་ཟིན་པ་དང་། མ་སྐྱེས་པ་དང་། སྐྱེ་བཞིན་པ་གསུམ་ཀ་སྐྱེས་སོ་ཞེས་དང་། སྐྱེ་བོ་ཞེས་ཁས་བླངས་པའི་ཕྱིར་དང་། དེ་གསུམ་ཀ་རང་གི་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུར་ཁས་བླངས་པའི་ཕྱིར། དེ་ཙམ་གྱི་རིགས་པའི་དཔྱད་པ་བཅུག་པར་ཡང་འགྱུར་བ་ཡིན་ཏེ། ཇི་སྐད་དུ། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟར་བུར་ཡང་མི་བསྐྱེད་པ། །དེ་ནི་སོང་དང་མ་སོང་དང་། །དགོས་པས་རྣམ་པར་བཤད་པ་ཡིན། །ཞེས་དང་། རེ་ཤིག་ཡོད་དང་མེད་པ་ཡང་། །སྐྱེ་བར་རིགས་པ་མ་ཡིན་ཞིང་། །ཞེས་སོགས་དང་། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །ཞེས་སོགས་དང་། འགགས་པ་འགག་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །ཞེས་སོགས་དང་། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པར་འཐད་པ་མི་འགྱུར་རོ། །ཞེས་སོགས་ཀྱི་རིགས་པ་རྣམས་ཀྱིས་སྐྱེ་འཇིག་གནས་གསུམ་ལ་དཔྱད་པ་དེ་ལྟར་བཅུག་ནས་ཁས་མི་ལེན་པར་བཤད་པ་ལ། ཁྱེད་ཅག་གིས་ནི་དེ་ལས་གཞན་དུ་ཁས་བླངས་པའི་ཕྱིར་དང་། སྐྱེ་འཇིག་གནས་གསུམ་དང་དུས་གསུམ་པོ་ཡང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དུས་གཉིས་ཀྱི་མཚན་ཉིད་ཀྱང་རིགས་པས་དཔྱད་ནས་བཞག་པ་ཁོ་ནར་སོང་སྟེ། འདས་མ་འོངས་གཉིས་ད་ལྟར་བ་ལ་ལྟོས་ནས་འཇོག་པར་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་མོད་དེ་ལས་ཅིར་འགྱུར་ཞེ་ན། ལྷག་མ་གཉིས་པོ་སྣོར་བ་དང་། །ཞེས་པའི་ཚིག་གསལ་ལས། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་དུས་སུ་ཡོད་པར་འགྱུར། །གལ་ཏེ་དེ་ན་མེད་གྱུར་ན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ཞེས་གསུངས་པས་སོ། །ཡང་དུས་གཉིས་པོ་ད་ལྟར་བ་ལ་ལྟོས་ནས་འཇོག་པ་དང་། ད་ལྟར་བ་གཉིས་པོ་ལ་མི་ལྟོས་པར་འདོད་པ་ཡང་ནང་འགལ་ཏེ། གསུམ་པོ་འཇོག་པའི་ཚེ་ཕན་ཚུན་ལྟོས་མཉམ་དུ་བཤད་པའི་ཕྱིར་ཏེ། མ་འོངས་པ་ལ་མ་ལྟོས་པར། །ཞེས་དང་། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་། ཞིག་པ་དང་། མ་སྐྱེས་པ་ནི་དུས་གཉིས་ཀྱི་མཚན་གཞིར་འཇོག་པ་མི་རུང་སྟེ། དེ་གཉིས་ནི་དངོས་མེད་ཀྱི་མཚན་གཞིར་བཞག་པའི་ཚུལ་འོག་ནས་རྒྱས་པར་འཆད་པའི་ཕྱིར་དང་། མེད་པར་དགག་པ་ཁོ་ན་ཡིན་པའི་ཕྱིར་དང་། ཞིག་པ་འཇིག་པ་དང་མ་སྐྱེས་པ་སྐྱེ་བ་ནི་ཀླུ་སྒྲུབ་ཞབས་ཀྱི་རིགས་པའི་དགག་བྱར་ཤིན་ཏུ་གསལ་བའི་ཕྱིར་རོ། །གསུམ་པ་རང་ལུགས་འཇོག་ཚུལ་ལ། དངོས་པོར་སྨྲ་བ་རྣམས་ཀྱིས་ནི། དུས་གསུམ་གྱི་འཇོག་ཚུལ་ལུགས་དེ་ལ་གྲགས་པའི་རིགས་པས་དཔྱད་ནས་བཞག་པ་ཡིན་ཏེ། སྐྱེས་ལ་འགགས་མ་འགགས་དང་། རྒྱུ་དང་འབྲས་བུ་དཔྱད་ཟིན་མ་ཟིན་སོགས་ཀྱི་སྒོ་ནས་རིགས་པས་དཔྱད་དེ། ལན་ཅིག་སྐྱེས་ནས་ཞིག་པ་དང་སྐྱེ་བའི་རྒྱུ་ཡོད་ཀྱང་མ་སྐྱེས་པ་གཉིས་ནི་དངོས་མེད་དང་རྟག་པ་ལ་མི་རུང་བས་དངོས་པོ་དང་མི་རྟག་པའི་སྟེང་ནས་འཇོག་དགོས་པའི་ཕྱིར་དང་། བུམ་པ་ཞིག་པ་དང་མ་སྐྱེས་པ་གཉིས་ནི་རྟག་པ་ཡིན་པས། སྐྱེས་པ་དང་སྐྱེ་བའི་རྒྱུ་ཡོད་པ་གཉིས་ཀ་མི་རུང་ཞིང་། བྱེ་བྲག་ཏུ་བུམ་པ་ཞིག་པ་ཡང་ཞིག་པར་འདོད་པ་ནི་ཆོས་ཀྱི་གྲགས་པའི་གཞུང་ལས་ནི། གསལ་བར་བཀག་པའི་ཕྱིར་ཏེ། སྐྱེ་ཕྱིར་འཇིག་པ་འཇིག་ཅན་འགྱུར། །དེ་ལྟ་ན་ཡང་ཤིང་མཐོང་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ལུགས་འདིར་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ཙམ་སོར་འཇོག་པ་འདི་ལྟར། ད་ལྟར་གྱི་དུས་སུ་སྐྱེས་ཞིང་ཐལ་མ་ཟིན་པ་དེ། ད་ལྟར་བའི་མཚན་ཉིད། མཚན་གཞི་ནི་ད་ལོའི་ལོ་ཐོག་ལྟ་བུའོ། །སྤྱིར་སྐྱེ་མྱོང་ཞིང་ད་ལྟར་གྱི་དུས་ལས་གཞན་དུ་སོང་བ་དེ། འདས་པའི་མཚན་ཉིད། མཚན་གཞི་ནི། ན་ནིང་གི་ལོ་ཐོག་ལྟ་བུའོ། །སྤྱིར་འབྱུང་བའི་རྒྱུ་ཡོད་ཅིང་མ་བྱུང་བ་དེ། མ་འོངས་པའི་མཚན་ཉིད། མཚན་གཞི་ནི། སང་ཕོད་ཀྱི་ལོ་ཐོག་ལྟ་བུའོ། །དེ་སྐད་དུ་ཡང་། བརྒྱ་པའི་འགྲེལ་པ་ལས། མ་འོངས་པ་ནི་ད་ལྟར་གྱི་དུས་སུ་མ་ཕྱིན་པའོ། །འདས་པ་ནི་དེ་ཉིད་ལས་འདས་པའོ། །ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ། །ད་ལྟར་བྱུང་བ་ནི་ད་ལྟར་དམིགས་པའི་གཙོ་བོ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དུས་གསུམ་གྱི་རྣམ་གཞག་འཇིག་རྟེན་གྱི་གྲགས་པས་འཇོག་པའི་ཚུལ་འདི་ལ། ད་ལྟར་གྱི་དུས་ཁོ་ན་གཙོ་བོར་བཤད་པའི་ཕྱིར། དེ་ཁོ་ན་དངོས་པོར་ཡོད་ལ། གཞན་གཉིས་ནི་དངོས་པོར་ཡོད་པ་མ་ཡིན་ཏེ། དཔེར་ན་ན་ནིང་གི་ལོ་ཐོག་ལྟ་བུ་ལོངས་སྤྱད་ཟིན་པ་རྣམས་དང་། སང་ཕོད་ཀྱི་ལོ་ཐོག་ལྟ་བུ་ད་ལྟ་ལོངས་སྤྱད་རུང་དུ་མེད་པ་རྣམས་དངོས་པོར་ཁས་མི་ལེན་པ་བཞིན་ནོ། །ཡང་ཁ་སང་གི་བུམ་པ་དང་། དེ་རིང་གི་བུམ་པ་ལྟ་བུ་ལ་ནི་འདས་པ་དང་ད་ལྟར་བའི་ཁྱད་པར་འཇོག་པ་མ་ཡིན་ཏེ། འདྲ་བ་གཞན་འབྱུང་དང་ཡོད་པ་བར་མ་ཆད་པའི་དབང་གིས་སྔ་ཕྱི་ཅིག་ཏུ་འཁྲུལ་བའི་ཕྱིར། ད་ལྟར་བའི་དུས་ཁོ་ན་ཡོད་པ་དེ་ཡང་དབུ་མ་པ་རང་གི་གྲུབ་པའི་མཐས་བཞག་པ་ནི་མ་ཡིན་ཏེ། བཞི་བརྒྱ་པ་ལས། དུས་གཉིས་པོ་ཐ་སྙད་དུ་ཡང་ཡོད་པ་བཀག་པའི་འོག་ཏུ། དེ་ལྟ་ན་ཡང་ད་ལྟར་བ། །ཡོད་པར་མི་མཁས་རྣམས་ཀྱིས་རྟོག །ཅེས་གསུངས་པའོ། །གཉིས་པོ་ཐ་སྙད་དུ་ཡོད་པ་ཇི་ལྟར་བཀག་ཅེ་ན། ཇི་སྐད་དུ། མ་འོངས་པ་ཡོད་འདས་པ་ཡོད། །ད་ལྟར་བ་ཡོད་ཅི་ཞིག་མེད། །གང་གིས་དུས་ཀུན་ཡོད་པ་ཉིད། །དེ་ཡིས་མིན་པ་ཉིད་གང་ལས། །ཞེས་དང་། དུས་ཅིག་ཁོ་ནའི་ཡོད་པར་བསྟན། །འདས་པ་ལས་ན་འདས་གྱུར་པ། །ཅི་ཡི་ཕྱིར་ན་འདས་པར་འགྱུར། །གལ་ཏེ་མ་འོངས་སྐྱེས་ཡོད་ན། །ཇི་ལྟར་ད་ལྟར་བར་མི་འགྱུར། །ཅི་སྟེ་དེ་ལ་སྐྱེ་མེད་ན། །མ་འོངས་རྟག་པར་འགྱུར་རམ་ཅི། །ཞེས་པས་དུས་གཉིས་པོ་དངོས་མེད་དུ་བསྟན་པ་ཡིན་ནོ། །དེ་བས་ན་འདིར་དངོས་པོ་ཡིན་ན་སྐྱེས་ཟིན་པས་ཁྱབ་སྟེ། ཇི་སྐད་དུ། དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ན་ཡོད་མ་ཡིན། །ཞེས་པའོ། །འདུས་བྱས་ལ་ནི་དངོས་པོ་དང་། དངོས་མེད་གཉིས་ཀ་སྲིད་དེ། ཞིག་མ་ཞིག་གཉིས་ཀ་སྲིད་པའི་ཕྱིར། དངོས་པོར་མེད་པ་ལ་རྟག་པས་མ་ཁྱབ་སྟེ། ཞིག་པ་དང་མ་སྐྱེས་པའི་མྱུ་གུ་བཞིན་ནོ། །དེས་ན་བྱས་པ་དང་དངོས་པོ་ལ་མི་རྟག་པས་ཁྱབ། མི་རྟག་པ་ལ་དེ་གཉིས་ཀྱིས་མ་ཁྱབ་སྟེ། མ་འོངས་པའི་མྱུ་གུ་བཞིན་ནོ། །མདོར་ན་དངོས་སྨྲ་བ་དུས་དངོས་པོར་ཁས་ལེན་པ་དང་། དབུ་མ་ཐལ་འགྱུར་བ་དུས་གཉིས་དངོས་མེད་དུ་ཁས་ལེན་པ་བཟློག་ནས་སྨྲ་བར་མི་བྱ་སྟེ། ཇི་སྐད་དུ། བཞི་བརྒྱ་པ་ལས། གལ་ཏེ་ཡོད་པ་སྐྱེ་འགྱུར་ན། །སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར། །མ་འོངས་པ་ཡི་དངོས་མཐོང་ན། །དངོས་པོ་མེད་པ་ཅིས་མ་མཐོང་། །ཞེས་མ་འོངས་པ་དངོས་མེད་དུ་བཤད་ཅིང་སྐྱེས་ཟིན་པ་ལ་གནོད་བྱེད་བརྗོད་པའི་ཕྱིར། ཅེས་ཏེ། དེ་ལྟར་བཤད་པ་དེ་དག་རང་བཞིན་གྱིས་གྲུབ་པ་འགོག་པ་ཁོ་ནའི་དབང་དུ་བྱས་སོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ལྟ་ན་ད་ལྟར་བ་ལ་ཡང་མཚུངས་པ་ལས་གཉིས་པོ་ལ་དགག་པ་མཛད་ནས། གཅིག་པོ་འཇིག་རྟེན་གྱི་ངོར་ཡོད་དོ་ཞེས་གསལ་བར་གསུངས་པའི་ཕྱིར། དུས་གཉིས་དངོས་པོར་མེད་པ་དེ་ལྟ་མོད་ཀྱི། ཐ་སྙད་དུ་ཡོད་པར་ཁས་ལེན་དགོས་ལ། དེ་ལྟ་ན་རྟག་པ་དང་མི་རྟག་པ་གང་དུ་ཡོད་ཅེས་དཔྱོད་ན། རང་ལུགས་ཀྱི་ཚད་མས་གྲུབ་པར་ཁས་བླངས་ན་དཔྱད་པ་དེ་འཇུག་ཀྱང་། འདིར་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་དཔྱད་པ་བཅུག་ནས་འདིར་ཁས་མི་ལེན་པའི་ཕྱིར། དེ་སྐད་དུ་ཡང་། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །ད་ལྟར་བ་དངོས་པོར་ཁས་བླངས་པའི་ཚེ། རྟག་མི་རྟག་གི་དཔྱད་པ་མི་འཇུག་པའི་རྒྱུ་མཚན་ནི་དེ་ཉིད་ཡིན་ལ། དཔྱད་པའི་ཚེ་མི་རྟག་པ་འཇིག་པར་ཁས་ལེན་ཡང་། དངོས་པོར་ཁས་མི་ལེན་ནོ། །དུས་གཉིས་པོ་རེ་རེ་ནས་སྐྱེས་ཟིན་པ་དང་། སྐྱེ་བའི་རྒྱུ་ཡོད་པ་ཙམ་གྱིས་དངོས་པོར་འཇོག་ནུས་པ་བསྟན་བཅོས་ལ་གྲགས་པའི་རིགས་པས་ཡིན་གྱི། འཇིག་རྟེན་ལ་ནི་མ་ཡིན་ཏེ། བསྐལ་པ་དང་པོའི་མི་དང་། བསྐལ་པ་ཐ་མའི་དུས་སུ་འབྱུང་བར་འགྱུར་བའི་མི་བཞིན་ནོ། །གཉིས་པ་ཞིག་པ་དངོས་པོར་འདོད་པ་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། གཞུང་རྩ་བ་དང་འགལ་བ་མདོ་ཙམ་བསྟན། ཟླ་བའི་ཞབས་ཉིད་ཀྱི་གཞུང་དང་འགལ་བ་རྒྱས་པར་བཤད་པའོ། །དང་པོ་ནི། རྩ་བ་ལས། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཞེས་དང་། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་གྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་དང་། གལ་ཏེ་རྒྱུ་འགགས་འབྲས་བུ་ནི། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །ཞེས་དང་། འགགས་པ་འགག་པར་མི་འགྱུར་ཏེ། །ཞེས་དང་། ཟད་ལ་འབྱུང་བ་ཡོད་མ་ཡིན། །ཞེས་དང་། ཟད་ལ་འཇིག་པ་ཡོད་མ་ཡིན། །ཞེས་དང་། འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུན་ནི་ཆད་པར་ཐལ་བར་འགྱུར། །ཞེས་སོགས་མང་དུ་གསུངས་ཤིང་། དྲུག་ཅུ་པ་དང་། བདུན་ཅུ་པ་དང་། བརྒྱ་པ་རྣམས་ལས་ཞིག་པ་དངོས་མེད་དུ་བཤད་ཚུལ་ནི། འགྲེལ་པ་དང་བཅས་ཏེ་འོག་ནས་འཆད་དོ། །གཉིས་པ་ལ། ཞིག་པ་དངོས་པོ་ཡིན་པ་ལ། ཟླ་བའི་ཞབས་ཀྱི་ལུང་གིས་གནོད་པར་བསྟན། དེ་ཉིད་དེའི་རིགས་པ་དང་འགལ་བར་བསྟན། ཞིག་པ་རྒྱུ་བཅས་སུ་བཤད་པས་དངོས་པོར་མི་འགྲུབ་པའི་ཤེས་བྱེད་བསྟན་པས་འཇུག་བསྡུ་བའོ། །དང་པོ་ལ། འཇུག་འགྲེལ་དང་འགལ་བར་བསྟན། བརྒྱ་པའི་འགྲེལ་པ་དང་འགལ་བར་བསྟན། ཚིག་གསལ་དང་འགལ་བར་བསྟན། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་འགལ་བར་བསྟན། སྟོང་ཉིད་བདུན་ཅུ་པའི་རང་འགྲེལ་དང་འགལ་བར་བསྟན་པས་འཇུག་བསྡུ་བའོ། །དང་པོ་ནི། ཇི་སྐད་དུ། ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་གསུངས་པ་དེ་ལས་ཞིག་པས་འབྲས་བུ་བསྐྱེད་པར་བསྟན་ཏོ་སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། དེའི་འགྲེལ་པར། ལས་རྣམས་གཉིད་ཀྱིས་མ་སྐྱེས་པ་དེའི་ལྟར་ན་ནི། དེ་འགགས་པ་ཡོད་པ་མ་ཡིན་ཞིང་། མ་ཞིག་པ་ལས་འབྲས་བུ་འབྱུང་བ་མི་སྲིད་པ་ཡང་མིན་པ་ལས་རྣམས་མི་འཇིག་པས་ལས་དང་འབྲས་བུ་འབྲེལ་པ་ཆེས་ཤིན་ཏུ་འཐད་པར་འགྱུར་རོ། །ཞེས་ལས་རང་བཞིན་གྱིས་མ་ཞིག་པས་འབྲས་བུ་འབྱིན་པར་བཤད་ཅིང་། དེའི་ཤེས་བྱེད་དཔེའི་སྒོ་ནས་འཆད་པ་ནི། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་འགགས་པའི་ལས་ཀྱིས་འབྲས་བུ་འབྱིན་པར་བཤད་ཀྱི། འགགས་ཆ་ནས་འབྲས་བུ་འབྱིན་པར་མ་བཤད་པའི་ཕྱིར། དེ་བཤད་པས་དེར་འགྱུར་ན་ནི། དངོས་པོར་སྨྲ་བའི་ལུགས་ལ་ཡང་དེར་ཧ་ཅང་ཐལ་ལོ། །དེའི་ཕྱིར་ལས་ཞིག་པས་འབྲས་བུ་འབྱིན་པའི་རྒྱུ་མཚན་གྱིས་ཀུན་གཞི་ཁས་མི་ལེན་ཅེས་པ་གཞུང་འདི་ན་ཡོད་པ་མ་ཡིན་ཏེ་འདིར་ནི་ལས་ཀྱི་ས་བོན་འཇོག་པའི་ཀུན་གཞི་ཁས་མ་བླངས་ཀྱང་། ལས་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་འགགས་ནས་ཡུན་རིང་དུ་ལོན་པའི་ལས་ཀྱིས་འབྲས་བུ་འབྱིན་པར་བཤད་པ་དེ་ནི་སྐབས་ཀྱི་དོན་ཡིན་པས་སོ། །གཉིས་པ་བརྒྱ་པའི་འགྲེལ་པ་དང་འགལ་བ་ནི། འགྲེལ་པ་དེར་དངོས་སྨྲ་བས་འདས་མ་འོངས་ཀྱི་གཟུགས་དངོས་པོར་ཡོད་པའི་ཤེས་བྱེད་དུ་མདོ་དྲངས་པ་ལ་སློབ་དཔོན་ཉིད་ཀྱིས་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གསུངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། འགྲེལ་པ་དེར། མདོ་ལས། དགེ་སློང་དག་འདས་པའི་གཟུགས་ཡོད་པར་མ་གྱུར་ན་ནི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྣམས་འདས་པའི་གཟུགས་ལ་མངོན་པར་མི་དགའ་བར་མི་འགྱུར་བ་ཞིག་ན། དགེ་སློང་དག་གང་གི་ཕྱིར་འདས་པའི་གཟུགས་ཡོད་པའི་ཕྱིར་འཕགས་པ་ཉན་ཐོས་འདས་པའི་གཟུགས་ལ་མངོན་པར་མི་དགའ་འོ་ཞེས་པ་ནས། དགེ་སློང་དག་གང་གི་ཕྱིར། མ་འོངས་པའི་རྣམ་པར་ཤེས་པ་ཡོད་པའི་ཕྱིར། འཕགས་པ་ཉན་ཐོས་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་མི་དགའོ་ཞེས་པའི་བར་གྱིས་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པ་ནི་བྱིས་པའི་འཇིག་རྟེན་གྱི་རྟོག་པའི་ངོར་རབ་ཏུ་འཇུག་པ་ཁོ་ན་སྟེ། ཞེས་པས་མདོ་དེའི་དགོངས་གཞི་དང་། ཡང་དེའི་འཕྲོ་ཉིད་ལས། གདུལ་བྱའི་སྐྱེ་བོ་ལ་ཕན་འདོགས་པ་ལ་མཁས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པས་དགོངས་པ་དང་། ཡང་དེའི་འཕྲོ་ཉིད་ལས། གལ་ཏེ་འདས་པ་དང་མ་འོངས་པའི་དངོས་པོ་རང་བཞིན་གྱིས་ཡོད་ན་དེ་ད་ལྟར་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཡོད་པའི་ཕྱིར། མདུན་ན་གནས་པའི་བུམ་པ་དང་སྣམ་བུ་དང་རེ་ལྡེ་དང་ཅོད་པན་ལ་སོགས་པ་བཞིན། ཅི་སྟེ་འདས་པའི་དངོས་པོར་ཡོད་ན་ནི་དེ་ཅི་རྟག་པའམ་འོན་ཏེ་མི་རྟག་པ་ཞིག་ཡིན། རེ་ཞིག་རྟག་པར་མི་འདོད་དེ། མུ་སྟེགས་བྱེད་ཀྱི་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དེ་མི་རྟག་པ་ཉིད་དུ་ཡོད་ན་ནི་མི་རིགས་སོ། །གང་ལས་ཤེ་ན། འགགས་པ་དང་ཡོད་པ་དག་འདས་པ་དང་ད་ལྟར་བའི་དུས་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་དང་ད་ལྟར་བ་འདི་གཉིས་ནི་དུས་ཅིག་ཏུ་དངོས་པོ་གཅིག་ལ་སྲིད་པ་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་འདི་དག་ཕན་ཚུན་འགལ་བའི་ཕྱིར་རོ། །ཞེས་གསུངས་པ་འདིས་ནི་དངོས་ལ་གནོད་བྱེད་བཤད་དོ། །དེའི་དོན་ནི། འདས་པའི་གཟུགས་ཆོས་ཅན། ད་ལྟར་བར་ཐལ། དངོས་པོར་ཡོད་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། འདས་པའི་དངོས་པོར་ཡོད་དོ་སྙམ་ན། འོ་ན་རྟག་པར་ཡོད་དམ་མི་རྟག་པར་ཡོད། དང་པོ་ལྟར་ན། རྟག་དངོས་ཁས་བླངས་པས་མུ་སྟེགས་ཀྱི་ལྟ་བར་འགྱུར། གཉིས་པ་ལྟར་ན། འདས་པའི་གཟུགས་ཆོས་ཅན། འདས་པ་དང་ད་ལྟར་བའི་གཞི་མཐུན་དུ་ཐལ། འདས་པས་ཞིག་པ་དང་དངོས་པོར་ཡོད་ཅིང་མི་རྟག་པ་ཡིན་པས་འཇིག་པ་ལས་མ་འདས་པའི་ཕྱིར། ཞེས་པའོ། །དེ་བཞིན་དུ་མ་འོངས་པའི་གཟུགས་ཆོས་ཅན། ད་ལྟར་བར་ཐལ། དངོས་པོར་ཡོད་པའི་ཕྱིར། ཁྱབ་པ་མེད་དོ་སྙམ་ན། འོ་ན་རྟག་པར་ཡོད་དམ་མི་རྟག་པར་ཡོད། དང་པོ་ལྟར་ན་རྒྱུ་དུས་སུ་འབྲས་བུ་ཡོད་པ་གྲངས་ཅན་གྱི་ལུགས་སུ་འགྱུར། གཉིས་པ་ལྟར་ན་འཇིག་པར་ཐལ། མི་རྟག་པ་གང་ཞིག ཞིག་མ་ཟིན་པའི་ཕྱིར། འདོད་ན། སྐྱེ་བ་དང་འཇིག་པ་ཕན་ཚུན་འགལ་ལོ་ཞེས་གསུངས་ཏེ། དངོས་པོ་གཅིག་སྐྱེ་འཇིག་ཅིག་ཆར་དུ་བྱེད་པ་འཇིག་རྟེན་གྱི་ལུགས་མ་ཡིན་ཞེས་པའོ། །ཡང་དེ་ཆོས་ཅན། འདུས་བྱས་སུ་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། སྐྱེས་པར་ཐལ། དེ་ཡང་ན། ད་ལྟར་བར་ཐལ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། དེའི་ཁྱབ་པ་ཡང་། ཇི་སྐད་དུ། བརྒྱ་པའི་འགྲེལ་པ་དང་། ཚིག་གསལ་གཉིས་ཀ་ལས། ད་ལྟར་བྱུང་བ་ནི་སྐྱེ་ལ་མ་འགགས་པའོ། །ཞེས་གསུངས་སོ། །དེ་ལྟར་ན། འགྲེལ་པ་དེར། དུས་གཉིས་དངོས་པོར་ཡོད་པ་ལ་གནོད་བྱེད་བཤད་པའི་འཇུག་ཏུ། དུས་གཉིས་དངོས་པོར་མེད་པའི་ལུང་གི་སྒྲུབ་བྱེད་ཀྱང་གསུངས་ཏེ། དེ་ཉིད་ལས། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་དགེ་སློང་དག ལྔ་པོ་དེ་དག་ནི་མིང་ཙམ་བཏགས་པ་ཙམ་སྟེ་འདས་པའི་དུས་དང་མ་འོངས་པའི་དུས་དང་། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་འདས་པ་ལ་སོགས་པའི་དངོས་པོ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་གསུངས་སོ། །ཞེས་བཤད་པས་སོ། །ཡང་ཁྱེད་ཅག མྱུ་གུ་མ་སྐྱེས་པ་སྐྱེས་པ་ཟླ་བའི་དགོངས་པར་འདོད་པ་ལྟ་ཞོག མ་འོངས་པའི་མྱུ་གུ་སྐྱེ་བར་འདོད་པ་ཡང་དེས་གསལ་བར་བཀག་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་པའི་འགྲེལ་པ་ལས། གང་མ་འོངས་པའི་དོན་ཡོད་པ་ཉིད་དུ་རྟོག་པ་དེ་སྐྱེས་པའམ་མ་སྐྱེས་པ་ཞིག་ལ་རྟོག་དྲང་། དེ་ལ་རེ་ཤིག གལ་ཏེ་མ་འོངས་སྐྱེས་ཡོད་ན། །ཇི་ལྟར་ད་ལྟར་བར་མི་འགྱུར། །གལ་ཏེ་མ་འོངས་པའི་དངོས་པོ་སྐྱེ་བར་འགྱུར་ཏེ། ཡོད་དོ་ཞེས་བྱ་བར་ཡོངས་སུ་བརྟག་ན་ནི། དེ་སྐྱེས་པ་ཉིད་དུ་འགྱུར་བས་ཡོད་པ་ཉིད་ཀྱི་ཕྱིར། ད་ལྟར་བར་འགྱུར་གྱི་མ་འོངས་པར་མི་འགྱུར་རོ། །ཅི་སྟེ་མ་སྐྱེས་པར་གྱུར་པ་ལ་ཡོད་པ་ཉིད་དུ་རྟོག་ན་དེ་ལྟར་ཡང་། ཅི་སྟེ་དེ་ལ་སྐྱེ་མེད་ན། །མ་འོངས་རྟག་པར་འགྱུར་རམ་ཅི། །གང་ཞིག་མ་སྐྱེས་པར་གྱུར་ན་དེ་མྱ་ངན་ལས་འདས་པ་བཞིན་དུ་རྟག་པ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེའི་མ་འོངས་པ་ཉིད་ཉམས་པར་འགྱུར་རོ། །ཞེས་གསུངས་པས་སོ། །ཡང་ཁྱེད་ཅག་མྱུ་གུའི་ཞིག་པ་དེ་ཉིད་སླར་ཡང་འཇིག་པ་དང་། དེའི་ཞིག་པ་ཕྱི་མ་རྣམས་ཀྱང་སྤྱིར་ཞིག་པ་དང་འདས་པའི་མཚན་གཞིར་འདོད་པ་ཡང་ཟླ་བའི་ཞབས་ཉིད་ཀྱིས་གསལ་བར་བཀག་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་བ་མེད་ཀྱང་འཇིག་པ་ལས། །གལ་ཏེ་མ་འོངས་མི་རྟག་ན། །འདས་ལ་འཇིག་པ་ཡོད་མིན་ཏེ། །དེ་ནི་རྟག་པར་ཅིས་མི་འགྲོ། །ཞེས་པའི་འགྲེལ་པར། གལ་ཏེ་མ་འོངས་པ་ཉམས་པ་ཡོད་པའི་ཕྱིར་རྟག་པ་ཉིད་དུ་མི་འདོད་ན་ནི། འོ་ན་དངོས་པོ་འདས་པ་ལ་རང་གི་ངོ་བོ་ཉམས་པ་ཡོད་པ་མ་ཡིན་པས། དེ་ཡང་རྟག་གོ་ཅེས་བྱ་བར་བརྟགས་པར་གྱིས་ཤིག་ཅེས་དང་། དེ་བཞིན་དུ་འདས་པ་ལ་ཡང་མི་རྟག་པ་ཉིད་ནི་མི་སྲིད་དེ། འདས་པ་ནི་ཞིག་པ་ལ་བྱ་ན་ཞིག་ཟིན་པ་ནི་སླར་ཡང་འཇིག་པ་མི་རིགས་ཏེ། དགོས་པ་མེད་པའི་ཕྱིར་དང་། རྟེན་མེད་པའི་ཕྱིར་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར། ཞེས་གསུངས་པ་དང་། ཡང་། ཇི་སྐད་དུ། འདས་པ་ལས་ནི་འདས་གྱུར་ན། །ཅི་ཡི་ཕྱིར་ན་འདས་པར་འགྱུར། །ཞེས་པའི་འགྲེལ་པར། རེ་ཤིག་འདས་པ་ལས་འདས་ན་ནི། དེ་ལས་འདས་པ་ཞེས་བྱ་བར་མི་རིགས་སོ། །འོ་མའི་དངོས་པོ་ལས་འདས་པའི་ཞོ་ལ་འོ་མ་ཞེས་བྱ་བ་དང་། བྱིས་པའི་དངོས་པོ་ལས་འདས་པའི་ལང་ཚོ་ལ་བབ་པ་ལ་བྱིས་པ་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་གསལ་བར་གསུངས་སོ། །འདས་མ་འོངས་རང་བཞིན་གྱིས་ཡོད་པ་འགོག་པ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་ཏེ། རང་བཞིན་འགོག་དཀའ་བ་ད་ལྟར་བ་ཡིན་པ་ལ། དེ་ལ་མ་དཔྱད་པར་གཉིས་པོ་ལོགས་སུ་བཀར་བའི་ཕྱིར། འོ་ན་ཇི་སྐད་དུ། འདས་པ་དང་ནི་ད་ལྟར་བ། །འདི་ནི་མི་རྟག་འགྱུར་མིན་ལ། །ཞེས་ད་ལྟར་བ་ཡང་མི་རྟག་པ་བཀག་པ་མ་ཡིན་ནམ། དེའི་ཕྱིར་འདི་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དབང་དུ་བྱས་སོ་སྙམ་ན། དེ་ཡང་འདི་ལྟར་ཡིན་ཏེ། དུས་གཉིས་ནི་དངོས་པོར་འདོད་པ་དང་མི་རྟག་པར་འདོད་པ་ནང་འགལ་ལ། ད་ལྟར་བ་ནི་དངོས་པོར་ཁས་ལེན་ཡང་མི་རྟག་པར་ཁས་མི་ལེན་ཞེས་པའི་དོན་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པར། གང་ཞིག་མི་རྟག་པ་ཡིན་པ་དེ་ནི་ད་ལྟར་བ་ཉིད་དུ་མི་འགྱུར་ཏེ། དངོས་པོར་མེད་པ་དང་མངོན་པར་འབྲེལ་བའི་ཕྱིར་རོ། །ཞེས་དང་དེའི་སྒྲུབ་བྱེད་འཆད་པ་ན། རང་བཞིན་ལས་མི་ཉམས་པའི་ཕྱིར། ད་ལྟར་བ་ཞེས་བྱ་བར་བརྗོད་ན། ཞེས་གསུངས་པའི་ཕྱིར། ངག་དོན་བསྡུས་ན། དངོས་སྨྲ་བ་དུས་གསུམ་ཀ་དངོས་པོར་འདོད་པ་ལ་རྟག་མི་རྟག་གི་དཔྱད་པ་འཇུག དབུ་མ་པས་ནི་འཇིག་རྟེན་ན་དུས་གཉིས་དངོས་པོར་མ་གྲགས་ཤིང་། ཅིག་ཤོས་དངོས་པོར་གྲགས་པ་ལྟར་ཁས་ལེན་ཡང་། དཔྱད་པ་བཅུག་ནས་ནི་མི་རྟག་པར་ཁས་ལེན་དགོས་ལ། དེའི་ཚེ་ནི་དངོས་ཡོད་དུ་ཁས་མི་ལེན་པའི་དོན་ནོ། །དེའི་ཕྱིར་དངོས་པོ་དང་ནི་རང་བཞིན་གྱི་གོ་དོན་འབྲེལ་ལ། མི་རྟག་པ་དང་ནི་རང་བཞིན་མེད་པའི་གོ་དོན་འབྲེལ་བ་ཡིན་པས། སྤྱིར་དངོས་པོ་ལ་མི་རྟག་པས་ཁྱབ་ཀྱང་གཅིག་ཁས་བླངས་པ་ལ། ཅིག་ཤོས་ཁས་བླངས་པའི་ཁྱབ་པ་མེད་པས་དངོས་པོར་སྨྲ་བའི་སྐབས་དང་མ་འདྲེས་པར་བྱའོ། །དབུ་མ་པས་དུས་གསུམ་གྱི་མཚན་གཞིར་སྔར་བཤད་པ་ལྟར་འཛིན་པ་དང་དུས་གཉིས་དངོས་པོར་མེད་ཀྱང་རྣམ་གཞག་ཁས་ལེན་པའི་ཚུལ་ནི། ཟླ་བ་ཉིད་ཀྱིས་འགྲེལ་པ་དེ་ཉིད་དུ་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། དུས་གསུམ་པོ་གང་དག་རང་གི་ངོ་བོས་རྣམ་པར་གཞག་པར་མི་ནུས་ཀྱི་དེ་དག་གི་བསྙད་པར་བྱ་བ་དངོས་པོའི་ཁྱད་པར་བུམ་པ་ལ་སོགས་པའི་སྒོ་ནས་ནི་རྣམ་པར་གཞག་པར་ནུས་སོ། །ཞེས་དང་། དེའི་ཕྱིར་བུམ་པ་ལ་སོགས་པའི་སྒོ་ནས་དེ་དག་གི་ཁྱད་པར་ཡོངས་སུ་གཅོད་པའི་ཕྱིར། དེའི་སྒོ་ནས་དུས་གསུམ་བཀག་པས་དུས་དགག་པར་བཞེད་པས་བཤད་པ། ཞེས་མཚན་གཞི་འཛིན་ལུགས་ཁོ་བོ་ཅག་གི་འདོད་པ་ལྟར་བཤད་པའི་ཕྱིར་དང་། ཡང་དེ་ཉིད་ལས་དངོས་པོ་རང་བཞིན་མེད་པར་སྨྲ་བའི་ལྟར་ན་ནི། དངོས་པོའི་རྟོག་པ་ཐག་རིང་དུ་སྤངས་པ་ཡིན་ནོ། །གང་གི་སྐྱེ་བར་འགྱུར་བར་བྱ་དགོས་པ་དེ་ནི་མེད་པ་ཉིད་མ་ཡིན་ནོ། །གལ་ཏེ་དེ་མེད་པ་ཉིད་དུ་འགྱུར་ན་ནི། དེའི་ཚེ་བོང་བུའི་རྭ་ལ་སོགས་པ་ལྟར་སྐྱེ་བར་མི་འགྱུར་རོ། །ཞེས་ཐ་སྙད་དུ་མེད་པ་མ་ཡིན་པར་གསུངས་ཤིང་། ཡང་དེའི་འཕྲོ་ཉིད་ལས། ཅི་སྟེ་ཡོད་པ་ཉིད་དུ་འགྱུར་ན་ནི་དེའི་ཚེ་ད་ལྟར་བ་བཞིན་དུ་སྐྱེ་བར་མི་འགྱུར་བ་ཞིག་ན་དེ་ལ་སྐྱེ་བ་ཡང་ཡོད་དེ། དེའི་ཕྱིར་གཉིས་མེད་པར་སྨྲ་བ་ལ་འདི་གྲུབ་བོ། །ཞེས་དུས་གཉིས་ཐ་སྙད་དུ་རི་བོང་གི་རྭ་ལྟར་མེད་པ་མ་ཡིན་ཞིང་། ཐ་སྙད་དུ་ཡང་མདུན་གྱི་བུམ་པ་ལྟར་དངོས་པོར་ཡོད་པ་མ་ཡིན་པ་དང་། དུས་གཅིག་པོ་ཐ་སྙད་དུ་དངོས་པོར་ཡོད་ཅིང་དཔྱད་པའི་ཚེ་དེར་ཡོད་པ་མ་ཡིན་པར་གསུངས་པས་སོ། །གསུམ་པ་ཚིག་གསལ་དང་འགལ་བ་ནི། ཇི་སྐད་དུ། དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །ཞེས་པའི་འགྲེལ་པར་དངོས་པོ་མེད་པ་ཞེས་བྱ་བ་ནི་འཇིག་ཅིང་རྣམ་པར་འཇིག་པ་ཡིན་ལ། དེ་ཡང་དངོས་པོ་དང་འགལ་བའི་ཕྱིར་དེ་ལས་དངོས་པོ་ཇི་ལྟར་འབྱུང་བར་འགྱུར། ཞེས་དང་། དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་པའི་འགྲེལ་པར་འདི་ལྟར་བུམ་པ་ལ་སོགས་པ་ད་ལྟར་གྱི་གནས་སྐབས་ལས་ཉམས་ཤིང་། གཞན་དུ་འགྱུར་བ་ཐོབ་པ་དག་ནི་འཇིག་རྟེན་ན་དངོས་པོ་མེད་པའི་སྒྲའི་བརྗོད་བྱར་འགྱུར་བ་ཡིན་ནོ། །ཞེས་དང་། འདུ་བྱེད་བརྟག་པར། འཇིག་པ་ནི་རང་གི་ངོ་བོ་ལ་ལྟོས་ནས་དངོས་པོ་ཡིན་ལ། གཟུགས་ལ་སོགས་པའི་ཆོས་ལོག་པའི་རང་བཞིན་ཡིན་པའི་ཕྱིར་ན་ནི། དངོས་པོ་མེད་པ་ཡིན་ནོ། །ཞེས་སོགས་གསལ་བར་གསུངས་པ་དང་། ཁྱེད་ཀྱིས་འདོད་པ་དེ་འགལ་ལོ། །བཞི་པ་རིགས་པ་དྲུག་ཅུ་པ་དང་འགལ་བ་ནི། ཇི་སྐད་དུ། དངོས་པོ་བྱུང་བའི་ཞིག་པ་ལ། །ཇི་ལྟར་འགོག་པ་བཏགས་པ་བཞིན། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང་། །སྒྱུ་མ་ལྟ་བུའི་འགོག་པ་བཞེད། །ཅེས་པའི་སྔ་འགྲེལ་དང་ཕྱི་འགྲེལ་གཉིས་ཀ་ལས། འཇིག་རྟེན་ན་དངོས་པོ་ཞིག་པ་དངོས་མེད་དུ་འཇོག་པ་བཞིན་དུ་བསྟན་བཅོས་པས་ཀྱང་། སྒྱུ་མ་བྱས་པ་ལྟ་བུ་ལ་མ་ལྟོས་པར་མྱང་འདས་འཇོག་མི་ནུས་པར་བཤད་པ་དང་། ཁྱེད་ཀྱིས་འདོད་པ་དེ་འགལ་ལོ། །ལྔ་པ་སྟོང་ཉིད་བདུན་ཅུ་པ་དང་འགལ་བས་འཇུག་བསྡུ་བ་ནི། ཇི་སྐད་དུ། རྟེན་འབྱུང་ཡན་ལག་བཅུ་གཉིས་གང་། །སྡུག་བསྔལ་འབྲེལ་ཅན་དེ་མ་སྐྱེས། །སེམས་གཅིག་ལ་ཡང་མི་འཐད་ལ། །དུ་མ་ལ་ཡང་མི་འཐད་དོ། །ཞེས་པའི་འགྲེལ་པར། གང་གི་ལྟར་སེམས་གཅིག་ཡིན་པ་དེའི་ལྟར་ན་འབྲས་བུ་རྒྱུ་དང་ལྷན་ཅིག་སྐྱེས་པར་འགྱུར་རོ། །གང་གི་ལྟར་སེམས་ཐ་དད་པ་ཡིན་པ་དེའི་ལྟར་ན། ཡན་ལག་སྔ་མ་སྔ་མ་ཞིག་པ་ཕྱི་མ་ཕྱི་མའི་རྒྱུ་མ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན། འདས་མ་འོངས་ཀྱི་བུམ་པ་ལྟ་བུ། དེ་དང་དེའི་བུམ་པ་ཡིན་ཡང་སྤྱིར་བུམ་པ་མ་ཡིན་ཏེ། དེའི་བྱ་བ་མི་བྱེད་པའི་ཕྱིར། ཞེས་བྱ་བ་ལ་སོགས་པའི་དོན་ནོ། །དོན་དེ་ལ་དགོངས་ནས་ཟླ་བའི་ཞབས་ཀྱིས་ད་ལྟར་བ་དུས་གསུམ་ཀའི་གཙོ་བོར་གསུངས་པ་ཡིན་ནོ། །གཉིས་པ་ཟླ་བའི་ཞབས་ཀྱི་རིགས་པས་གནོད་པར་བསྟན་པ་ནི། ཞིག་པ་དངོས་པོ་དང་མི་རྟག་པར་ཁས་ལེན་ན། ཇི་སྐད་དུ། ཞིག་ཟིན་སླར་ཡང་འཇིག་པར་ཡོངས་སུ་རྟོག་པར་གྱུར་ན་ནི། །མྱུ་གུ་ལ་སོགས་རྣམས་ཀྱི་འཇིག་པ་འདིར་རྙེད་མི་འགྱུར་ཞིང་། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་འཇིག་པ་ཉིད་དུ་འགྱུར། །ཞེས་སྦྱར་བའི་རིགས་པས་གནོད་པ་དང་། ཡང་མ་འོངས་པའི་མྱུ་གུ་སྐྱེས་པར་འདོད་ན། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །ཞེས་སོགས་ཀྱི་རིགས་པ་དང་། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །ཞེས་སོགས་ཀྱི་རིགས་པས་གནོད་པ་དང་། གཞན་ཡང་མ་འོངས་པའི་དུས་སུ་སྐྱེས་པས་སྐྱེས་པའི་གོ་ཆོད་ན་ནི། དེར་ཞིག་པས་ཞིག་པའི་གོ་ཆོད་པར་འགྱུར་ལ། དེ་ལྟ་ན་མ་འོངས་པ་ཐམས་ཅད་འདས་པར་འགྱུར་རོ། །གཞན་ཡང་ཁ་སང་གི་བུམ་པ་ད་ལྟར་བར་འདོད་པ་ཁྱེད་ཀྱི་ལྟར་ན། བསྐལ་པ་དང་པོའི་མི་ཡང་དེར་འདོད་དགོས་པས་དེ་ལྟ་ན་ཤི་མ་ཟིན་པར་འགྱུར་རོ། །གཞན་ཡང་། བུམ་པ་ཞིག་པ་ཆོས་ཅན། ད་ལྟར་བར་ཐལ། སྐྱེས་ལ་མ་འགགས་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཞིག་པར་ཐལ། འགགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། འཇིག་པ་མ་ཡིན་པར་ཐལ། ཞིག་པའི་ཕྱིར། འདོད་ན། ཁྱོད་ཞིག་པ་མི་སྲིད་པར་ཐལ། མི་འཇིག་པའི་ཕྱིར། ཐལ་བ་ལ་ཁས་བླངས་ཀྱི་བསལ་པ་ཞུགས་སོ། །གཞན་ཡང་བུམ་པ་ཞིག་པ་དེ་བུམ་པ་ཞིག་པ་ཡིན་ནམ་མ་ཡིན། ཡིན་ན་ནི། དེ་ཆོས་ཅན། ཁྱོད་ཞིག་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཞེས་པ་བཟློག་པར་མི་ནུས་པ་དང་། འབྲས་བུའི་དུས་སུ་དེའི་རྒྱུ་ཡོད་པར་འགྱུར་ཏེ། ཞིག་པ་ཞིག་པའི་དུས་སུ་ཞིག་པ་ཡོད་པའི་ཕྱིར། གཉིས་པ་ལྟར་ན་ནི་དེ་ཆོས་ཅན། བུམ་པ་ཞིག་པ་ཡིན་པར་ཐལ། བུམ་པ་འདས་པ་ཡིན་པའི་ཕྱིར། ཞེས་པ་བཟློག་པར་མི་ནུས་ཤིང་། ཞིག་པ་ཞིག་པ་དེ་ཡང་ཞིག་པ་མ་ཡིན་པར་འགྱུར་ལ། འདོད་ན། འདས་པ་མ་ཡིན་པར་ཐལ། ཞེས་པའི་ཐལ་བ་བཟློག་པར་མི་ནུས་སོ། །གཞན་ཡང་། ཁྱེད་ལྟར་ན། ཟས་མེད་པ་དང་སྣུམ་ཟད་པ་དང་ཆར་མ་བབས་པ་སོགས་རྒྱུར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་མེད་པར་དགག་པ་ལ་དངོས་པོས་ཁྱབ་པར་འགྱུར་རོ། །གསུམ་པ་ཞིག་པ་རྒྱུ་བཅས་ཀྱི་ལུང་དོན་བཤད་པ་ལ། གཞན་གྱི་ལུགས་མི་འཐད་པ་དང་། རང་གི་ལུགས་བཤད་པའོ། །དང་པོ་ནི། ཁྱེད་ཀྱིས་ཚིག་གསལ་གྱི་དོན་འཆད་པ་ན། རང་ལུགས་ལ་ཞིག་འཇིག་དོན་གཅིག་ལ་འདུ་བ་དང་། དངོས་སྨྲ་བས་ཞིག་པ་རྒྱུ་མེད་དུ་འདོད་དོ། །ཞེས་ཟེར་བ་དེ་དག་ནི་དེའི་འདོད་པ་མ་ཡིན་ཏེ། འོ་ན་རང་ལུགས་ལ་བུམ་པ་ད་ལྟར་བ་དང་མ་འོངས་པ་གཉིས་ཆོས་ཅན། ཞིག་པར་ཐལ། འཇིག་པའི་ཕྱིར། ཞེས་པའི་ཐལ་བ་ཁྱེད་ཀྱིས་བཟློག་པར་མ་ནུས་པ་དང་། དངོས་སྨྲ་བ་གཞིར་བྱས་པའི་ཚེ། བུམ་པ་ཞིག་པ་ཆོས་ཅན། སྐྱེས་ལ་འགགས་པར་ཐལ། འདས་པའི་ཕྱིར། རྟགས་ནི་དེས་ཀྱང་དེའི་མཚན་གཞི་དེ་ལྟར་དུ་འཛིན་པར་ཁྱེད་ཀྱིས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། རྒྱུ་མེད་དུ་འདོད་པ་འགལ་ལོ། །གཞན་ཡང་། ཁྱེད་ལྟར་ན། ཕ་རོལ་པོས་ཞིག་འཇིག་ཐ་དད་དུ་འདོད་པས། འཇིག་པ་རྒྱུ་མེད་དུ་ཁས་བླངས་པ་ལ། ཟླ་བས་དུས་གཉིས་པར་མ་བསྡད་པ་ལ་རྒྱུ་མེད་ན་མི་སྡོད་པ་ལ་རྒྱུ་མེད་པར་འགྱུར། ཞེས་འཕེན་པ་ཇི་ལྟར་འབྲེལ། ཁས་བླངས་མེད་པའི་ཐལ་བའམ། འཐུར་ཁྱབ་ལ་འཕེན་པ་གང་རུང་ལས་མ་འདས་སོ། །གཉིས་པ་རང་ལུགས་བཤད་པ་ནི། ཁྱེད་ཅག་གིས་དྲངས་པའི་ཚིག་གསལ་གྱི་ལུང་དེའི་དོན་ནི། འགགས་པ་རང་བཞིན་གྱིས་མ་གྲུབ་པའི་ཤེས་བྱེད་དུ། རྒྱུ་དང་བཅས་པ་བཀོད་ནས་དངོས་སྨྲ་བ་ཞིག་པ་རྒྱུ་མེད་དུ་འདོད་པ་དང་། དངོས་པོ་རྣམས་སྐད་ཅིག་མ་དང་། འདུས་བྱས་སུ་འདོད་པ་ནང་འགལ་སྟོན་པའི་དབང་དུ་བྱས་ནས། འགྲེལ་ཚིག་དེ་དག་གསུངས་པ་ཡིན་ཏེ། སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་མདོ་དྲངས་པ་དང་འབྲེལ་བའི་ཕྱིར་དང་། འཇིག་པ་རྒྱུ་མེད་དུ་དངོས་སྨྲ་བས་ཁས་མི་ལེན་པའི་ཕྱིར། དེ་ལྟར་བཤད་པ་ན། ཞིག་པ་རྒྱུ་བཅས་སུ་བསྒྲུབས་ཤིང་། དེའི་རྒྱུ་མཚན་གྱིས་འདུས་བྱས་སུ་འགྲུབ་པ་དང་། དེ་ལས་རང་བཞིན་མེད་པར་འགྲུབ་པར་གསུངས་པ་ཤ་སྟག་ཏུ་སྣང་གི ཞིག་པ་དངོས་པོར་སྟོན་པའི་ཚིག་ཅིག་ཀྱང་ཟླ་བའི་གཞུང་ན་མི་སྣང་ངོ་། །གལ་ཏེ་འདུས་བྱས་ཡིན་པ་ཙམ་གྱིས་དངོས་པོར་འགྲུབ་ན་ནི། ཇི་སྐད་དུ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་པའི་ཚིག་གསལ་དང་འགལ་བར་འགྱུར་རོ། །རྒྱུ་དང་བཅས་པར་བཤད་པ་ཙམ་གྱིས་དངོས་པོ་ཡིན་ན་ནི། བྲལ་བའི་འབྲས་བུར་བཤད་པ་རྣམས་ལ་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལས་དེ་འབྱུང་བར་ཁས་ལེན་པ་ཙམ་གྱིས་དེ་གཉིས་དངོས་པོར་ཁས་ལེན་དགོས་ན་ནི། དངོས་པོར་སྨྲ་བས་ཀྱང་རྣམ་བྱང་གི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་ཁས་བླངས་པའི་ཕྱིར། དེར་ཧ་ཅང་ཐལ་བར་འགྱུར་རོ། །འཇིག་རྟེན་ཐ་མལ་པས་ཀྱང་། བུམ་པ་ཞིག་པ་དང་ནོར་ཟད་པ་དང་མར་མེ་ཤི་བ་སོགས་དངོས་པོར་ཁས་ལེན་པར་འགྱུར་ལ། དེ་ལྟ་ན་ནི། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །ཞེས་པའི་དོན་འཆད་མི་ཤེས་པར་འགྱུར་རོ། །འདིར་སྨྲས་པ། རྣམ་དཔྱོད་མིག་ལྡན་འགག་ཞིག་མེས་པོ་ཡི། །རློམ་པས་མྱོས་ནས་སྲིད་ཞིའི་བྱེད་པོར་སྨྲ། །ལ་ལ་རང་ལ་ཡིད་རྟོན་མེད་བཞིན་དུ། །རྟག་ཏུ་དེ་ཉིད་བསྒྲུབ་པའི་ཁུར་གྱིས་ངལ། །མང་ཐོས་གཉིས་འཐུང་རིགས་པའི་མཆེ་བ་ཅན། །ལུང་དང་རིགས་པའི་འཁོར་གསུམ་གྱིས་བརྒྱན་ནས། །རང་གཞུང་སྒྲུབ་ཅིང་གཞན་གཞུང་སུན་འབྱིན་པའི། །གཡུལ་ངོར་འཇུག་འདི་བསྟན་པའི་བསྲུང་བྱེད་ཡིན། །གསུམ་པ་རང་རིག་ཁས་མི་ལེན་པ་ཐལ་འགྱུར་བའི་ཁྱད་ཆོས་མ་ཡིན་པར་བསྟན་པ་ལ། འདོད་པ་བརྗོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། གཞན་དག་འདི་སྐད་དུ། འདོད་དེ། ཐལ་འགྱུར་བས་ཐ་སྙད་དུ་ཡང་རང་རིག་མི་བཞེད་པའི་རྒྱུ་མཚན་འཇུག་འགྲེལ་ལས། རྫས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་རིག་དང་དྲན་པ་བཀག་པའི་འོག་ཏུ། འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་བྱས་པ་ཡིན་ན་ནི། དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཉིད་དོ་ཞེས་དང་། རང་རིག་པར་དྲན་པ་ཇི་ལྟར་འབྱུང་བ་དེ་ལྟར་སྟོན་པར་འགྱུར་རོ། །ཞེས་གསུངས་པ་དང་། རིགས་པ་ཡང་། ཤེས་པ་དེ་ཉིད་ཀྱི་དེ་ཉིད་རིག་པ་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། རྟོག་པས་ཇི་ཙམ་ཡིད་གཏད་ཀྱང་རིག་བྱ་རིག་བྱེད་ཀྱི་སྤྱི་སོ་སོར་འཆར་རྒྱུ་མེད་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། སུན་འབྱིན་དངོས་དང་། རང་ལུགས་ཀྱི་གཞུང་དོན་འཆད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཁས་བླངས་ལུང་རིགས་གསུམ་ཅར་དང་འགལ་བར་བསྟན་པ་དང་། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། ཀུན་མཁྱེན་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་མི་རིགས་པར་ཐལ་བ་དང་། ཚད་མས་ཚད་མ་མི་རིགས་པར་ཐལ་བ་དང་། སྔོན་འཛིན་མིག་ཤེས་དེ་ཉིད་ཀྱིས་དེ་ཉིད་མི་རིགས་པར་ཐལ། གཏན་ཚིགས་གཉིས་པོ་དེ་ཉིད་ཀྱི་ཕྱིར་རོ། །དང་པོ་གཉིས་ཁྱེད་ཀྱིས་མི་འདོད་ལ། གསུམ་པ་ལ་འདོད་ན། དེ་ཚད་མས་མི་འགྲུབ་པར་ཐལ། དེ་ཚད་མ་རང་གིས་མི་འགྲུབ་ཅིང་། ཚད་མ་གཞན་གྱིས་འགྲུབ་དགོས་ན་ཐུག་མེད་དུ་ཐལ་བའི་ཕྱིར། ཞེས་པ་འདི་ཁྱེད་ཀྱིས་བཟློག་པར་མི་ནུས་ཏེ། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་པར་ཁས་བླངས་པས་སོ། །རིགས་པ་དང་འགལ་བ་ནི། སྔོ་སྣང་དབང་ཤེས་ཆོས་ཅན། རྗེས་ཐོགས་སུ་རང་དྲན་པའི་དྲན་ཤེས་སྐྱེ་བའི་དེ་མ་ཐག་རྐྱེན་མེད་པར་ཐལ། རང་དུས་སུ་མྱོང་བ་མེད་པའི་ཕྱིར། དེ་ཡོད་ན་ནི། རང་གིས་མྱོང་བ་དང་གཞན་གྱིས་མྱོང་བ་གང་རུང་ལས་མ་འདས། གཞན་གྱིས་མྱོང་བར་ནི་ཁས་མ་ལེན་པས་རང་རིག་གི་དོན་གྲུབ་བོ། །རང་མྱོང་མི་འདོད་ན་ཚོར་བ་མྱོང་བའི་མཚན་ཉིད་ཅན་དུ་གསུངས་པ་དང་། ཡུམ་གྱི་མདོར། སེམས་ལ་སེམས་ཀྱིས་རྗེས་སུ་བལྟ་བར་གསུངས་པ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མར། སོ་སོར་རང་གི་རིག་པའི་ཡེ་ཤེས་གསུངས་པ་དང་། འཇུག་འགྲེལ་དུ་དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །ཞེས་དང་། འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་པའི་འགྲེལ་པར། གང་ཉམས་སུ་མྱོང་བས་མྱོང་བ་དེ་དྲན་པའི་ཤེས་པས་མ་མྱོང་བ་མ་ཡིན་ཏེ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་དཔྱད་པ་གང་ཡིན་པ་དེ་དྲན་པའི་ཤེས་པས་ཡོངས་སུ་མ་དཔྱད་པ་མ་ཡིན། ཞེས་གསུངས་པ་རྣམས་དང་འགལ་ལོ། །ཞེས་བྱ་བ་ནི་ལུང་དང་འགལ་བའོ། །གཉིས་པ་ཉེས་སྤོང་མི་འཐད་པ་ལ་གཉིས་ཏེ། ཉེས་སྤོང་དངོས་མི་འཐད་པའི་ལུང་རིགས་བཤད་པ་དང་། དེའི་ཡང་ཉེས་སྤོང་དགག་པའོ། །དང་པོ་ནི། འདི་སྐད་ཅེས་ཟེར་ཏེ། ཇི་སྐད་དུ། མ་བཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །ཞེས་པའི་ཉེས་པ་དབུ་མ་པ་རང་ལ་མི་མཚུངས་པའི་ཚུལ་ནི། ཚིག་གསལ་ལས། ཚད་མའི་གྲངས་འཇུག་པ་གཞལ་བྱའི་གཞན་གྱི་དབང་ཡིན་པའི་ཕྱིར་དང་། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གིས། རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། །ཞེས་གསལ་བར་གསུངས་པས། གཞལ་བྱ་སྔོན་པོ་ཡོད་པར་གྲུབ་པ་ཉིད་ཀྱིས་སྔོན་འཛིན་གྱི་ཚད་མ་ཡོད་པར་གྲུབ་པ་ཡིན་ནོ། །ཞེས་སོགས་སྤྲོས་པ་དང་བཅས་ཏེ་འཆད་པར་བྱེད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། ཁས་བླངས་འགལ་བས་མི་འཐད། རིགས་པས་མི་འཐད། ཚིག་གསལ་གྱི་ལུང་དྲངས་མ་ཐག་པ་དེ་ཟླ་བའི་ཞབས་ཀྱི་རང་གཞུང་མ་ཡིན་པས་མི་འཐད་པའོ། །དང་པོ་ནི། འོ་ན་གཞལ་བྱ་སྔོན་པོ་ཡོད་པར་འགྲུབ་མཁན་དེ་སུ་ཡིན། སྔོན་འཛིན་ཚད་མ་ཉིད་ལས་གཞན་འོས་མེད་པས། འོ་ན་དེས་སྔོན་འཛིན་ཚད་མ་དེ་གྲུབ་པར་ཐལ། དེས་དེ་ཡོད་པར་གྲུབ་པའི་ཕྱིར། འདོད་ན། དེས་དེ་རྟོགས་པར་འགྱུར་ལ། དེ་ཡང་འདོད་ན། དེ་དེ་ལ་ཚད་མར་འགྱུར་བས་རྗེས་དཔག་ཏུ་ནི་འོང་ས་མེད་ལ། མངོན་སུམ་གཞན་གསུམ་ལས་གང་ཡིན་བརྟགས་ན་འཇིག་པའི་ཕྱིར། ཁྱེད་ཀྱིས་རང་རིག་པར་མི་འདོད་བཞིན་དུ་རང་རིག་པར་གྲུབ་བོ། །ཡང་གལ་ཏེ་དེས་དེ་དངོས་སུ་རྟོགས་པའི་ཤུགས་ལ་རང་ཉིད་རྟོགས་པ་ཡིན་ནོ་སྙམ་ན་ཡང་། རང་རིག་ལས་མ་འདས་པ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་དེས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཤུགས་ལ་རང་ཉིད་རྟོགས་པར་ཁས་ལེན་དགོས་པས། ཆོས་ཉིད་མ་ཡིན་དགག་ཏུ་ཐལ་བ་དང་། ཡེ་ཤེས་དེ་དོན་དམ་པའི་བདེན་པར་ཐལ་བ་དང་། ཡེ་ཤེས་དེས་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པར་གྲུབ་ན། ཡོད་པ་གཉིས་པོ་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། སློབ་པའི་རྒྱུད་ཀྱི་རིགས་ཤེས་ཚད་མས་གྲུབ་པའི་ཕྱིར་དང་། ཡེ་ཤེས་དེ་ཐ་སྙད་པའི་ཚད་མར་ཐལ། ཀུན་རྫོབ་བདེན་པ་འགྲུབ་བྱེད་ཀྱི་སློབ་པའི་ཚད་མ་ཡིན་པའི་ཕྱིར། ཞེས་པ་རྣམས་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གཞན་ཡང་སྔོན་འཛིན་ཚད་མ་ཆོས་ཅན། ཁྱོད་ཀྱིས་ཁྱོད་རང་མི་འགྲུབ་པར་ཐལ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། ཡིད་ཇི་ཙམ་གཏད་ཀྱང་། འགྲུབ་བྱ་འགྲུབ་བྱེད་ཀྱི་སྤྱི་སོ་སོར་འཆར་རྒྱུ་མེད་པའི་ཕྱིར། གཞན་ཡང་། ཁྱེད་ལྟར་ན། ཇི་སྐད་དུ། འདི་ཡི་ཡོད་པ་གང་གིས་ཤེས་པར་འགྱུར། །ཞེས་པའི་གཞུང་གིས་བསྟན་པའི་སུན་འབྱིན་དེ། སེམས་ཙམ་པ་ལ་སུན་འབྱིན་ལྟར་སྣང་དུ་ཐལ། སེམས་ཙམ་པས་རང་རིག་མེད་ཀྱང་། གཞན་དབང་གི་ཤེས་པ་འགྲུབ་བྱེད་ཀྱི་ཚད་མ་ཡོད་དོ་ཞེས་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། ཇི་ལྟར་ཐེབས་ཤེ་ན། གཞལ་བྱ་སྔོན་པོ་ཡོད་པར་གྲུབ་པ་ཉིད་ཀྱིས་སྔོན་པོ་འཛིན་པའི་ཚད་མ་ཡོད་པར་འགྲུབ་བོ་ཞེས་པ་དེ། སྤྱིར་བཏང་དུ་རང་རིག་མེད་ཀྱང་། སྔོན་འཛིན་ཚད་མ་འགྲུབ་བྱེད་ཡོད་དོ་ཞེས་འཆད་པའི་རིགས་པ་ཡང་དག་གང་ཞིག རིགས་པ་དེ་ནི་སེམས་ཙམ་པས་ཀྱང་དབུ་མ་པ་ལ་སྟོན་ནུས་པར་ཁྱེད་ཀྱིས་ཁས་ལེན་དགོས་པའི་ཕྱིར། དགོས་པ་ཡིན་ཏེ། ཁྱེད་ལྟར་ན་ལུགས་དེ་ལ་གཞལ་བྱ་སྔོན་པོ་ཡོད་པར་གྲུབ་པ་ཉིད་ཀྱིས། དེ་འཇལ་པའི་ཚད་མ་ཡོད་པར་ཡང་གྲུབ་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། འོ་ན་གཞལ་བྱ་སྔོན་པོ་ཡོད་པར་གྲུབ་པས་དེ་ཡོད་པར་འགྲུབ་ན། སྔོན་པོ་ཡོད་པར་གང་གིས་འགྲུབ། སྔོན་འཛིན་ཚད་མས་སོ་སྙམ་ན། དེ་ལྟར་ན་ཚད་མ་དང་གཞལ་བྱ་གཉིས་པོ་རྟོག་པ་ཕན་ཚུན་བརྟེན་པར་སོང་བས་དེ་ལྟར་བརྟེན་པ་དེ་ནི་དེ་གཉིས་ཀ་ཚད་མས་མི་འགྲུབ་པའི་ཤེས་བྱེད་ཡིན་གྱི། ཚད་མས་འགྲུབ་པའི་ཤེས་བྱེད་མ་ཡིན་ཏེ། འཇུག་པ་ལས། ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །འགྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །གཞན་ཡང་བདག་ཏུ་འཛིན་པ་གཉིས་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་དང་། སྒྲ་རྟག་འཛིན་གྱི་རྟོག་པ་སོགས་འགྲུབ་བྱེད་ཀྱི་ཚད་མ་གང་ཡིན། དེ་མེད་ན་ནི་དེ་དག་མེད་པར་འགྱུར་ལ། གཞལ་བྱ་ཡོད་པར་འགྲུབ་པས་དེ་ཡོད་པར་འགྲུབ་ན་ནི། དེ་དག་ཚད་མར་སོང་བའི་གཞལ་བྱ་ཡོད་པར་འགྱུར་རོ། །གསུམ་པ་ནི། ཁྱེད་ཀྱིས་དྲངས་པའི་ཚིག་གསལ་གྱི་ལུང་དེས་ནི། དངོས་སྨྲ་བའི་ཁས་བླངས་རྟགས་སུ་བཀོད་པ་ཡིན་པས། རང་གཞུང་མ་ཡིན་ལ། རང་གཞུང་ཡིན་དུ་ཆུག་ཀྱང་། དེས་དོན་རིག་པའི་མངོན་སུམ་ཡོད་པའི་སྒྲུབ་བྱེད་འཆད་ནུས་པ་མ་ཡིན་ནོ། །རང་གཞུང་མ་ཡིན་པ་ཇི་ལྟར་ཞེ་ན། སྐབས་དེར་འདི་ལྟར་འབྱུང་བ་ཡིན་ཏེ། དངོས་སྨྲ་བས། དབང་པོ་སོ་སོ་ལ་བརྟེན་པས་མངོན་སུམ་ཞེས་ཡུལ་ཅན་ཁོ་ན་ལ་མངོན་སུམ་གྱི་སྒྲ་བཤད་པ་ཚང་བས་དེ་ཉིད་ཁོ་ན་མངོན་སུམ་མཚན་ཉིད་པར་འདོད་ལ། ཟླ་བའི་ཞབས་ཀྱིས་ནི། མངོན་སུམ་མཚན་ཉིད་པ་ནི་ཡུལ་གཟུགས་སོགས་ཡིན་ལ། དེའི་ཡུལ་ཅན་དབང་ཤེས་ལ་ཡང་ཡུལ་མངོན་སུམ་པ་ལ་འཇུག་པས་ན་མངོན་སུམ་ཞེས་མངོན་སུམ་གྱི་སྒྲ་བཤད་ནས། ཡུལ་ཅན་མངོན་སུམ་བཏགས་པ་བར་འཆད་པའི་སྐབས་དེ་ན། འགྲེལ་ཚིག་དེ་ཡོད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། འདི་སྐད་ཅེས་འཆད་དགོས་པ་ཡིན་ཏེ། དངོས་སྨྲ་བ་ཁྱོད་རང་གི་ལུགས་ལ་ཡང་། རྟེན་གྱི་སྒོ་ནས་མངོན་སུམ་གྱི་སྒྲ་མི་འཆད་པར། ཡུལ་ཁོ་ནའི་སྒོ་ནས་སྒྲ་བཤད་པར་རིགས་ཏེ། ཇི་སྐད་དུ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་ཚད་མའི་གྲངས་ངེས་གཞལ་བྱའི་གྲངས་ངེས་ལ་རག་ལས་པར་ཁས་བླངས་པའི་ཕྱིར་དང་། དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་གཞལ་བྱའི་རྣམ་པ་ཤར་བ་དེ་གཞལ་བྱ་རྟོགས་པའི་སྒྲུབ་བྱེད་དུ་དངོས་སྨྲ་བས་རྣམ་པར་འཇུག་པའི་ཕྱིར། ཞེས་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཚད་མའི་གྲངས་འཇུག་པ་གཞལ་བྱའི་གཞན་གྱི་དབང་ཡིན་པའི་ཕྱིར་དང་། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས། རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དག་གི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། དབང་པོས་བསྟན་པ་ཅུང་ཟད་ཀྱང་མི་མཁོ་བས་རྣམ་པ་ཐམས་ཅད་དུ་ཡུལ་ཁོ་ནས་བསྟན་པར་རིགས་སོ། །ཞེས་གསུངས་པས་སོ། །རང་གཞུང་ཡིན་དུ་ཆུག་ཀྱང་ཁྱེད་ལ་མི་རུང་བ་ནི། ཁྱེད་ལྟར་ན་ཚད་མས་གཞལ་བྱ་འགྲུབ་ཅིང་། ཚད་མ་འགྲུབ་བྱེད་ཀྱང་གཞལ་བྱ་ཁོ་ནར་ཁས་བླངས་པས། མ་གྲུབ་པ་ཉིད་དུས་རྟག་ཏུ་སྒྲུབ་བྱེད་དུ་འགོད་དགོས་པར་འགྱུར་བ་ཡིན་ནོ། །གཉིས་པ་དེའི་ཡང་ལན་དགག་པ་ནི། ལུང་དེའི་རྗེས་སུ་འཇུག་པ་དག་ན་རེ་ཁོ་བོ་ནི་འདི་ལྟར་སྨྲ་སྟེ། སྔོན་འཛིན་མིག་ཤེས་ཀྱི་སྔོན་འཛིན་མིག་ཤེས་ཡོད་པར་གྲུབ། ཇི་ལྟར་གྲུབ་ན། སྔོན་པོ་གཞལ་བའི་སྟོབས་ཀྱིས་གྲུབ་ཅེས་སྨྲ་ཡི། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་གཞལ་བའི་སྟོབས་ཀྱིས་ཚད་མ་གཞན་རྒྱུད་མ་དགོས་པར། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་བཟུང་བ་དྲན་པའི་ཤེས་པ་དངོས་སུ་འདྲེན་ལ། དེ་འདྲའི་དྲན་ཤེས་དེ་སྔོན་འཛིན་མིག་ཤེས་ཡོད་པ་ལ་ཚད་མ་ཡིན་ནོ། །ཞེས་ཟེར་རོ། །འདི་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། རིགས་པ་དང་། ཁས་བླངས་པ་དང་། རང་གང་གི་རྗེས་སུ་འབྲང་བའི་ལུགས་གསུམ་ཀ་དང་འགལ་བའི་ཕྱིར། དང་པོ་ནི། འོ་ན་དྲན་ཤེས་དེ་ཉིད་ཚད་མ་གང་གིས་འགྲུབ་པ་དེ་ཉིད་ཀྱིས་དེ་ཉིད་གྲུབ་ན་ནི་རང་རིག་གྲུབ་པར་འགྱུར་བ་དང་། སྔོན་འཛིན་མིག་ཤེས་དེ་ཉིད་ཀྱིས་དེ་ཉིད་གྲུབ་པར་ཁས་ལེན་པ་ལ་ཉེས་པ་ཅི་ཞིག་མཐོང་ནས་དེས་དེ་གྲུབ་པར་ཁས་མི་ལེན་པ་ཡིན། གལ་ཏེ་དེ་ཡང་། དེ་དྲན་པའི་དྲན་ཤེས་ཕྱི་མ་གཞན་གྱིས་འགྲུབ་པ་ཡིན་ན་ནི། ཐུག་མེད་དུ་འགྱུར་བ་ཡིན་པ་དང་། དྲན་ཤེས་ཀྱིས་མི་དྲན་པའི་ཤེས་པ་སྔ་མ་རྣམས་ལ་འགྲུབ་བྱེད་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་འགྲུབ་བྱེད་ཀྱི་ཚད་མ་མེད་པར་འགྱུར་རོ། །གཉིས་པ་ཁས་བླངས་དང་འགལ་བ་ནི། འོ་ན་ལོག་ཤེས་རྣམས་འགྲུབ་བྱེད་ཀྱི་ཚད་མ་གང་ཡིན། དེས་གཞལ་བྱ་གཞལ་བའི་སྟོབས་ཀྱིས་འགྲུབ་པ་ཡིན་ནམ། དེ་དྲན་པའི་དྲན་ཤེས་རྒྱུ་ལས་འགྲུབ་པ་ཡིན། དང་པོ་ལྟར་ན། དེ་དག་གིས་གཞལ་བྱ་གཞལ་བར་འགྱུར་ལ། གཉིས་པ་ལྟར་ན། ལོག་ཤེས་དེ་དག་དང་། སྤྱིར་ཡང་ཤེས་པ་ཐམས་ཅད་ལ་རང་དུས་ན་རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་རང་འཇལ་བྱེད་ཀྱི་ཚད་མ་མེད་པས་རང་བློ་རང་ལ་ལྐོག་ཏུ་གྱུར་པ་དང་། དྲན་པའི་རྟགས་ལ་རྟེན་ནས་མྱོང་བ་དབོག་དགོས་པར་སོང་བས། དེ་ལྟར་བྱེད་མི་འདོད་པ་དང་འགལ་བ་དང་། རང་བློ་རང་ལ་ལྐོག་ཏུ་གྱུར་པའི་ཉེས་པ་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །དེ་ལ་ཡང་འདི་སྐད་ཅེས། ལོག་ཤེས་རྣམས་རང་གི་སྣང་ཆ་ལ་ཚད་མ་ཡིན་པས་དེ་གཞལ་བས་དེ་གྲུབ་བོ་ཞེས་ཟེར་བ་ནི་ཆེས་ཤིན་ཏུ་འཕོངས་པའི་གཏམ་ཡིན་ཏེ། འོ་ན་སྣང་ཆ་དེ་དག་དངོས་པོའམ་དངོས་མེད་ཡིན། དང་པོ་ལྟར་ན། ལོག་ཤེས་དེ་རྣམས་ཆོས་ཅན། མངོན་སུམ་དུ་ཐལ། རང་ཡུལ་མངོན་སུམ་པ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། གསུམ་ཅར་དངོས་འགལ་དུ་མ་སོང་ངམ། གཉིས་པ་ལྟར་ན་ཡང་། དེ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན་ཐལ་བ་སྔ་མ་དེ་ཉིད་དང་། གཉིས་པ་ལྟར་ན་རྗེས་དཔག་ཏུ་ཐལ། རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། ཡང་ཆོས་ཅིག་ལ་ཚད་མ་ཡིན་པས་ཚད་མར་འགྱུར་བའི་གོ་མི་ཆོད་ན། རང་གི་གཞལ་བྱ་ལ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད་དུ་འཇོག་པ་འགལ་བ་དང་། སྣང་ཆ་དེ་དག་དོན་དང་ཤེས་པ་གང་ཡིན་བརྟགས་ན་འཇིག་པ་དང་། སྔོན་འཛིན་མངོན་སུམ་ཡང་རང་གི་སྣང་ཆ་ལ་ཚད་མར་ཁས་ལེན་དགོས་པས་རང་རིག་འབད་མེད་དུ་གྲུབ་པར་ཐལ་བ་དང་། གཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མར་ཁས་ལེན་དགོས་པ་ཐལ་བ་དང་། སྣང་ཆ་དེ་དངོས་མེད་དུ་འདོད་ན་མངོན་སུམ་སེལ་བའི་ཡུལ་ཅན་དུ་ཐལ་བ་དང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱང་སྣང་ཆ་ལ་མངོན་སུམ་དུ་ཐལ་བ་དང་། དེ་ཡང་དེ་ལྟར་ན། དེ་དོན་དམ་བདེན་པར་ཐལ་བ་རྣམས་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གསུམ་པ་ལུགས་གསུམ་ཀ་དང་འགལ་བ་ནི། སྔོན་འཛིན་དབང་པོའི་མངོན་སུམ་དེ་དེ་ཉིད་ཀྱིས་ཚད་མར་མི་འགྲུབ་ན། ཁྱེད་རང་ལ་ཚད་མར་གྱུར་པའི་འཇུག་བཤད་ལས། སྔོན་འཛིན་ནི་གཞན་ལུགས་ལྟར་རང་རིག་གིས་མི་འགྲུབ་ཀྱི་དབང་པོའི་མངོན་སུམ་ཚད་མས་འགྲུབ་པར་བསྟན་གྱི་ཞེས་བཤད་པ་དང་འགལ། གཞན་ཡང་སྔོན་འཛིན་ཚད་མས་རང་གི་གཞལ་བྱ་དེ་གྲུབ་པ་ཙམ་གྱིས་རང་ཉིད་ཚད་མར་འགྲུབ་ནུས་པ་མ་ཡིན་པར་ཐལ། རང་ཉིད་དེར་འགྲུབ་པ་རྗེས་ཀྱི་ཤེས་པ་ལ་ངེས་པར་ལྟོས་དགོས་པའི་ཕྱིར། འདོད་ན་དེ་ཉིད་ལས། ཚད་མ་འགྲུབ་པ་ལ་གཞལ་བྱ་འགྲུབ་པ་ཙམ་གྱིས་མི་ཆོག་པ་ལྟར་ན། གཞལ་བྱ་ལ་མ་ལྟོས་པར་ཚད་མ་གྲུབ་པར་འགྱུར་རོ། །ཞེས་བཤད་པ་དང་འགལ། ཡང་སྔོན་པོ་འགྲུབ་བྱེད་ལས་གཞན་པའི་སྔོན་འཛིན་ཚད་མ་འགྲུབ་བྱེད་ཀྱི་ཚད་མ་ལོགས་པ་གཅིག་དགོས་པར་ཐལ། སྔོན་པོ་ནི་སྔོན་འཛིན་ཚད་མས་འགྲུབ། དེ་ནི་རྗེས་ཀྱི་དྲན་པས་འགྲུབ་པའི་ཕྱིར། འདོད་ན་ནི། ཡང་དེ་ཉིད་ལས། སྔོན་པོ་འགྲུབ་ཚུལ་ལས་གཞན་པའི་སྔོན་པོ་འཇལ་བྱེད་འགྲུབ་ཚུལ་མི་དགོས་སོ་ཞེས་བཤད་པ་དང་འགལ། གཞན་ཡང་། དབང་མངོན་འགྲུབ་པ་ཡིད་མངོན་ལ་ལྟོས་པར་ཐལ། དེ་དུས་ཀྱི་དྲན་ཤེས་དེ་ཡིད་མངོན་དུ་ཁྱེད་ཀྱིས་ལེགས་པར་ཁས་བླངས་པའི་ཕྱིར་རོ། །གཉིས་པ་རང་ལུགས་ཀྱི་གཞུང་དོན་འཆད་ཚུལ་ལ་གཉིས་ཏེ། སེམས་ཙམ་པས་ཕྱི་རོལ་གྱི་དོན་མེད་ཅིང་དོན་སྣང་གི་ཤེས་པ་ཡོད་པར་འདོད་པ་ལ་སྒྲུབ་བྱེད་མེད་པར་བསྟན། ཕྱི་དོན་མེད་ཀྱང་གཉིས་མེད་ཀྱི་ཤེས་པ་དོན་སྣང་གི་ཤེས་པའི་རྒྱུར་འདོད་པ་དགག་པའོ། །དང་པོ་ནི། དོན་མེད་པར་དོན་སྣང་གི་ཤེས་པ་གང་གིས་འགྲུབ་ཅེས་འདྲི་བ་ནི། འདི་ཡི་ཡོད་པ་ཞེས་སོགས་སོ། །དེ་ཉིད་ཀྱིས་དེ་ཉིད་གྲུབ་པ་ཡིན་ནོ། །ཞེ་ན། དེ་ལ་སྒྲུབ་བྱེད་མེད་དོ་ཞེས་འཆད་པ་ནི། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་པའོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ཀྱང་དོན་སྣང་གི་ཤེས་པ་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། དེ་མེད་ཀྱང་ཡུལ་ཅན་དེ་ཉིད་དྲན་པའི་དྲན་ཤེས་དམིགས་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན། །ཞེས་པའོ། །དེ་འགོག་པ་ལ། མྱོང་དྲན་གཉིས་ཀ་རྫས་ཀྱི་དབང་དུ་བྱེད་ན་ནི། དེ་གཉིས་རྒྱུ་འབྲས་སུ་མི་འགྲུབ་སྟེ། གོང་དུ་རང་བཞིན་གྱིས་སྐྱེ་བ་བཀག་ཟིན་པའི་ཕྱིར། ཞེས་འཆད་པ་ནི། མ་གྲུབ་སྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །ཞེས་སོགས་སོ། །གལ་ཏེ་མྱོང་དྲན་གཉིས་ཀ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་བྱེད་དོ་སྙམ་ན་ནི། དེ་ལྟར་ཡུལ་ཅན་དྲན་པ་བཞིན་དུ་ཡུལ་ཡང་དྲན་པས་ཡུལ་ཅན་མྱོང་བ་བཞིན་དུ་ཡུལ་ཡང་མྱོང་བ་ཡིན་ནོ། །ཞེས་འཆད་པ་ནི། གང་ཕྱིར་གང་གི་ཡུལ་མྱོང་གྱུར་དེ་ལས། །ཞེས་སོགས་སོ། །ཐ་སྙད་དུ་ཡུལ་དང་ཡུལ་ཅན་གཉིས་ཀ་དྲན་པའི་རྟགས་ཀྱིས་རང་མྱོང་བ་དང་ཡུལ་མྱོང་བ་གཉིས་ཀ་དཔོག་པ་ནི་ངེད་དབུ་མ་པ་ལ་འཐད་དོ་ཞེས་སྟོན་པ་ནི། རང་རིག་པར་ནི་གྲུབ་ལ་རག་མོད་ཀྱི། །ཞེས་པའོ། །སེམས་ཙམ་པ་ལ། ཐ་སྙད་དུ་ཡང་དྲན་པའི་རྟགས་ཀྱིས་མྱོང་བ་མི་འགྲུབ་སྟེ། མྱོང་དྲན་གཉིས་པོ་རང་བཞིན་གྱིས་གཞན་ཡིན་པའི་ཕྱིར་ཞེས་པ་ནི། དེ་ལྟའང་དྲན་པའི་དྲན་པ་སོགས་སོ། །འགྲེལ་པར། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན། དེ་ལྟ་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་དོ། །ཞེས་གསུངས་པ་དེའི་དོན་ནོ། །ཡུལ་མྱོང་བ་དང་དྲན་པ་མེད་པར་ཡུལ་ཅན་མྱོང་བ་དང་དྲན་པ་ནི་ཐ་སྙད་དུ་ཡང་མི་སྲིད་དོ། །ཞེས་བྱ་བའི་དོན་དེ་ཇི་སྐད་དུ། ཇི་ལྟར་ཁྱོད་ཀྱིས་ངས་མཐོང་སྙམ་དྲན་པ། །དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། །ཞེས་གསུངས་པ་ལས་གསལ་བར་ཤེས་སོ། །དེ་དག་གི་དོན་བསྡུ་བ་ནི། དེ་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཞེས་པའོ། །དེ་ལྟར་ཡུལ་མ་གྲུབ་པའི་ཡུལ་མྱོང་ལ་སྒྲུབ་བྱེད་མེད་པར་བསྟན་ནས། དེ་ལ་གནོད་བྱེད་འཆད་པ་ནི། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །ཞེས་པའོ། །གཉིས་པ་ནི། ཕྱི་རོལ་གྱི་དོན་མེད་ཀྱང་དོན་སྣང་གི་ཤེས་པ་སྐྱེ་བའི་རྒྱུ་ནི་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཞེས་བྱ་བ་འཕགས་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་དོན་དམ་པར་གྲུབ་པ་དེའོ། །ཞེ་ན། དེ་འགོག་པ་ནི། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །ཞེས་སོགས་སོ། །དེ་ལྟར་ན། ཟླ་བའི་ཞབས་ཀྱིས་སེམས་ཙམ་པ་འགོག་པའི་གཞུང་ཞིབ་མོར་བཤད་པ་ནི་འདི་ཁོ་ན་ལྟར་ངེས་པས། གོང་དུ་ཅུང་ཟད་རགས་པར་བཤད་པ་དག་གིས་ཡན་ལག་ཏུ་འདི་ཉིད་ངེས་པར་བཟུང་བར་བྱའོ། །འདིར་སྨྲས་པ། རང་གཞན་གཞུང་ལ་གཟུ་བོས་མ་དཔྱད་པར། །རང་རིག་འགོག་པའི་ངལ་བ་བརྒྱ་ཕྲག་གིས། །རང་ལུགས་འཇོག་ཚུལ་ཇི་བཞིན་མ་ཤེས་པར། །རང་བཞིན་གསལ་བར་བསྟན་པ་འགའ་ཡོད་དམ། །གཞན་ལ་འགྲན་དང་ཕྲག་དོག་འཐོར་རླུང་གིས། །གཞན་གཞུང་འཇིག་པའི་ཆེད་དུ་མ་བསམས་ཀྱང་། །གཞན་གྱི་གྲུབ་མཐའ་ཇི་བཞིན་དཔྱད་པ་ན། །གཞན་དག་ཡིད་རབ་འཕྲོག་པ་འགའ་མེད་དམ། །བཞི་པ་ཀུན་རྫོབ་བདེན་པའི་འཇོག་བྱེད་ལས་འཕྲོས་པའི་དོན་བཤད་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་བརྗོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། ཐལ་འགྱུར་བའི་ལུགས་ཀྱི་བདེན་འཛིན་གང་ཡིན་ཐམས་ཅད། ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པ་ཡིན་ཏེ། འཇུག་འགྲེལ་ལས་ཇི་ལྟར་གནས་པའི་དངོས་པོ་བལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པར་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲིབ་པར་བྱེད་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ་ཞེས་དང་། དེ་ལྟར་ན་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་གོ །ཞེས་དང་། བརྒྱ་པའི་འགྲེལ་པ་ལས། ཉོན་མོངས་པ་ཅན་གྱི་མེ་ཤེས་པའི་དབང་གིས་དངོས་པོ་རྣམས་ལ་ཆགས་པ་དང་ལྡན་ཞིང་། འཁོར་བར་འཇུག་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་འགགས་པ་ལས་འཁོར་བ་འགགས་པ་རྣམ་པར་གཞག་གོ །ཞེས་བསྟན་པའི་ཕྱིར། བཤད་པ། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡིས་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རང་བཞིན་མེད་པར་མཐོང་བས་ཆགས་པའི་རྒྱུ་སྲིད་པའི་ས་བོན་དུ་གྱུར་པ་རྣམ་པ་ཐམས་ཅད་དུ་ལོག་པ་ལས་ཉན་ཐོས་དང་རང་སངས་རྒྱས་དང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་བཟློག་པར་རྣམ་པར་གཞག་གོ་ཞེས་དང་། དེ་ཉིད་ལས། ལུས་ལས་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་དང་། དེའི་འགྲེལ་པ་ལས་རྒྱས་པར་འབྱུང་བ་ནི་ལུང་གི་སྒྲུབ་བྱེད་དོ། །རིགས་པ་ནི། བདེན་འཛིན་མཐའ་དག་སྤྱིར་རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་རིག་པར་གྲུབ། ཕུང་པོ་ལ་བདེན་འཛིན་མ་སྤངས་པ་དེ་སྲིད་དུ་གང་ཟག་ལ་བདེན་འཛིན་སྤང་མི་ནུས། དེ་མ་སྤངས་པ་དེའི་དབང་གིས་ལས་བསགས་པས་འཁོར་བ་མི་བཟློག་པའི་ཕྱིར། འཁོར་བའི་རྩ་བར་གྱུར་པའི་མ་རིག་པར་གྲུབ། དེའི་ཕྱིར་རྟེན་འབྲེལ་བཅུ་གཉིས་ཀྱི་ཡན་ལག་དང་པོར་གྲུབ་པའི་མ་རིག་པར་གྲུབ། དེར་གྲུབ་པ་ན་ཉོན་མོངས་པ་ཅན་གྱི་མ་རིག་པར་གྲུབ་བོ། །འདི་ཉིད་འཕགས་པའི་དགོངས་པ་ཡིན་ཏེ། ཇི་སྐད་དུ། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་པས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། རིག་པ་དྲུག་ཅུ་པ་ལས། གང་ཡང་རུང་བའི་གནས་རྙེད་ན། །ཉོན་མོངས་སྦྲུལ་དུག་གཡོ་ཆེན་གྱིས། །ཟིན་པར་འགྱུར་རོ་གང་གིས་སེམས། །གནས་མེད་དེ་ལྟར་ཟིན་མི་འགྱུར། །ཞེས་བདེན་འཛིན་གྱི་གནས་ཅུང་ཟད་གཅིག་རྙེད་ན་ཉོན་མོངས་པའི་སྦྲུལ་གྱིས་ངེས་པར་ཟིན་པར་གསུངས་པའི་ཕྱིར་མདོར་བསྡུ་ན། ཐེག་པ་ཐུན་མོང་པ་ལ་གྲགས་པའི་ཉོན་མོངས་ཀྱི་རྣམ་གཞག་དང་། ལུགས་འདི་འབའ་ཞིག་ལ་ཐུན་མོང་མ་ཡིན་པར་གྲགས་པའི་ཉོན་མོངས་ཀྱི་རྣམ་གཞག་དང་གཉིས་ཡོད་པར་ཤེས་པར་བྱའོ་ཞེས་གསུངས་སོ། །གཉིས་པ་དེ་སུན་དབྱུང་བ་ལ་གཉིས་ཏེ། ལུང་དང་རིགས་པ་དེ་དག་དེ་ལྟར་འཆད་པའི་ལུང་རིགས་མ་ཡིན་པར་བསྟན། དེ་ལྟར་འཆད་པ་ལ་ལུང་དང་རིགས་པས་གནོད་པར་བསྟན། རང་ལུགས་ཀྱི་འཆད་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ། འཇུག་འགྲེལ་གྱི་ལུང་དོན་མ་ཡིན་པར་བསྟན། བརྒྱ་པའི་ལུང་དོན་མ་ཡིན་པར་བསྟན། རྩ་བ་དང་། དྲུག་ཅུ་པའི་ལུང་དོན་མ་ཡིན་པར་བསྟན། རིགས་པའི་སྒྲུབ་བྱེད་དེ་ལ་སྙིང་པོ་མེད་པར་བསྟན་པ་རྣམས་སོ། །དང་པོ་ནི། འཇུག་འགྲེལ་གྱི་ལུང་དེས་བདེན་འཛིན་གང་ཡིན་ཉོན་མོངས་ཅན་དུ་བསྟན་པ་མ་ཡིན་ཏེ། འཕགས་རྒྱུད་ཀྱི་བདེན་འཛིན་ཕྲ་མོ་རྣམས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པར་བཞེད་པའི་ཕྱིར། དེ་སྐད་དུ་ཡང་། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་འགྲེལ་པར། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི། བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལ་གལ་ཏེ་དེ་ལྟར་བཤད་པ་དེ་ཉན་རང་དགྲ་བཅོམ་པ་དང་དག་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ཡིན་ལ། དེ་དག་གིས་ནི་བདེན་འཛིན་སྤངས་ཟིན་པའི་ཕྱིར་ལུང་དེས་གནོད་པ་མ་ཡིན་ནོ་ཞེ་ན། ལུང་དེ་དེ་གསུམ་གྱི་དབང་དུ་བྱས་ནས་བཤད་པ་མ་ཡིན་ཏེ། ཇི་སྐད་དུ། གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི། ཞེས་བདེན་མེད་མངོན་སུམ་དུ་མཐོང་ཙམ་ལ་བཤད་པའི་ཕྱིར་དང་། ལུང་དེའི་དེ་མ་ཐག་ཏུ་ནི་བྱིས་པ་རྣམས་ལ་ནི་བསླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཀུན་རྫོབ་ཙམ་དུ་འགྱུར་རོ། །ཞེས་བྱིས་པ་དང་དེའི་ཟླས་ཕྱེ་བའི་འཕགས་པ་ཙམ་གྱི་དབང་དུ་བྱས་པའི་ཕྱིར་དང་། དེ་དག་གི་དོན་བསྡུ་འཆད་པའི་འགྲེལ་པ་ལས། དེ་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པ་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། ཞེས་སྐྱེ་འཕགས་ཙམ་ལ་སོ་སོར་ཕྱེ་ནས་གསུངས་ལ། ཁྱེད་ཀྱིས་འཆད་ཚུལ་ལྟར་ན་བྱིས་པ་དང་སོ་སོ་སྐྱེ་བོ་ཁོ་ནར་མ་ཟད་ཉན་རང་སློབ་པ་དང་མ་དག་སའི་བྱང་སེམས་རྣམས་ལ་རྟེན་འབྲེལ་བདེན་པར་སྣང་བ་དང་། དེ་རྣམས་ཀྱི་དོན་དམ་པ་དེ་འཕགས་པ་སྣང་བཅས་ཀྱི་ཀུན་རྫོབ་བདེན་པར་འཆད་དགོས་པ་ལས་དེ་ཡང་མི་རུང་བའི་ཕྱིར་དང་། ཁྱེད་ལ་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པའི་མཚན་གཞི་ཡང་འཛིན་རྒྱུ་མེད་པའི་ཕྱིར། གལ་ཏེ་ཡོད་ན་དེ་ཆོས་ཅན། བདག་ཏུ་འཛིན་པ་གཉིས་གང་རུང་དུ་ཐལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་རྨོངས་པ་ཡིན་པའི་ཕྱིར། གལ་ཏེ་འདིའི་ཉན་རང་ནི་དགྲ་བཅོམ་པ་ལ་འཆད་དགོས་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པར་བཤད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཡང་། དག་ས་ལ་གནས་པ་ལ་འཆད་དགོས་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་དང་། བརྒྱ་པའི་འགྲེལ་པར། མི་སྐྱེ་བའི་ཆོས་ལ་བཟོད་པར་ཐོབ་པར་བཤད་པའི་ཕྱིར། ཞེས་ཟེར་བ་ཡང་མ་ཡིན་ཏེ། དེར་དེ་སྤངས་པར་བཤད་པ་དེ་ཉོན་མོངས་པ་ཅན་གྱི་མ་རིག་པ་ཙམ་ལ་བྱ་བ་མ་ཡིན་པའི་ཕྱིར་ཏེ། སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ལ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལྟར་མོད་ཀྱི་དེས་དེ་མ་སྤངས་སོ་སྙམ་ན། དེས་དེ་སྤངས་བར་བཤད་པ་ཡིན་ཏེ། ཇི་སྐད་དུ་གང་གི་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། །ཡོད་པ་དེས་ན། ཞེས་དང་། བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཞེས་འཕགས་པ་ཙམ་གྱིས་དེ་སྤངས་པར་བཤད་པའི་ཕྱིར་དང་། གཞུང་གཞན་ལས་ཀྱང་། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་བཤད་པ་དང་འདི་ཉིད་ཆ་མཐུན་པའི་ཕྱིར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཙམ་གྱིས་དག་པ་སར་མི་འགྲུབ་སྟེ། ས་དང་པོ་ནས་ཀྱང་དེ་ཐོབ་པར་ཚད་ལྡན་གྱི་གཞུང་འགྲེལ་མང་པོ་ནས་འབྱུང་བའི་ཕྱིར། འཇུག་འགྲེལ་གྱི་ལུང་དེ་ཁྱེད་དེ་ལྟར་འཆད་པའི་སྒྲུབ་བྱེད་མ་ཡིན་པར་མ་ཟད། གནོད་བྱེད་ཁོ་ན་ཡིན་ཏེ། དེ་སྐབས་ཀྱི་ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་མ་རིག་པ་དེ་ལྡན་པའི་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ཁོ་ནར་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་པའི་འགྲེལ་པར། བྲག་ཆ་ལ་སོགས་པ་ཅུང་ཟད་གཅིག་ནི་བརྫུན་ན་ཡང་མ་རིག་པ་དང་ལྡན་པ་རྣམས་ལ་སྣང་ལ། རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། །ཞེས་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་རྒྱུད་ལྡན་གྱི་གང་ཟག་ཡིན་ན་བདེན་མེད་མངོན་སུམ་དུ་མ་རྟོགས་དགོས་པར་བཤད་པའི་ཕྱིར། གཉིས་པ་ནི། བརྒྱ་པ་རྩ་འགྲེལ་གྱི་ལུང་དེས་ནི། བདེན་འཛིན་ལ་ཉོན་མོངས་པ་ཅན་གྱིས་ཁྱབ་པར་སྒྲུབ་པ་ལ་ཅི་ཡང་མི་ཕན་ཏེ། དེར་ནི་བདེན་འཛིན་གྱིས་སྲིད་པའི་ས་བོན་བྱེད་པ་དང་བདེན་མེད་མངོན་སུམ་དུ་མཐོང་བས་སྲིད་པའི་ས་བོན་འགག་པ་ཙམ་ཞིག་བཤད་ཀྱི། དེ་ལ་དེས་ཁྱབ་པ་མ་བཤད་པའི་ཕྱིར། གཞན་དུ་ན་སྲིད་པའི་ས་བོན་དུ་གྱུར་པའི་བདེན་འཛིན་དེ་ཉོན་མོངས་པ་ཅན་དུ་གྲུབ་པས་བདེན་འཛིན་གང་ཡིན་ཉོན་མོངས་ཅན་དུ་གྲུབ་པར་འགྱུར་ལ། དེ་ཡང་དེ་ལྟ་ན་དེ་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པར་གྲུབ་པས་བདེན་འཛིན་ཐམས་ཅད་དེར་གྲུབ་པར་འགྱུར་ལ། དེ་ལྟར་ན་རྟེན་འབྲེལ་ཆ་གཅིག་གི་སྲིད་ལེན་སོགས་དང་མཚུངས་ལྡན་དུ་བྱུང་བའི་བདེན་འཛིན་མེད་པར་འགྱུར་རོ། །གསུམ་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སོགས་ཀྱིས་ཀྱང་། བདེན་འཛིན་ལ་ཉོན་མོངས་ཀྱིས་ཁྱབ་པར་མ་འགྲུབ་སྟེ། ལུང་དེས་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་ལས། ལས་དང་ཉོན་མོངས་པ་སྐྱེ་བར་བཤད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཉོན་མོངས་སུ་བཤད་པ་མེད་པའི་ཕྱིར། ལུང་དེ་ནི་ཁྱེད་ལ་གནོད་བྱེད་ཁོ་ན་ཡིན་ཏེ། ཁྱེད་ལྟར་ན། དེ་སྐབས་ཀྱི་རྣམ་པར་རྟོག་པ་དེ་ཉོན་མོངས་པའི་ནང་དུ་འདུས་པ་ལས། གཞུང་དེར་ནི་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་གསུམ་ཀ་སོ་སོ་ཐ་དད་པ་ཁོ་ནར་གསུངས་པའི་ཕྱིར། དེའི་འགྲེལ་པ་ཚིག་གསལ་དུའང་། རྣམ་པར་རྟོག་པ་ལས་ཉོན་མོངས་སྐྱེ་ཚུལ་དང་། རྣམ་རྟོག་འགགས་པས་ཉོན་མོངས་འགགས་པར་གསུངས་ཀྱི་རྣམ་པར་རྟོག་པ་བདེན་འཛིན་ལ་ཉོན་མོངས་ཀྱིས་ཁྱབ་པ་ལྟ་ཞོག བདེན་འཛིན་དང་། ཉོན་མོངས་ཀྱི་གཞི་མཐུན་ཙམ་ཡང་བཤད་པ་མེད་དོ། །བཞི་པ་ནི། རིགས་པ་དྲུག་ཅུ་པའི་ལུང་དེས་ཀྱང་། དེའི་ཁྱབ་པ་ཕར་ཞོག དེ་གཉིས་ཀྱི་གཞི་མཐུན་ཡང་མ་བཤད་མོད། དེ་ལྟ་ན་ཡང་། སྒྲ་ཇི་བཞིན་པ་དེ་སོ་སོ་སྐྱེ་བོའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་བདེན་འཛིན་རྒྱུད་ལ་ལྡན་པ་ཙམ་གྱིས་དེ་ལ་དམིགས་པའི་ཉོན་མོངས་སྐྱེ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ལྔ་པ་རིགས་པའི་སྒྲུབ་བྱེད་མི་འཐད་པ་ནི། ཁྱེད་ཀྱི་རིགས་པ་དེའི་སྙིང་པོ་བསྡུས་ན། མ་རིག་པ་ཡིན་ན། རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡིན་པས་ཁྱབ་ཅེས་པར་སོང་བས། ཁྱེད་རང་འདོད་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པས་མ་ངེས་པ་དང་། རྟེན་འབྲེལ་ཆ་གཅིག་གི་འགྲུབ་བྱེད་ཀྱི་ལས་ཀུན་སློང་གི་མ་རིག་པས་མ་ངེས་པ་དང་ཆ་གཅིག་པོ་དེའི་འདུ་བྱེད་ནང་རྣམ་པར་ཤེས་པ་དང་སྲིད་པ་སོགས་དང་མཚུངས་ལྡན་དུ་བྱུང་བའི་མ་རིག་པས་མ་ངེས་པ་དང་། འཕགས་རྒྱུད་ཀྱི་ཉོན་པ་ཅན་གྱི་མ་རིག་པ་རྣམས་ཀྱིས་མ་ངེས་པ་ནི་གདོན་མི་ཟ་བར་འཇུག་སྟེ། ཁྱེད་ཅག་གིས་ནི་བདེན་འཛིན་དང་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་ཁྱད་པར་ཅུང་ཟད་ཀྱང་མི་འབྱེད་པའི་ཕྱིར་རོ། །གཞན་ཡང་ཇི་སྲིད་ཕུང་པོ་ལ་བདེན་འཛིན་མ་སྤངས་པ་དེ་སྲིད་དུ་དེའི་དབང་གིས་ལས་བསོག་གོ་ཞེས་ཟེར་བ་ནི་ཧ་ཅང་ཐལ་བ་ཡིན་ཏེ། ཕྱིར་མི་འོང་མཐོང་ཆོས་ཞི་མེད་པར་ཐལ་བ་དང་། མ་དག་ས་ལ་གནས་པའི་བྱང་སེམས་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་སྲིད་པར་ཐལ་བ་དང་། ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་དེས་ཀྱང་ཡང་སྲིད་འཕེན་འགྲུབ་གང་རུང་གིས་ལས་བསོག་པར་ཐལ་བ་རྣམས་ཁྱེད་ཀྱིས་བཟློག་པར་མི་ནུས་པ་དང་། བདེན་འཛིན་གང་ཡིན་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དེར་འདོད་ན། བདེན་འཛིན་ཡིན་ན་གང་ཟག་གི་བདག་ཏུ་འཛིན་པ་དང་མཚུངས་ལྡན་ཡིན་པས་ཁྱབ་པར་འགྱུར་ཏེ། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དེ་ཡིན་ན་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡིན་དགོས། དེ་ཡིན་ན་དེ་དང་མཚུངས་ལྡན་དུ་འབྱུང་དགོས་པའི་ཕྱིར། གཞན་ཡང་ཕྱི་རོལ་ཡུལ་ལ་བདེན་པར་འཛིན་པའི་བདེན་འཛིན་རྣམས་ཀྱང་རྟེན་འབྲེལ་གྱི་ཐོག་མའི་མ་རིག་པར་འགྱུར་ལ། དེ་ལྟ་ན། འཇིག་ལྟ་དང་མཚུངས་ལྡན་དུ་ཐལ་བར་འགྱུར་ཏེ། དེ་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ཞེས་སོགས་དང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། ལྟ་ལས་བྱུང་བ་བློ་ཡིས་མཐོང་འགྱུར་ཞིང་། །ཞེས་གསུངས་པས་སོ། །ངག་དོན་བསྡུ་ན། ཁྱེད་ཅག་གིས་བཤད་པའི་ལུང་དང་རིགས་པ་དེ་དག་གིས་ནི་བདེན་མོད་མངོན་སུམ་དུ་མ་རྟོགས་པར་འཁོར་བའི་ས་བོན་སྤོང་མི་ནུས་ཞེས་པ་ཙམ་ཞིག་གྲུབ་པ་དེ་ནི་ཟླ་བའི་ཞབས་ཀྱི་དགོངས་པར་སོང་བས། དེ་ཙམ་ཞིག་ནི་ཁོ་བོ་ཅག་ལ་ཡང་གྲུབ་མོད། དེ་ཙམ་གྱིས་བདེན་འཛིན་གང་ཡིན་ཉོན་སྒྲིབ་ཏུ་མི་འགྲུབ་པས་སླར་ཡང་དེའི་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་ཚོལ་བ་ལ་འབད་པར་བྱོས་ཤིག གཉིས་པ་གནོད་བྱེད་བསྟན་པ་ལ། ལུང་གི་གནོད་བྱེད་དང་། རིགས་པའི་གནོད་བྱེད་དོ། །དང་པོ་ནི། འོ་ན་ཁྱེད་རང་ལྟར་ན། འཕགས་རྒྱུད་ལ་བདེན་འཛིན་ཡོད་དམ་མེད། མེད་ན་ནི། དེའི་རྒྱུད་ལ་བདེན་འཛིན་ལྷན་སྐྱེས་ཡོད་པར་ཁྱེད་རང་གིས་ཁས་བླངས་པ་དང་འགལ། ཡོད་ན་ནི། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་གཞུང་གིས་བསྟན་པའི་གཏི་མུག་དེ་དེའི་རྒྱུད་ལ་ཡོད་པར་འགྱུར་ལ། དེ་ལྟ་ན། རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེའི་རྒྱུད་ལ་ཡོད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། འཕགས་པའི་རྟེན་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་བསོག་པ་ཡོད་པར་འགྱུར་བ་དང་། ཇི་སྐད་དུ། འདུ་བྱེད་གཟུགས་བརྙན་དང་འདྲ་བར་ཡོད་པ་ཉིད་དུ་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི་བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་ལོ། །ལུང་འགལ་གཉིས་པ་ནི། གལ་ཏེ་དེ་ལྟར་བཤད་པ་དེ་ཉན་རང་དགྲ་བཅོམ་པ་དང་། བྱང་སེམས་དག་པ་སའི་དབང་དུ་བྱས་སོ་ཞེ་ན། དེ་ཡང་མ་ཡིན་ཏེ། སྲིད་པའི་ཡན་ལག་དང་པོས་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་རྒྱུད་ལ་ལྡན་པའི་རྟེན་གྱི་གང་ཟག་དེ་ནི་སོ་སོ་སྐྱེ་བོ་ཁོ་ནའི་དབང་དུ་བྱས་པར་ཟླ་བའི་ཞབས་ཀྱིས་བཞེད་པའི་ཕྱིར་རོ། །ཇི་སྐད་དུ། གལ་ཏེ་གཏི་མུག་རྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་པར་གོར་མ་ཆག །བློ་བཟངས་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཞེས་གསུངས་པ་དེའི་འགྲེལ་པར། རྟེན་འབྲེལ་ལུགས་འབྱུང་སོ་སོ་སྐྱེ་བོ་ཁོ་ནའི་དབང་དུ་བྱས་པ་དང་ལུགས་བཟློག་འཕགས་པའི་དབང་དུ་བྱས་པ་གསལ་བར་བཤད་པའི་ཕྱིར། ལུང་འགལ་གསུམ་པ་ནི། ཇི་སྐད་དུ། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །ཞེས་དང་། དེའི་འགྲེལ་པ་ཚིག་གསལ་གཉིས་ཀ་ལས། དེ་ཁོ་ན་ཉིད་མཐོང་བ་ལ་མཁས་པ་དང་། དེ་མ་མཐོང་བ་ལ་མི་མཁས་པར་བཤད་ནས། མཁས་པ་དེ་འཁོར་བའི་རྩ་བ་འདུ་མི་བྱེད་པར་བཤད་པའི་ཕྱིར་ན། འཕགས་རྒྱུད་ལ་སྲིད་པའི་རྩ་བར་གྱུར་པའི་མ་རིག་པ་ཡོད་པར་འདོད་པ་ལ་གནོད་པ་ཡིན་ནོ། །ལུང་འགལ་བཞི་པ་ནི། རིགས་པ་དྲུག་ཅུ་པར། དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ནས་དེ་ནི་སྤོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་སྤངས། །གང་གིས་དེ་ཤེས་འགྱུར་ཞེ་ན། །རྟེན་ཅིང་འབྱུང་བ་མཐོང་བ་སྟེ། །རྟེན་ཅིང་སྐྱེས་པ་མ་སྐྱེས་ཞེས། །ཡང་དག་མཁྱེན་པ་མཆོག་གིས་གསུངས། །ཞེས་པའི་འགྲེལ་པར། སོ་སོ་སྐྱེ་བོ་དག དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བར་ཡོངས་སུ་རྟོག་སྟེ། དེ་ལ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་སོ། །ཀུན་ནས་ཉོན་མོངས་པ་དེ་སྤང་བའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་རིག་པ་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྟེན་ནས་སྐྱེས་པ་མ་སྐྱེས་པ། །ཞེས་སོ། །སྒྱུ་མ་མཁན་ནི་སྒྱུ་མའི་ན་ཆུང་ལ་ན་ཆུང་ཡང་དག་པའོ། །ཞེས་མངོན་པར་ཞེན་ནས། ཀུན་ནས་ཉོན་མོངས་པར་མི་འགྱུར་གྱི། ན་ཆུང་ཡང་དག་པའོ། །སྙམ་དུ་མངོན་པའི་ང་རྒྱལ་ཅན་དེ་ལ་ནི་ཀུན་ནས་ཉོན་མོངས་པ་འབྱུང་། ཞེས་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཡིན་པ་དང་། རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ཁོ་ན་ལ་ཡོད་པར་གྲུབ་ལ། དེ་གྲུབ་པ་ན། འཕགས་རྒྱུད་ལ་བདེན་འཛིན་མངོན་གྱུར་པ་ཡོད་པར་ཁས་བླངས་ནས། དེ་འདྲ་དེ་རྟེན་འབྲེལ་གྱི་ཐོག་མའི་མ་རིག་པ་ཡིན་པ་ལ་གནོད་ཅིང་། དེ་དེ་མ་ཡིན་པར་གྲུབ། དེ་གྲུབ་པ་ན་བདེན་འཛིན་གྱི་ས་བོན་ལ་ཉོན་སྒྲིབ་ཀྱིས་མ་ཁྱབ་པར་གྲུབ་པ་ཡིན་ནོ། །གཉིས་པ་རིགས་པས་གནོད་པ་ནི། བདེན་འཛིན་གང་ཡིན་ཉོན་མོངས་ཡིན་ན། ཐེག་དམན་དགྲ་བཅོམ་པས་ཆོས་ཀྱི་བདག་འཛིན་གྱི་ས་བོན་སྤངས་པར་འགྱུར་ཏེ། དེས་བདེན་འཛིན་གྱི་ས་བོན་སྤངས་པའི་ཕྱིར། འདོད་ན་དེས་སྒྲིབ་པ་མ་ལུས་པའི་ས་བོན་སྤངས་པར་འགྱུར་ཏེ། བདག་ཏུ་འཛིན་པ་གཉིས་ཀའི་ས་བོན་སྤངས་པའི་ཕྱིར་རོ། །ཡང་ཐེག་དམན་དགྲ་བཅོམ་པ་ཐེག་ཆེན་གྱི་ལམ་དུ་འཇུག་པའི་ཚེ། ཐོག་མར་ས་བརྒྱད་པ་ནས་ཞུགས་པས་ཆོག་པར་འགྱུར་ཏེ། དེས་ཉོན་སྒྲིབ་ནི་མ་ལུས་པར་སྤངས་ཤེས་སྒྲིབ་སྤོང་བའི་ཐོག་མ་ནི་ས་བརྒྱད་པ་ནས་བརྩོམ་པའི་ཕྱིར། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་མི་སྲིད་པར་ཡང་འགྱུར་ཏེ། དེ་སྤོང་བའི་ཐོག་མ་དེ་ནས་བརྩོམ་པའི་ཕྱིར། དེ་ཡང་དེ་ལྟ་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དེའི་འགལ་ཟླར་གྱུར་པའི་རིག་པ་ཡེ་ཤེས་སྔར་མེད་གསར་དུ་རྒྱུད་ལ་སྐྱེས་པ་གཅིག་མི་སྲིད་པར་འགྱུར་བ་དང་། ཤེས་སྒྲིབ་ཀུན་བཏགས་མི་སྲིད་པར་འགྱུར་བ་དང་། ཤེས་སྒྲིབ་ལ་ལྷན་སྐྱེས་ཀྱིས་ཁྱབ་ན། ཉོན་སྒྲིབ་ལ་ཡང་དེས་མ་ཁྱབ་པའི་ཤེས་བྱེད་ཅི་ཡང་མེད་པར་ཐལ་བ་རྣམས་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གཞན་ཡང་། ཉོན་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་དགོས་པར་འགྱུར་ཏེ། བདེན་འཛིན་མཐའ་དག་ཉོན་མོངས་པའི་སྒྲིབ་པ་ཡིན་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་བསྡུས་པ་ཙམ་བསྒོམས་པས་ཉོན་སྒྲིབ་སྤོང་ནུས་པར་ཟླ་བའི་ཞབས་ཀྱིས་བཤད་པ་དང་འགལ། གཞན་ཡང་། གང་ཟག་གི་བདག་མེད་ཙམ་བསྒོམས་པས་ཉོན་སྒྲིབ་ཀྱི་ས་བོན་མཐའ་དག་སྤོང་ནུས་པ་མ་ཡིན་པར་འགྱུར་ཏེ། བདེན་འཛིན་གྱི་ས་བོན་སྤོང་བ་ལ་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམ་དགོས་པའི་ཕྱིར། འདོད་ན། ཇི་སྐད་དུ། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཞེས་པ་རྩ་འགྲེལ་གྱི་དོན་དང་འགལ། བདེན་འཛིན་གྱི་ས་བོན་སྤོང་བ་ལ་ཆོས་ཀྱི་བདག་མེད་རྒྱས་པ་བསྒོམས་མི་དགོས་ན་གཞན་གང་ཞིག་ལ་དགོས་པ་ཡིན་ཞེས་དྲི་བར་བྱ་ཞིང་། ས་བདུན་པ་མན་ཆད་དུ་ཆོས་ཀྱི་བདག་མེད་རྒྱས་པ་སྒོམ་མི་དགོས་པར་ཡང་འགྱུར་རོ། །གཞན་ཡང་། ཉན་ཐོས་དགྲ་བཅོམ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་དེའི་ཚེ་ས་དང་པོ་ཡན་ཆད་ནས་འཇུག་པ་འདོད་ན་ནི། དེར་ཞུགས་པའི་དུས་ཀྱི་ཐེག་པ་ཆེན་པོའི་མཐོང་ལམ་བར་ཆད་མེད་དང་། མ་དག་ས་བདུན་གྱི་སྐབས་ལ་བར་ཆད་མེད་ལམ་མི་སྲིད་པར་འགྱུར་ཏེ། དེའི་ཚེ་ཉོན་སྒྲིབ་སྤོང་བའི་དེ་དང་དེ་མེད། ཤེས་སྒྲིབ་སྤོང་བའི་ཡང་དེ་དང་དེ་མེད་པའི་ཕྱིར། འདོད་ན། དེར་ས་ལམ་གྱི་རྣམ་གཞག་གང་ཡང་མེད་པར་ཐལ་བ་བཟློག་མི་ནུས་སོ། །གཞན་ཡང་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པས་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བར་འགྱུར་ཏེ། བདེན་འཛིན་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར། འདོད་ན། དེས་ཉོན་སྒྲིབ་ཙམ་སྤངས་པའི་ཐར་པ་དོན་དུ་གཉེར་བར་འགྱུར་བ་དང་། མངོན་པར་རྟོགས་པའི་རྒྱན་ལས། ལམ་ཤེས་ཀྱི་རང་བཞིན་གསུངས་པ་དང་འགལ་ལོ། །གཞན་ཡང་མ་དག་སའི་བྱང་སེམས་རྣམས་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པར་འགྱུར་ཏེ། བདེན་འཛིན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་ཕྱིར། རྟགས་ཀྱང་ཁས་བླངས་ཏེ། མ་རིག་པའི་དབང་གིས་དེར་སྐྱེ་བ་ལེན་པ་གང་ཞིག ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་པ་ནི་ཁྱེད་ཀྱིས་ངོས་འཛིན་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་། བདེན་འཛིན་དང་མ་བསྒྲིབས་ལུང་མ་བསྟན་གྱི་གཞི་མཐུན་མི་སྲིད་པར་འགྱུར་ཏེ། བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་ཀྱི་བདེན་འཛིན་དང་དགེ་བའི་གཞི་མཐུན་ཡང་མེད་པར་འགྱུར་ལ། དེ་ཡང་དེ་ལྟ་ན་ནི། ཇི་སྐད་དུ། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་བྱ་བའི་དོན་དང་འགལ་བར་འགྱུར་ཏེ། དེའི་དུས་ཀྱི་མཚན་འཛིན་དེ་ཡང་བདེན་འཛིན་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །མདོར་ན་མངོན་པར་རྟོགས་པའི་རྒྱན་དང་། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས་གསུངས་པའི་སྒྲིབ་པ་གཉིས་ཀྱི་རྣམ་པར་གཞག་པ་ཐམས་ཅད་ཉམས་ཤིང་། ཐལ་འགྱུར་བའི་ལུགས་ཀྱི་ཤེས་སྒྲིབ་ཀྱི་རྣམ་པར་གཞག་པ་གང་ཡང་བཞག་མི་ནུས་པས་ལུགས་དེ་ནི་ཡང་དག་པ་མ་ཡིན་ནོ། །གསུམ་པ་རང་གི་ལུགས་འཇོག་ཚུལ་ལ་གསུམ་སྟེ། ཀུན་རྫོབ་ཙམ་གྱི་དབྱེ་བ། དེ་ལ་ཉོན་མོངས་པ་ཅན་ཡིན་མིན་སོ་སོ་ཕྱེ་བ། དེ་གང་ཟག་གང་གིས་གནས་སྐབས་གང་དུ་སྤོང་བའི་ཚུལ་ལོ། །དང་པོ་ནི། སྤྱིར་ཡུལ་ཅན་གྱི་ཤེས་པ་ནི་གཉིས་ཏེ། མཚན་འཛིན་དང་འབྲེལ་བའི་རྣམ་ཤེས་ཀྱི་ཡུལ་ཀུན་རྫོབ་བདེན་པར་འཇོག་པ་དང་། མཚན་འཛིན་དང་བྲལ་བའི་ཡེ་ཤེས་ཀྱི་ཡུལ་དོན་དམ་པའི་བདེན་པར་འཇོག་པའོ། །གཉིས་པ་ནི། སློབ་པ་འཕགས་པ་དང་། ཉན་རང་མི་སློབ་པའི་མཉམ་གཞག་ཡེ་ཤེས་དང་། སངས་རྒྱས་ཀྱི་ཡེ་ཤེས་མཐའ་དག་གོ །དང་པོ་ལ་ནི་གཉིས་ཏེ། བདེན་པར་འཛིན་པའི་བློ་དང་། བདེན་མེད་སྒྱུ་མ་ལྟ་བུར་འཛིན་པའི་བློའོ། །དང་པོ་ནི། རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ལ་ཡོད་ལ། དེ་ལའང་ཀུན་བཏགས་དང་། ལྷན་སྐྱེས་ཀྱི་དབྱེ་བས་གཉིས་ཡོད་ལ། དང་པོ་ནི་ལོག་པའི་ཀུན་རྫོབ་ཏུ་འཇོག་ཅིང་། གཉིས་པ་ནི། ཡང་དག་པའི་ཀུན་རྫོབ་བམ། སོ་སོ་སྐྱེ་བོའི་དོན་དམ་པའི་བདེན་པ་ལ་འཇོག་པར་བྱེད་དོ། །དེ་ལའང་གཉིས་ཏེ། རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་ལ་དང་། ཡུལ་གཞན་ལ་བདེན་པར་འཛིན་པའོ། །མདོར་ན། བདེན་འཛིན་གྱི་བློ་དེ་དག་གིས་ནི་ཡུལ་བདེན་གྲུབ་ཏུ་འཇོག་ཅིང་། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །གཉིས་པ་ནི། རྟེན་གྱི་གང་ཟག་འཕགས་པ་འོག་མ་གསུམ་དང་། དུས་ཀྱི་ཁྱད་པར་དེའི་རྗེས་ཐོབ་ན་ཡོད་ལ། དེ་ནི་ཀུན་རྫོབ་ཙམ་དུ་འཇོག་པར་བྱེད་ཅིང་། དེ་ལ་ནི་འཕགས་པའི་ཀུན་རྫོབ་དང་། ཀུན་རྫོབ་ཙམ་པོ་ཞེས་བྱའོ། །གཉིས་པ་ཉོན་མོངས་ཅན་ཡིན་མིན་སོ་སོར་ཕྱེ་བ་ལ། སྤྱིར་བློ་ཀུན་རྫོབ་པ་གཉིས་བཤད་ཟིན་པ་ལས། དང་པོ་བདེན་པར་འཛིན་པའི་བློ་ལ་གཉིས་ཏེ། ཉོན་མོངས་པ་ཅན་མ་ཡིན་པ་དང་། ཡིན་པའོ། །དང་པོ་ནི། སོ་སོ་སྐྱེ་བོའི་རྒྱུད་ཀྱི་དེ་བཞིན་གཤེགས་པ་ལ་མཚན་མར་དམིགས་པའི་རབ་ཏུ་དྭང་བ་ལྟ་བུ་དགེ་རྩ་དང་མཚུངས་ལྡན་གྱི་བདེན་འཛིན་དང་། མ་བསྒྲིབས་ལུང་མ་བསྟན་དང་མཚུངས་ལྡན་གྱི་བདེན་འཛིན་གཉིས་སོ། །འདིས་ཀྱང་ཡུལ་ཀུན་རྫོབ་བདེན་པར་འཇོག་ནུས་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བྱིས་པའི་རྒྱུད་ཀྱི་བདེན་འཛིན་ཡིན་པའི་ཕྱིར། དེ་ལྟ་ན་ཡང་། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར། དེའི་ཕྱིར་ཤེས་བྱའི་སྒྲིབ་པ་ཁོ་ནའོ། །གཉིས་པ་ལ་གཉིས་ཏེ། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་དང་། དེས་མ་བསྡུས་པའི་ཡུལ་ལ་བདེན་པར་འཛིན་པའི་བློའོ། །དང་པོ་ལའང་གཉིས་ཏེ། རྣམ་སྨིན་གྱི་ཕུང་པོ་ལ་དང་། དེ་མ་ཡིན་པའི་ཕུང་པོ་ལ་དེར་འཛིན་པའི་བློའོ། །དང་པོ་ནི། ཉོན་མོངས་ཅན་ཁོ་ན་ཡིན་ཏེ། གང་ཟག་གི་བདག་ཏུ་འཛིན་པ་དང་མཚུངས་ལྡན་དུ་འབྱུང་བའི་ཕྱིར། གཉིས་པ་ནི། འདོད་པའི་རྟེན་ལ་བྱུང་བའི་བསམ་གཏན་གྱི་ཚོར་བ་ལ་རོ་མྱང་བའི་སྲེད་པ་སོགས་དང་མཚུངས་ལྡན་དུ་བྱུང་བའི་བདེན་འཛིན་ལྟ་བུའོ། །བདེན་འཛིན་དེ་གཉིས་ཀ་ཡང་ཉོན་མོངས་པ་ཅན་ཡིན་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །སྲིད་པའི་ཡན་ལག་གིས་བསྡུས་པ་ཡང་ཡིན་ཏེ། ཡང་སྲིད་འཕེན་འགྲུབ་གང་རུང་གི་ལས་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་དངོས་དང་མཚུངས་པར་ལྡན་པའི་མ་རིག་པ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་ཉོན་མོངས་པའི་སྒྲིབ་པར་མི་བཞག་སྟེ། དེའི་གཉེན་པོའི་རིས་སུ་གྱུར་པའི་ཐེག་དམན་གྱི་བར་ཆད་མེད་ལམ་མེད་པའི་ཕྱིར། དེ་ལྟར་ན་སྤྱིར་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་། བྱེ་བྲག་ཏུ་སྲིད་པའི་ཡན་ལག་ཏུ་བསྡུས་པའི་མ་རིག་པ་ཡིན་པ་ལ་ཉོན་སྒྲིབ་ཡིན་པའི་ཁྱབ་པ་མ་ངེས་སོ། །གཉིས་པ་ནི་སོ་སོ་སྐྱེ་བོ་རང་རྒྱུད་ཀྱི་ཕུང་པོས་མ་བསྡུས་པའི་གཟུགས་སོགས་ལ་ཆགས་པ་ལྟ་བུའམ་ཁྲོ་བ་ལྟ་བུ་དང་མཚུངས་པར་ལྡན་པའི་བདེན་འཛིན་ལྟ་བུའོ། །འདི་ཉོན་མོངས་པ་ཅན་ཡིན་ཏེ། ཉོན་མོངས་པ་དང་མཚུངས་ལྡན་དུ་བྱུང་བའི་ཕྱིར། སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་ཅན་ནི་མ་ཡིན་ཏེ། འཕེན་འགྲུབ་གང་གིས་ཀྱང་མ་བསྡུས་པའི་ཕྱིར་ཏེ། རང་རྒྱུད་ཀྱིས་མ་བསྡུས་པའི་ཕུང་པོ་ཡུལ་དུ་བྱེད་པའི་མ་རིག་པ་ཡིན་པའི་ཕྱིར། དེ་ལྟ་ན་ཡང་འདི་ཉོན་མོངས་པའི་སྒྲིབ་པ་ནི་མ་ཡིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར། དཔེར་ན་ཀ་བ་ལ་བདེན་འཛིན་གྱི་བློ་མ་སྤངས་ཀྱང་། དེ་ལ་ཆགས་པ་དང་ཁྲོ་བ་སྤོང་ནུས་པ་བཞིན། གལ་ཏེ་དེ་ལ་བདེན་པར་འཛིན་པའི་བློ་མ་སྤངས་པར། དེ་ལས་བྱུང་བའི་ཉོན་མོངས་སྤོང་མི་ནུས་ཏེ། དེ་ཉིད་དེའི་ས་བོན་ཡིན་པའི་ཕྱིར། དཔེར་ན་རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་ལ་བདེན་འཛིན་མ་སྤངས་ན། དེ་ལས་བྱུང་བའི་ངར་འཛིན་སྤོང་མི་ནུས་པ་བཞིན་ཞེ་ན། འདི་ལ་གཉིས་ཏེ། རྟགས་མ་ངེས་པ་དང་། དཔེ་དོན་མི་མཚུངས་པའོ། །དང་པོ་ནི། དེ་དེའི་ས་བོན་ཡིན་ཡང་། དེ་མ་སྤངས་པར་ཅིག་ཤོས་སྤོང་ནུས་པ་ཡོད་དེ། དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་མ་སྤངས་ཀྱང་། དེ་ལས་བྱུང་བའི་ཆགས་སོགས་སྤོང་ནུས་པ་དང་། ཡུལ་དེ་དང་དེ་མ་སྤངས་ཀྱང་དེ་ལ་སྲེད་པའི་ཆགས་པ་སྤོང་ནུས་པ་བཞིན་ནོ། །གཉིས་པ་ནི། ཉན་ཐོས་དགྲ་བཅོམ་པས་རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་པའི་ཆགས་སོགས་སྤངས་ཀྱང་། དེ་ལ་དམིགས་པའི་བདེན་འཛིན་སྤངས་པ་མ་ཡིན་ཏེ། དེའི་གཉེན་པོ་ཆེད་དུ་གཉེར་ནས་མི་སྒོམ་པའི་ཕྱིར། དེ་ལྟ་ན་ཡང་རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་པར་དེ་ལ་དམིགས་པའི་ཉོན་མོངས་པ་རྣམ་པ་བཞི་སྤོང་ནུས་པ་མ་ཡིན་ཏེ། དེའི་ཤེས་བྱེད་ལུང་དང་རིགས་པ་ལས་སོ། །ལུང་ནི། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཞེས་དང་། གནས་དང་བཅས་པའི་སེམས་ལ་ནི། །ཉོན་མོངས་དུག་ཅན་ཅིས་མི་འབྱུང་། །ཞེས་གསུངས་པའོ། །རིགས་པ་ནི། ཇི་སྲིད་རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་པ་དེ་སྲིད་དུ་དེ་ལ་བརྟེན་ནས་དེ་ལ་ངར་འཛིན་པ་འབྱུང་བས་གང་ཟག་གི་བདག་མེད་རྟོགས་པར་མ་ནུས་ལ། དེ་ལ་བདེན་མེད་མངོན་སུམ་དུ་རྟོགས་པ་དེའི་ཚེ་ནི། དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་མི་ལྡན་པར་གྲུབ་ལ། བདེན་འཛིན་གྱི་གཉེན་པོར་དེའི་རིགས་རྒྱུན་གོམས་ན། དེ་ལ་བདེན་པར་འཛིན་པའི་བློ་ལྷན་སྐྱེས་སྤངས་པ་སྲིད་ཀྱང་། དམན་ལམ་དུ་དེའི་གཉེན་པོར་དེ་སྒོམ་པ་མེད་པས། གང་ཟག་གི་བདག་མེད་ཙམ་མཐར་ཐུག་པ་དང་། གང་ཟག་གི་བདག་འཛིན་ལྷན་སྐྱེས་སྤངས་པ་མཉམ་དུ་འབྱུང་བ་ཡིན་ནོ། །གལ་ཏེ་འོ་ན་ཉན་ཐོས་མཐོང་ལམ་པས། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་སྤངས་པར་ཐལ། དེས་དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཕྱིར་སྙམ་ན། དེ་ལ་ནི། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་ཉན་ཐོས་སམ་བྱང་སེམས་ཀྱི་མ་ངེས་ཤིང་། རྣལ་མའི་ལན་ནི། ཉན་ཐོས་ཀྱི་སྦྱོར་ལམ་དུ་རང་རྒྱུད་ཀྱི་ཕུང་པོ་བདེན་མེད་དུ་དོན་སྤྱིའི་ཚུལ་གྱིས་བསྒོམས་པ་དེ་ཡང་བདེན་འཛིན་གྱི་གཉེན་པོར་བསྒོམས་པ་མ་ཡིན་གྱི། ངར་འཛིན་གྱི་གཉེན་པོར་བསྒོམ་པ་དང་། ཆོས་བཟོད་སྐྱེས་པའི་ཚེ་ཡང་དེར་མ་བསྒོམས་པས། དེའི་ས་བོན་མི་སྤོང་བ་ཡིན་ནོ། །དེ་ནི་དཔེ་སྒྲུབ་པའོ། །དེ་དང་ཅིག་ཤོས་མི་མཚུངས་པ་ནི། འོ་ན་ཡུལ་ཕྱི་རོལ་གྱི་གཟུགས་སོགས་ལ་དམིགས་པའི་ཉོན་མོངས་སྤོང་བ་ལ་ཡང་བདེན་འཛིན་སྤོང་དགོས་པར་འགྱུར་ཏེ། དེ་སྤོང་བ་ལ་དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར་སྙམ་ན། དེ་དགོས་པ་མ་ཡིན་ཏེ། དེ་དེར་མ་རྟོགས་ཀྱང་རང་རྒྱུད་ཀྱི་ཕུང་པོ་ཙམ་བདེན་མེད་དུ་མངོན་སུམ་དུ་རྟོགས་ནས་བསྒོམས་པས་གང་ཟག་གི་བདག་འཛིན་སྤངས་པར་འགྱུར་ལ། དེ་སྤངས་པ་ན་ཕྱི་རོལ་གྱི་ཡུལ་བདེན་མེད་དུ་མ་རྟོགས་ཀྱང་། ཕྱི་རོལ་ཡུལ་ལ་དམིགས་པའི་ཆགས་སོགས་ཉོན་མོངས་པ་སྐྱེ་བའི་གོ་སྐབས་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་འཇིག་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར། དོན་དེ་ལ་དགོངས་ནས། གང་ཟག་གི་བདག་འཛིན་སྤོང་བ་ལ་ཆོས་ཀྱི་བདག་མེད་དེ་སྡུས་པ་ཙམ་རྟོགས་ནས་བསྒོམས་པས་ཆོག་པ་དང་། ཆོས་ཀྱི་བདག་འཛིན་སྤོང་བ་ལ་ཆོས་ཀྱི་བདག་མེད་རྒྱས་པ་རྟོགས་ནས་སྤོང་དགོས་པར་གསུངས་པ་དང་། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་ཤེས་བྱེད་དུ་རང་རྒྱུད་ཀྱི་ཕུང་པོ་བདེན་མེད་དུ་རྟོགས་དགོས་པར་གསུངས་ཀྱི། ཆོས་གཞན་དེར་རྟོགས་དགོས་པར་མ་གསུངས་པ་ཡིན་ནོ། །འོ་ན་མ་གསུངས་པ་དེ་ལྟ་མོད་ཀྱི། དེས་ཕྱི་རོལ་གྱི་ཡུལ་བདེན་མེད་དུ་མ་རྟོགས་སམ་ཞེ་ན། ཉན་རང་འཕགས་པས་དེ་མངོན་སུམ་དུ་རྟོགས་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་པ་ལས། གཅིག་གི་བལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་བལྟ་བོ་ཉིད། །ཅེས་བཤད་པས་སོ། །དེ་ལྟ་ན་ཡང་། དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ནི་སྤངས་པ་མ་ཡིན་ཏེ། དེས་དེའི་གཉེན་པོ་ཆེད་དུ་མི་སྒོམ་པའི་ཕྱིར། དེའི་ཕྱིར་ཉན་རང་ལ་ནི་ཆོས་ཀྱི་བདག་མེད་རྟོགས་པའི་མཐོང་སྒོམ་གྱི་ལམ་ཡོད་ཀྱང་། དེ་རྟོགས་པའི་བར་ཆད་མེད་ལམ་དང་རྣམ་པར་གྲོལ་བའི་ལམ་ནི་མི་འཇོག་ལ། གང་ཟག་གི་བདག་མེད་རྟོགས་པས་རབ་ཏུ་ཕྱེ་བའི་དེ་དང་དེ་རྣམ་པར་གཞག་གོ །དོན་དེ་ལ་བསམ་ནས། ཇི་སྐད་དུ། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་དང་དེའི་འགྲེལ་པ་ལས། དེ་ལ་གང་ཟག་གི་བདག་མེད་པ་ནི། རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནི། གཉིས་ཀ་བསྟན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་། དེ་དག་ལ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །ཞེས་གསུངས་པ་ཡིན་ནོ། །གསུམ་པ་དེ་དག་གང་དུ་སྤོང་བའི་ཚུལ་ལ་གཉིས་ཏེ། ཐེག་དམན་གྱི་སྤོང་ཚུལ་དང་། ཐེག་ཆེན་གྱི་སྤོང་ཚུལ་ལོ། །དང་པོ་ནི། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་ནི་གཉིས་ཏེ། འཕེན་བྱེད་ཀྱིས་བསྡུས་པ་དང་། འགྲུབ་བྱེད་ཀྱིས་བསྡུས་པའོ། །དང་པོ་ནི། དམན་པའི་མཐོང་ལམ་གྱི་མཐར་མཐོང་སྤངས་སུ་གྱུར་པའི་ཡང་སྲིད་འཕེན་བྱེད་གྱི་མ་རིག་པ་དེ་སྤང་ལ། དེར་ཅིག་ཤོས་མ་སྤངས་ཀྱང་། དེས་དེར་ཡང་སྲིད་འཕེན་པའི་ནུས་པ་མེད་པ་ནི་སློབ་དཔོན་དབྱིག་གཉེན་གྱི་དགོངས་པའོ། །གཉིས་པ་འགྲུབ་བྱེད་ཀྱིས་བསྡུས་པ་ནི། རང་རྒྱུད་ཀྱི་རྣམ་སྨིན་ལས་གཞན་པའི་ཡུལ་ལ་དམིགས་པའི་ཆགས་སོགས་དང་མཚུངས་པར་ལྡན་པའི་མ་རིག་པ་ལྟ་བུ་ཡིན་ལ། དེ་ནི་ཇི་སྲིད་སྒོམ་ལམ་ཐ་མ་མ་སྐྱེས་པ་དེ་སྲིད་དུ་འཇུག་ཅིང་། དེའི་དབང་གིས་འགྲུབ་བྱེད་ཀྱི་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པ་ཡང་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མདོ་སྡེ་ས་བཅུ་པའི་དགོངས་པ། ཤེར་ཕྱིན་གྱི་མདོའི་དགོངས་པ། ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པའོ། །དང་པོ་ནི། མདོ་སྡེ་དེ་ལས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ནས་ཉོན་མོངས་མ་ལུས་པར་སྤངས་པ་དང་། དེ་ཕྱིན་ཆད་དུ་ས་རེ་རེ་ཞིང་ཉོན་མོངས་སྤངས་པའི་ཁྱད་པར་མི་འདྲ་བ་རེ་རེ་གསུངས་པའི་དེ་ནི་དབུ་མ་འཇུག་པར་གཏན་ལ་ཕབ་པ་དེ་ཉིད་གོ་བདེ་བར་བཤད་ན་འདི་ལྟར། བྱང་ཆུབ་སེམས་དཔའ་ས་དང་པོ་བ་ལ་དམན་པའི་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་དང་། མ་སོང་བ་གཉིས་ལས། དང་པོའི་དབང་དུ་བྱས་ནས། དགྲ་བཅོམ་པ་ཐེག་པ་ཆེན་པོའི་ཚོགས་ལམ་དུ་ཞུགས་ནས་ཆོས་ཀྱི་བདག་མེད་རྒྱས་པ་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་ལམ་དུ་བསྒོམས་པ་ལས་ས་དང་པོ་སྔོན་དུ་བྱས་པ་དེའི་ཚེ། མཐོང་སྤངས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ཡང་སྔར་དམན་ལམ་དུ། རང་རྒྱུད་ཀྱི་ཕུང་པོ་བདེན་སྟོང་དུ་རྟོགས་ཤིང་དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ཉོན་མོངས་ཅན་མངོན་གྱུར་དུ་མེད་ཀྱང་། དེ་སྤྲོས་བྲལ་དུ་མ་རྟོགས་ཤིང་། དེ་ལ་བདེན་སྟོང་དུ་ཞེན་པ་ལ་སོགས་པའི་སྤྲོས་པའི་མཚན་མ་གཞན་གྱིས་དམན་པའི་བྱང་ཆུབ་ལ་མི་སྒྲིབ་པས། དེའི་གཉེན་པོར་ཆོས་ཀྱི་བདག་མེད་ཆེད་དུ་གཉེར་ནས་མ་བསྒོམས་ལ། དེའི་རྒྱུ་མཚན་གྱིས་དམན་པའི་ལམ་དུ་རང་རྒྱུད་ཀྱི་ཕུང་པོ་ལ་མཚན་མར་འཛིན་པའི་ཤེས་སྒྲིབ་ལས་མ་གྲོལ་ལ། འདིར་ནི་དེ་ལས་གྲོལ་བ་ཡིན་ནོ། །དེ་བཞིན་དུ་སྔར་ཕྱི་རོལ་གྱི་གཟུགས་སོགས་ལ་མཚན་མར་འཛིན་པའི་སྤྲོས་པའི་ཚོགས་ལྟ་ཞོག དེ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་གཉེན་པོ་ཡང་ཆེད་དུ་གཉེར་ནས་སྒོམ་མི་དགོས་ཤིང་། མ་བསྒོམས་པས་དེ་ལ་བདེན་པར་འཛིན་པའི་སྒྲིབ་པ་ཀུན་བཏགས་ལས་མ་གྲོལ་ལ། འདིར་ནི་དེ་ལས་གྲོལ་བ་ཡིན་ནོ། །དེའི་འོག་ཏུ་སྒོམ་པའི་ལམ་གྱིས་ནི་ཤེས་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་དང་མཚན་འཛིན་གྱི་རྟོག་པ་ཕྲ་མོ་རྣམས་ཁོ་ན་སྤོང་བར་བྱེད་པ་ཡིན་ཏེ། ཉོན་སྒྲིབ་ཀྱི་ས་བོན་ནི་སྔར་དམན་ལམ་དུ་སྤངས་ཟིན་བདེན་འཛིན་གྱི་རྟོག་པ་ནི་འཕགས་པ་གསུམ་གྱི་རྗེས་ཐོབ་ཏུ་ཡང་མི་འབྱུང་བར་འཇུག་འགྲེལ་ལས་བཤད་པའི་ཕྱིར་རོ། །གཉིས་པ་དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ཕྱི་མ་སྐྱེས་པ་དེའི་ཚེ། ཉོན་སྒྲིབ་དང་ཤེས་སྒྲིབ་ཀུན་བཏགས་ཀྱི་ས་བོན་གཉིས་ཀ་སྤངས་པ་ཡིན་ཏེ། དེའི་ཚེ་བདེན་མེད་གཉིས་ཀ་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་དང་། རྣམ་པར་གྲོལ་བའི་ལམ་གསར་དུ་ཐོབ་པའི་ཕྱིར། འདིར་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་ནི། སྤངས་པ་མ་ཡིན་ཏེ། དེའི་གཉེན་པོར་གང་ཟག་གི་བདག་མེད་རྟོགས་པའི་སྒོམ་ལམ་མངོན་དུ་མ་བྱས་པའི་ཕྱིར། ས་དང་པོ་ནས་བདུན་པའི་བར་དུ་ཉོན་སྒྲིབ་ལྷན་སྐྱེས་ཀྱི་ས་བོན་ཆེད་དུ་གཉེར་ནས་མི་སྤོང་ལ། དེའི་རྒྱུ་མཚན་གྱིས་དེའི་ས་བོན་མ་སྤངས་པར་ལྡན་ཡང་། ཉོན་མོངས་མངོན་གྱུར་དུ་མི་འབྱུང་སྟེ། གང་ལ་དམིགས་ནས་ཉོན་མོངས་སྐྱེ་བའི་ཡུལ་དེ་བདེན་མེད་དུ་མངོན་སུམ་དུ་རྟོགས་ཤིང་། དེ་ལ་བདེན་མེད་དུ་ཞེན་པའི་སྤྲོས་པ་ཡང་བཀག་པའི་ཕྱིར་རོ། །དེའི་རྒྱུ་མཚན་གྱིས་བྱང་སེམས་མ་དག་པས་ཉོན་མོངས་མ་སྤངས་ཀྱང་དེའི་དབང་གིས་མི་སྐྱེ་སྟེ། ལས་གསོས་འདེབས་བྱེད་ཀྱི་ཉོན་མོངས་མངོན་གྱུར་བ་མི་སྲིད་པའི་ཕྱིར་རོ། །ཐེག་དམན་སློབ་པ་ལ་མི་མཚུངས་ཏེ། དེས་ཆགས་སྡང་ནི་ཡུལ་བདེན་མེད་དུ་རྟོགས་ཀྱང་། བདེན་སྟོང་གི་མཚན་མ་མ་བཀག་པའི་ཕྱིར། དཔེར་ན་སྒྱུ་མ་མཁན་སྒྱུ་མའི་ན་ཆུང་ལ་ཆགས་པ་སྐྱེ་བ་བཞིན་ནོ། །དེ་ལྟ་ན་ཡང་ཐེག་དམན་འཕགས་པས་འཕེན་བྱེད་ཀྱི་ལས་གསོག་པར་སྲིད་པར་ཐལ་བ་ནི་མ་ཡིན་ཏེ། དེ་སོག་པ་ལ་བདེན་འཛིན་དང་མཚུངས་ལྡན་གྱི་ངར་འཛིན་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན་ཉོན་མོངས་ལ་གཉིས་ཏེ། བདེན་འཛིན་དང་མཚུངས་ལྡན་དུ་བྱུང་བ་དང་། བདེན་མེད་དུ་ཞེན་པའི་བློ་དང་མཚུངས་ལྡན་དུ་བྱུང་བའོ། །དང་པོས་འཕེན་བྱེད་ཀྱི་ལས་སོག་པར་ནུས་ལ། གཉིས་པས་དེ་མི་ནུས་ཤིང་། ལས་གསོས་འདེབས་པར་ནུས་སོ། །སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་བློ་དང་མཚུངས་ལྡན་དུ་བྱུང་བའི་ཆགས་སོགས་ཉོན་མོངས་པ་ནི་མི་སྲིད་དོ། །ཞེས་བྱ་བ་འདི་ངེས་སོ། །དོན་དེ་དག་ལ་དཔྱད་དགོས་པའི་དོགས་པ་ལ་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་བཤད་པའི་ཤུགས་ལ། དེ་བདེན་མེད་དུ་རྟོགས་ན་དེ་ལ་དམིགས་པའི་ཆགས་སོགས་མི་སྐྱེ་བར་བཤད་པ་མ་ཡིན་ནམ་ཞེ་ན། ཤུགས་བསྟན་ལ་དེའི་ཁྱབ་པ་མ་བཤད་ཅིང་། གཞུང་དེའི་ཤུགས་བསྟན་གྱི་ནུས་པ་ནི། ཡུལ་དེའི་དེ་ཁོ་ན་ཉིད་མ་རྟོགས་ན། དེ་ལ་དམིགས་པའི་ཆགས་སོགས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་མི་ནུས་ཞེས་པའི་དོན་ཏོ། །དེ་ལས་གཞན་དུ་ན། ཉན་ཐོས་སློབ་པ་ཉོན་མོངས་པའི་དབང་གིས་སྐྱེ་བ་མི་ལེན་པར་འགྱུར་རོ། །དོགས་པ་གཉིས་པ་ནི། འོ་ན་བྱང་སེམས་ས་དང་པོ་བས་ཉན་རང་དགྲ་བཅོམ་པ་བློའི་སྟོབས་ཀྱིས་གནོན་ནུས་པར་འགྱུར་ཏེ། དེས་སྤྲོས་བྲལ་མངོན་སུམ་དུ་རྟོགས་ཅིག་ཤོས་ཀྱིས་བདེན་སྟོང་ཙམ་ལས་མ་རྟོགས་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། ཇི་སྲིད་བྱང་ཆུབ་སེམས་དཔའི་ས་བདུན་པ་མ་ཐོབ་པ་དེ་སྲིད་དུ། ཉོན་མོངས་པའི་ས་བོན་མ་ལུས་པ་སྤོང་བའི་ནུས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ཐོབ་ལ་ཅིག་ཤོས་ཀྱིས་ཐོབ་པའི་ཕྱིར་རོ། །ས་བདུན་པ་ནས་ནི་གནོན་ནུས་ཏེ། ཉོན་མོངས་ཀྱི་ས་བོན་མ་ལུས་པའི་གཉེན་པོ་དམན་པའི་དགྲ་བཅོམ་པས་གང་ཐོབ་དེ་ཐོབ་ཀྱི་སྟེང་དུ་ཤེས་སྒྲིབ་ཀྱི་གཉེན་པོས་ལྷག་པའི་ཕྱིར་རོ། །ཡང་འདི་སྙམ་དུ། མ་དག་སར་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པའི་ཕྱིར། ཉོན་མོངས་པ་མངོན་འགྱུར་དུ་ཡོད་ལ། དེ་ཡོད་པའི་ཕྱིར། དེས་འགྲུབ་བྱེད་ཀྱི་ལས་གསོས་བཏབ་པའི་དབང་གིས་སྐྱེ་བ་མི་ལེན་པ་ཅི་ཞེ་ན། ལུགས་འདིར་ཉོན་ཡིད་ལ་དཔྱད་པ་མ་མཛད་མོད། དེ་ལྟ་ན་ཡང་། ཉོན་ཡིད་ནི་ཁ་ནང་ཁོ་ནར་བལྟས་པས་འགྲུབ་བྱེད་ཀྱི་ལས་གསོས་འདེབས་པར་མི་བྱེད་དོ། །ཞེས་ཆོས་མངོན་པ་བ་དག་འཆད་དོ། །ས་བརྒྱད་པ་ཡན་ཆད་དུ་ནི་ཤེས་སྒྲིབ་ཀྱི་ས་བོན་བག་ལ་ཉལ་ཁོ་ན་ཡིན་གྱི། མངོན་དུ་གྱུར་པ་མི་འབྱུང་སྟེ། དེར་བདེན་འཛིན་ལྟ་ཞོག རྗེས་ཐོབ་ཏུ་མཚན་མར་འཛིན་པའི་རྟོག་པ་ཙམ་ཡང་མི་འབྱུང་བར་འཆད་པའི་ཕྱིར་རོ། །གཉིས་པ་ནི། ཡུམ་གྱི་མདོ་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་གསུངས་ལ། དེའི་འགྲེལ་པར་འཕགས་པ་གྲོལ་སྡེས། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་སོ། །དེའི་དོན་ལ་རྣམ་པར་ཞུགས་པ་ན། མཐོང་སྤངས་དང་སྒོམ་སྤངས་སུ་བཤད་པའི་ཉོན་མོངས་པ་ཇི་སྙེད་པ་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་ས་དང་པོ་ནས་སྤངས་པར་གསལ་བས། ཐེག་ཆེན་གྱི་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང་དེའི་ས་བོན་ཡང་མི་སྲིད་པ་ཁོ་ནའོ། །ཉོན་མོངས་པའི་བག་ཆགས་ཀྱིས་ནི་ཐར་པ་ལ་མི་སྒྲིབ་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཁོ་ནར་བཞག་ལ། དེ་དག་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ནི་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་སོ། །གསུམ་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། སྐྱེ་འཆི་ན་དང་རྒ་བ་ལས་གྲོལ་བ། །དེ་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་འཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་སྐྱེད་ཕྱིར་བསྟེན། །འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་བརྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པའི་དོན་འཕགས་པ་ཐོགས་མེད་ཀྱིས་བྱང་སེམས་ས་དང་པོའི་དབང་དུ་བྱས་པར་བཤད་པས། ས་དང་པོ་ནས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་ལུས་པར་སྤངས་ལ། བག་ལ་ཉལ་གྱི་ཉོན་སྒྲིབ་ནི་གཞུང་འགྲེལ་དེར་ཤེས་སྒྲིབ་ཏུ་བཤད་པ་ཡིན་ནོ། །འོ་ན་བྱང་སེམས་འཕགས་པ་འཁོར་བ་སྐྱེ་བ་ལེན་པའི་རྒྱུ་གང་ཞེ་ན། གཞུང་འགྲེལ་དེར། མདོ་སོ་སོའི་དགོངས་པས་མི་འདྲ་བ་གཉིས་གསུངས་ཏེ། དང་པོ་ནི། ལྷ་མོ་དཔལ་ཕྲེང་གི་མདོ་ལས། ཟད་མེད་ཀྱི་དབྱིངས་ལ་གནས་པའི་ཉན་རང་དགྲ་བཅོམ་པ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟད་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་བཤད་དོ། །འདིར་དབང་ཐོབ་པ་ནི། དག་པ་སའི་དབང་དུ་བྱས་པར་ལོ་ཙཱ་བ་ཆེན་པོ་བཞེད་ལ། གཞན་དག་ནི་ས་དང་པོ་ནས་འཆད་དོ། །ལུགས་གཉིས་པ་ནི། ཇི་སྐད་དུ། སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཞེས་པའི་འགྲེལ་པར། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་དྲངས་ནས། བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་། དགེ་བའི་རྩ་བ་ལ་ཉོན་མོངས་པའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་རྒྱུ་མཚན་གྱིས། དེ་དག་ལ་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ཞེས་བྱ་བའི་མིང་བཏགས་ནས། བྱང་སེམས་འཕགས་པ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་བཤད་དོ། །བཤད་པ་གཉིས་པོའི་དོན་ལ་བརྟགས་ན། སྔ་མ་དག་ས་དང་། ཕྱི་མ་མ་དག་སའི་དབང་དུ་བྱས་པར་གསལ་ལོ། །མངོན་པ་ཀུན་ལས་བཏུས་ལས་ནི། ས་བདུན་པ་མན་ཆད་དུ་ཉོན་མོངས་མཚན་ཉིད་པ་དང་། དག་པ་ས་གསུམ་དུ་སེམས་བརྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང་བྲལ་བའི་ཉོན་མོངས་པ་ཡོད་ཅིང་། དེ་ཡང་ཉོན་མོངས་པ་མཚན་ཉིད་པ་དང་སྐྱེ་བ་ལེན་པའི་རྒྱུར་འཆད་དོ། །དེའི་ཤེས་བྱེད་ཀྱང་གཞུང་གི་འཕྲོས་ལས་གསལ་བ་ཡིན་ཏེ། ཇི་སྐད་དུ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་ལན་གཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་། འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་སྒོམ་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་མ་ཡིན་ཏེ། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཅིག་ཆར་སྤོང་ངོ་། །གཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེས་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། སྔགས་དང་སྨན་གྱིས་སོད་པའི་དུག་དང་། དཔེར་ན་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ལྟར་རྣམ་པ་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཞེས་དེ་འདྲའི་ཉོན་མོངས་དེས་བྱང་སེམས་འཕགས་པ་ལ་སོགས་པའི་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་པར་བཤད་པ་ཡིན་ལ། དེ་ལྟ་ན་ཡང་། དེ་དག་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བ་ནི་མ་ཡིན་ཏེ། དེས་ཉོན་མོངས་པའི་ཉེས་པ་མི་སྐྱེད་པའི་ཕྱིར་རོ། །དེ་སྐབས་ཀྱི་ཉོན་མོངས་དེ་ཡང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བ་ལྟར། སྙིང་རྗེ་དང་སྨོན་ལམ་དེའི་མིང་གིས་བཏགས་པ་ནི་མ་ཡིན་ཏེ། འདིར་ཉོན་མོངས་པའི་སྒྲིབ་པར་བཤད་པའི་ཕྱིར་རོ། །ཡང་འདི་ཉོན་མོངས་པའི་བག་ལ་ཉལ་ལ་འཆད་དགོས་པ་ཡང་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་གི་ཆ་གང་དུ་ཡང་། མ་རིག་བག་ཆགས་ཀྱི་དབང་གིས་ལས་གསགས་ནས། ཡིད་ཀྱི་རང་བཞིན་གྱིས་ལུས་ལེན་པ་ཞེས་བྱ་བའི་བཤད་པ་ནི་ཅུང་ཟད་ཀྱང་མི་འབྱུང་བའི་ཕྱིར་རོ། །འདི་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་འཆད་པ་ཡང་མ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པར་བཤད་ཅིང་། མི་དགེ་བ་ནི་མ་ཡིན་པས། བསྒྲིབས་ལ་ལུང་དུ་མ་བསྟན་པར་འཆད་དགོས་པའི་ཕྱིར། དེ་ལྟ་བས་ན། ཉོན་མོངས་པའི་ཉེས་པ་མི་སྐྱེད་ཅིང་། སྲིད་པར་སྐྱེ་བ་ལེན་པའི་བྱེད་ལས་དང་ལྡན་པ་ཞིག་གོ །ཐེག་དམན་དགྲ་བཅོམ་པའི་རྟོགས་པ་མངོན་དུ་སོང་བའི་བྱང་ཆུབ་སེམས་དཔའ་ལ་ནི་འདི་མེད་དེ། འདི་ཉོན་སྒྲིབ་མཚན་ཉིད་པར་འཆད་དགོས་པའི་ཕྱིར། གཞན་དུ་ན་གཏན་ལ་དབབ་པ་བསྡུ་བའི་ལུང་དང་འགལ་བའི་ཕྱིར། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ་ནི། ཉན་ཐོས་སློབ་པ་སྨོན་ལམ་དང་སྤྲུལ་པས་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་ཡང་བཤད་དེ། ཇི་སྐད་དུ། ཉན་ཐོས་མ་ངེས་རྣམས་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་དག་ཏུ་སྒྲུབ་པར་བྱེད། །ཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་སྒྲུབ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་སྒྲུབ་པ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ནི། ལྷག་བཅས་ཀྱི་མྱང་འདས་སྔོན་དུ་བྱས་པ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཚེ། དབང་པོའི་ལུས་སུ་བྱིན་གྱིས་བརླབས་ནས་ལམ་ལྔ་དང་ས་བཅུ་བགྲོད་པར་བྱེད་ཅིང་འཆི་འཕོ་བ་དང་སྐྱེ་བ་ལེན་པར་མི་བྱེད་དོ། །ཞེས་གསུངས་ཤིང་། དབང་པོའི་ལུས་ཞེས་པ་ཡང་། སེམས་ཅན་ཕལ་པ་གཞན་གྱིས་མི་མཐོང་ཞིང་། འཇིག་རྟེན་གྱི་ཁམས་རབ་འབྱམས་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་དུ་ཚོགས་གསོག་པར་བྱེད་ནུས་པའི་ལུས་ཁྱད་པར་ཅན་གཅིག་ལ་བྱ་བ་ལ་སོགས་པའི་ཚུལ་རྒྱས་པར་གསུངས་སོ། །ཅེས་བྱ་བ་འདིས་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཤད་པ་ལས་འཕྲོས་པའི་དོན་གྲུབ་པ་ཡིན་ནོ། །རྒྱ་ཆེན་གཞུང་བརྒྱའི་ཀུ་མུད་ལང་ཚོ་ནི། །དཔལ་ལྡན་ཟླ་བའི་ལེགས་བཤད་མཛའ་བོ་དང་། །ཕན་ཚུན་ཡིད་བཅུགས་འཛུམ་དཀར་འཕྲེང་བ་ཡིས། །ལེགས་བཤད་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། ཀུན་རྫོབ་ཀྱི་བདེན་པ་ལས་འཕྲོས་པའི་དོན་ཚན་རྣམས་བཤད་པའི་ལེའུ་སྟེ་ལྔ་པའོ།།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号