༄༅། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས་གང་ཟག་གི་བདག་མེད་པ་ལ་མཁས་པར་བྱ་བའི་ལེའུ་བདུན་པ་བཞུགས་སོ།། འཕྲིན་ལས་བ་དན་སྲིད་པ་གསུམ་ན་གསལ། །སྙན་གྲགས་རྔ་ཆེན་འཁོར་ཡུག་ཁོངས་ལས་བརྒལ། །ལེགས་བཤད་དབྱངས་ཀྱིས་སྨྲ་མཁས་མཐའ་དག་ཀྱང་། །གནོན་མཛད་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། གསུམ་པ་དོན་དམ་པའི་བདེན་པ་གཏན་ལ་འབེབས་བྱེད་ཀྱི་རིགས་པའི་རྣམ་གྲངས་སོ་སོར་བཤད་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་བཤད། ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ལ། གང་ཟག་གི་བདག་མེད་པའི་གོ་དོན་ངོས་བཟུང་། དེའི་ཤེས་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱི་ལུགས་མི་འཐད་པ་དང་། རང་གི་ལུགས་བཞག་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། དབུ་མ་རང་རྒྱུད་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་འདོད་ཅིང་། དེ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་ལ་གང་ཟག་གི་བདག་མེད་ཅེས་བྱ་ཞིང་། དེ་ཙམ་ཞིག་རྟོགས་པའི་བར་ཆད་མེད་ལམ་གྱིས་ཉོན་མོངས་པའི་ས་བོན་དྲུང་ནས་འབྱིན་པར་འདོད་དོ། །དེ་ལྟར་འདོད་པ་དེ་ལ་ཐལ་འགྱུར་བས། ཇི་སྐད་དུ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །ཞེས་སོགས་ཀྱིས་དགག་པ་བརྗོད་ནས། རང་ལུགས་ལ་འདི་ལྟར་བཞེད་དེ། སྤྱིར་ཤེས་བྱ་ཐམས་ཅད་ཆོས་དང་གང་ཟག་གཉིས་སུ་ཁ་ཚོན་བཅད་ནས། དེ་དང་དེ་རང་བཞིན་གྱིས་མ་གྲུབ་པ་ལ། ཆོས་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །དེ་ལ་གང་ཟག་ཅེས་བྱ་བ་ནི། སྐྱེས་བུ་རང་རང་སོ་སོའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཡིན་ལ། དེ་ལ་མིང་གི་རྣམ་གྲངས་ནི། བདག་དང་། གང་ཟག་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། ཚོར་བ་པོ་དང་། བྱེད་པ་པོ་དང་། ཉེ་བར་ལེན་པ་པོ་ལ་སོགས་པ་རྣམས་སོ། །དེ་དག་ནི་ཐ་སྙད་དུ་ཡོད་ཅིང་། དེ་ཉིད་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་ནོ། །དེ་དང་དེ་རང་བཞིན་གྱིས་གྲུབ་པ་ལ་གང་ཟག་གི་བདག་ཅེས་ཟེར་ཞིང་། དེ་ལྟར་ཞེན་པའི་བློ་དེ་ལ་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཞེས་བྱའོ། །བློ་དེའི་དམིགས་པ་ཡིན་ན། བདག་ཡིན་པས་ཁྱབ་ལ། ཕུང་པོ་ནི་དེའི་དམིགས་པ་མ་ཡིན་ཏེ། ཡིན་ན་བདག་ཏུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཡང་རང་རྒྱུད་ཀྱིས་བསྡུས་པའི་ང་དང་ང་ཡི་བ་ལ་དམིགས་ནས། རང་བཞིན་གྱིས་གྲུབ་པར་ཞེན་པའི་བློའོ། །དེ་དང་གང་ཟག་གི་བདག་འཛིན་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ལ་མུ་བཞི་སྟེ། མུ་དང་པོ་འཇིག་ཚོགས་ལ་ལྟ་བ་ཡིན་ལ། ཅིག་ཤོས་མ་ཡིན་པ་ནི། རང་རྒྱུད་ཀྱིས་བསྡུས་པའི་ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློའོ། །མུ་གཉིས་པ་ཅིག་ཤོས་ཡིན་ལ་དེ་མ་ཡིན་པ་ནི་གང་ཟག་གཞན་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློའོ། །གཉིས་ཀ་ཡིན་པ་ནི། རང་རྒྱུད་ཀྱི་ང་ཙམ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློའོ། །ང་ཡི་བའི་མཚན་གཞི་ཡང་ལྷ་སྦྱིན་རང་གི་མིག་དང་རྣ་བ་ལ་སོགས་པ་ལྟ་བུའོ། །བདག་འཛིན་གཉིས་པོ་ཡང་དམིགས་པས་འབྱེད་པ་ཡིན་གྱི། འཛིན་སྟངས་ལ་ཁྱད་པར་མེད་ལ། དེ་ལྟ་ན་ཡང་། བདག་འཛིན་གཉིས་འགལ་བ་ཡིན་ཏེ། དེ་གཉིས་ཀྱི་དམིགས་པ་ལ་གཞི་མཐུན་མི་སྲིད་པའི་ཕྱིར། དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཡིན་ན། ཆོས་ཀྱི་བདག་འཛིན་མ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་སྨྲ་བར་བྱེད་དོ། །འདི་མི་འཐད་པ་ལ་གསུམ་སྟེ། ཐ་སྙད་དུ་བདག་ཡོད་པ་ཐལ་འགྱུར་བའི་རང་ལུགས་ཡིན་པ་མི་འཐད། བདག་འཛིན་གཉིས་ཀྱི་ཁྱད་པར་འབྱེད་ལུགས་མི་འཐད། ང་ཡི་བའི་ངོས་འཛིན་ནོར་བས་གྲུབ་མཐའི་རྩ་བ་འཆུགས་པའོ། །དང་པོ་ལ་བཞི་སྟེ། ལུང་དང་འགལ་བ། རིགས་པ་དང་འགལ་བ། ཁས་བླངས་ནང་འགལ་བ། དེ་དག་གི་ཉེས་སྤོང་མི་འཐད་པའོ། །དང་པོ་ནི། གང་ཟག་གི་ངོས་འཛིན་དེ་ལྟར་བྱས་ནས། དེ་ཉིད་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་དང་། དེ་འཕགས་པའི་ཐ་སྙད་དུ་ཡོད་དོ་ཞེས་ཟེར་བ་དེ་དག་ལ་ནི། ཟླ་བའི་ཞབས་ཀྱིས། དབུ་མ་ལ་འཇུག་པར། གང་ཟག་གི་བདག་འགོག་པའི་རིགས་པ་ཇི་སྐད་གསུངས་པ་དེ་དག་ཐམས་ཅད་ཇི་ལྟ་བ་བཞིན་དུ་འཇུག་པར་མཐོང་ངོ་། །ཇི་ལྟར་ཞེ་ན་ཉན་ཐོས་པ་དག་རང་རྒྱུད་ཀྱི་ཕུང་པོ་བདག་འཛིན་གྱི་དམིགས་པ་དང་། བདག་གི་གཞི་མཐུན་དུ་ཁས་ལེན་ལ། ཟླ་བས་གནོད་བྱེད་ཀྱི་ཐལ་འགྱུར་བཅུ་འཕངས་པ་དེ་ཉིད་འཇུག་པ་ཡིན་ཏེ། ཁྱེད་ཅག་གིས་གང་ཟག་བདག་གི་མཚན་གཞིར་ཁས་བླངས་ཤིང་། དེ་འདུ་བྱེད་ཀྱི་ཕུང་པོར་ཁས་ལེན་པའི་རང་སྡེ་སུ་ཡང་མེད་པར་ཁྱེད་ཀྱིས་འདོད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་འདོན་པར་བྱ་སྟེ། འདུ་བྱེད་ཕུང་པོ་བདག་ན་དེའི་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པ་ཕྱིན་ཅི་ལོག་མི་འགྱུར། །མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །ཞེས་བྱ་བའི་ཐལ་བ་བཞི་པོ་འདི་ཐོག་མར་འཇུག་གོ །དེ་ཡང་ཐོག་མར་ལྷ་སྦྱིན་ལྟ་བུ་ཅིག་གི་རྒྱུད་ལ་བདག་མང་པོ་ཡོད་པར་འགྱུར་ཏེ། ང་ཙམ་བདག་ཡིན་ཞིང་། དེ་ལ་སྐད་ཅིག་སྔ་ཕྱིའི་སྐྱེ་འགག་གི་རིམ་པ་མང་པོ་ཡོད་པའི་ཕྱིར། དེ་སྐད་དུ་ཡང་། འགྲེལ་པ་ལས། གང་གི་ལྟར་ན་སེམས་བདག་ཡིན་པ་དེའི་ལྟར་ན། སྐད་ཅིག་རེ་རེ་ལ་རྣམ་པར་ཤེས་པ་སྐྱེ་བ་དང་འགག་པ་མང་བའི་ཕྱིར་བདག་ཀྱང་མང་པོར་འགྱུར་རོ། །ཞེས་གསུངས་སོ། །ཐལ་བ་གཉིས་པ་ནི། བདག་ནི་རྫས་སུ་ཡོད་པར་འགྱུར་ཏེ། ཕུང་པོ་ལྔ་པོ་གང་རུང་གི་ནང་མཚན་ཞིག་བདག་ཡིན་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་པ་ལས། ཕུང་པོ་རྣམས་ཁོ་ན་ལ་བདག་ཏུ་སྙད་པའི་ཕྱིར། བདག་རྫས་སུ་ཡོད་པར་འགྱུར་ན། ཞེས་གསུངས་སོ། །རིགས་པ་གསུམ་པ་ནི། འཇིག་ལྟ་ཆོས་ཅན། ཕྱིན་ཅི་ལོག་མ་ཡིན་པར་ཐལ། རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། སྔོན་པོ་འཛིན་པའི་མིག་ཤེས་བཞིན། འདིར་ཕྱིན་ཅི་ལོག་ཅེས་པ་མེད་བཞིན་དུ་ཡོད་པར་འཛིན་པ་ལ་བཤད་དོ། །གལ་ཏེ་རང་ལུགས་ལ་ཕུང་པོ་རྫས་སུ་མི་འདོད་པས་ཉེས་པ་དེ་མེད་དོ་སྙམ་ན། འོ་ན་ལེགས་ལྡན་འབྱེད་ཀྱང་རྣམ་ཤེས་ཀྱི་ཕུང་པོ་རྫས་སུ་མི་འདོད་པ་ལ་ཉེས་པ་དེ་ཇི་ལྟར་འཇུག ཁྱོད་ཀྱིས་སྟོན་དགོས་པ་ཡིན་ནོ། །ཐལ་བ་བཞི་པ་ནི། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་བདག་ཆད་པར་འགྱུར་ཏེ། དེའི་སྔ་རོལ་ན་བདག་ཡོད་པ་གང་ཞིག གནས་སྐབས་དེར་དེ་ཆད་པའི་ཕྱིར། དེར་དེ་རྒྱུན་མ་ཆད་པར་ཡོད་ན། གནས་སྐབས་དེ་ན་དེ་འདོགས་མཁན་གྱི་རྟོག་པ་ཡོད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་ཡང་སྦྱར་རོ། །དེ་སྐད་དུ་འགྲེལ་པ་ལས། བདག་ནི་མྱ་ངན་ལས་འདས་པའི་དུས་སུ་ཡང་རྒྱུན་ཆད་པར་ཁས་བླང་བར་མི་བྱ་སྟེ། མཐར་འཛིན་པའི་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་དང་། བདག་ཀྱང་སྐྱེ་ཞིང་འཇིག་པར་འགྱུར་ཏེ། ཕུང་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཐལ་བ་ལྔ་པ་ནི། གཞན་གྱིས་བྱས་པའི་འབྲས་བུ་གཞན་གྱིས་མྱོང་བར་ཐལ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་སྐད་ཅིག་གིས་འཇིག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་དང་། དེའི་འགྲེལ་པར། གལ་ཏེ་སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ཕྱི་མ་རྣམས་སུ་ཉེ་བར་ལོངས་སྤྱོད་ན་དེའི་ཚེ་གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། ལས་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་རོ། །ཞེས་གསུངས་སོ། །རིགས་པ་དྲུག་པ་ནི། བདག་དང་འཇིག་རྟེན་རྟག་མི་རྟག་གང་རུང་དུ་ལུང་བསྟན་དུ་ཡོད་པར་འགྱུར་ཏེ། དེ་གཉིས་ཀ་མི་རྟག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །ཞེས་དང་། འགྲེལ་པར། གང་གི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ཉིད་ལ་སོགས་པ་མེད་པར་འདོད་པ་དེའི་ཕྱིར་ཕུང་པོ་རྣམས་དང་སེམས་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །ཞེས་གསུངས་སོ། །ཐལ་འགྱུར་བདུན་པ་ནི། ཇི་སྐད་དུ་ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིན། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་གསུངས་པའི་རིགས་པ་དེ་ཡང་ཁྱེད་ལ་གདོན་མི་ཟ་བར་འཇུག་སྟེ། དེ་ཡང་འདི་ལྟར་ང་ཙམ་དང་གང་ཟག་ཆོས་ཅན། བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་ཁྱོད་མེད་པར་མཐོང་བར་ཐལ། བདག་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འགྲེལ་པ་ལས། གལ་ཏེ་ཕུང་པོ་རྣམས་བདག་ཡིན་ན། གང་གི་ཚེ་རྣལ་འབྱོར་པ་འདིས་བདག་མེད་པའི་རྣམ་པར་སྡུག་བསྔལ་གྱི་བདེན་པ་མཐོང་བ་དེའི་ཚེ། ཕུང་པོ་མེད་པར་མཐོང་བར་འགྱུར་ན་དེ་ལྟར་ཡང་འདོད་པ་མ་ཡིན་ཏེ། ཞེས་གསུངས་སོ། །རིགས་པ་བརྒྱད་པ་ནི། ཇི་སྐད་དུ། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་རིགས། །ཞེས་གསུངས་པའི་ཐལ་བ་དེ་ཡང་ཁྱེད་ལ་གདོན་མི་ཟ་བར་འཇུག་སྟེ། འདི་ལྟར། ང་ཙམ་དང་གང་ཟག་བདག་ཡིན་པ་མི་རིགས་པར་ཐལ། བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་གང་ཟག་རང་བཞིན་གྱིས་མ་གྲུབ་པར་མཐོང་བ་ལ་བདག་མེད་མཐོང་བའི་དོན་དུ་འཇོག་པའི་ཕྱིར། དེ་སྐད་དུ་ཡང་། འགྲེལ་པ་ལས། གལ་ཏེ་ཆོས་ཐམས་ཅད་བདག་མེད་དོ། །ཞེས་བྱ་བ་འདིར། བདག་གི་སྒྲ་ཕུང་པོ་ལ་འཇུག་པར་མི་འདོད་ན། གཞན་དུ་ཡང་མི་འདོད་པར་བྱ་དགོས་སོ། །ཞེས་གསུངས་སོ། །རིགས་པ་དགུ་པ་ནི། ཇི་སྐད་དུ། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོག་མེད་ཕྱིར། །ཞེས་པའི་གཞུང་གིས་བསྟན་པའི་རིགས་པ་དེ་ཡང་ཁྱེད་ལ་འཇུག་སྟེ། འདི་ལྟར་ཐལ་འགྱུར་བ་རང་ལུགས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་རྣལ་འབྱོར་པ་རྗེས་ཐོབ་ལ་གནས་པ་དེ་ཆོས་ཅན། ང་ཙམ་ལ་དམིགས་པའི་ཆགས་སོགས་སྐྱེ་བར་འགྱུར་ཏེ། ང་ཙམ་ལ་དམིགས་ནས་བདག་ཏུ་འཛིན་པའི་འདུ་ཤེས་འཇུག་པའི་ཕྱིར་ཞེས་པའོ། །དེ་ཡང་གཞུང་དེའི་བསྟན་བྱའི་དོན་ནི། རྣལ་འབྱོར་པ་དེ་རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་བདག་ཏུ་འཛིན་པའི་འདུ་ཤེས་འཇུག་ན་ཕུང་པོ་ལ་དམིགས་པའི་ཆགས་སོགས་སྐྱེ་བར་ཐལ་བ་འཕངས་པ་ཡིན་ལ། དེ་ལྟར་འཕན་ནུས་པའི་རྒྱུ་མཚན་ཡང་། ཕུང་པོ་ཉིད་བདག་ཡིན་པར་འཛིན་པའི་འདུ་ཤེས་མ་ལོག་པར་དེའི་སྟེང་དུ་བདག་རྟག་པ་མེད་པར་རྟོགས་པ་ཙམ་གྱིས་བདག་མེད་རྟོགས་པའི་གོ་ཆོད་དོ། །ཞེས་ཉན་ཐོས་སྡེ་པ་ཁས་ལེན་པ་ལ། ཟླ་བའི་ཞབས་ཀྱིས་ཐལ་བ་དེ་ལྟར་དུ་འཕངས་པ་ཡིན་ལ། དེ་བཞིན་དུ་ཁྱེད་ཀྱང་རྣལ་འབྱོར་པ་རང་ཉིད་བདག་ཡིན་པར་འཛིན་པའི་འདུ་ཤེས་མ་ལོག་པར་ང་ཙམ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ཙམ་གྱིས་གང་ཟག་གི་བདག་མེད་རྟོགས་པའི་གོ་ཆོད་པར་འདོད་པ་ལ་ཐལ་བ་དེ་གདོན་མི་ཟ་བར་འཇུག་པ་ཡིན་ནོ། །ཟླ་བའི་ཞབས་ཀྱིས་གང་ཟག་གི་བདག་བཀག་པའི་རིགས་པ་བཅུ་པ་ནི་ཇི་སྐད་དུ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་ལ། །དེ་ཕྱིར་བདག་མེད་རྟོགས་པས་བདག་ལྟ་བ། །ཅིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་གསུངས་སོ། །གཞུང་དེའི་དོན་ནི། ཕུང་པོ་བདག་ཡིན་ན། བདག་རྟག་པ་མེད་པར་རྟོགས་པ་ཙམ་གྱིས་བདག་འཛིན་གྱི་ས་བོན་སྤོང་མི་ནུས་ཞེས་པ་ཡིན་ལ། རིགས་པ་དེ་ནི་ཁྱེད་ཅག་ལ་ཡང་གདོན་མི་ཟ་བར་འཇུག་སྟེ། འདི་ལྟར། བདག་མེད་རྟོགས་ཚེ་བདེན་པའི་བདག་སྤོང་ཞིང་། །དེ་ནི་ངར་འཛིན་བརྟེན་དུའང་ཞེས་སོགས་འདོན་པར་བསྒྱུར་བས་སོ། །ཇི་ལྟར་ཞེ་ན། ང་ཙམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་ངར་འཛིན་ལྷན་སྐྱེས་ཀྱི་ས་བོན་འབྱིན་མི་ནུས་ཏེ། དེ་རང་བཞིན་གྱིས་གྲུབ་པ་དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་མ་ཡིན་པར་ཁྱེད་ཅག་གིས་ཀྱང་འདོད་དགོས་པའི་ཕྱིར། དེ་དགོས་ཏེ་དེ་འདྲ་དེ་སྐབས་འདིའི་བདག་ཏུ་མི་འདོད་པར་ང་ཙམ་ཉིད་བདག་ཏུ་ཁས་ལེན་པའི་ཕྱིར། དེའི་ཁྱབ་འབྲེལ་ཡང་། བདག་རྟག་པ་དེ་འདིའི་སྐབས་ཀྱི་བདག་ཏུ་མི་འདོད་པར་ཕུང་པོ་ཉིད་བདག་ཏུ་འདོད་ན། དེ་དེའི་འཛིན་སྟངས་ཀྱི་གཟུང་བྱ་མ་ཡིན་པར་ཉན་ཐོས་སྐྱེ་པས་ཁས་ལེན་དགོས་པ་བཞིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། འཇུག་པ་རྩ་འགྲེལ་དུ། གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པའི་སྐབས་དེར། ཐ་སྙད་དུ་ཡོད་པར་ཁས་ལེན་རྒྱུའི་བདག་གཅིག་དང་། རིགས་པའི་དགག་བྱར་ཁས་ལེན་རྒྱུའི་བདག་གཅིག་སྟེ། གཉིས་ཀྱི་ཕྱེ་གསལ་བྱེད་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། དེ་ལྟར་འཆད་པའི་གཞུང་འགྲེལ་མེད་པའི་ཕྱིར་དང་། ཐ་སྙད་དུ་ཤིང་རྟ་དང་མཚུངས་པར་བཤད་པའི་བདག་དེ་ཉིད་རིགས་པའི་དགག་བྱ་དང་། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་བཤད་པའི་ཕྱིར། དེ་སྐད་དུ་ཡང་། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་དང་། དེའི་འགྲེལ་པར། གང་གི་ཕྱིར་འདི་ཡོད་པ་མ་ཡིན་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་། གཏི་མུག་ལས་ཐ་སྙད་འདོགས་པ་དེ་ཉིད་ཀྱི་ཕྱིར། ཞེས་དང་། སྔ་འགྲེལ་དུ། མ་རིག་པའི་དབང་གིས་ཡོད་པ་ཉིད་དུ་ཞེན་པར་བྱས་ནས། འཇིག་ཚོགས་ལ་ལྟ་བས་འདི་ནི། བདག་གོ་སྙམ་དུ་མངོན་པར་ཞེན་པ་ཞེས་གསུངས་པའི་ཕྱིར་དང་། ཇི་སྐད་དུ། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་ངོས་བཟུང་ནས་དེ་འགོག་བྱེད་ཀྱི་རིགས་པ་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེ་ལ་ཕྱི་རོལ་པས་ཕུང་པོ་ལས་རྫས་གཞན་དུ་གྱུར་པའི་བདག་རྟག་པ་དེའི་གཟུང་བྱར་འདོད་པ་དང་། རང་སྡེ་མང་བཀུར་བས་ཕུང་པོ་ཉིད་དེའི་གཟུང་བྱར་གྱུར་པའི་བདག་ཏུ་འདོད་པ་དང་། གནས་མ་བུའི་སྡེ་པས། བརྗོད་དུ་མེད་པའི་བདག་ཉིད་དེའི་དེར་འདོད་པ་བསལ་ནས། རང་ལུགས་ལ་ཤིང་རྟ་འཛིན་པའི་རྟོག་པས་ཤིང་རྟ་རང་གི་ཡན་ལག་ལ་འདོགས་པ་དཔེར་བྱས་ནས། ངར་འཛིན་ལྷན་སྐྱེས་ཀྱིས་རང་རྒྱུད་ཀྱི་ཕུང་པོ་ལ་བརྟེན་ནས་ངའོ་ཞེས་སྒྲོ་འདོགས་པའི་ང་ཙམ་དེ་དེའི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པ་དེ་ཐོག་མར་ངེས་པར་བྱས་ལ། དེའི་འོག་ཏུ་དེ་འདྲའི་ང་ཙམ་དེ། རང་གང་ལ་བརྟེན་ནས་བཏགས་པའི་ཕུང་པོ་དེ་དང་། གཅིག་དང་ཐ་དད་སོགས་བཏགས་དོན་ཚོལ་བྱེད་ཀྱི་རིགས་པ་ལྔས་བཙལ་བ་ན་གང་དུ་ཡང་མ་རྙེད་པ་དེ་ལ་གང་ཟག་གི་བདག་མེད་རིགས་པས་བསྒྲུབས་པའི་དོན་དུ་བཤད་པའི་ཕྱིར་དང་། དེ་ལྟ་བུའི་ང་ཙམ་དེ་ལ་རིགས་པས་མ་བརྟགས་པའི་ཐ་སྙད་དུ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོའི་ཐ་སྙད་འདོགས་པའི་ཕྱིར་དང་། བྱེད་པ་པོ་དང་། མྱོང་བ་པོ་དེ་ཉིད་གང་ཟག་གི་བདག་འགོག་པའི་སྐབས་ཀྱི་རིགས་པའི་དགག་བྱར་རྩོད་མེད་དུ་བཤད་པའི་ཕྱིར། དེ་སྐད་དུ། ཤིང་རྟ་ཚིག་ན་ཡན་ལག་མེད་དེ་བཞིན། །བློས་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ །ཞེས་དང་། ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །དངོས་ཡོད་མིན་ཕྱིར་འདི་ནི་བརྟེན་མིན་ཞིང་། །མི་བརྟེན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །ཞེས་སོགས་ཀྱིས་བྱེད་པ་པོ་དེ་ཉིད་བཀག་པའི་ཕྱིར། གཞན་ཡང་། ཁྱེད་ཀྱིས་བདག་དངོས་པོར་ཁས་ལེན་པས་སྐྱེ་འཇིག་ཅན་དུ་འགྱུར་ལ། དེ་ལྟ་ན་རྩ་བ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་པའི་གཞུང་གི་ཕྱོགས་སྔ་མ་ཁས་བླངས་སོ། །ཡང་གང་ཟག་ཉིད་བདག་གི་མཚན་གཞིར་འདོད་ན། ཕུང་པོ་དང་བདག་གི་གཞི་མཐུན་ཁས་བླངས་པས། བསྟན་བཅོས་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླངས་པ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་པ་དང་འགལ་ཞིང་། ཡང་བདག་དངོས་པོར་ཁས་ལེན་ན། ཇི་སྐད་དུ། དངོས་ཡོད་མིན་ཕྱིར་འདི་ནི་བརྟེན་མིན་ཞིང་། །ཞེས་སོགས་དང་འགལ་བར་ངེས་སོ། །གཞན་ཡང་དཔེར་ན། སྐྱེས་བུ་ལྷ་སྦྱིན་ཉིད་བདག་གི་མཚན་གཞིར་ཁས་ལེན་པ་ལྟར་ན། འདི་ལྟར་སྐྱེས་བུ་ལྷ་སྦྱིན་དང་བུད་མེད་ལྷ་སྦྱིན་དང་མ་ནིང་ལྷ་སྦྱིན་རྣམས་ཆོས་ཅན། བདག་མ་ཡིན་ཏེ། གོ་རིམ་བཞིན་དུ། སྐྱེས་པ་ཡིན་པའི་ཕྱིར་དང་། བུད་མེད་ཡིན་པའི་ཕྱིར་དང་། མ་ནིང་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། བརྒྱ་པ་ལས། གལ་ཏེ་ནང་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །ཁྱོད་བདག་ཕོ་འོ་སྙམ་དུ་སེམས། །ཞེས་དང་། དེའི་འགྲེལ་པར། བདག་ནི་སྐྱེས་པའོ། །བདག་ནི་བུད་མེད་དོ་སྙམ་པའི་བསམ་པ་འདི་ནི་མི་ཤེས་པ་ལས་ཡིན་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་སོ། །གཞན་ཡང་། ལྷའི་རྟེན་ལ་ལས་བསགས་ནས་མིའི་རྟེན་ལ་མྱོང་བ་དེའི་ཚེ། ལས་བྱེད་པ་པོའི་བདག་ལྷ་དང་། རྣམ་སྨིན་མྱོང་བ་པོའི་བདག་མིར་ཁས་བླངས་པས། གཞན་གྱིས་བསགས་པའི་རྣམ་སྨིན་ལ་གཞན་གྱིས་ལོངས་སྤྱོད་པའི་ཉེས་པ་དེ་ཉིད་དབུ་མ་པ་ཁྱེད་ཀྱིས་ཁས་བླངས་སོ། །དེ་སྐད་དུ་ཡང་བསྟན་བཅོས་ལས། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟ་ན་ནི་རྟག་པར་འགྱུར། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །ཞེས་གསུངས་སོ། །གཞན་ཡང་བརྒྱ་པ་ལས། གལ་ཏེ་བདག་ཅེས་བྱ་ཡོད་ན། །བདག་མེད་སྙམ་དེ་མི་རིགས་ཤིང་། །དེ་ཉིད་རིག་པ་ངེས་པ་ལས། །མྱ་ངན་འདའ་འགྱུར་ཞེས་ཀྱང་རྫུན། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང་འགལ་ལོ། །གཞན་ཡང་སྐྱེས་བུ་དང་བདག་དོན་གཅིག་ཏུ་འདོད་པ་ཁྱེད་ཀྱི་ལྟར་ན། ཉན་ཐོས་དགྲ་བཅོམ་པ་དང་སངས་རྒྱས་དང་འཕགས་པ་ཡང་བདག་ཏུ་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དུ་འགྱུར་ལ། དེ་ཡང་དེ་ལྟ་ན་དགྲ་བཅོམ་པའི་རྒྱུད་ལ་དེར་འདོགས་མཁན་གྱི་རྟོག་པ་ཡོད་པར་འགྱུར་རོ། །གལ་ཏེ་དེ་ལ་ཁྱབ་པ་མེད་པར་འདོད་ན་ནི་གང་ཟག་གཞན་གྱི་རྟོག་པས་གང་ཟག་གཞན་ལ་ངར་འཛིན་པ་ཡོད་པར་འགྱུར་ཏེ། དགྲ་བཅོམ་པའི་ཕུང་པོ་ལ་བརྟེན་ནས་ང་ཙམ་དུ་འདོགས་མཁན་གྱི་རྟོག་པ་ཡོད་ལ། རྟོག་པ་དེ་དགྲ་བཅོམ་པའི་རྒྱུད་ལ་མེད་པའི་ཕྱིར་རོ། །གཞན་ཡང་བདག་ཡོད་ན་དེ་ཚད་མས་དམིགས་པར་འགྱུར་ལ། དེ་ལྟ་ན་ཚད་མ་གང་གིས་དམིགས། མངོན་སུམ་གྱིས་དམིགས་ན། ཕྱི་རོལ་གྱི་དོན་དང་ཤེས་པ་དང་ཡུལ་གྱི་གནས་ལུགས་གང་རུང་དུ་ཐལ་བར་འགྱུར་ཏེ། མངོན་སུམ་བཞི་པོ་གང་རུང་ཚད་མར་སོང་བའི་གཞལ་བྱ་ཡིན་པའི་ཕྱིར་རོ། །རྗེས་དཔག་གིས་དམིགས་ན་ནི་གང་ཟག་བདག་ཏུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡོད་པར་འགྱུར་བ་དང་། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། གང་ཟག་བདག་ཏུ་འཇལ་བའི་ཚད་མ་དང་དེ་བདག་མེད་དུ་འཇལ་བའི་ཚད་མ་གཉིས་ཀ་ཡོད་པའི་ཕྱིར། དེ་ཡོད་དེ་ཕུང་པོ་བདག་མེད་དུ་འཇལ་བའི་ཚད་མ་ཡོད་པའི་ཕྱིར་རོ། །མདོར་ན། གང་བདག་ཏུ་འཛིན་པའི་བློ་ཡིན་ན། ཚད་མ་མ་ཡིན་པས་ཁྱབ། དཔེར་ན་གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་བཞིན། ང་ཙམ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་འཛིན་པའི་བློ་ཐམས་ཅད་བདག་ཏུ་འཛིན་པའི་བློ་ཡིན་ནོ། །ཞེས་བྱ་བ་འདི་ནི་རིགས་པའོ། །གཞན་ཡང་ཕུང་པོའི་སྟེང་ན་ང་ཙམ་ཡོད་པར་འདོགས་མཁན་གྱི་རྟོག་པ་དེ་འཛིན་སྟངས་དོན་དང་མཐུན་པའི་རྟོག་པར་འགྱུར་ཏེ། དེའི་སྟེང་ན་ང་ཙམ་ཡོད་པའི་ཕྱིར་རོ། །འདོད་ན་འཇིག་ཚོགས་ལ་ལྟ་བ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་། འཛིན་སྟངས་དོན་དང་མཐུན་པའི་རྟོག་པར་འགྱུར་ལ། འདོད་ན། ལོག་ཤེས་མ་ཡིན་པར་འགྱུར་རོ། །གཞན་ཡང་། ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་སྒྲུབ་མི་ནུས་པར་འགྱུར་ཏེ། དེ་ལ་བདག་ཡོད་པའི་ཕྱིར་རོ། །གཞན་ཡང་གྲུབ་མཐའ་སྨྲ་བ་འོག་མ་རྣམས་ཀྱིས་ཉེར་ལེན་གྱི་ཕུང་པོ་བདག་མེད་དུ་གཏན་ལ་ཕབ་པ་དེ་ཉིད་དབུ་མའི་གྲུབ་མཐའ་ལ་འཇུག་པའི་གེགས་ཡིན་པར་འགྱུར་ཏེ། དབུ་མའི་གྲུབ་མཐའ་ལ་ཞུགས་ནས་བདག་ཡོད་པར་ཁས་ལེན་དགོས་པའི་ཕྱིར། མདོར་ན་བདག་གཉིས་པོའི་ངོས་འཛིན་ཚུལ་གང་དུ་ཡང་མ་གཏོགས་པའི་ལས་འབྲས་ཀྱི་བརྟེན་དུ་གྱུར་པའི་བདག་ཚད་མས་གྲུབ་པར་ཁས་ལེན་པ་འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་འཆད་པའི་ཁུངས་ཐུབ་ཀྱི་གཞུང་འགྲེལ་མི་སྣང་བའི་ཕྱིར་དང་། སློབ་དཔོན་ཟླ་བའི་ཞབས་ཀྱིས་ནི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཉིད་ལས་འབྲས་ཀྱི་རྟེན་དང་། དེ་ཉིད་རྟགས་ཀྱི་དགག་བྱར་བཤད་པའི་ཕྱིར་རོ། །གསུམ་པ་ཁས་བླངས་དང་འགལ་བ་ནི། འདི་ལྟར། ང་ཡོད་པར་ཁས་ལེན་པ་དང་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་མེད་པར་འདོད་པ་འགལ། བདག་ཡོད་པ་དང་བདག་མེད་རྟོགས་པའི་ཤེས་རབ་འཛིན་སྟངས་མ་འཁྲུལ་བར་འདོད་པ་འགལ། བདག་ཡོད་པ་དང་ཆོས་ཐམས་ཅད་བདག་མེད་དུ་འདོད་པ་འགལ། བདག་མེད་ཀྱི་གོ་བ་བདེན་མེད་ཁོ་ན་ལ་འཆད་པ་དང་བདག་གི་གོ་བ་བདེན་གྲུབ་ལ་མི་འཆད་པ་འགལ། བདེན་མེད་མ་རྟོགས་ན་བདག་མེད་རྟོགས་པའི་གོ་མི་ཆོད་པར་འདོད་པ་དང་བདེན་གྲུབ་མ་ཡིན་པའི་ང་ཙམ་གྱིས་བདག་གི་གོ་ཆོད་པར་འདོད་པ་འགལ། མངོན་པ་ལ་གྲགས་པའི་ངར་འཛིན་གྱིས་ངར་འཛིན་གྱི་གོ་མི་ཆོད་པ་དང་དེ་ལ་གྲགས་པའི་ཉོན་མོངས་ཀྱིས་ཉོན་མོངས་ཀྱི་གོ་ཆོད་པར་འདོད་པ་འགལ། གཞན་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཆོས་ཅན། གཞན་ལ་རག་མ་ལས་པའི་ངོ་བོར་ཐལ། བདག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཇི་སྐད་དུ། བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། དེ་མེད་པའི་ཕྱིར། བདག་མེད་པའོ། །ཞེས་པའི་ལུང་ཁྱེད་ཀྱིས་ཤེས་བྱེད་དུ་དྲངས་ནས། བདག་དང་བདག་མེད་ཀྱི་གོ་བ་དེ་ལྟར་བཤད་པ་དང་འགལ་ལོ། །ཡང་ལས་དང་ཉོན་མོངས་པའི་རྣམ་སྨིན་དུ་གྱུར་པའི་སྐྱེས་བུ་ལྷ་སྦྱིན་ཆོས་ཅན། ཉེ་བར་ལེན་པ་པོ་མ་ཡིན་པར་ཐལ། ཉེ་བར་བླང་བྱ་ཡིན་པའི་ཕྱིར། ཁྱབ་པ་ནི། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །ཞེས་པའི་རྣམ་བཤད་དུ་ཁས་བླངས་སོ། །རྟགས་མ་གྲུབ་ན་ནི། ལས་ཀྱི་རྣམ་སྨིན་ཡིན་པར་འགལ་ལོ། །འདོད་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་པར་འགལ་ལོ། །གཞན་ཡང་། འཁོར་བ་པའི་སྐྱེས་བུ་ལྷ་སྦྱིན་ཆོས་ཅན། བདག་མ་ཡིན་ཏེ། ཉེར་ལེན་གྱི་ཕུང་པོ་ཡིན་པའི་ཕྱིར། ཁྱབ་པ་དང་ཐལ་ཆོས་ཁས་བླངས་ཤིང་། རྟགས་གྲུབ་སྟེ། ལས་ཀྱི་རྣམ་སྨིན་དུ་གྱུར་པའི་འདུ་བྱེད་ཀྱི་ཕུང་པོ་ཡིན་པའི་ཕྱིར། གཞན་ཡང་། བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་བདག་དམིགས་པར་ཐལ། བདག་འཛིན་ལྷན་སྐྱེས་ཀྱི་བདག་དམིགས་པ་གང་ཞིག དེ་གཉིས་དམིགས་པ་གཅིག་ལ་འཇུག་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། དེ་ཡིན་ན་དེ་མ་དམིགས་དགོས་པར་ནི། ཇི་སྐད་དུ། དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་པའི་གཞུང་གིས་གྲུབ་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། གཞན་ཡང་ཕུང་པོ་ལ་བདག་ཡོད་པ་དང་། བདག་གཟུགས་དང་ལྡན་པར་ཁས་ལེན་རིགས་པར་འགྱུར་ཏེ། གང་ཟག་ལྷ་སྦྱིན་བདག་ཡིན་པ་གང་ཞིག དེ་ལ་ཕུང་པོ་དང་། ཕུང་པོ་ལ་དེ་ཡོད་པར་ཁས་ལེན་རིགས་པའི་ཕྱིར། ཡང་བདག་དང་འཇིག་རྟེན་རྟག་མི་རྟག་གང་རུང་དང་། མཐའ་དང་ལྡན་མི་ལྡན་གང་རུང་དུ་ཁས་ལེན་རིགས་པར་འགྱུར་ཏེ། དེ་དག་དེ་དང་དེ་གང་རུང་ཡིན་པའི་ཕྱིར། སྔ་མ་ལ་འདོད་ན། འཇིག་ལྟ་ཉི་ཤུ་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་དང་། ཕྱི་མ་འདོད་ན། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་པོ་ལུང་དུ་བསྟན་པའི་ལྟ་བར་ཧ་ཅང་ཐལ་ལོ། །གཞན་ཡང་། གང་ཟག་དང་སྐྱེས་བུ་བདག་ཡིན་ན། ལྷག་མེད་ཀྱི་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་དང་སངས་རྒྱས་འཕགས་པ་ཡང་བདག་ཏུ་ཐལ་བར་འགྱུར་བ་དང་དེ་འདོད་ན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། དེ་དག་གི་རྒྱུད་ལ་ངར་འཛིན་ལྷན་སྐྱེས་ཡོད་པར་འགྱུར་ཏེ། དེ་དེའི་དམིགས་པ་གང་ཞིག དེ་ལས་གཞན་པའི་གང་ཟག་གི་རྒྱུད་ཀྱི་དེ་དང་དེའི་དམིགས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། སེམས་ཅན་དུ་ཐལ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པར་གྱུར་བའི་ང་ཙམ་ཡིན་པའི་ཕྱིར། གལ་ཏེ་འདི་སྙམ་དུ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན། ང་དང་བདག་ཡིན་པས་ཁྱབ་ཀྱང་། ང་ཡིན་པ་ལ་དེས་མ་ཁྱབ་བོ་ཞེ་ན། འོ་ན་དེའི་དམིགས་པ་མ་ཡིན་པའི་ང་ཙམ་དེ་ཆོས་ཅན། ང་དང་བདག་མ་ཡིན་པར་ཐལ། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་མ་ཡིན་པའི་ཕྱིར། རྟགས་ཀྱང་ཁས་བླངས་ཏེ། འཇིག་ལྟ་ལྷན་སྐྱེས་ཀྱིས་མ་དམིགས་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན་ནི། ང་ཙམ་དུ་འདོགས་མཁན་གྱི་བློ་ཡིན་ན། སྤྱིར་རྟོག་པ་དང་བྱེ་བྲག་ངར་འཛིན་གྱི་བློ་ཡིན་པས་མ་ཁྱབ་པར་འགྱུར་ལ། དེ་ཡང་དེ་ལྟ་ན། སངས་རྒྱས་འཕགས་པ་ཆོས་ཅན། རང་རྒྱུད་ཀྱི་ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་པ་པོའི་གང་ཟག་མ་ཡིན་ཏེ། གདགས་གཞི་ཕུང་པོ་ལ་མཚན་མར་འཛིན་པའི་ས་བོན་དྲུང་ནས་ཕྱུང་བའི་ཕྱིར། གཞན་ཡང་། སངས་རྒྱས་ཀྱི་སས་བསྡུས་པའི་བདག་ཡོད་པ་མ་ཡིན་ཏེ། དེ་ན་དེའི་གདགས་གཞི་ཁམས་དྲུག་དང་། རེག་པ་དྲུག་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཡོད་པ་མ་ཡིན་པའི་ཕྱིར། དེའི་ཁྱབ་པ་ངེས་པའི་རྒྱུ་མཚན་ནི། ཇི་སྐད་དུ། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །ཞེས་པ་ནས། སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །ཞེས་པའི་བར་གསུངས་སོ། །གཏན་ཚིགས་གྲུབ་པའི་རྒྱུ་མཚན་ནི། ས་དེ་བསྡུས་ཀྱི་བེམས་པོ་མེད་པའི་ཕྱིར་དང་། ས་དེ་བསྡུས་ཀྱི་སེམས་དང་སེམས་བྱུང་མེད་པར་ནི། ཟླ་བའི་ཞབས་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱིར། དེ་ལྟར་ན་བདག་ཡོད་པར་འདོད་པའི་ཕྱོགས་ལ་ལུང་དང་རིགས་པ་དང་ཁས་བླངས་པ་གསུམ་ཆར་དང་འགལ་བ་འདི་ནི་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །བཞི་པ་དེའི་ཉེས་སྤོང་མི་འཐད་པ་ལ་བཞི་སྟེ། བདག་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་འཆད་པའི་ཉེས་སྤོང་མི་འཐད། བདག་དང་ཤིང་རྟ་ཡོད་མཚུངས་སུ་འཆད་པའི་ཉེས་སྤོང་མི་འཐད། ལས་འབྲས་ཀྱི་རྟེན་ཡིན་པའི་རྒྱུ་མཚན་གྱིས་ཡོད་པར་ཁས་ལེན་དགོས་པའི་ཉེས་སྤོང་མི་འཐད། འཇུག་འགྲེལ་དུ་ཡོད་པར་གསུངས་པའི་རྒྱུ་མཚན་གྱིས་དེ་ཡོད་པར་ཁས་ལེན་དགོས་པའི་ཉེས་སྤོང་མི་འཐད་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། གང་ཟག་དང་ཆོས་ཀྱི་བདག་ཁས་མི་ལེན་ཡང་། བདག་ཙམ་ཞིག་ཁས་ལེན་དགོས་ཏེ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཁས་ལེན་དགོས་པའི་ཕྱིར། དེའི་ཁྱབ་འབྲེལ་ཀྱང་དབུ་མ་ལ་འཇུག་པའི་རྩ་བར་ཕུང་པོ་བདག་ལྟའི་དམིགས་པ་ཡིན་པ་བཀག་ཅིང་། འགྲེལ་པར། བདག་ཁོ་ན་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་བཤད་དོ། །ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། རྩ་བའི་དགོངས་པ་དེ་མ་ཡིན་པ་དང་། འགྲེལ་པའི་དགོངས་པ་དེ་མ་ཡིན་པའོ། །དང་པོ་ནི། ཇི་སྐད་དུ། ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་འོ། །ཞེས་ཕྱོགས་སྔ་མར་བཞག་པ་ནི། དེ་དེའི་དམིགས་པ་ཡིན་པ་འགོག་པ་མ་ཡིན་ཏེ། དེའི་དམིགས་པར་གྱུར་པའི་ཕུང་པོ་དེ་བདག་ཡིན་པ་འགོག་པ་སྐབས་སུ་བབ་པའི་ཕྱིར་དང་། འགྲེལ་པར་ཕུང་པོ་རྣམས་ཁོ་ན། འཇིག་ལྟ་ཉི་ཤུའི་དམིགས་པར་བཤད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཕྱོགས་སྔ་མ་དེ་ཉིད་འགོག་པ་ན། གལ་ཏེ་ཕུང་པོ་བདག་ན་དེའི་ཕྱིར་དེ། །ཞེས་སོགས་གསུངས་པའི་ཕྱིར་དང་། སྤྱིར་ཡང་བསྟན་བཅོས་མཛད་པའི་སློབ་དཔོན་དག་གིས་གང་ཟག་གི་བདག་འགོག་པ་ན། བདག་ཕུང་གཅིག་དང་ཐ་དད་ལ་བཏགས་ནས་འགོག་པ་ཤ་སྟག་ཏུ་ཡོད་ལ། འདིར་ཡང་དེ་ཉིད་འཆད་པ་སྐབས་སུ་བབ་པའི་ཕྱིར་དང་། དེའི་དམིགས་པ་དེ་ཡིན་ན་འགོག་པ་ལ་དགོས་པ་དང་། ནུས་པའི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་གྱི། དེའི་འཛིན་སྟངས་ཁོ་ན་འགོག་པ་སྐབས་སུ་བབ་པའི་ཕྱིར་དང་། དེ་ཉིད་ཀྱི་ཐད་ཀྱི་འགྲེལ་པ་ལས། དེའི་ཕྱིར་བདག་ནི་ཕུང་པོ་ཙམ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཕྱོགས་འདི་ནི་རང་གི་སྡེ་པ་འཕགས་པ་མང་པོས་བཀུར་བ་རྣམས་ཀྱི་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། ཕྱོགས་སྔ་མ་སྨྲ་བས་དེ་དེའི་དམིགས་པར་ཁས་བླངས་པ་ལ། ཕུང་པོ་ཆོས་ཅན། བདག་ཏུ་ཐལ། བདག་ལྟའི་དམིགས་པ་ཡིན་པའི་ཕྱིར་ཞེས་ཐོག་མར་འཕངས་ནས། དེའི་ཁྱབ་པ་ཚད་མས་གྲུབ་ཅིང་འདོད་ན། གལ་ཏེ་ཕུང་པོ་བདག་ན་ཞེས་སོགས་ཀྱི་གནོད་བྱེད་སྟོན་པར་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། བདག་འཛིན་ལྷན་སྐྱེས་ཀྱིས་གང་ལ་དམིགས་ནས་བདག་ཏུ་བཟུང་བའི་དམིགས་པ་དེ་ཉིད་བདག་ཡིན་ནོ། །ཞེས་ཟེར་བ་དེ་ནི། ཟླ་བའི་ཞབས་ཀྱི་རིགས་པས་འགོག་པའི་ཕྱོགས་སྔ་བླ་ན་མེད་པ་ཡིན་པའི་ཕྱིར་དང་། མང་བཀུར་བས་རྩ་བའི་གྲུབ་མཐར། ཕུང་པོ་བདག་ཏུ་ཁས་བླངས་ཟིན་བཞིན་དུ། སླར་ཡང་ཐལ་རོ་དེ་ལྟར་དུ་འཕེན་པ་རིགས་པའི་གཞུང་ལུགས་མ་ཡིན་པའི་ཕྱིར། དེ་ཡང་འདི་ལྟར། ངར་འཛིན་ལྷན་སྐྱེས་ཆོས་ཅན། ཞེན་ཡུལ་ལ་མ་འཁྲུལ་བར་ཐལ། ཁྱོད་ཀྱིས་གང་ལ་དམིགས་ནས་བདག་ཏུ་གཟུང་བའི་དམིགས་པ་དེ་ཉིད་བདག་ཡིན་པའི་ཕྱིར་ཞེས་བྱ་བ་འདི་བཟློག་པར་མི་ནུས་སོ། །གཉིས་པ་ནི། ཇི་སྐད་དུ། འགྲེལ་པ་ལས། གང་ཟག་གི་འཇིག་ཚོགས་ལ་ལྟ་བའི་དམིགས་པར་གྱུར་པ་བདག་ཅེས་བྱ་བ་དེ་ཉིད་ཅི་ཞིག་ཅེས་རྣལ་འབྱོར་པས་འདྲེ་ཐོག་མར་བདག་ཁོ་ན་རྣམ་པར་དཔྱོད་པར་བྱེད་དོ། །ཞེས་བཤད་པ་དེ་ལ་བསམས་ནས། ཁྱེད་ཀྱིས་དེ་སྐད་དུ་སྨྲས་པ་ཡིན་མོད། དེའི་དགོངས་པ་ཁྱེད་ཀྱིས་བཤད་པ་དེ་མ་ཡིན་ཏེ། དེ་མ་ཡིན་པ་ལ་སྒྲུབ་བྱེད་ཡོད་པ་དང་། ཡིན་ན་ཁས་བླངས་འགལ་བའི་ཕྱིར། དང་པོ་ནི། དེའི་དམིགས་པ་ཅི་ཞིག་ཡིན་ཞེས་དཔྱོད་དགོས་ན། སྔོན་པོ་ལ་བལྟ་བའི་མིག་ཤེས་ཀྱི་དམིགས་པ་ཅི་ཞིག་ཡིན་ཞེས་དཔྱད་དགོས་པར་འགྱུར་རོ། །དེའི་དམིགས་པ་སྔོན་པོ་ཡིན་པ་ལ་སུ་ཡང་མི་དཔྱོད་པས་དེ་དཔྱོད་མི་དགོས་སོ་ཞེ་ན། འོ་ན་འཇིག་ཚོགས་ལ་ལྟ་བའི་དམིགས་པ་ཡང་འཇིག་ཚོགས་ཉིད་ཡིན་པ་ལ་སུ་ཡང་མི་རྩོད་པས། དེ་དཔྱོད་མི་དགོས་སོ། །གལ་ཏེ་དེའི་དམིགས་པ་དེ་ཡིན་པ་ནི་གྲུབ་མཐའ་འོག་མའི་ལུགས་ཡིན་གྱི། ལུགས་འདི་ལ་མེད་དོ་སྙམ་ན། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ་བསྟན་བཅོས་ལས། རང་ལུས་བལྟ་ཞིང་ཉོན་མོངས་རྣམས། །ཞེས་དང་། བཤེས་སྤྲིང་ལས། རང་ལུས་ལ་བལྟ་བ་ཞེས་བྱ་བ་དང་། འཇུག་པའི་འགྲེལ་པ་ཉིད་ལས་ཀྱང་། འཇིག་ལྟ་ཀུན་བཏགས་ཀྱི་ཕུང་པོ་ལ་དམིགས་པར་བཤད་པས། དེ་ལྷན་སྐྱེས་ཀྱི་དམིགས་པར་ཡང་དེར་འགྲུབ་པའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་ཀྱི། གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པའི་སྐབས་སུ། དེའི་དམིགས་པ་གང་ཡིན་དཔྱད་ནས་འགོག་དགོས་པ་མ་ཡིན་ཏེ། དེ་དགོས་ན་ཆོས་ཀྱི་བདག་འགོག་གི་རིགས་པས་ཀྱང་དེ་དགོས་པར་ཧ་ཅང་ཐལ་བའི་ཕྱིར་དང་། མདོར་ན། བདག་གཉིས་འགོག་བྱེད་ཀྱི་རིགས་པས་བདག་འཛིན་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་དཔྱད་ནས་འགོག་པ་སྐབས་སུ་བབ་པའི་ཕྱིར། དེ་ལྟ་ན་ཡང་འདིར་འཛིན་སྟངས་ཀྱི་གཟུང་བྱ་ལ་དམིགས་པའི་སྒྲས་བསྟན་པ་ཤིན་ཏུ་མང་སྟེ། འཇུག་འགྲེལ་ཉིད་ལས་སྙིང་རྗེ་གསུམ་གྱི་འཛིན་སྟངས་ཀྱི་ཁྱད་པར་འཆད་པ་ན། དེ་གསུམ་གྱི་ཁྱད་པར་དམིགས་པས་འབྱེད་པར་བཤད་པ་དང་། རྩ་བར། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །ཞེས་པའི་ཡུལ་དེ་འཛིན་སྟངས་ལ་འཆད་དགོས་ལ། དེའི་འགྲེལ་པར། དམིགས་པར་གྱུར་པའི་ཡུལ་ཞེས་བཤད་པའི་ཕྱིར། དེ་དགོས་པ་ཡིན་ཏེ། ཡུལ་གྱི་བདག་དེ་རྣལ་འབྱོར་པས་འགོག་པར་གསུངས་པའི་ཕྱིར། གཉིས་པ་ནི། འགྲེལ་པར། འཇིག་ཚོགས་ལ་ལྟ་བའི་དམིགས་པ་ཞེས་བཤད་པ་དེ། འཛིན་སྟངས་ལ་མི་འཆད་པར་དམིགས་རྣམ་གཉིས་ཀྱི་ཟླས་ཕྱེ་བའི་དམིགས་པ་ཁོ་ན་ལ་འཆད་ན། དེའི་དམིགས་པར་གྱུར་པའི་བདག་དེ་རིགས་པས་འགོག་པར་ཁྱེད་རང་གིས་ཁས་བླངས་པ་དང་འགལ་ལོ། །དེ་ལྟར་ཁས་མ་བླངས་སོ་ཞེ་ན། རྩ་བར། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་པའི་རྣམ་བཤད་དུ་དམིགས་ཡུལ་དུ་གྱུར་པའི་བདག་དེ་འགོག་པར་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་ལེན་དགོས་པ་ཡང་ཡིན་ཏེ། རྩ་བ་དེའི་རང་འགྲེལ་དུ། དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། དེ་ཡང་གང་གིས་བདག་མེད་པ་ཉིད་དུ་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས། ཐོག་མར་རྣལ་འབྱོར་པས་བདག་ཁོ་ན་འགོག་པར་བྱེད་དོ། །ཞེས་བཤད་པས་སོ། །གཞན་ཡང་། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཅེས་དང་། ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་འོ། །ཞེས་པའི་སྐབས་དེ་དང་དེར་ཡང་རང་གཞན་གྱི་སྡེ་པ་དེ་དག་གིས་རང་རང་གི་འདོད་པས་བཏགས་པའི་བདག་དེ་དག་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་སུ་མི་འཆད་པས། དམིགས་པ་ཉིད་དུ་ཁས་ལེན་པར་འགྱུར་ཏེ། གཞུང་དེ་དག་ཀྱང་། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་གང་ཡིན་དཔྱོད་པའི་སྐབས་ཡིན་པའི་ཕྱིར། དེ་ཡིན་ཏེ། ཇི་སྐད་དུ། འཇིག་ཚོགས་པ་ལ་ལྟ་བའི་དམིགས་པ་བདག་དེ་ཅི་ཞིག་ཅེས་དེ་ཉིད་མི་ཤེས་སོ་ཞེ་ན། ཞེས་མཚམས་སྦྱར་ནས། ཟ་པོ་རྟག་དངོས་སོགས་གསུངས་པའི་ཕྱིར། དེ་ལ་འདོད་ནུས་པ་མ་ཡིན་ཏེ། གྲངས་ཅན་གྱིས་བདག་རྟག་པ་སོགས་ཁྱད་ཆོས་ལྔ་ལྡན་དེ། འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་ཡུལ་དུ་འདོད་པ་ལ། གང་དག་དུད་འགྲོར་བསྐལ་མང་རྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ཞེས་དང་། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །ཞེས་དང་། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང་། །མི་འདོད་ཅེས་འཛིན་སྟངས་ཀྱི་ཡུལ་ཡིན་པ་བཀག་པའི་ཕྱིར། སྐབས་དེར་རྟེན་ཞེས་པ་ཡང་འཛིན་སྟངས་ལ་འཆད་དགོས་པ་ཡིན་ཏེ། གཞན་དུ་ན། དེ་རིག་མིན་པ་བདག་ལྟའི་ཕྱིར། །ཞེས་པའི་སྒྲུབ་བྱེད་དང་མ་འབྲེལ་བའི་ཕྱིར་དང་། ཇི་སྐད་དུ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །ཞེས་པའི་སྐབས་ཀྱི་རྟེན་དེ་འཛིན་སྟངས་ལ་ངེས་པར་འཆད་དགོས་པ་བཞིན་ནོ། །གཉིས་པ་བདག་དང་ཤིང་རྟ་ཡོད་མཚུངས་སུ་བཤད་པའི་ཉེས་སྤོང་མི་འཐད་པ་ནི། བོད་སྔ་མ་དག་ན་རེ། རང་ལུགས་ལ་ཐ་སྙད་དུ་བདག་ཡོད་པར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །ཞེས་དེ་གཉིས་ཡོད་སྙམ་དུ་གསུངས་པའི་ཕྱིར། ཞེས་ཟེར་རོ། །གཞུང་དེས་ནི། གཉིས་པོ་རང་གི་ཡན་ལག་ལ་བརྟེན་ནས་འདོགས་ཚུལ་མཚུངས་པར་བསྟན་པ་ཡིན་གྱི། ཡོད་སྙམ་དུ་སྟོན་པ་མ་ཡིན་ཏེ། རྩ་བ་དེའི་རང་འགྲེལ་དུ། བདག་མེད་པའི་མདོ་རངས་ནས་བཤད་པའི་ཕྱིར། ཇི་ལྟར་དྲངས་ཞེ་ན། མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདིས་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་དྲངས་ལ། དེ་ཡང་ཚིགས་བཅད་དང་པོས་བདག་མེད་པའི་ཤེས་བྱེད་དང་ཚིགས་བཅད་ཕྱི་མས་དེ་བཞིན་དུ་རྟོག་པས་ཕུང་པོ་ལ་བརྟེན་ནས་འདོགས་པར་བཤད་པ་ཡིན་ནོ། །མདོ་དེའི་དོན་ཁས་བླངས་པ་ཙམ་གྱིས་བདག་ཡོད་པར་ཁས་ལེན་དགོས་ན། མངོན་པ་མཛོད་ཀྱི་རང་ལུགས་ལ་ཡང་དེ་ལྟར་ཁས་ལེན་དགོས་པར་འགྱུར་ཏེ། གནས་བདུན་པར་གོང་གི་མདོ་ཤླཽ་ཀ་གཉིས་པོ་ཁུངས་སུ་དྲངས་ནས། རང་གི་གཞུང་འདོན་པ་ན། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་རྨས་པར་འགྱུར། །བཏགས་པའང་མེད་པར་འགྱུར་འོང་བས། །མེད་དོ་ཞེས་ཀྱང་ཁས་མི་བླང་། །ཞེས་བཤད་པས་སོ། །རང་ལུགས་འདིར། བདག་ཡོད་པར་བཞེད་པའི་བོད་སྔ་མ་དག་གིས་ནི། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་སྙད་དུ་ཡོད་པར་བཞེད་པ་ཡིན་ལ། བདག་ཡོད་པ་ཟླ་བའི་རང་ལུགས་ཡིན་ན། དེ་ལྟར་འདོད་པ་གཞུང་གི་དགོངས་པར་སོང་ཡང་། དེ་ཡོད་པ་དབུ་མའི་རང་ལུགས་མ་ཡིན་ཏེ། ཀུན་རྫོབ་དང་ཐ་སྙད་དུ་ཡོད་པས་ཡོད་པའི་གོ་མི་ཆོད་པའི་ཚུལ་མ་ཤེས་ན། ཟླ་བའི་ཞབས་ཀྱི་གཞུང་ལུགས་དཔྱིས་ཕྱིན་པ་འཆད་མི་ཤེས་པའི་ཕྱིར་དང་། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་གཟུང་བྱ་ཐ་སྙད་དུ་ཡོད་པར་ཁས་བླངས་ནས། ཆོས་ཀྱི་བདག་འཛིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་སྙད་དུ་མེད་པར་ཁས་ལེན་པ་ནི་འགལ་བའི་ཕྱིར་དང་། དེ་ལྟར་ཁས་ལེན་པ་དེ་ཟླ་བའི་ཞབས་ཀྱི་ཀུན་རྫོབ་བདེན་པའི་འཇོག་ཚུལ་གྱི་ཕྱོགས་ཙམ་དུ་ཡང་མ་ཕྱིན་པའི་ཕྱིར་རོ། །འོ་ན་རང་ལུགས་ལ་ཤིང་རྟ་ཡང་ཡོད་པར་ཁས་མི་ལེན་ནམ་ཞེ་ན། དེ་ནི་མི་ལེན་པར་གོང་དུ་རྒྱས་པར་བཤད་ཟིན་པ་ལས་ཤེས་མོད་འདིར་དེའི་རིགས་པ་མདོར་བསྡུས་པ་ནི། ང་དང་ཤིང་རྟ་འཛིན་པའི་རྟོག་པ་ལྷན་སྐྱེས་ཀྱི་གཟུང་བྱ་གཉིས་ཀ་ཡང་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པར་འཇོག་ལ། དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་ཏེ། འཕགས་པའི་ཡེ་ཤེས་ཀྱིས་མ་གཟིགས་ཤིང་། མཐོང་བ་རྫུན་པ་ཁོ་ནས་རྙེད་པའི་ཕྱིར་རོ། །མདོར་ན། དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་བཞག་པའི་དོན་དེ་ཡིན་ན། དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་དགོས་ཏེ། འཇིག་རྟེན་ལ་གྲགས་པའི་དེ་ཡིན་ན། ལུགས་དེ་ལ་ཡོད་པ་མ་ཡིན་དགོས་པ་བཞིན་ནོ། །དེ་ལྟ་ན་ཡང་དེ་གཉིས་ཡོད་པ་མ་ཡིན་པར་རྟོགས་དཀའ་སླའི་ཁྱད་པར་དང་། རྒྱལ་བས་ཆོས་སྟོན་ཚུལ་གྱི་ཁྱད་པར་ལ། སྔ་ཕྱིའི་རིམ་པ་སོ་སོར་ངེས་པ་ཡིན་ཏེ། བདག་མེད་པར་རྟོགས་སླ་ལ། ཤིང་རྟ་མེད་པར་ནི་རྟོགས་དཀའ་བའི་ཕྱིར་དང་། ཉན་ཐོས་སྡེ་པའི་གཞུང་ལས་ཀྱང་། བདག་མེད་པའི་ཚུལ་རྒྱས་པར་བཤད་ཀྱང་། ཤིང་རྟ་དང་སྣམ་བུ་ལ་སོགས་པ་མེད་པའི་ཚུལ་མ་བཤད་པའི་ཕྱིར། ཟླ་བའི་ཞབས་ཀྱི་གཞུང་དུ་ནི། དེ་གཉིས་ཀ་ཡང་། མཐོང་བ་རྫུན་པའི་ངོར་ཡོད་སྙམ་དང་། མཐོང་བ་ཡང་དག་པའི་ངོར་མེད་མཉམ་དུ་བཤད་པ་ཡིན་ནོ། །གསུམ་པ་ལས་འབྲས་ཀྱི་རྟེན་ཡིན་པའི་ཉེས་སྤོང་མི་འཐད་པ་ནི། བོད་ཕྱི་མ་དག་ན་རེ། ཐ་སྙད་དུ་ཡང་བདག་མེད་ན། ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོ་ཡང་མེད་པར་འགྱུར་བ་དང་། སེམས་ཅན་དང་། གང་ཟག་དང་། ཚོར་བ་པོ་དང་། མྱོང་བ་པོ་དང་། སྲོག་དང་། གསོབ་དང་། ཤེད་བུ་དང་། ཤེད་ལས་སྐྱེས་ལ་སོགས་པ་བྱེད་པའི་སྐྱེས་བུ་བཅུ་གཉིས་མེད་པར་འགྱུར་ལ། དེ་ལྟ་ན་ཐ་སྙད་ཀྱི་བདེན་པ་མཐའ་དག་ལས་ཉམས་པར་འགྱུར་རོ། །ཞེས་ཟེར་རོ། །དེ་དག་གི་རྣལ་མའི་ལན་ཡང་སྔར་བཏབ་ཟིན་ཡོད། གཞུང་ལུགས་ཀྱི་ཕུགས་མ་གོ་བ་ལས་བྱུང་བའི་སྨྲ་བ་མང་པོ་དེ་དག་ངེས་པའི་ལམ་དུ་གཞུག་པའི་ཕྱིར་རྣམ་པར་སྤྲོས་ཏེ་བཤད་པར་བྱའོ། །འདི་ལ་གཉིས་ཏེ། དོན་གྱི་ཁོག་ཕུགས་པ་དང་། དངོས་ལན་བཏབ་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ཇི་ལྟར་གྲགས་པའི་ཚུལ་དང་། གྲུབ་མཐའ་སྨྲ་བས་ཇི་ལྟར་ཁས་ལེན་པའི་ཚུལ་ལོ། །དེ་ཡང་འཇིག་རྟེན་གྱི་གྲགས་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་རྣམ་པར་སླད་པའི་ཤེས་པ་ལ་བྱ་ལ། དེས་གྲུབ་པ་ལ་ནི་དེའི་གྲགས་པས་གྲུབ་པ་ཞེས་བྱའོ། །གྲུབ་པའི་མཐའ་ཞེས་བྱ་བ་ནི། བསྟན་བཅོས་ལ་གྲགས་པའི་རིགས་པ་ལ་གྲུབ་པ་ཞེས་བྱ་བ་ཡིན་ལ། དེས་གྲུབ་པ་ལ་ནི་དེའི་མཐའ་ཞེས་བྱའོ། །དེ་ཡང་འདི་ལྟར་ཉོན་མོངས་པ་ཅན་གྱི་མ་རིག་པའི་འཛིན་སྟངས་ཀྱི་གཟུང་བྱ་དངོས་ནི། བདག་ཏུ་རློམ་པ་དེ་ཉིད་ཡིན་ལ། དེ་ལ་མིང་གི་རྣམ་གྲངས་ནི། བྱེད་པའི་སྐྱེས་བུ་བཅུ་གཉིས་ལ་སོགས་པར་གྲགས་པ་དེ་རྣམས་སོ། །དེ་ཡང་གཞན་ལ་རག་མ་ལས་པའི་དོན་གྱིས་སམ། ང་རྒྱལ་བསྲུང་བའི་དོན་གྱིས་སམ། ནང་ཉིད་ཡིན་པའི་དོན་གྱིས་ན་བདག་ཅེས་བྱའོ། །སེམས་པ་དང་བཅས་པས་ན། སེམས་ཅན་ཞེས་བྱའོ། །དེ་དང་དེས་གང་ཞིང་དེ་དང་དེ་ཟག་པའི་དོན་གྱིས་ན་གང་ཟག་ཅེས་བྱའོ། །རིགས་མཐུན་གནས་པའི་དོན་གྱིས་ན་སྲོག་ཅེས་བྱའོ། །སྐྱེ་རྒུའི་བདག་པོ་ཤེད་ཅེས་བྱ་བའི་བུ་ཡིན་པས། ཤེད་བུ་ཅེས་བྱའོ། །ལས་བྱེད་པ་པོ་ཡང་དེ་ཉིད་ཡིན་ལ། རྣམ་སྨིན་ལ་ལོངས་སྤྱོད་པ་པོ་ཡང་དེ་ཉིད་ཡིན་པས་ན་བྱེད་པ་པོ་དང་། ཤེས་པ་པོ་དང་། ཚོར་བ་པོ་དང་། མཐོང་བ་པོ་ལ་སོགས་པ་རྣམས་སོ། །དེ་ཡང་ཞིབ་མོར་ཕྱེ་ན། ང་དང་བདག་ནི་འཇིག་རྟེན་གྱི་གྲགས་པས་ཐོག་མ་མེད་པ་ནས་རང་ཆས་སུ་གྲུབ་པའི་མ་རིག་པས་གྲུབ་པ་ཡིན་པས་ན་འཇིག་རྟེན་གྱི་གྲགས་པ་དངོས་ཡིན་ལ། ལྷག་མ་རྣམས་ནི་འདོད་པའི་ལྷ་དང་མི་ལ་སོགས་པ་རྣམ་པར་རྟོག་པ་ཤེས་ཆེ་བའི་འཇིག་རྟེན་པ་དག་གིས་རྟོག་པས་བཅོས་ནས་བཞག་པའི་ཕྱིར། འཇིག་རྟེན་གྱི་གྲགས་པ་ཉི་ཚེ་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལུགས་འདི་ལ། ང་དང་བདག་ཡིན་ན་སེམས་ཅན་ལ་སོགས་པ་ཡིན་དགོས་ཀྱང་། སེམས་ཅན་ལ་སོགས་པ་ལྷག་མ་རྣམས་ཡིན་ན། ང་དང་བདག་ཡིན་མི་དགོས་ཏེ། རྒྱུད་ཐ་དད་པ་ལ་དམིགས་ནས་ལྷན་ཅིག་སྐྱེས་པའི་བློས་སེམས་ལ་སོགས་པར་འཛིན་ཡང་། ང་དང་བདག་ཏུ་འཛིན་པ་མི་སྲིད་པས་སོ། །མདོར་ན་བདག་དང་། གཞན་ཞེས་བྱ་བ་འདི་གཉིས་ཁོ་ན་འཇིག་རྟེན་གྱི་གྲགས་པས་གྲུབ་པ་ཡིན་ཏེ། གཏི་མུག་ཤིན་ཏུ་ཤེས་ཆེན་པོས་ནོན་པར་གྱུར་པའི་དུད་འགྲོ་དག་གིས་ཀྱང་དེ་ལྟར་འཛིན་པའི་ཕྱིར་རོ། །སེམས་ཅན་ལ་སོགས་པ་རྣམས་ཀྱི་ཐ་སྙད་ནི་བྱེད་པ་པོ་མི་དྲན་ཞིང་། ཐོག་མ་མེད་པ་ནས་འཇིག་རྟེན་ལ་གྲགས་པ་ཡིན་མོད་ཀྱང་། གྲགས་པ་དངོས་མ་ཡིན་ཏེ། དུད་འགྲོ་ལ་སོགས་པའི་འགྲོ་བ་མཐའ་དག་ལ་མ་གྲགས་པའི་ཕྱིར་དང་། གྲུབ་མཐའ་ལ་གྲགས་པའི་རྟོག་པ་འགའ་ཞིག་སྔོན་དུ་བཏང་ནས་བྱས་པའི་ཕྱིར། དཔེར་ན་ཚངས་པ་ལ་མེས་པོར་གྲགས་པ་ལྟ་བུའོ། །དེ་བཞིན་དུ་ཤེད་བུ་དང་། ཤེད་ལས་སྐྱེས་དང་། ལྷའི་དབང་པོ་ལ། བརྒྱ་བྱིན་དང་། ལྷ་མ་ཡིན་པ་ལ་སྔོན་གྱི་ལྷ་དང་། ཚངས་པ་ལ་གསེར་གྱི་མངལ་ལ་སོགས་པར་གྲགས་པ་རྣམས་ཀྱང་ངོ་། །གཉིས་པ་གྲུབ་མཐའ་ལ་གྲགས་པའི་ཚུལ་ལ་གཉིས་ཏེ། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་གྲུབ་མཐའ་ལ་དང་། ཆོས་འདིའི་གྲུབ་མཐའ་ལ་གྲགས་པའོ། །དང་པོ་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བདག་ཏུ་གང་བཟུང་བ་དེ་ཉིད་བདག་ཡིན་ལ་དེའི་མཚན་གཞི་ཡང་གྲངས་ཅན་གྱིས་སྐྱེས་བུ་ཉིད་བདག་ཏུ་འདོད་པ་དང་། དེ་ཉིད་ཟ་བ་པོ་ཡིན་ཡང་། བྱེད་པ་པོ་མ་ཡིན་པ་དང་། ཡོན་ཏན་མེད་པ་དང་། བྱ་བ་མེད་པར་ཁས་ལེན་ལ། བྱེ་བྲག་པས་ནི་སྐྱེས་བུ་ཉིད་བདག་དང་། བྱེད་པ་པོ་དང་། ཟ་བ་པོ་དང་། ཡོན་ཏན་དང་བཅས་པ་དང་། བྱ་བ་མེད་པར་ཁས་ལེན་ཞིང་། གཅེར་བུ་པས་ནི། སྲོག་ཉིད་བདག་ཏུ་ཁས་ལེན་པ་དང་། རིག་བྱེད་པ་དག་གིས་ནི། ནམ་མཁའ་ལྟ་བུ་ཅིག་གིས་ལུས་ཅན་ཐམས་ཅད་ལ་ཁྱབ་པར་ཁས་ལེན་པ་དང་། དེ་ཐམས་ཅད་ཀྱིས་ཀྱང་བདག་རྟག་པ་དང་གཅིག་པུ་དང་རང་དབང་བ་ཅན་དུ་ཁས་ལེན་པ་ལ་ཁྱད་པར་མེད་དོ། །གཉིས་པ་ཆོས་འདིའི་གྲུབ་མཐའ་སྨྲ་བ་ལ་གཉིས་ཏེ། བདག་ཡོད་པར་ཁས་ལེན་པ་དང་། དེ་མེད་པར་སྨྲ་བའོ། །དང་པོ་ནི། མང་པོས་བཀུར་བའི་སྡེ་པ་དག་ཡིན་ལ། འདི་ལ་གཉིས་ཏེ། ཕུང་པོ་ཉིད་བདག་ཏུ་འདོད་པ་དང་། བདག་དང་ཕུང་པོ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་འདོད་པའི་ལུགས་སོ། །དང་པོ་ལ་ཡང་། ཕུང་པོ་ལྔ་ཅར་བདག་ཏུ་འདོད་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པའོ། །དེ་གསུམ་ཀ་ཡང་མང་པོས་བཀུར་བའི་སྡེ་པ་ཉིད་ལས་ཕྱེ་བའི་ནང་ཚན་སོ་སོ་བ་དག་ཡིན་ལ། དེ་དག་གིས་ཀྱང་། ཆོས་ཀྱི་ཕྱག་རྒྱ་གསུམ་པ་ཁས་མི་ལེན་པ་མ་ཡིན་ཏེ། མུ་སྟེགས་པས་བཏགས་པའི་བདག་འབད་ནས་འགོག་པའི་ཕྱིར། འགོག་པའི་ཚུལ་ཡང་། མུ་སྟེགས་པས་བཏགས་པ་དེ་ཉིད་འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་གཟུང་བྱ་མ་ཡིན་པ་དང་། རང་གིས་ཁས་བླངས་པའི་བདག་དེ་ཉིད་དེའི་གཟུང་བྱ་དང་། སྐྱེས་བུ་དང་གང་ཟག་དང་བྱེད་པ་པོ་ལ་སོགས་པ་ཡིན་པར་ཁས་བླངས་པའི་ཚུལ་གྱིས་སོ། །གཉིས་པ་བདག་མེད་པར་སྨྲ་བ་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་པའི་མཐའ་ཁས་ལེན་པ་ནས་གཟུང་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་བར་གྲུབ་མཐའ་སྨྲ་བ་བཞི་པོར་གྲགས་པ་ཐམས་ཅད་དོ། །དེ་ཡང་། འདི་ལྟར། དེ་དག་ཐམས་ཅད་ཀྱིས་དགག་བྱ་གང་ཟག་གི་བདག་གི་ངོས་འཛིན་ཚུལ་དང་། དེ་འགོག་བྱེད་ཀྱི་རིགས་པ་དང་། རིགས་པ་དེས་བཀག་པའི་གང་ཟག་གི་བདག་མེད་ངོས་འཛིན་པའི་ཚུལ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། མཛོད་ཀྱི་གནས་དགུ་པར་དེ་དང་དེའི་ཚུལ་ཇི་ལྟར་བཤད་པ་དེ་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང་སའི་དངོས་གཞིར་དེ་འགོག་བྱེད་ཀྱི་རིགས་པ་གང་བཤད་པ་དེ་ཉིད་དབུ་མ་ལ་འཇུག་པ་རྩ་འགྲེལ་དུ་བཤད་པ་ཡིན་གྱི། དེར་མ་བཤད་པའི་བྱེད་ཆོས་འགའ་ཡང་། ཟླ་བའི་ཞབས་ཀྱིས་མ་བཤད་པའི་ཕྱིར་རོ། །དེ་ལྟ་ན་ཡང་། གང་ཟག་གི་བདག་མེད་རྟོགས་པ་ལ། བདག་ཏུ་འདོགས་པའི་རྒྱུ་ཕུང་པོ་བདེན་མེད་ཏུ་རྟོགས་པ་མངོན་དུ་འགྲོ་དགོས་སོ། །ཞེས་བྱ་བ་འདི་ཙམ་ཞིག་ཁྱད་པར་ཡིན་ནོ། །དེ་དག་གི་ཚུལ་ཡང་འོག་ནས་རྒྱས་པར་འཆད་མོད། རེ་ཤིག་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཇི་སྲིད་གང་ཟག་ཉིད་བདག་ཏུ་ཁས་ལེན་པ་དེ་སྲིད་དུ་གང་ཟག་གི་བདག་ཁས་ལེན་པ་ཞེས་བྱ་ལ། དེ་ཁས་ལེན་པ་དེ་སྲིད་དུ། ཐར་པ་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་མེད་པས་དེའི་ལོག་ཕྱོགས་ཁས་བླངས་པའི་སྒོ་ནས་བག་ཡོད་པར་བྱའོ། །ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་རྗེས་འབྲང་དང་བཅས་པ་འཆད་པ་ཡིན་ནོ། །དེ་ཡང་འདི་ལྟར་འཆད་དེ། ཕུང་པོའི་སྟེང་ན་ང་ཙམ་དང་བདག་དང་སེམས་ཅན་ལ་སོགས་པ་ཡོད་པ་མ་ཡིན་ཏེ། ཚད་མས་མ་དམིགས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མེད་བཞིན་དུ། འཇིག་ཚོགས་ལ་ལྟ་བས་རྒྱུ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཡིན་ལ། ཇི་ལྟར་བཏགས་པ་བཞིན་དུ་ཡོད་ན། ང་དང་བདག་ཡོད་དགོས་པ་ལས་དེ་ཡང་ཡོད་པ་མ་ཡིན་ཏེ། ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་བཞིན་ནོ། །ཇི་ལྟར་བཏགས་པ་བཞིན་མེད་ཀྱང་། བཏགས་པ་ཙམ་དེ་མེད་པ་མ་ཡིན་ཏེ། བདག་གི་དོན་སྤྱི་ཡོད་པའི་ཕྱིར་རོ། །དཔེར་ན་ཐག་ཁྲ་ལ་སྦྲུལ་མེད་ཀྱང་། དེར་འཛིན་གྱི་རྟོག་པ་ལ་དེར་སྣང་བ་ལ་སྦྲུལ་དུ་སྒྲོ་བཏགས་པའི་ཆ་ཡོད་པ་བཞིན་ནོ། །དེ་ལྟར་ཡིན་པ་འོན་ཀྱང་དེ་དུས་ཀྱི་སྦྲུལ་གྱི་དོན་སྤྱི་དེ་ལོག་པའི་ཀུན་རྫོབ་དང་། བདག་གི་དོན་སྤྱི་ནི་ཡང་དག་པའི་ཀུན་རྫོབ་ཏུ་འཇོག་པའི་ཁྱད་པར་དབྱེ་དགོས་ཏེ། འཕྲལ་གྱི་འཁྲུལ་རྒྱུས་སླད་པ་དང་མ་སླད་པའི་རྟོག་པས་གཞག་པའི་དོན་སོ་སོར་དབྱེ་དགོས་པའི་ཕྱིར། དོན་དེ་ལ་དགོངས་ནས་མཛོད་འགྲེལ་དུ། བཏགས་པའང་མེད་པར་འགྱུར་འོང་བས། །མེད་དོ་ཞེས་ཀྱང་ཁས་མི་བླང་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་གྲུབ་མཐའ་སྨྲ་བ་བཞིན་པོ་གང་གི་ལུགས་ལ་ཡང་། རང་རང་གི་གྲུབ་མཐའ་ལ། བདག་ཅེས་བྱ་བ་ཅུང་ཟད་ཀྱང་ཁས་མི་ལེན་པ་ལ་ཁྱད་པར་མེད་པ་དེའི་ཕྱིར། བདག་མེད་པ་དོན་དམ་པའི་བདེན་པར་ཁས་བླངས་པ་ལ་ཁྱད་པར་མེད་དོ། །དེ་ལྟ་ན་ཡང་ཀུན་རྫོབ་ཀྱི་བདེན་པ་འཇོག་པ་ལ་ལུགས་མི་འདྲ་བ་གཉིས་ཏེ། དངོས་པོར་སྨྲ་བ་རྣམས་ཀྱིས་ནི། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་འཇོག་ཅིང་། དེ་ལྟར་བཞག་པ་དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པ་ཡིན་ཏེ། འཇིག་རྟེན་གྲགས་པ་ནི་ལུང་རིགས་དང་མི་མཐུན་པའི་ཕྱིར། ཞེས་ཟེར་བ་ཡིན་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བས། ནམ་མཁའ་རྟག་པའི་དངོས་པོར་སྨྲ་བ་དང་། རགས་རྒྱུན་རྫས་སུ་མེད་པར་ཁས་ལེན་པ་དང་། མདོ་སྡེ་པས་དོན་སྣང་གི་ཤེས་པ་ལ་དོན་དངོས་སུ་མི་སྣང་བར་ཁས་ལེན་པ་དང་། སེམས་ཙམ་པས་ཕྱི་རོལ་གྱི་དོན་དུ་སྣང་བ་ཐམས་ཅད་སེམས་སུ་ཁས་ལེན་པ་ལྟ་བུའོ། །དེ་བཞིན་དུ་དེ་གསུམ་ཀ་ཐུན་མོང་ཀུན་རྫོབ་ཏུ་ཡང་བདག་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དུ་ཡང་ཁས་མི་ལེན་ལ། དེ་ཐམས་ཅད་ནི་འཇིག་རྟེན་དང་མི་མཐུན་པ་ཡིན་ཏེ་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལས་བཟློག་སྟེ་གཞན་དུ་ཁས་ལེན་པའི་ཕྱིར། གཉིས་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་བ་དག་གིས་ནི། ཇི་སྲིད་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པ་དེ་སྲིད་དུ། འཇིག་རྟེན་གྱི་གྲགས་པ་ཁོ་ན་རང་སོར་འཇོག་པ་ཡིན་ཏེ། དེ་སྲིད་དུ་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་ཅིང་། ལྷན་ཅིག་སྐྱེས་པའི་མ་རིག་པས་སླད་པའི་ཤེས་པ་ལ་ཇི་ལྟར་གྲགས་པ་དེ་ཉིད་ཐད་སོར་འཇོག་པའི་ཕྱིར་དང་། དེའི་ཚེ་གྲུབ་མཐའ་སྨྲ་བ་རང་ལ་གྲགས་པའི་རིགས་པས་ཅུང་ཟད་ཀྱང་མི་དཔྱོད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་ལྷན་སྐྱེས་སུ་གྱུར་པའི་བདག་འཛིན་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་དང་གང་ཡིན་པ་དེ་ལ་ཡང་། འཇིག་རྟེན་གྱི་ཀུན་རྫོབ་བདེན་པའི་མཚན་ཉིད་ཞུགས་པའི་ཕྱིར། དེར་རྣམ་པར་གཞག་གོ །དེ་ལྟར་བཤད་པ་ན། གང་འཇིག་རྟེན་གྱི་གྲགས་པས་གྲུབ་པའི་དོན་ཡིན་ན། དབུ་མ་པ་རང་གི་གྲུབ་པའི་མཐའ་ལ་གྲགས་པ་མ་ཡིན་པས་ཁྱབ། དཔེར་ན་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་བཞིན། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པར་གྱུར་པའི་ང་ཙམ་དེ་ཡང་དེ་ཡིན་པའི་ཕྱིར། ལུགས་འདི་ལ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཟླ་པའི་ཞབས་ཀྱི་རིགས་པ་དྲི་མ་མེད་པ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་ང་ཙམ་བདག་ཏུ་གཟུང་བ་བཞིན་དུ། དེ་ཉིད་བདག་ཡིན་ནོ་ཞེས་སྒྲུབ་བྱེད་ཀྱི་རིགས་པ་ལ་མ་ལྟོས་པར་དེ་ཉིད་དེར་ཁས་ལེན་པ་ནི་འཇིག་རྟེན་གྱི་ལུགས་དང་། སྒྲུབ་བྱེད་ཀྱི་རིགས་པ་དུ་མ་སྔོན་དུ་བཏང་ནས་དེ་ཉིད་བདག་ཏུ་ཁས་ལེན་པ་ནི་མུ་སྟེགས་ཀྱི་ལུགས་དང་། དེ་བཞིན་དུ་འཇིག་རྟེན་གྱི་མ་རིག་པ་ལྷན་སྐྱེས་དང་། མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་བདག་གཉིས་ཀ་གྲུབ་མཐའ་སྨྲ་བ་རང་རང་ལ་གྲགས་པའི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཆོས་འདི་པ་དག་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་སྤྱིའི་ལུགས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར་ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི་བདག་དེ་ཉིད་ཡོད་དོ་ཞེས་དམ་བཅའ་བ་དང་། ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་ནི་ཕྱི་ནང་གི་གཞུང་ལུགས་ཀྱི་ཁྱད་པར་འབྱེད་པའི་ཆོས་ཀྱི་གཙོ་བོ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལ་སེལ་དགོས་པའི་དོགས་པ་གཉིས་ཏེ། བོད་ལ་ལ་ན་རེ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དག་ལ་ནི། འཇིག་རྟེན་ཀྱི་གྲགས་པ་ལས་མ་གཏོགས་པའི་རང་ལུགས་ཀྱི་ཐ་སྙད་ཡོད་པ་མ་ཡིན་ནོ། །ཞེས་ཟེར་བ་དང་། ཡང་ལ་ལ་དག འཇིག་རྟེན་ན་གང་གྲགས་པ་དེ་ཉིད་དབུ་མའི་རང་གི་ལུགས་ལ་ཡང་ངེས་པར་ཁས་ལེན་དགོས་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་གོ །དང་པོ་མི་རིགས་ཏེ། དབུ་མའི་རང་ལུགས་ཀྱི་ཐ་སྙད་ནི། འཕགས་པའི་ཐ་སྙད་ཁོ་ནས་བྱེད་པ་ཡིན་གྱི། འཕགས་པ་མ་ཡིན་པའི་ཐ་སྙད་ཀྱིས་བྱེད་པ་མ་ཡིན་པའི་ཕྱིར། དཔེར་ན་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་ལ་སོགས་པའི་ཐ་སྙད་བཞིན་ནོ། །དེ་སྐད་དུ་ཡང་། མདོ་ལས། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །ཡང་དག་བརྒྱད་ལ་ཞེན་པ་མེད། །ཅེས་དང་། སྤྱོད་འཇུག་ལས། ཀུན་རྫོབ་ཏུ་ཡང་འགལ་ཞེ་ན། །རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ། །ཞེས་གསུངས་པས་སོ། །ལུགས་གཉིས་པ་དེ་ཡང་འཐད་པ་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་། །ཕྱིས་ནས་སྟོབས་ལྡན་བདག་གིས་བསྟན་པར་བགྱི། །ཞེས་གསུངས་པ་དེ་དག་ནི། ཇི་སྲིད་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པ་དེ་སྲིད་དུ། འཇིག་རྟེན་གྱི་གྲགས་པ་ཉིད་རང་སོར་འཇོག་པ་ཡིན་གྱི། དངོས་པོར་སྨྲ་བ་དག་བཞིན་དུ། གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་ཁས་ལེན་པ་མ་ཡིན་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ། འཇིག་རྟེན་ན་གང་ཡོད་པར་གྲགས་པ་དེ་ཉིད་དབུ་མའི་གྲུབ་མཐའ་སྨྲ་བ་དག་གི་རང་ལུགས་ལ་ཡོད་པར་ཁས་ལེན་ན་ནི་མི་འདོད་པ་མཐའ་དག་ཐོག་ཏུ་འབབ་པར་འགྱུར་ཏེ། དེ་ཡང་འདི་ལྟར་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཡོད་པར་ཐལ་བ་དང་། ཁ་སང་གི་ང་དང་དེ་རིང་གི་ང་གཅིག་ཏུ་ཐལ་བ་དང་། འདྲ་བ་གཞན་བྱུང་གི་རྒྱུན་དང་བཅས་པའི་དངོས་པོ་ཐམས་ཅད་སྔ་ཕྱི་གཅིག་ཏུ་ཐལ་བ་དང་། ཟག་བཅས་ཀྱི་ཚོར་བ་བདེ་བ་རྣམས་བདེ་བ་ཁོ་ནར་ཐལ་བ་དང་། ཡང་དག་པའི་ཀུན་རྫོབ་རྣམས་དོན་དམ་པའི་བདེན་པ་ཉིད་དུ་ཐལ་བ་དང་། མཐོ་རིས་ཀྱི་དོན་དུ་མཆོད་སྦྱིན་བརྒྱ་སྟོང་ལ་སོགས་པ་རིགས་པར་འགྱུར་ཏེ། དེ་དང་དེ་དག་འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་འཇིག་རྟེན་ལ་ཡོད་པར་གྲགས་པའི་ཕྱིར་རོ། །གཞན་ཡང་འདི་ལྟར། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ལས་བྱེད་པ་པོ་དང་། རྣམ་སྨིན་མྱོང་བ་པོ་གཉིས་ཀ་ཡིན་པར་ཐལ་བ་དང་། སྲོག་ཡིན་པར་ཐལ་བ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་ཡིན་པར་ཐལ། བདག་ཡིན་པ་གང་ཞིག དེ་དང་དེ་དག་དོན་གཅིག་མིང་གི་རྣམ་གྲངས་སུ་འཇིག་རྟེན་གྱི་རྟོག་པ་ལྷན་སྐྱེས་ཀྱིས་གྲུབ་པའི་ཕྱིར་རོ། །ཐལ་བ་དང་པོ་ལ་འདོད་ན། བདག་རྟག་པར་ཐལ་བ་དང་། ཐལ་བ་གཉིས་པ་ལ་འདོད་ན། ལྷ་སྦྱིན་ཉིད་ལྷ་སྦྱིན་གྱི་སྲོག་ཏུ་ཐལ་བ་དང་། ཐལ་བ་གསུམ་པ་ལ་འདོད་ན་མུ་སྟེགས་ཀྱི་གྲུབ་པའི་མཐའ་ལས་མ་འདས་ཏེ། རིག་བྱེད་ལས། བསྐལ་པ་དང་པོའི་མི་རྣམས་སྐྱེ་རྒུའི་བདག་པོ་ཤེད་ཅེས་བྱ་བའི་བུ་ཡིན་པར་འཇིག་རྟེན་ན་གྲགས་པ་བཞིན་དུ་དབུ་མའི་རང་ལུགས་ལ་ཁས་ལེན་རིགས་པའི་ཕྱིར་རོ། །གཞན་ཡང་སོ་སོ་སྐྱེ་བོས་འཕགས་ལམ་མངོན་དུ་བྱས་པའི་ཚེ་དང་། སློབ་པས་མི་སློབ་པ་མངོན་དུ་བྱས་པའི་ཚེ་དང་། ལྷག་བཅས་ཀྱིས་ལྷག་མེད་མངོན་དུ་བྱས་པའི་ཚེ་དང་། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་མངོན་དུ་བྱས་པའི་ཚེ། དེ་དང་དེའི་བདག་བཏང་བར་འགྱུར་ཏེ། གོ་རིམ་བཞིན་དུ་དེ་དང་དེའི་ཚེ་སོ་སོ་སྐྱེ་བོ་ལ་སོགས་པ་བཏང་བ་ཉིད་ཀྱི་ཕྱིར་རོ། །ཡང་འདོད་ཁམས་པའི་འགྲོ་བ་དེ་ཉིད་དེའི་བདག་ཡིན་ན། དེ་གཟུགས་ཁམས་སུ་སྐྱེས་པའི་ཚེ་འདོད་པའི་བདག་བཏང་བར་འགྱུར་ལ། དེ་ཡང་དེ་ལྟ་ན་ང་ཉིད་འདོད་པའི་ཁམས་སུ་སྐྱེས་པར་གྱུར་ཏོ། །ཞེས་བྱ་བ་དེ་འཇིག་རྟེན་གྱི་གྲགས་པ་མ་ཡིན་པར་འགྱུར་རོ། །གཞན་ཡང་། ཚངས་པ་འཇིག་རྟེན་གྱི་མེས་པོར་ཐལ་བ་དང་། ཉི་མ་དང་ཟླ་བ་ལ་སོགས་པ་འཇིག་རྟེན་གྱི་བྱེད་པ་པོ་དག་གིས་བྱས་པར་ཐལ་བ་དང་། ལྷ་མ་ཡིན་རྣམས་སྔོན་གྱི་ལྷ་ཡིན་པར་ཐལ་བ་སོགས་ཁས་ལེན་དགོས་པར་འགྱུར་ཏེ། འཇིག་རྟེན་ན་དེ་ལྟར་གྲགས་པའི་ཕྱིར་རོ། །ཅི་སྟེ་དེ་དག་ནི་གྲུབ་མཐའ་ངན་པའི་རྟོག་པ་སྔོན་དུ་བཏང་ནས་གྲགས་པ་ཡིན་གྱི། གྲགས་པ་དངོས་མ་ཡིན་ནོ་ཞེ་ན། འོ་ན་ང་ཙམ་བདག་ཡིན་པ་དང་། སེམས་ཅན་དང་གང་ཟག་དང་སྲོག་བདག་ཡིན་པ་དང་། ཤེད་བུ་དང་ཤེད་ལས་སྐྱེས་དང་བདག་དོན་གཅིག་ཏུ་འདོད་པ་སོགས་ཀྱང་གྲུབ་མཐའ་ངན་པའི་རྟོག་པ་སྔོན་དུ་བཏང་ནས་བྱས་པའི་ཕྱིར། འཇིག་རྟེན་གྱི་གྲགས་པ་དངོས་མ་ཡིན་པར་མཚུངས་སོ། །མདོར་ན། ང་དང་བདག་ལ་སོགས་པའི་དོན་འཇིག་རྟེན་གྱི་གྲགས་པས་གྲུབ་པ་ཡིན་ཡང་། ཐ་སྙད་དེ་དང་དེ་དག་གྲུབ་མཐའ་ངན་པའི་རྟོག་པ་སྔོན་དུ་བཏང་ནས་བཏགས་པ་ཡིན་ཏེ། བཤད་པ་རྒྱུ་མཚན་གྱི་མིང་གང་ཞིག ངར་འཛིན་ཀུན་བཏགས་ཀྱི་གཟུང་བྱ་དེ་དང་མིང་གི་ཐ་སྙད་གཅིག་ཏུ་སྣང་བའི་ཕྱིར་རོ། །གཉིས་པ་དངོས་ལན་ནི། ཁྱེད་ཀྱིས་རྩོད་པ་དེ་ནི་སྔོན་ཉིད་ནས་ཟླ་བའི་ཞབས་ཀྱིས་གསལ་ཟིན་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་པའི་འགྲེལ་པ་ལས། གལ་ཏེ་བདག་མེད་ན་ནི། སུ་ཞིག་དགེ་བའམ་མི་དགེ་བའམ་མི་གཡོ་བའི་ལས་བྱས་ནས་དེའི་འབྲས་བུ་མྱོང་བར་བྱེད། དེ་ནི་དགེ་བའམ་མི་དགེ་བའི་མི་གཡོ་བའི་ལས་བྱས་ནས། རིགས་དང་འགྲོ་བ་དང་སྐྱེས་གནས་ལ་སོགས་པའི་དབྱེ་བས་ཕྱེ་བའི་ཁམས་གསུམ་དུ་ལས་དང་རྗེས་སུ་མཐུན་པའི་སྐྱེ་བའི་རྒྱུན་རབ་ཏུ་དབྱེ་བ་མཐའ་ཡས་ཞིང་། བདེ་བ་དང་སྡུག་བསྔལ་གྱི་འབྲས་བུས་ཉེ་བར་ལོངས་སྤྱོད་པའི་རྒྱུར་གྱུར་པ་ཐོབ་ལ། དེ་ནི་མངོན་པར་འདུ་བྱེད་པ་པོ་དང་། སོ་སོར་མྱོང་བར་བྱེད་པ་པོ་ཡང་ཡིན་ཞིང་། དེ་ནི་གསོད་པ་དང་། གནོད་པ་དང་། རེག་པ་དང་། བཅིངས་པ་དང་། གྲོལ་བར་ཡང་འགྱུར་རོ། །དེའི་ཕྱིར་བདག་རང་གི་ངོ་བོ་ཡོད་དོ་ཞེས་འཛེར་རོ། །ཞེས་ཕྱོགས་སྔ་མ་མཚམས་སྦྱར་ནས། དེ་འགོག་པ་ནི། རྩ་བ་ལས། སྐྱེ་དང་སྐྱེ་བར་སྐྱེས་པ་ནི། །ལུས་བཞིན་རྣམ་པར་འགྱུར་བར་འགྱུར། །ཁྱོད་ཀྱི་དེ་ལ་ལུས་ལས་གཞན། །ཉིད་དང་རྟག་ཉིད་མི་རིགས་སོ། །ཞེས་གསུངས་པ་དེའི་འགྲེལ་པར། གང་གི་ཚེ་བདག་རྟག་པ་མི་རིགས་པ་དེའི་ཚེ། ངེས་པར་འདི་འདུ་བྱེད་ཀྱི་རྒྱུན་སྐད་ཅིག་རེ་རེ་འཇིག་པ་ལ། ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཁས་བླངས་པར་བྱའོ། །ཞེས་གསུངས་སོ། །རྩ་འགྲེལ་དེ་དག་གིས་ནི། བདག་རྟག་པ་མེད་ཀྱང་ཕུང་པོ་སྐད་ཅིག་གིས་འཇིག་པའི་རྒྱུན་དེ་ཉིད་ལས་འབྲས་ཀྱི་རྟེན་དུ་གསལ་བར་གསུངས་སོ། །ཡང་གཞན་དག་བདག་མེད་ན། བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་མེད་པར་འགྱུར་རོ་ཞེས་ཟེར་བ་འདི་ཡང་སློབ་དཔོན་ཉིད་ཀྱིས་སྔོན་ནས་བསལ་ཟིན་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་པ་ལས། དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་སྐྱེ་བར་འགྱུར་མིན་ནམ། །ཞེས་པའི་སྔ་འགྲེལ་དུ། གལ་ཏེ་བདག་མེད་ན་ནི། འོ་ན་ངར་འཛིན་པ་དང་བདག་ལ་ཆགས་པ་འདི་གཉིས་གང་ཞིག་ལས་འགྱུར་ཞེ་ན། ཞེས་མཚམས་སྦྱར་ནས་ཕྱི་འགྲེལ་དུ་གཟུགས་ལ་སོགས་པའི་མིང་ཅན་རང་བཞིན་མེད་པ་རྣམས་ལ་བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་ཚོར་བ་པོ་ཞེས་བྱ་བ་ལ་སོགས་པ་བདག་གོ་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། །ཞེས་གསལ་བར་གསུངས་པས་ཕུང་པོ་རྣམས་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་དང་། དེས་དེ་ལ་བརྟེན་ནས་བཏགས་པའི་བདག་ཡོད་པ་མ་ཡིན་པར་བཤད་དོ། །དེའི་ཕྱིར་ལས་འབྲས་ཀྱི་རྟེན་ནི། མ་རིག་པས་སླད་པའི་འཁྲུལ་ངོར་བདག་དང་། རང་གི་གྲུབ་མཐའ་ལ་ཕུང་པོའི་རྒྱུན་སྔ་མའི་དུས་སུ་ལས་བྱས་པ་ཕྱི་མའི་དུས་སུ་མྱོང་བ་ཙམ་ཞིག་བཞེད་པར་གསལ་ལོ། །བཞི་པ་འཇུག་འགྲེལ་དུ་ཡོད་པར་གསུངས་པའི་རྒྱུ་མཚན་གྱིས་ཡོད་པར་ཁས་ལེན་དགོས་པའི་ཉེས་སྤོང་མི་འཐད་པ་ནི། འདི་སྐད་ཅེས། ཇི་སྐད་དུ། འདི་ནི་ཕུང་པོ་རྣམས་བརྟེན་གྲུབ་པར་འགྱུར། །ཞེས་དང་། དེའི་འགྲེལ་པར། ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཞེས་བྱ་བ་འདི་ཙམ་ཞིག འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླངས་པར་བྱ་སྟེ། བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །བདག་ཏུ་བཏགས་པ་ཙམ་དུ་གྲུབ་པར་བྱ་བའི་དོན་དུ་ཕྱི་རོལ་གྱི་དཔེ་བཤད་པ། ཤིང་རྟ་རང་ཡན་ལག་ལས་གཞན་ཡོད་མིན། །ཞེས་སོགས་རྒྱས་པར་བཤད་པ་དང་། ཡང་འགྲེལ་པ་དེར་རྩ་བའི་ལུང་དྲངས་པ་ལས། བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུ་དེ་མ་ངེས། །ཞེས་པའི་ལུང་ཁུངས་སུ་མཛད་ནས། ཇི་སྐད་དུ། བརྟེན་ནས་བཏགས་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་བཀག་གོ་ཞེས་ནི་ཤེས་པར་མི་བྱའོ། །ཞེས་གསལ་བར་གསུངས་པའི་ཕྱིར། དབུ་མ་པའི་རང་ལུགས་ལ་བདག་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། རང་ལུགས་ལ་ཆོས་ཀྱི་བདག་དང་བདག་རྟག་པ་ཁས་ལེན་པ་ཧ་ཅང་ཐལ་བ་དང་། ཇི་སྲིད་བདག་ཁས་ལེན་པ་དེ་སྲིད་དུ་བདག་རྟག་པ་ཁས་ལེན་དགོས་པར་བསྟན་པའོ། །དང་པོ་ལ། ཐལ་བ་དངོས་དང་། ཕྱོགས་སྔ་མའི་ཤེས་བྱེད་དུ་དྲངས་པའི་ལུང་དོན་བཤད་པའོ། །དང་པོ་ནི། འོ་ན་ཐ་སྙད་དུ་ཆོས་ཀྱི་བདག་དང་བདག་རྟག་པ་རང་ལུགས་ལ་ཁས་ལེན་རིགས་པར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་རྟོག་པས་དེ་དང་དེར་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །གཞན་ཡང་། ཇི་སྐད་དུ། དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །ཞེས་དང་། གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །ཞེས་པའི་འགྲེལ་པར། ཡུལ་ཅན་གྱི་བློ་ཡོད་ན་དེའི་ཡུལ་ཡོད་པས་ཁྱབ་པར་བཤད་པ་དང་། མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །ཅེས་པའི་འགྲེལ་པར། གཏི་མུག་གཉིད་ལས་མ་སད་པའི་ངོར་ཡོད་པས་ཡོད་པའི་གོ་ཆོད་པར་འཆད་པ་ལྟར་ན། རང་ལུགས་ལ་ཆོས་བདག་ཀྱང་ཡོད་པར་འགྱུར་ཏེ། དེ་ཡུལ་ཅན་གྱི་བློ་ངོར་ཡོད་པའི་ཕྱིར་དང་། མ་རིག་པའི་ངོར་ཡོད་པའི་ཕྱིར་རོ། །གཞན་ཡང་། རང་ལུགས་ལ་ཐ་སྙད་དུ་བདེན་གྲུབ་ཡོད་པར་འགྱུར་ཏེ། ཇི་སྐད་དུ། དེ་གང་བཅོས་མ་བདེན་པར་སྣང་དེ་ནི། །ཞེས་པའི་འགྲེལ་པར། ཀུན་རྫོབ་ཏུ་བདེན་པར་གྲུབ་པའི་རྒྱུ་མཚན་གྱིས། ཀུན་རྫོབ་ཀྱི་བདེན་པར་གསུངས་པའི་ཕྱིར། འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཁོ་བོ་ཅག་ལྟར་ན། ཀུན་རྫོབ་ཏུ་ཡོད་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་ཞེས་བྱ་བའི་དོན་ནི་མ་རིག་པའི་ངོར་ཡོད་པ་ལ་འཆད་པ་ཡིན་ལ། དེར་ཡོད་པས་ཡོད་པའི་གོ་མི་ཆོད་པའི་ཚུལ་རྒྱས་པར་གོང་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ། འཇུག་འགྲེལ་ནས་འབྱུང་བའི་དོན་བཤད་པ་དང་། བསྟན་བཅོས་ལས་འབྱུང་བའི་དོན་བཤད་པའོ། །དང་པོ་ནི། བདག་འཇིག་རྟེན་གྱི་ཀུན་རྫོབ་བདེན་པར་བཤད་པ་ཙམ་གྱིས་རང་ལུགས་ལ་ཡོད་དགོས་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ངོར་བདེན་པ་ཡིན་ན། ཡོད་མི་དགོས་པའི་ཕྱིར། དཔེར་ན་ཆོས་ཀྱི་བདག་བཞིན་ནོ། །དེ་བས་ན་ཉེ་བར་ལེན་པ་པོ་དང་། བདག་ཅེས་བྱ་བ་ནི་མ་རིག་པའི་ངོར་ཡོད་ལ། དབུ་མ་པ་རང་ལ་ཡོད་པ་མ་ཡིན་ནོ། །ཞེས་ཟླ་བའི་ཞབས་ཀྱིས་བཞེད་པ་ཡིན་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། མ་རིག་པའི་དབང་གིས་ཡོད་པ་ཉིད་དུ་ཞེན་པར་བྱས་ནས། འཇིག་ཚོགས་ལ་ལྟ་བས་འདི་ནི་བདག་གོ་སྙམ་དུ་མངོན་པར་ཞེན་པ་རྣམས་འཁོར་བར་འགྱུར་རོ་ཞེས་དང་། གང་གི་ཕྱིར་འདི་ཡོད་པ་མ་ཡིན་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་གཏི་མུག་ལས་ཐ་སྙད་འདོགས་པ་དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་པ་དག་གིས་བདག་རྣམ་པ་ཐམས་ཅད་དུ་མ་དམིགས་ལ། དེ་མ་དམིགས་ན་མིག་ལ་སོགས་པ་དེའི་ཉེ་བར་ལེན་པ་རྣམས་མི་འབྱུང་བར་འགྱུར་རོ་ཞེས་དང་། དེའི་རྩ་བར། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་གཏི་མུག་གི་ངོར་ཡོད་པར་གསུངས་ཀྱང་རང་ལུགས་ལ་ཡོད་པར་མ་གསུངས་སོ། །མདོར་ན་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དད་གང་རུང་གི་བདག་ཁས་ལེན་པ་ཕྱི་ནང་གི་མུ་སྟེགས་ཀྱི་ལུགས་དང་། བདག་དབུ་མ་པ་རང་ལ་གྲགས་པའི་ཐ་སྙད་ཙམ་དུ་ཡང་ཁས་མི་ལེན་པ་རང་གི་ལུགས་ཡིན་པར་སློབ་དཔོན་འདིས་བཞེད་པ་ཡིན་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། མུ་སྟེགས་པ་དེའི་རིགས་པས་ཕུང་པོ་ལས་ཐ་དད་པར་ཞེན་ཞིང་། རང་གི་སྡེ་པ་རྣམས་ཀྱིས་ཀྱང་། ཕུང་པོ་ཙམ་ཉིད་བདག་ཏུ་ཁས་བླངས་ལ། དེ་བཞིན་གཤེགས་པ་ཉེ་བར་བསྟན་པ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་རིག་པར་བྱས་ནས་ལན་བརྒྱར་ཡོངས་སུ་གྲོལ་བར་འགྱུར་བ་དེ་ནི་བདག་ཡིན་ཞིང་། གང་ཞིག་ལ་ངར་འཛིན་པའི་བློ་འབྱུང་བ་དེ་ཡང་བདག་ཡིན་པར་རིག་པར་བྱའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དབུ་མའི་རྩ་བ་ལས། མེད་པ་ཉིད་དུའང་དེ་མ་ངེས། །ཞེས་གསུངས་པས་རང་ལུགས་ལ་བདག་ཡོད་པར་བསྟན་ནོ་སྙམ་དུ་འཁྲུལ་པ་དེ་ཡང་མི་རིགས་ཏེ། གཞུང་དེས་ནི་གོང་དུ་བདག་ཡོད་པ་བཀག་པ་ལ་འཕྲོས་ནས། འོ་ན་གནས་ཚུལ་ལ་མེད་པ་བཞིན་དུ་མོ་གཤམ་གྱི་བུ་ལྟར་ལྷན་ཅིག་སྐྱེས་པའི་རྟོག་པའི་ངོར་ཡང་མེད་དམ་ཞེ་ན། རྟོག་པའི་ངོར་ནི་དེ་གཉིས་མེད་མཚུངས་མ་ཡིན་ཏེ། དེ་ནི་ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར། ཞེས་བྱ་བའི་དོན་ཡིན་ཏེ། རྩ་བ་དེ་ཉིད་ཀྱི་ཚིག་གསལ་ལས། གང་ཞིག་ཕུང་པོ་ལ་བརྟེན་ནས་གདགས་པ་དེ་མེད་དོ་ཞེས་བྱ་བར་ཇི་ལྟར་འགྱུར། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ནི་ཕུང་པོ་དག་ལ་བརྟེན་ནས་འདོགས་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་ན་དེ་གཉིས་སྤྱིར་མེད་མཚུངས་ཡིན་ཡང་། གཅིག་ཤོས་འཛིན་པའི་རྟོག་པ་སྤང་མི་དགོས་ཤིང་། བདག་འཛིན་འབད་ནས་སྤང་དགོས་པའི་དོན་ནོ། །གཉིས་པ་ལ་དངོས་དང་། དེས་གྲུབ་པའི་དོན་ནོ། །དང་པོ་ནི། ཟླ་བའི་ཞབས་ཀྱིས་ཇི་སྲིད་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡོད་པར་ཁས་ལེན་པ་དེ་སྲིད་དུ། དེ་འདྲའི་བདག་དེ་རྟག་པར་ཁས་ལེན་དགོས་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་པའི་འགྲེལ་པར། ཕུང་པོ་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ། བདག་ཀྱང་སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར་ཏེ། བདག་ཕུང་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ང་ཡི་ལུས་འདི་བྱུང་བར་གྱུར་ཏོ། །ཞེས་མི་གསུང་བ་དེ་བཞིན་དུ་དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་འདི་ཡང་གསུང་བར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་པའི་ཕྱིར་དང་། འདིར་གཞན་ཉིད་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །སྐྱེ་བ་དང་འཇིག་པ་ཉིད་ཡོད་ན་ཡང་བྱེད་པ་པོ་བདག་མེད་པས་དེའི་འབྲས་བུ་མེད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ལས་གང་གིས་བྱས་པ་དེ་མི་རྟག་པ་ཉིད་དུ་འགྱུར་ན་དེའི་ཚེ་བྱེད་པ་པོ་མེད་པས། ལས་ལ་ཡང་བརྟེན་མེད་པའི་ཕྱིར། འབྲས་བུ་དང་འབྲེལ་བ་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ཕྱི་མ་རྣམས་སུ་ལོངས་སྤྱོད་ན་དེའི་ཚེ་གཞན་གྱིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། གཞན་གྱིས་བསགས་པའི་ལས་གཞན་གྱིས་ཟ་བ་འགྱུར་རོ། །དེའི་ཕྱིར་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་འཕྲད་པར་འགྱུར་རོ། །བསྟན་བཅོས་ལས་ཀྱང་། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པ་ཐལ་བར་འགྱུར། །ཞེས་གསུངས་སོ། །ཞེས་གསལ་བར་བཤད་པའི་དོན་ལ་ཞིབ་མོར་བརྟགས་པས་ངེས་པ་རྙེད་པར་འགྱུར་བ་ཡིན་པས་སོ། །གཉིས་པ་ནི། ཇི་སྲིད་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པ་དེ་སྲིད་དུ། འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་གྲགས་པས་ཇི་ལྟར་གྲགས་པ་དེ་ཉིད་ཁས་ལེན་དགོས་པ་ཡིན་ཏེ། དེ་མ་བླངས་ན་དེ་ལས་ཉམས་པར་འགྱུར་བ་ཡིན་པས་སོ། །དེ་ནི་དབུ་མའི་རང་ལུགས་མ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་བཞག་པའི་ལག་རྗེས་ཡིན་པའི་ཕྱིར་རོ། །ཡང་ཇི་སྲིད་རྣལ་འབྱོར་གྱི་ཀུན་རྫོབ་ཁས་ལེན་པ་དེ་སྲིད་དུ། བསྟན་བཅོས་སུ་དབུ་མའི་གྲུབ་མཐར་བཤད་པ་ཇི་སྙེད་པ་དེ་ཁས་ལེན་དགོས་པ་ཡིན་ཏེ། མ་བླངས་ན་རྣལ་འབྱོར་ཀུན་རྫོབ་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །འདི་དབུ་མའི་གནས་སྐབས་ཀྱི་རང་ལུགས་ཡིན་ཏེ། དབུ་མའི་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་བཞག་པའི་དོན་ཡིན་པའི་ཕྱིར་དང་། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པའི་ཕྱིར་རོ། །དེ་ལྟ་ན་ཡང་དབུ་མའི་མཐར་ཐུག་གི་རང་ལུགས་མ་ཡིན་ཏེ། རྣལ་འབྱོར་གྱི་ཀུན་རྫོབ་ཇི་སྙེད་པ་ཡང་། མཚན་འཛིན་གྱིས་གཞག་པའི་ལག་རྗེས་ཡིན་པའི་ཕྱིར་དང་། མཚན་འཛིན་ལས་གྲོལ་བའི་རིགས་པ་དེའི་ངོར་ནི་རང་ལུགས་ཀྱི་ཁས་ལེན་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དབུ་མའི་གནས་སྐབས་ཀྱི་གྲུབ་པའི་མཐའ་འཇོག་པ་ན། བདག་མེད་པ་ཞེས་བྱ་བ་འདི་ཡིན་གྱི། བདག་ཡོད་པར་ཁས་ལེན་པ་ཞེས་བྱ་བ་འདི་ནི། རྒྱང་ཕན་གྱི་ལྟ་བ་ལས་ལོག་ནས་བསོད་ནམས་མ་ཡིན་པ་དང་པོར་བཟློག་པ་ཞེས་བྱ་བའི་སྐབས་དེ་ན་ཡོད་པ་ཡིན་གྱི། བར་དུ་བདག་བཟློག་པའི་རིགས་པ་འཆད་པའི་སྐབས་ན་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཡང་གྲུབ་པའི་དོན་གཉིས་ནི། བདག་དང་ཤིང་རྟ་སོགས་ལ་དོན་དང་ཐ་སྙད་གཉིས་གཉིས་ལས། དོན་རྣམས་ནི་འཇིག་རྟེན་གྱི་ཡང་དག་པའི་ཀུན་རྫོབ་ཡིན་པ་ལ་ཁྱད་པར་མེད་དེ། འཇིག་རྟེན་གྱི་མ་རིག་པ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཐ་སྙད་ལ་ཤིང་རྟ་དང་བུམ་སྣམ་ལ་སོགས་པ་རྣམས་ཀྱི་ཐ་སྙད་ནི་ཡང་དག་པའི་ཀུན་རྫོབ་ཡིན་ཏེ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །སྤྱིར་བདག་དང་བྱེ་བྲག་གང་ཟག་དང་ཆོས་ཀྱི་བདག་ཅེས་བྱ་བའི་ཐ་སྙད་དང་དེ་ཡང་རྟག་པ་དང་གཅིག་པུ་ལ་སོགས་པའི་ཐ་སྙད་རྣམས་ནི་ལོག་པའི་ཀུན་རྫོབ་ཏུ་བཞག་ཏེ། གྲུབ་མཐའ་ངན་པའི་རྟོག་པ་སྔོན་དུ་བཏང་ནས་འཇིག་རྟེན་ལ་གྲགས་པའི་བདག་རྟག་པ་དང་གཅིག་པུ་སོགས་ཀྱི་ཡང་དོན་ཡང་དག་པའི་ཀུན་རྫོབ་དང་ཐ་སྙད་ལོག་པའི་ཀུན་རྫོབ་ཡིན་པར་གྲུབ་ལ། དེ་ལྟར་ན་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་དང་། ཤིང་རྟ་སོགས་ཀྱི་དོན་འཇིག་རྟེན་ཀྱི་ཐ་སྙད་དུ་ཡོད་མཚུངས་ཡིན་ན་ཡང་། ཐ་སྙད་ཡོད་མཚུངས་མ་ཡིན་ཏེ། ཤིང་རྟའི་ཐ་སྙད་སོགས་ཡང་དག་པའི་ཀུན་རྫོབ་དང་། གཅིག་ཤོས་ཀྱི་ཐ་སྙད་ལོག་པའི་ཀུན་རྫོབ་ཏུ་བཞག་པའི་ཕྱིར་དང་། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གྲུབ་དོན་གསུམ་པ་ནི། འཇིག་རྟེན་གྱི་ཐ་སྙད་དུ། བདག་རྟག་པའི་དོན་ཡིན་ན། དེ་ཕུང་པོ་དང་གཅིག་དང་ཐ་དད་གང་དུ་ཡོད་ཅེས་དཔྱོད་ན་གང་དུ་ཡང་ཁས་མི་ལེན་ཏེ། འཇིག་རྟེན་གྱི་གྲགས་པ་ལ་རིགས་པས་མི་དཔྱོད་པའི་ཕྱིར། དེ་ལྟར་ན་དབུ་མའི་གྲུབ་མཐའ་ཞེས་བྱ་བ་ནི། གནས་སྐབས་སུ་དབུ་མའི་རིགས་པས་བརྟགས་ནས་བཞག་པའི་མཐའ་ཡིན་སྟེ། འཇིག་རྟེན་གྱི་གྲགས་པ་ཞེས་བྱ་བ་ནི། མ་བརྟགས་གཅིག་པུར་ཉམས་དགའ་བ་ཡིན་པ་དང་། འཁྲུལ་ངོའི་རྣམ་པར་བཞག་པ་ཁོ་ན་ཡིན་གྱི། གྲུབ་པའི་མཐའ་གང་ལ་ཡང་མ་ཞུགས་པ་ཡིན་པས་འཇིག་རྟེན་གྱི་གྲགས་པ་ནི། དབུ་མའི་གྲུབ་པའི་མཐའ་ཡིན་ནོ། །ཞེས་ཁས་བླངས་པར་མི་བྱ་བ་ཞེས་བྱ་བ་ནི་གྲུབ་པ་ཡིན་ནོ། །གཉིས་པ་བདག་འཛིན་གཉིས་ཀྱི་ཁྱད་པར་འབྱེད་ལུགས་མི་འཐད་པ་ལ། གཞན་དག་ན་རེ། ཤེས་བྱ་ཐམས་ཅད་ཆོས་དང་གང་ཟག་གཉིས་སུ་སོ་སོར་ཕྱེ་ནས་དེ་དང་དེ་རང་བཞིན་གྱིས་མ་གྲུབ་པ་དེ་བདག་མེད་པ་གཉིས་ཀྱི་དོན་དུ་འཆད་པ་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ། གང་ཟག་གི་བདག་མེད་པའི་དོན་དང་། ཆོས་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་ཀྱི་དོན་དུ་འཆད་པ་ནི་དབུ་མ་རང་རྒྱུད་པའི་ལུགས་སོ། །ལུགས་དེ་གཉིས་ཀ་ལ་ཡང་། བདག་གཉིས་པོ་དེ་དག་ནི་ཐ་སྙད་དུ་ཡང་ཁས་མི་ལེན་ལ། བདག་ཙམ་ཞིག་ནི་གཉིས་ཀས་ཀྱང་ཁས་ལེན་པ་ཡིན་ཏེ། རང་རྒྱུད་པས་ནི་ཡིད་ཀྱི་རྣམ་པར་ཤེས་པ་བདག་ཏུ་ཁས་ལེན། ཐལ་འགྱུར་བས་ནི། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་བདག་ཏུ་ཁས་ལེན་པའི་ཕྱིར། ཞེས་ཟེར་རོ། །འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་མི་འཐད་པ་དང་། བྱེ་བྲག་ཏུ་བདག་མེད་གཉིས་ཀྱི་ཁྱད་པར་ཆོས་ཅན་གྱི་སྒོ་ནས་འབྱེད་པ་མི་འཐད་པའོ། །དང་པོ་ནི། འདི་དག་ནི་རིགས་པ་མ་ཡིན་ཏེ། དབུ་མ་ཐལ་རང་གཉིས་ཀྱི་དགག་བྱ་གཉིས་དང་། དེ་བཀག་པའི་བདག་མེད་གཉིས་ཀྱི་ངོས་འཛིན་ཚུལ་ལ་ཁྱད་པར་དེ་ལྟ་བུ་ཡོད་པར་འཆད་བྱེད་ཀྱི་གཞུང་འགྲེལ་གསལ་པོ་གཅིག་ཀྱང་མི་སྣང་བའི་ཕྱིར་དང་། ཐ་སྙད་དུ་ཡོད་པར་ཁས་ལེན་རྒྱུའི་བདག་ཕུང་པོ་གསུམ་པ་དེ་འདྲ་སྟོན་བྱེད་ཀྱི་གཞུང་འགྲེལ་མི་སྣང་བའི་ཕྱིར་དང་། ཁས་ལེན་རྒྱུའི་བདག་དང་འགོག་རྒྱུའི་བདག་གི་ཕྱེ་གསལ་བྱེད་པ་དེ་འདྲ་ནི། ཟླ་བའི་ཞབས་ཀྱིས་ཉན་ཐོས་སྡེ་པ་འགོག་པའི་ཕྱོགས་སྔ་མ་ལ་ཡོད་པ་ཡིན་གྱི། རང་ལུགས་ལ་དེ་ཡོད་པར་འཆད་ན། ཟླ་བའི་ཞབས་ཀྱི་གཞུང་མ་བསླབས་པར་གསལ་བའི་ཕྱིར་དང་། བརྟེན་ནས་བཏགས་པའི་ང་ཙམ་འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་བདག་ཏུ་འདོད་པ་དང་རང་ལུགས་ལ་བདག་ཏུ་ཁས་མ་ལེན་པའི་ཁྱད་པར་མ་ཕྱེད་པས་ནོངས་པའི་ཕྱིར་དང་། འཇིག་རྟེན་གྱི་གྲགས་པ་རང་ལུགས་ལ་ཁས་ལེན་དགོས་ན། བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་རང་ལུགས་ལ་ཡོད་པར་ཁས་མི་ལེན་པ་དང་འགལ་བའི་ཕྱིར། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དང་། ང་ཙམ་དང་བདག་གི་ངོས་འཛིན་ཚུལ་མངོན་པའི་མཛོད་དང་། ཚད་མ་རྣམ་འགྲེལ་དང་། དབུ་མ་ལ་འཇུག་པ་ནས་གསུངས་པ་རྣམས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མ་དམིགས་པས་ཐལ་འགྱུར་བ་ལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་མཛོད་དུ་ནི། ཉན་ཐོས་མང་བཀུར་བའི་ངོར། དགྲ་བཅོམ་པ་བྲག་གིས་བདུད་ལས་བརྩམས་པའི་ཚིགས་བཅད་ཤེས་བྱེད་ཀྱི་ཁུངས་སུ་དྲངས་ནས་ཕུང་པོ་བདག་མ་ཡིན་པ་དང་ཕུང་པོ་ལ་བདག་མེད་པར་བསྒྲུབས་ནས། དེ་ལ་དེ་མེད་བཞིན་དུ་བཏགས་པའི་ཚུལ་ཤིང་རྟའི་དཔེས་བཤད་པ་ཡིན་ནོ། །ཚིགས་སུ་བཅད་པ་དེ་ཡང་གང་ཞེ་ན། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཞེས་པ་ནས། ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པའི་བར་དེ་དག་གོ །འདིར་ལོཙྪ་བ་ཆེན་པོ་ཉི་མ་གྲགས་ཀྱི་ཞལ་ནས་གང་ཟག་གི་བདག་འགོག་པའི་རིགས་པ་དབྱིག་གཉེན་གྱིས་གང་བཤད་པ་དེ་ཉིད། དབུ་མ་ལ་འཇུག་པར་འཆད་དོ། །ཞེས་གསུང་ངོ་། །རྣམ་འགྲེལ་དུ་ནི། ང་འོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་ལ། འཇུག་པའི་རང་འགྲེལ་དུ་ནི། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པ་དེ་དང་། མངོན་པ་ཀུན་ལས་བཏུས་ལས། འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་ལྟ་བ་གང་ཡིན་པ་སྟེ། ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་དེ་དག་ལ་འཇིག་ལྟ་ངོས་འཛིན་ཚུལ་གྱི་ཁྱད་པར་ཅུང་ཟད་ཀྱང་རྙེད་པ་མ་ཡིན་ནོ། །དེ་ལྟ་བས་ན། རང་རྒྱུད་ཀྱི་ཕུང་པོའི་སྟེང་དུ། ཁྱད་གཞི་ང་ཙམ་དང་། དེའི་ཁྱད་པར་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དང་རྫས་ཡོད་དུ་འཛིན་པ་ནི་གང་ཟག་གི་བདག་ཏུ་འཛིན་པ་ཡིན་ལ། འདི་ལའང་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བ་གཉིས་ལས་དང་པོས་ནི་དེ་དང་དེའི་ཐ་སྙད་སྒྲོ་བཏགས་ནས་འཛིན་པ་ཡིན་ལ། གཉིས་པས་ནི། ཐ་སྙད་ལ་མ་ལྟོས་པར་དེ་དང་དེའི་དོན་གང་དང་གང་ཡིན་པ་དེ་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའོ། །འདི་ལ་བོད་ཕྱི་མ་དག་ན་རེ། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ་ལྟར་འཆད་པ་ནི། ཟླ་བའི་ཞབས་ཀྱིས་བཀག་པ་ཡིན་ཏེ། ཇི་སྐད་དུ། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟགས་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །ཞེས་བཤད་པའི་ཕྱིར་རོ། །ཡང་། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་པར་རྟོགས་པས་གང་ཟག་གི་བདག་མེད་རྟོགས་པའི་གོ་ཆོད་པ་ཡང་། ཟླ་བའི་ཞབས་ཀྱིས་ལེགས་པར་བཀག་པ་ཡིན་ཏེ། ཇི་སྐད་དུ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་ལ། དེའི་དོན་ཡང་། གླང་པོ་ཆེ་མེད་པར་ཤེས་པས་སྦྲུལ་གྱི་འཇིགས་པ་སྤོང་ནུས་པར་ཐལ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་མེད་པར་རྟོགས་པས་བདག་མེད་རྟོགས་པའི་གོ་ཆོད་པའི་ཕྱིར། དེ་ལྟར་ཐལ་བ་ལས། དེས་དེའི་གོ་མི་ཆོད་དེ། དེ་འཛིན་པ་དེ་ཀུན་བཏགས་ཁོ་ན་ཡིན་གྱི། ངར་འཛིན་ལྷན་སྐྱེས་ལ་དེ་འདྲའི་འཛིན་སྟངས་མེད་པའི་ཕྱིར་རོ་ཞེས་འཆད་དགོས་པ་ཡིན་ནོ། །ཞེས་སྨྲའོ། །འདི་མི་འཐད་པ་ལ། འདོད་པ་དེ་རིགས་པས་སུན་དབྱུང་བ་དང་། གཞུང་དེ་དག་གི་དོན་བཤད་པའོ། །དང་པོ་ནི། འོ་ན་མྱུ་གུ་མཐའ་བཞི་ལ་མི་སྐྱེ་བར་རྟོགས་པས་མྱུ་གུ་རང་བཞིན་གྱིས་སྐྱེ་མེད་དུ་རྟོགས་པའི་གོ་མི་ཆོད་པར་ཐལ་བ་དང་། མིག་སོགས་བདེན་པའི་གཅིག་དང་དུ་བྲལ་དུ་རྟོགས་པས། མིག་སོགས་བདག་མེད་དུ་རྟོགས་པའི་གོ་མི་ཆོད་པར་འགྱུར་ཏེ། དེ་དང་དེའི་ལོག་ཕྱོགས་འཛིན་པའི་འཛིན་སྟངས་ནི་རྟོག་པ་ཀུན་བཏགས་ཁོ་ན་ལ་ཡོད་པ་ཡིན་གྱི། ལྷན་སྐྱེས་ལ་དེ་འདྲའི་འཛིན་སྟངས་མེད་པའི་ཕྱིར་རོ། །གལ་ཏེ་ལྷན་སྐྱེས་ལ་དེ་འདྲའི་ཐ་སྙད་འཛིན་པའི་འཛིན་སྟངས་མེད་ཀྱང་། དེ་དང་དེའི་དོན་འཛིན་པའི་འཛིན་སྟངས་ཡོད་དོ་ཞེ་ན། འོ་ན་ངར་འཛིན་ལྷན་སྐྱེས་ལ་ཡང་རྟག་གཅིག་རང་དབང་ཅན་གྱི་ཐ་སྙད་འཛིན་པ་མེད་ཀྱང་དོན་འཛིན་པ་ཡོད་དོ། །གལ་ཏེ་དེ་ཡང་མེད་ན་ནི། འོ་ན་དེ་ཆོས་ཅན། བདག་འཛིན་མ་ཡིན་པར་ཐལ། རང་གི་འཛིན་སྟངས་ཀྱི་གཟུང་བྱ་དེ་བདག་གི་མཚན་ཉིད་དང་ལྡན་པར་མི་འཛིན་པའི་ཕྱིར་རོ། །འདི་ཡང་། ཇི་སྲིད་བདག་ཁས་ལེན་པ་དེ་སྲིད་དུ་རྟག་གཅིག་རང་དབང་ཅན་གྱི་མཚན་ཉིད་ཅན་དུ་ཁས་ལེན་དགོས་ཏེ་གཞན་དུ་ན། མི་རྟག་དུ་མ་གཞན་དབང་ཅན་དུ་འགྱུར་ལ། དེ་ལྟ་ན་བདག་ཡིན་པ་ཉམས་སོ། །རྩ་བའི་ཐལ་ཆོས་ལ་འདོད་པར་ནུས་པ་མ་ཡིན་ཏེ། དེ་དང་དེར་རྟོགས་པ་ནི། དེ་དང་དེའི་དོན་རྟོགས་པའི་གོ་ཆོད་པའི་ཕྱིར་རོ། །འདི་ཡང་འོག་ནས་རྒྱས་པར་འཆད་དོ། །ཁྱེད་ལ་གནོད་བྱེད་ཀྱི་རིགས་པ་གཞན་ཡང་འདི་ལྟར། བདག་ཕུང་གཅིག་དང་ཐ་དད་དང་རྟེན་བརྟེན་པ་དང་ལྡན་པ་སྟེ་ལྔ་བཀག་པས་ངར་འཛིན་ལྷན་སྐྱེས་མི་ཁེགས་པར་ཐལ་བ་དང་། ཤིང་རྟའི་སྟེང་དུ་བཏགས་དོན་རྣམ་པ་བདུན་བཀག་པས་ཤིང་རྟ་རང་བཞིན་གྱིས་གྲུབ་པ་ཡང་མི་ཁེགས་པར་འགྱུར་ཏེ། ཡན་ལག་དང་ཡན་ལག་ཅན་གཅིག་ཐ་དད་སོགས་སུ་འཛིན་པ་ནི་རྟོག་པ་ཀུན་བཏགས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ལ་ཡོད་པ་ཡིན་གྱི། ལྷན་སྐྱེས་ལ་དེ་མེད་པའི་ཕྱིར་རོ། །དེ་ལ་འདོད་ནུས་པ་མ་ཡིན་ཏེ། དེ་དང་དེ་འགོག་པའི་རིགས་པ་ནི་དེ་དག་ལས་གཞན། ཟླ་བའི་ཞབས་ཀྱིས་མ་གསུངས་པར་ཁྱེད་ཅག་འདོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལུང་སྔ་མའི་དོན་བཤད་པ་དང་། གཞུང་ཕྱི་མའི་དོན་བཤད་པའོ། །དང་པོ་ནི། མུ་སྟེགས་པ་བདག་ཕུང་དོན་གཞན་དུ་འདོད་པ་ལ། འདི་སྐད་ཅེས་འགོག་པ་ཡིན་ཏེ། བདག་ཕུང་དོན་གཞན་དུ་ཡོད་པ་མ་ཡིན་ཏེ། ཡོད་ན་ངར་འཛིན་ལྷན་སྐྱེས་ཀྱིས་དེ་གཉིས་དོན་གཞན་དུ་གཟུང་དགོས་པ་ལས། དེ་ལྟར་མ་གཟུང་བའི་ཕྱིར་ཞེས་འཆད་པར་གཞུང་གི་འཕྲོས་དང་འགྲེལ་པ་ཉིད་ན་གསལ་ལོ། །གཉིས་པ་ནི། ཇི་སྐད་དུ། བདག་མེད་རྟོགས་ཚེ་ཞེས་སོགས་ཀྱི་གཞུང་གི་དོན་ནི། ཉན་ཐོས་མང་བཀུར་བ་ཕུང་པོ་བདག་ཏུ་འདོད་པ་དང་། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་འཛིན་སྤོང་ནུས་པ་གཉིས་ནང་འགལ་ལོ་ཞེས་འཆད་པ་ཡིན་ཏེ། དེ་ཉིད་ཀྱི་སྔ་འགྲེལ་དུ། ངར་འཛིན་པའི་ཡུལ་ནི་ཕུང་པོ་རྣམས་དང་སེམས་ཡིན་ནོ། །ཞེས་བྱ་བ་གང་གི་ཕྱོགས་ཡིན་པ་དེའི་ལྟར་ན། ཇི་སྲིད་ཕུང་པོ་རྣམས་འབྱུང་བ་དེ་སྲིད་དུ་ངར་འཛིན་པ་ལ་འཇུག་པར་འགྱུར་ཏེ། བདག་ཏུ་འཛིན་པའི་གཞིའི་དངོས་པོ་ཡོད་པའི་ཕྱིར་རོ། །ཞེས་བཤད་པ། ཞེས་དང་། ཕྱི་འགྲེལ་ལས་ཀྱང་། བདག་རྟག་པ་ངར་འཛིན་གྱི་ཡུལ་ཡིན་ན་ནི་དེ་མེད་པར་ངར་འཛིན་པ་སྤོང་བར་འགྱུར་བ་ཞིག་ན། ངར་འཛིན་པའི་ཡུལ་ནི་གཞན་ཡིན་ཞིང་། གཞན་དངོས་མེད་པར་མཐོང་བ་ལས་ངར་འཛིན་པ་བཟློག་གོ །ཞེས་བྱ་བ་ནི། ཀྱེ་མ་ལ་ཁྱོད་ཀྱིས་མཛེས་སོ། །ཞེས་གསུངས་ལ། འདི་ཡང་གོང་དུ། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །ཞེས་འབྱུང་བ་དེ་ཉིད་དང་དོན་གཅིག་པ་ཡིན་ནོ། །དེའི་ཕྱིར། བདག་མེད་རྟོགས་ཚེ་ཞེས་པའི་རྐང་པ་དང་པོས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པ་དེ་ཚད་གྲུབ་ཏུ་བཤད་ནས། འདི་ནི་ཞེས་པའི་རྐང་པ་གཅིག་པུས་བདག་རྟག་པ་ངར་འཛིན་གྱི་གཟུང་བྱར་མི་འདོད་པའི་གཞན་གྱི་འདོད་པ་བསྐྱར་ནས། དེ་གཉིས་ནང་འགལ་ལོ་ཞེས་འཆད་པ་ནི། དེའི་ཕྱིར་སོགས་གཞུང་ལྷག་མ་རྣམས་སོ། །དེ་ལྟར་ན་གང་དག་གཞུང་འདིས། དབུ་མ་རང་རྒྱུད་པའི་ལུགས་ཀྱི་ངར་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངོས་འཛིན་ཚུལ་འགོག་པ་ལ་སྦྱོར་བ་ནི། ཟླ་བའི་གཞུང་གི་ཚིག་དང་དོན་དང་སྔ་ཕྱིའི་འཕྲོས་དང་། རང་རྒྱུད་པའི་བསྟན་བཅོས་ཆེན་པོ་དག་གི་བབས་དང་མི་འགྲིག་བཞིན་དུ། རང་གི་རྣམ་པར་རྟོག་པའི་རྟ་མུ་རྒོད་ལུང་དང་རིགས་པའི་སྲབ་སྐྱོགས་ཀྱིས་མ་གཅུན་པར་ཁ་ཡན་དུ་འཕྱན་པ་ལས། གཞུང་ལུགས་ཆེན་པོའི་སྐྱེད་མོས་ཚལ་མ་རུངས་པར་བྱས་པ་ལས་བྱུང་བའི་གྱ་གྱུའི་འཕྲེང་བ་དག་གང་དུ་འབབ་པའི་ལམ་བཙལ་བའི་ཕྱིར། ཤིང་རྟའི་སྲོལ་ལོག་པར་ཕྱེ་བ་ཡིན་ནོ། །གཉིས་པ་ནི། གང་ཟག་གཞན་ལ་དམིགས་ནས་བདེན་པར་འཛིན་པ་གང་ཟག་གི་བདག་འཛིན་དང་། དེ་བདེན་པར་མེད་པ་གང་ཟག་གི་བདག་མེད་ཀྱི་གོ་དོན་དུ་འཆད་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། ལུང་དང་མི་མཐུན་པ་དང་། རིགས་པས་གནོད་པ་དང་། ཁས་བླངས་ནང་འགལ་བའི་ཕྱིར་རོ། །དང་པོ་ནི། ལྷ་སྦྱིན་གྱིས་གང་ཟག་གཞན་བདེན་པར་འཛིན་པའི་བློ་དེ་ལྷ་སྦྱིན་གྱི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་མ་ཡིན་ཏེ། གལ་ཏེ་ཡིན་ན། དེ་ལྷ་སྦྱིན་གྱི་བདག་ཏུ་ཐལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། བརྒྱ་པ་ལས། ཁྱོད་ཀྱི་བདག་གང་ངའི་བདག་མིན། །དེས་དེ་བདག་མིན་མ་ངེས་ཕྱིར། །ཞེས་དང་། དེའི་འགྲེལ་པར། ཁྱོད་ཀྱི་བདག་དང་ཁྱོད་ཀྱི་ངར་འཛིན་པའི་ཡུལ་དང་བདག་ཏུ་ཆགས་པའི་ཡུལ་གང་ཡིན་པ་དེ་ཉིད་ནི་ཁོ་བོའི་བདག་ཏུ་མི་འགྱུར་ཏེ། ཁོ་བོ་ཅག་གི་ངར་འཛིན་པའི་ཡུལ་མ་ཡིན་པའི་ཕྱིར་དང་། བདག་ཏུ་ཆགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཇི་སྐད་དུ་འཇུག་པ་ལས། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་བཤད་པ་དེ་ཡང་། བདག་མེད་གཉིས་པོ་ཆོས་ཅན་གྱིས་འབྱེད་པར་སྟོན་པ་མ་ཡིན་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའི་དབྱེ་བས་བདག་མེད་པ་རྣམ་པ་གཉིས་སུ་འབྱེད་ཅེས་པའི་དོན་དུ་འགྲེལ་པ་ཉིད་ལས་གསལ་བར་གསུངས་པའི་ཕྱིར་དང་། ཆོས་ཅན་གྱི་སྒོ་ནས་འབྱེད་ན་ཆོས་ཀྱི་བདག་མེད་གཅིག་པུར་འདུས་པའི་ཕྱིར་དང་། དེ་ལྟ་ན་ཡང་། ཆོས་ཀྱི་གསལ་བའི་དབྱེ་བ་སོ་སོར་འབྱེད་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང་། དེ་ལྟར་ཕྱེ་བ་ལ་དགོས་པ་དང་ནུས་པ་ཅི་ཡང་མི་སྣང་བའི་ཕྱིར་རོ། །གཉིས་པ་ནི། སོ་སོ་སྐྱེ་བོས་འཕགས་པ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཆོས་ཅན། དེའི་རྒྱུད་ཀྱི་ངར་འཛིན་ཡིན་པར་ཐལ་བ་དང་། དེའི་རྒྱུད་ཀྱི་འཇིག་ལྟ་མཚུངས་ལྡན་དང་བཅས་པ་ཡིན་པར་ཐལ། དེའི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར་རོ། །གཞན་ཡང་། འཕགས་པ་ཆོས་ཅན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བདག་ཡིན་པར་ཐལ། དེའི་རྒྱུད་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །དེའི་ཁྱབ་པ་ཁྱེད་ཀྱིས་ཁས་བླངས་ཏེ། སྤྱིར་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན། བདག་ཡིན་དགོས་པར་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་པས། གཅིག་ཤོས་ཁས་ལེན་དགོས་ན་ནི། གང་ཟག་གཞན་དེ། གང་ཟག་རང་ཉིད་དུ་ཐལ་བར་འགྱུར་ཏེ། གང་ཟག་གཞན་ལ་དམིགས་ནས་གང་ཟག་གི་བདག་ཏུ་འཛིན་པའི་བདག་འཛིན་ལྷན་སྐྱེས་ཀྱིས་དམིགས་པའི་ཕྱིར་རོ། །གཞན་ཡང་། གང་ཟག་གཞན་བདེན་མེད་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་རང་རྒྱུད་ཀྱི་གང་ཟག་གི་བདག་འཛིན་གྱི་ས་བོན་དྲུང་ནས་འབྱིན་ནུས་པར་འགྱུར་ཏེ། གང་ཟག་གཞན་བདེན་པར་འཛིན་པའི་བློ་དེ། རང་རྒྱུད་ཀྱི་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། འདོད་ན་ནི་ཇི་སྐད་དུ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །ཞེས་སོགས་ཀྱི་ལུང་ལ་བརྟེན་པའི་རིགས་པས་གནོད་པར་འགྱུར་ཞིང་། བུམ་པ་བདེན་མེད་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་ཀྱང་བདག་འཛིན་གྱི་ས་བོན་འཇོམས་ནུས་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཞེས་གསུངས་པ་དང་འགལ་བ་ཡིན་ཏེ། གང་ཟག་གི་བདག་འཛིན་གྱི་གཉེན་པོར་ཆོས་ཀྱི་བདག་མེད་རྐྱང་པ་བསྒོམས་པས་ཆོག་པར་ཐལ་བའི་ཕྱིར་རོ། །ལུང་སྔ་མས་གནོད་པ་ཇི་ལྟར་ཞེ་ན་འདི་ལྟར། གང་ཟག་གཞན་མེད་རྟོགས་པས་བདག་འཛིན་སྤོང་། །དེ་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་གཞན་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་བྱ་བ་ཤིན་ཏུ་མཚར། །ཞེས་སྦྱར་ན་མཚུངས་པའི་ཕྱིར་རོ། །དེར་མ་ཟད་ཇི་སྐད་དུ། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་རིགས། །ཞེས་པའི་ལུང་ལ་བརྟེན་པའི་རིགས་པས་ཀྱང་ཁྱེད་ལ་གནོད་དེ། འདི་ལྟར་རང་རྒྱུད་ཀྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་བདག་ཏུ་མི་རིགས་པར་ཐལ། བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱིས་གང་ཟག་གཞན་ལ་དམིགས་པའི་གང་ཟག་གི་བདག་ཏུ་འཛིན་པ་སྤོང་བའི་ཕྱིར། དེ་ཡང་འདི་སྐད་ཅེས། གཞན་གྱིས་བདག་སྤོང་དེ་ཚེ་ང་ཡི་ཕྱིར། །ཁྱོད་ཀྱིས་རང་གི་ང་ཙམ་བདག་མི་རིགས། །ཞེས་སྦྱར་བས་སོ། །གཞན་ཡང་ཉན་ཐོས་མཐོང་ལམ་པས་གང་ཟག་གཞན་བདག་མེད་དུ་རྟོགས་པའི་བར་ཆད་མེད་ལམ་ཆོས་ཅན། ཁྱོད་དང་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་གཉིས་དམིགས་པ་གཅིག་ལ་དམིགས་པར་ཐལ། ཁྱོད་དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། དེས་ཀྱང་རང་རྒྱུད་ཀྱི་ང་ཙམ་ལ་དམིགས་པར་ཐལ་ལོ། །མདོར་ན་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་ན། ངར་འཛིན་ལྷན་སྐྱེས་ཡིན་པས་ཁྱབ། དཔེར་ན། འཇིག་ཚོགས་ལ་ལྟ་བར་གྱུར་པའི་ངར་འཛིན་བཞིན། གང་ཟག་གཞན་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཡང་གང་ཟག་གི་བདག་འཛིན་དུ་ཁས་བླངས་པས། ངར་འཛིན་དུ་ཐལ་ལོ་ཞེས་བྱ་བ་འདི་ཁྱེད་ཅག་གིས་བཟློག་པར་མི་ནུས་སོ། །གཏན་ཚིགས་འདི་མི་མཐུན་ཕྱོགས་ལ་ཞུགས་པ་མ་ཡིན་ཏེ། གང་ཟག་གི་བདག་ཡིན་ན་ང་ཡིན་དགོས་པའི་ཕྱིར། གལ་ཏེ་དེ་ཡིན་ན་དེ་ཡིན་པར་འགལ་ལོ་ཞེ་ན། འོ་ན་གང་ཟག་གི་བདག་འཛིན་ཡིན་ན་ངར་འཛིན་མ་ཡིན་པས་ཁྱབ་པར་འགྱུར་བ་དང་། ང་ཙམ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་འཛིན་པའི་གང་ཟག་གི་བདག་འཛིན་མི་སྲིད་པར་ཐལ། དེ་ལྟ་ན་ཉོན་མོངས་པའི་རྩ་བ་ངོས་མ་ཟིན་པས། དབུ་མའི་ལྟ་བ་ཕར་ཞོག གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལྟ་བ་ཙམ་ལ་ཡང་མ་རེག་གོ །གསུམ་པ་ཁས་བླངས་འགལ་བ་ནི། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པར་འཇོག་པ་ལ་བདག་གོ་སྙམ་པའི་བློ་རང་ཤུགས་ཀྱིས་སྐྱེ་བ་གཅིག་དགོས་པར་ཐལ། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པར་འཇོག་པ་ལ། ངའོ་སྙམ་པའི་བློ་རང་ཤུགས་ཀྱིས་སྐྱེ་བ་གཅིག་དགོས་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ་ཅིང་། རྟགས་ཁྱེད་ཀྱི་གྲུབ་པའི་མཐའོ། །གཞན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པའི་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡོད་པར་འགྱུར་ཏེ། དེ་ལ་དམིགས་པའི་བདེན་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར། དེ་ཡང་དེ་ལྟ་ན། ལོངས་སྐུའི་རྒྱུད་ལ་གང་ཟག་གི་བདག་འཛིན་ཡོད་པར་ཐལ་བ་ལས་མ་འདས་སོ། །གཞན་ཡང་། ལྷ་སྦྱིན་གྱིས་འདི་ནི་ངའི་ཞང་པོའི་ཞེས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། དམིགས་པ་གང་ཟག་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་མ་ཡིན་ཏེ། ང་ཡི་བར་ཞེན་པའི་བློ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །བཞི་པ་ང་ཡི་བའི་ངོས་འཛིན་ནོར་བས་གྲུབ་མཐའི་རྩ་བ་འཆུགས་པའི་ཚུལ་བཤད་པ་ལ་གསུམ་སྟེ། ཕྱོགས་སྔ་མའི་རྩ་བ་བརྗོད་པ་དང་། དེ་སུན་དབྱུང་བ་དང་། རྗེས་འབྲང་དག་གིས་བརྟགས་པའི་འདོད་པའི་ཁྱད་པར་སོ་སོ་བ་རྣམས་མི་འཐད་པའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་ན་རེ། ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཉིད་ལ་ང་ཡི་བར་འཛིན་པ་ཞེས་བྱ་ཞིང་། དེ་ཡིན་ན་འཇིག་ཚོགས་ལ་ལྟ་བ་ཡིན་པས་ཁྱབ་ལ། ང་ཡི་བའི་མཚན་གཞི་ཡང་། ལྷ་སྦྱིན་གྱི་མིག་དང་རྣ་བ་ལ་སོགས་པའོ། །དེ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་ན་ཆོས་ཀྱི་བདག་འཛིན་མ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་གསུང་ངོ་། །གཉིས་པ་ནི། དེ་ལྟར་འདོད་པ་དེ་ལུང་དང་འགལ་བར་བསྟན། རིགས་པ་དང་འགལ་བར་བསྟན། ཁས་བླངས་ནང་འགལ་བའོ། །དང་པོ་ནི། བདག་གི་བའི་མཚན་གཞི་དེ་ལྟར་ཁས་ལེན་ན། ཉན་ཐོས་མང་བཀུར་བ་ཕུང་པོ་བདག་གི་མཚན་གཞིར་འདོད་པ་འགོག་བྱེད་ཀྱི་རིགས་པ་ཇི་སྐད་བཤད་པ་དེ་ཐམས་ཅད་འཇུག་པ་ཡིན་ཏེ། འདི་ལྟར། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་སུ་འདོད། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་བྱ་བའི་ལུང་ལ་བརྟེན་པའི་རིགས་པ་རྣམས་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པའི་ཕྱིར་དང་། གཞན་ཡང་། རང་བཞིན་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །མིག་དང་སྣ་སོགས་བདག་གི་ཡིན་མི་རིགས། །ཞེས་སྦྱར་ན་ཇི་ལྟ་བ་བཞིན་དུ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ང་ཡི་བ་མངོན་སུམ་གྱི་ཚད་མས་གྲུབ་པར་འགྱུར་ཏེ། མིག་དང་རྣ་བ་སོགས་ང་ཡི་བར་ཁས་ལེན་ནུས་པའི་ཕྱིར། ཁྱབ་པ་ཁས་བླངས། དེ་ལྟ་ན། ང་ཡང་མངོན་སུམ་གྱི་ཚད་མས་གྲུབ་པར་འགྱུར་བ་དང་། ང་ཡི་བ་དང་རང་མཚན་གྱི་གཞི་མཐུན་ཡོད་ན། ང་དང་དེའི་གཞི་མཐུན་ཡང་ཡོད་དགོས་པར་འགྱུར་རོ། །གསུམ་པ་ནི། ལྷ་སྦྱིན་གྱི་མིག་དང་རྣ་བ་ལ་སོགས་པ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཆོས་ཅན། འཇིག་ཚོགས་ལ་ལྟ་བར་ཐལ། ང་ཡི་བར་འཛིན་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན། དེར་ཐལ། དམིགས་པ་ང་ཡི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། ཞེས་པ་དང་། རྩ་བར་འདོད་ན་དེ་ཆོས་ཅན། ཆོས་ཀྱི་བདག་འཛིན་མ་ཡིན་པར་ཐལ། འཇིག་ལྟ་ཡིན་པའི་ཕྱིར་ཞེས་པའི་འཁོར་གསུམ་སྔ་ཕྱི་གཉིས་ཀ་བཟློག་པར་མི་ནུས་སོ། །ཡང་ལྷ་སྦྱིན་གྱི་མིག་སོགས་ཆོས་ཅན། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པར་ཐལ། ང་ཡི་བར་ཞེན་པའི་བློ་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། འདོད་ན། དེ་ཆོས་ཅན། ཁྱོད་ལ་དམིགས་ནས་ངའོ་སྙམ་པའི་བློ་རང་ཤུགས་ཀྱིས་སྐྱེ་བར་ཐལ། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། གཞན་ཡང་། ལྷ་སྦྱིན་གྱི་མིག་སོགས་ཆོས་ཅན། ཁྱོད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དང་། ང་ཡི་བར་འཛིན་པའི་གཞི་མཐུན་ཡོད་པར་ཐལ། ཁྱོད་ང་ཡི་བ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། དེ་འདྲའི་གཞི་མཐུན་དེ་ཆོས་ཅན། འཇིག་ལྟ་མ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གསུམ་ཅར་བཟློག་པར་མི་ནུས་སོ། །རྩ་བ་ལ་ཁྱབ་པ་མ་ངེས་ན། འོ་ན་ང་ཡི་བར་འཛིན་པའི་བློའི་དམིགས་པ་ཡིན་ན་ང་ཡི་བ་མ་ཡིན་དགོས་པར་ཐལ། དེ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་ན། དངོས་སུ་འགལ་བར་མ་ཟད། ང་ཡི་བ་འཛིན་པའི་བློ་ཡིན་ན་ང་ཡི་བ་ལ་མ་དམིགས་དགོས་པར་ཐལ་བ་དང་། ངར་འཛིན་པ་ཡིན་ན་ང་ལ་མ་དམིགས་པ་དགོས་པར་ཐལ་ལོ། །རྩ་བའི་རྟགས་ཁྱབ་ཁས་མ་བླངས་སོ་སྙམ་ན། འོ་ན་དེ་འདྲའི་གཞི་མཐུན་དེ་ངོས་ཟུངས་ཤིག ལྷ་སྦྱིན་གྱི་མིག་ལ་སོགས་པའོ་སྙམ་ན། དངོས་སུ་འགལ་བ་ཡིན་ཏེ། ཁྱེད་རང་གི་འཇུག་པའི་རྣམ་བཤད་ལས། བདག་གི་བ་ཡི་མཚན་གཞི་མིག་སོགས་བདག་གི་བའི་དམིགས་པར་སྟོན་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་འཇིག་ཚོགས་ལ་ལྟ་བ་དང་ཆོས་ཀྱི་བདག་འཛིན་མི་འགལ་བར་ཐལ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །གལ་ཏེ་ང་ཡི་བ་ཙམ་པོ་དེ་འདྲའི་གཞི་མཐུན་དུ་ཁས་ལེན་པས། ཇི་སྐད་བཤད་པའི་ཉེས་པ་དེ་དག་མེད་དོ་སྙམ་ན། ང་ཡི་བ་ཆོས་ཅན། དེ་འདྲའི་གཞི་མཐུན་མ་ཡིན་པར་ཐལ། ང་ཡི་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལ་དམིགས་ནས་ང་ཡི་བའོ་སྙམ་པའི་བློ་རང་ཤུགས་ཀྱིས་སྐྱེ་བར་ཐལ། ང་ཡི་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་། འདོད་ན། འཇིག་ལྟའི་འཛིན་སྟངས་དོན་མཐུན་ཡོད་པར་འགྱུར་རོ། །དེར་མ་ཟད་ཀྱི་ལྷ་སྦྱིན་གྱི་ང་ཡི་བ་ཙམ་པོ་ཆོས་ཅན། ཁྱོད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དེ་ཆོས་ཀྱི་བདག་འཛིན་དུ་ཐལ། ཁྱོད་ཆོས་དང་གང་ཟག་གཉིས་ཀྱི་བཟླས་ཕྱེ་བའི་ཆོས་དེ་ཡིན་པའི་ཕྱིར། འདོད་ན། དེ་འཇིག་ལྟ་མ་ཡིན་པར་ཐལ་བ་དང་། དེ་ཡང་འདོད་ན། ང་ཡི་བར་ཞེན་པའི་བློ་མ་ཡིན་པར་ཐལ་ལོ་ཞེས་འཕངས་པས་འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་རྒྱུད་མར་འབྱུང་ངོ་། །གཞན་ཡང་། ཕུང་པོ་དང་བདག་གི་གཞི་མཐུན་མེད་པར་ཁས་ལེན་པ་དང་། ཕུང་པོ་དང་བདག་གི་བའི་གཞི་མཐུན་ཡོད་པར་ཁས་བླངས་ཤིན་ཏུ་འགལ་ཞིང་། བདག་ཡིན་ན་ཕུང་པོ་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་ཁས་ལེན་པ་དང་། བདག་གི་བ་ཡིན་ན་མིག་སོགས་ལ་བཏགས་པའི་བཏགས་ཡོད་དུ་ཁས་མི་ལེན་པ་ནང་འགལ། འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་འགལ་བར་འདོད་པ་དང་། བདག་འཛིན་གཉིས་ཀྱི་ཁྱད་པར་ཆོས་ཅན་ཁོ་ནས་འབྱེད་པར་འདོད་པ་འདི་ཡང་ནང་འགལ་བའི་ཚུལ་འཆད་པར་འགྱུར་རོ། །མདོར་ན། ཇི་སྐད་དུ། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་གཞུང་གིས་གང་ཟག་རང་བཞིན་གྱིས་མ་གྲུབ་པ་གང་ཟག་གི་བདག་མེད་པའི་དོན་དུ་འཆད་པ་དབུ་མ་ལ་འཇུག་པའི་དགོངས་པ་མ་ཡིན་ཏེ། ཡིན་ན་དེའི་རྒྱས་བཤད་དུ་བདེན་པ་གཉིས་པོ་སྟོང་ཉིད་ཉི་ཤུའི་སྒོས་འཆད་པར་བཤད་པ་ལ། དེའི་སྟོང་གཞི་ཆོས་ཅན་ཉི་ཤུ་པོ་གང་རུང་གི་ནང་དུ་གང་ཟག་དང་ང་ཙམ་ཆོས་ཅན་དུ་བྱས་པ་འགའ་ཞིག་འབྱུང་རིགས་པ་ལས་གཅིག་ཀྱང་མ་བྱུང་བའི་ཕྱིར་རོ། །འོ་ན་ཁྱེད་ལ་དེར་ཐལ་བ་ཇི་ལྟར་མི་འབྱུང་ཞེ་ན། ཕྱི་ནང་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་ཅེས་པ་དེར་ཕུང་པོ་ལྔ་བདག་གཉིས་ཀྱིས་སྟོང་པར་བཤད་པ་ཡིན་ནོ། །དེར་མ་ཟད་ཀྱི་འདིར་ཆོས་ཅན་དེ་དང་དེ་བདག་གཉིས་པོ་དེ་དང་དེས་སྟོང་པར་འཆད་པ་ཡིན་པས་ཁོ་བོ་ཅག་ལ་ཉེས་པ་མེད་དོ། །གསུམ་པ་ལ་ལུང་སྔ་མ་སྐྱོན་མེད་དུ་སྨྲ་བའི་རྗེས་འབྲང་གི་འཆད་ཚུལ་ལ་གཉིས་ལས། དང་པོ་མངོན་པར་རློམ་པའི་དྲེགས་པས་མྱོས་པ་ཁ་ཅིག་འདི་སྐད་དུ་སྨྲ་སྟེ། མིག་སྣ་ལ་སོགས་པ་ང་ཡི་བའི་མཚན་གཞི་ཡིན་ཡང་། དེ་རང་བཞིན་གྱིས་གྲུབ་པར་འཛིན་པ་ནི། ཆོས་ཀྱི་བདག་འཛིན་ཏུ་འཆད་དགོས་ཤིང་རང་རྒྱུད་ཀྱི་མིག་སྣ་ལ་སོགས་པ་ང་ཡི་བར་སྣང་བ་དེ། རང་བཞིན་གྱིས་གྲུབ་པར་འཛིན་པ་ནི་ང་ཡི་བར་འཛིན་པ་ཡིན་ལ། དེ་ཡིན་ན་གང་ཟག་གི་བདག་ཏུ་འཛིན་པ་ཡིན་པས་ཁྱབ་པ་ཡིན་ནོ། །དེ་ལྟ་ན་ཡང་རང་རྒྱུད་ཀྱིས་མ་བསྡུས་པའི་ཡོ་བྱད་སོགས་ལ། ང་ཡི་བར་སྣང་བ་འདི་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ནི་ང་ཡི་བར་འཛིན་པ་ཡིན་ནོ། །ཡང་གང་ཟག་གི་བདག་ཏུ་འཛིན་པ་ལ་ངའོ་སྙམ་པའི་འཛིན་སྟངས་མི་དགོས་ཤིང་། ང་ཡི་བར་འཛིན་པ་ལ་ང་ཡི་བའི་འཛིན་སྟངས་དགོས་པ་དང་། ང་ཡི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ཡིན་ན། གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་ཟེར་རོ། །འདི་མི་འཐད་པ་ལ་གསུམ་སྟེ། རང་གི་ཁས་བླངས་སྔ་ཕྱི་འགལ་བ་དང་། རང་གང་གི་རྗེས་སུ་འབྲང་བའི་ལུང་དང་འགལ་བ་དང་། རྣམ་དག་གི་ལུང་དང་འགལ་བའོ། །དང་པོ་ནི། འདི་ལྟར་ལྷ་སྦྱིན་གྱི་རྒྱུད་ཀྱི་ང་ཡི་བ་ཆོས་ཅན། གང་ཟག་ཡིན་པར་ཐལ། ཁྱོད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དེ་གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར། ཁྱབ་པ་དངོས་འགལ། རྟགས་ཀྱང་མ་གྲུབ་ན་དངོས་འགལ་ཡིན་མོད། དེ་འདྲའི་བློ་ཆོས་ཅན། གང་ཟག་གི་བདག་འཛིན་དུ་ཐལ། རང་རྒྱུད་ཀྱིས་བསྡུས་པའི་ང་ཡི་བ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། གསུམ་ཅར་དངོས་འགལ་དུ་སོང་ལ། རྩ་བར་འདོད་ན་ཡང་དངོས་འགལ་ཡིན་མོད། ལྷ་སྦྱིན་གྱི་ང་ཡི་བ་ལྷ་སྦྱིན་དུ་ཁས་བླངས་པས་ལུང་རིགས་གཉིས་ཀ་དང་འགལ་ལོ། །ཡང་གང་ཟག་གི་བདག་འཛིན་དང་འཇིག་ལྟར་གྱུར་པའི་ང་ཡི་བར་འཛིན་པ་དེ་ཆོས་ཅན། ཆོས་ཀྱི་བདག་འཛིན་དུ་ཐལ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། འཁོར་གསུམ་གང་ལ་ལན་བཏབ་ཀྱང་དངོས་འགལ་ཡིན་མོད། དེ་ལྟ་ན་ཡང་། རྟགས་མ་གྲུབ་ན། ལྷ་སྦྱིན་ལྟ་བུ་གཅིག་ལ་གང་ཟག་མང་པོ་ཡོད་པར་འགྱུར་ཏེ། དེ་ཡི་ང་ཡི་བ་གང་ཟག་ཏུ་ཁས་བླངས་པའི་ཕྱིར། གལ་ཏེ་ཆོས་དང་གང་ཟག་གང་དུ་ཡང་ཁས་མི་ལེན་ན་ནི། དེ་གཞི་མ་གྲུབ་པར་ཐལ་བ་དང་། བདག་མེད་ཀྱི་འཇོག་མཚམས་དུ་མ་ཞིག་ཁས་ལེན་དགོས་པར་འགྱུར་ཏེ། གཉིས་པོའི་འཇོག་མཚམས་ཆོས་ཅན་ཁོ་ནས་བྱས་པ་གང་ཞིག ཆོས་ཅན་གཉིས་པོ་གང་རུང་དུ་མ་འདུས་པའི་ཕུང་པོ་གསུམ་པ་ཞིག་དམིགས་པའི་ཕྱིར་རོ། །དེ་དག་ནི་རིགས་པ་དང་འགལ་བའོ། །རྩ་བར་འདོད་ན་དེ་ཆོས་ཅན། འཇིག་ཚོགས་ལ་ལྟ་བ་དང་གང་ཟག་གི་བདག་འཛིན་མ་ཡིན་པར་ཐལ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གསུམ་པོ་གང་ལ་ཡང་ལན་བཏབ་ཀྱང་དངོས་འགལ་ལོ། །གཞན་ཡང་། ལྷ་སྦྱིན་རང་གི་མིག་རྣ་སོགས་སམ། རང་དབང་བའི་རྟ་དང་གླང་པོ་སོགས་ལ་དམིགས་ནས་ང་ཡི་བ་དང་རང་བཞིན་གྱིས་གྲུབ་པའི་གཞི་མཐུན་དུ་འཛིན་པའི་བློ་ཆོས་ཅན། ང་ཡི་བར་འཛིན་པའི་བློ་ཡིན་པར་ཐལ། དམིགས་པ་ང་ཡི་བ་ལ་དམིགས་ནས་རང་བཞིན་གྱི་གྲུབ་པར་ཞེན་པའི་བློ་གང་ཞིག་ང་ཡི་བའི་འཛིན་སྟངས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་ཚད་མས་གྲུབ། འདོད་ན་ཁས་བླངས་ཀྱི་བསལ་བ་ཞུགས་པའི་ཚུལ་འདི་ལྟར། དེ་ཆོས་ཅན། འཇིག་ལྟ་དང་གང་ཟག་གི་བདག་ཏུ་འཛིན་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། དེ་ཡང་འདོད་ན། ཆོས་ཀྱི་བདག་འཛིན་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་དམིགས་པ་གཉིས་སུ་ཕྱེ་བའི་ཆོས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་མ་ཡིན་པར་ཐལ། ཞེས་འཕངས་པས་གསུམ་ཅར་དངོས་འགལ་གྱི་ཕྲེང་བ་རྒྱུད་མར་འབྱུང་ངོ་། །གཞན་ཡང་། རང་རྒྱུད་ཀྱིས་མ་བསྡུས་པའི་ཡོ་བྱད་ལ་སོགས་པ་ལ་བརྟེན་ནས་ང་ཡི་བར་བཏགས་པའི་ང་ཡི་བ་ཙམ་པོ་དེ་ཆོས་ཅན། ཁྱོད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དེ་ང་ཡི་བར་ཞེན་པའི་བློ་ཡིན་པར་ཐལ། དེ་འདྲ་བ་དེ་དམིགས་པ་ང་ཡི་བ་ལ་དམིགས་ནས་རྣམ་པ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར། ཐལ་བའི་ངག་འདིའི་ཡང་གསུམ་ཅར་ཁས་བླངས་པ་ཡིན་མོད། མངོན་གསུམ་ལ་བསྙོན་ཏེ་ཁྱབ་པ་མ་ངེས་སོ་ཞེས་ཟེར་ན་ནི། འོ་ན་དམིགས་པ་ང་ཙམ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཡིན་ན་ངར་འཛིན་ཡིན་པས་མ་ཁྱབ་པར་ཐལ་ལོ། །ཡང་དེ་འདྲ་དེ་ང་ཡི་བ་མ་ཡིན་པར་འདོད་ན་ནི། ང་ཡི་བ་ཡིན་ན་རྣམ་སྨིན་གྱི་ཕུང་པོ་བསྡུས་པ་ཡིན་དགོས་པར་འགྱུར་བའམ། རྣམ་སྨིན་གྱི་ཕུང་པོ་ཁོ་ན་ལ་བཏགས་པའི་བཏགས་ཡོད་ཁོ་ནར་ཐལ་བ་གང་རུང་ལས་མ་འདས་སོ། །དེ་ཡང་དེ་ལྟ་ན་ནི། ཚད་ལྡན་གྱི་གཞུང་མཐའ་དག་དང་འགལ་བར་ངེས་སོ། །གཞན་ཡང་དམིགས་པ་ང་ཡི་བ་ཉིད་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། ང་ཡི་བར་འཛིན་པ་མ་ཡིན་པར་ཐལ། ང་ཡི་བར་འཛིན་པའི་འཛིན་སྟངས་ཅན་མ་ཡིན་པའི་ཕྱིར། ཁྱབ་པ་དང་ཐལ་ཆོས་ཁས་བླངས་མ་གྲུབ་ན་ཡང་འགལ་ཏེ། ཁྱེད་རང་གིས་ཚད་མར་ཁས་ལེན་པའི་འཇུག་པའི་རྣམ་བཤད་ལས། ང་དང་ང་ཡི་རྣམ་པར་ཞུགས་པ་ཞེས་པས་ང་དང་ང་ཡི་བ་ཙམ་འཛིན་སྟངས་ཀྱི་རྣམ་པའི་ཡུལ་དུ་སྟོན་པ་མ་ཡིན་གྱི། དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་དུ་སྟོན་པའོ། །ཞེས་བཤད་པ་དང་འགལ་ལོ། །གཞན་ཡང་། ངར་འཛིན་ལྷན་སྐྱེས་ཡིན་ན། ངའོ་སྙམ་པའི་འཛིན་སྟངས་ཅན་ཡིན་དགོས་པར་ཐལ། ང་ཡི་བར་འཛིན་པའི་བློ་ལྷན་སྐྱེས་ཡིན་ན། ང་ཡི་བའི་འཛིན་སྟངས་ཅན་ཡིན་དགོས་པའི་ཕྱིར། རྟགས་ཁས་བླངས། ཁྱད་པ་ཚད་མས་གྲུབ། འདོད་ན། ང་ཙམ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། དེར་ཐལ། ངར་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར། ཞེས་འཕངས་པས། གསུམ་པོ་གང་ལ་ལན་བཏབ་ཀྱང་དངོས་འགལ་ལོ། །གཞན་ཡང་། སྲོག་ཆགས་རྣམས་ལ་ངའོ་སྙམ་པའི་ལྷན་སྐྱེས་གཅིག་ཡོད་དམ་མེད། མེད་ན་ཇི་སྐད་དུ། དང་པོར་ང་ཞེས་བདག་ཏུ་ཞེན་འགྱུར་ཞིང་། ཞེས་སོགས་དང་འགལ་ལ། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་འཛིན་དུ་ཐལ། ངར་འཛིན་ལྷན་སྐྱེས་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས་ཡིན་ནོ། །གཉིས་པ་ནི། ང་ཡི་བར་ཞེན་པ་ལ་ང་ཡི་བའི་འཛིན་སྟངས་ཅན་དགོས་པ་དང་། དེ་ཉིད་གང་ཟག་གི་བདག་འཛིན་དུ་ཡང་ཁས་ལེན་པ་ནི། རང་གང་གི་རྗེས་སུ་འབྲང་བའི་ལུང་དེ་དང་འགལ་བ་ཡིན་ཏེ། གོང་དུ་དྲངས་མ་ཐག་པ་ལྟར་གང་འཇིག་ཚོགས་ལ་ལྟ་བ་ཡིན་ན་ང་དང་ང་ཡི་བ་གང་རུང་དམིགས་པའི་ཡུལ་དུ་བྱེད་ཅིང་། འཛིན་སྟངས་ཀྱི་ཡུལ་དུ་མི་བྱེད་པས་ཁྱབ་པ་ཁས་ལེན་གྱིན་འདུག་པའི་ཕྱིར་དང་། ང་ཡི་བ་ཙམ་པོ་དེ་གང་ཟག་ཏུ་ཁས་མི་ལེན་པར་དེ་ཉིད་ཀྱི་ལུང་ལས་གསལ་བའི་ཕྱིར་རོ། །དེའི་ཕྱིར་ལུགས་དེ་ལ་ང་ཡིན་པར་ཞེན་པའི་བློ་འཇིག་ཚོགས་ལ་ལྟ་བ་ཡིན་པ་དང་། གང་ཟག་གི་བདག་འཛིན་མ་ཡིན་པར་ཁས་བླངས་ན་མཛེས་སོ། །གསུམ་པ་ནི། རང་རྒྱུད་ཀྱིས་མ་བསྡུས་པའི་ཡོ་བྱད་ལ་ང་ཡི་བར་རང་བཞིན་གྱིས་གྲུབ་པ་ཉིད་དུ་ཞེན་པའི་བློ་ང་ཡི་བར་འཛིན་པ་མ་ཡིན་པར་ཁས་ལེན་པ་ནི་ཟླ་བའི་གཞུང་དང་འགལ་ཏེ། ཇི་སྐད་དུ། བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཞེས་པའི་འགྲེལ་པར་འདི་ནི་བདག་གོ་སྙམ་དུ་ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོའི་རྣམ་པ་མ་ལུས་པ་ལ་མངོན་པར་ཞེན་པ་ཡིན་ནོ། །ཞེས་གསལ་བར་གསུངས་པ་དང་འགལ་ལོ། །གཞན་ཡང་། ཁྱེད་ཅག་འཁོར་དང་བཅས་པས་ང་ཡི་བར་འཛིན་པ་གང་ཡིན་འཇིག་ལྟར་ཁས་བླངས་པ་ནི་ཤིན་ཏུ་ནོངས་པ་ཡིན་ཏེ། རང་གི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་ང་ཡི་བ་དང་། ཟས་གོས་སོགས་ལ་བཏགས་པའི་ང་ཡི་བ་གཉིས་ཀྱི་ཁྱད་པར་འབྱེད་མ་ཤེས་པའི་ཕྱིར། གལ་ཏེ་དེ་འདྲའི་ཁྱད་པར་ཕྱེ་ནས་ཕྱི་མ་འཇིག་ལྟར་ཁས་མི་ལེན་ནོ་ཞེ་ན། འོ་ན་ང་ཡི་བ་ཕྱི་མ་དེ་ཡོད་དམ་མེད། མེད་ན་ང་ཡོད་པར་འདོད་པ་དང་འགལ། ཡོད་ན་དེ་འདྲའི་ང་ཡི་བ་དེ་གཞི་གང་ལ་ཡོད། ཕྱི་རོལ་ཡུལ་ལ་ཡོད་དམ། རང་གི་ཤེས་རྒྱུད་ལ་ཡོད། དང་པོ་ལྟར་ན། དེ་འདྲ་དེ་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་སུ་འགྱུར་ལ། དེ་ལྟ་ན་ཡང་ཁས་བླངས་ནང་འགལ་ལོ། །གཉིས་པ་ལྟར་ན། དེ་འདྲའི་ང་ཡི་བ་དེ་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། འཇིག་ལྟར་ཐལ། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་ང་དང་ང་ཡི་བ་གང་རུང་དུ་ཞེན་པའི་བློ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །ཡང་ལུགས་འདིའི་རྗེས་སུ་འཇུག་པ་གཉིས་པ་གཟུ་བོར་གནས་པ་དག་ན་རེ། ང་ཡི་བར་འཛིན་པ་ནི། ཆོས་དང་གང་ཟག་གི་བདག་ཏུ་འཛིན་པ་གཉིས་པོ་གང་ཡང་མ་ཡིན་ཏེ། དེ་གང་ཟག་གི་བདག་འཛིན་ཡིན་ན། ང་ཡི་བ་གང་ཟག་ཏུ་ཐལ་བའི་ཕྱིར་དང་། དེ་ཆོས་ཀྱི་བདག་འཛིན་ཡིན་ན་འཇིག་ལྟ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་གསུང་ངོ་། དེ་ཡང་རང་གང་གི་རྗེས་སུ་འཇུག་པའི་ལུགས་དེ་དང་འགལ་བ་ཡིན་ཏེ། ང་ཡི་བར་ཞེན་པའི་བློ་འཇིག་ཚོགས་ལ་ལྟ་བའི་ནང་ཚན་ཡིན་ངོ་ཤེས་པར་གང་འདོད་པ་དེ་ཆོས་ཅན། ཆོས་ཀྱི་བདག་འཛིན་ཡིན་པར་ཐལ། དམིགས་པ་ཆོས་ལ་དམིགས་ནས་བདེན་པར་ཞེན་པའི་བློ་ཡིན་པའི་ཕྱིར། དེ་དུས་ཀྱི་ང་ཡི་བ་དེ་གཉིས་སུ་ཕྱེ་བའི་ཆོས་སུ་ཡང་མི་འདོད་ན། དེ་མེད་པར་འགྱུར་ལ། དེ་ལྟ་ན་རྩ་བའི་གྲུབ་མཐའ་ཉམས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བདག་འཛིན་གཉིས་ཀྱི་ཁྱད་པར་དམིགས་པས་འབྱེད་པ་ཡིན་གྱི། འཛིན་སྟངས་ཀྱིས་མི་འབྱེད་ཅེས་ཟེར་བ་དང་། བདག་མེད་གཉིས་ཀྱི་ཁྱད་པར་ཆོས་ཅན་གྱིས་འབྱེད་པ་ཡིན་གྱི། དགག་བྱའི་སྒོ་ནས་འབྱེད་པ་མ་ཡིན་ནོ་ཞེས་གྲགས་པའི་རྔ་སྒྲ་ཕྱོགས་བཅུར་སྒྲོག་པ་དེ་ཉིད་ཀྱིས་རང་ཉིད་གང་དུ་འདུག་པའི་ཚུགས་མ་ཐུབ་ལ། དེ་ལྟར་གྱུར་པ་ན། གང་ཟག་གི་བདག་འཛིན་ལ་བདེན་འཛིན་གྱིས་མ་ཁྱབ་པ་དང་། བདེན་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པ་དང་། ཐེག་དམན་དགྲ་བཅོམ་པས་བདེན་འཛིན་མ་ལུས་པར་སྤངས་པ་དང་། ཐལ་འགྱུར་བ་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཉོན་མོངས་ཀྱི་རྣམ་བཞག་རྒྱས་པར་བཤད་དུ་ཡོད་དོ་ཞེས་ཟེར་བ་དང་། ཤེས་སྒྲིབ་སྤོང་བའི་ཐོག་མ་ས་བརྒྱད་པ་ནས་བརྩོམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་མཐར་རྟོག་པས་བཏགས་པའི་འཇའ་ཚོན་གྱི་རི་མོ་ལྟར་སྣང་བ་དེ་དག་གི་རང་གི་གཟུགས་ཇི་ལྟ་བ་བཞིན་དུ་བསྟན་ཟིན་པའི་འོག་ཏུ། སླར་ཡང་དེའི་རང་བཞིན་སྒྱུ་མའི་ན་ཆུང་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་རི་མོ་དེ་འབྲི་བ་པོ་རང་ཉིད་ཀྱིས་ཀྱང་མཐོང་བར་མ་གྱུར་ཏོ། །འདིར་སྨྲས་པ། མཁས་འདོད་ཆང་གིས་མྱོས་པའི་བཤེས་གཉེན་འགའ། །ལ་ལས་བསྔགས་པའི་ཁྲི་ལ་རབ་འཁོད་ནས། །གཞན་ལ་སྨོད་པའི་ཚིག་དང་ལྕེ་བདེ་ཡང་། །རང་གཞུང་གོམས་སྟབས་འདོར་ལ་གདེང་མ་ཐོབ། །རྣམ་དཔྱོད་ལུས་མཛེས་གཞན་གྱིས་མ་འཐོབ་ཡང་། །ལུང་རིགས་དབྱར་སྐྱེས་མགྲིན་པའི་རྔ་དབྱངས་ཅན། །གཏན་ཚིགས་ཁྲོས་པའི་ཀློག་དམར་འཁྱུག་པ་ན། །གཞན་གཞུང་འཇིག་པའི་གནམ་ལྕགས་ཅིས་མི་འབེབས། །མང་ཐོས་ཉི་ཟླའི་གོས་འཆང་སྔོ་སང་མས། །རྣམ་དཔྱོད་གདོང་མཛེས་ལན་བརྒྱར་བདར་བྱས་ནས། །ཆོས་ཀུན་གསལ་བའི་མེ་ལོང་ལ་བལྟས་པས། གཞན་གཞུང་སྒྱུ་མའི་ཁང་བརྩེགས་གསལ་བར་མཐོང་། །གང་དེའི་རང་མཚན་ལན་བརྒྱར་བསྒྲགས་གྱུར་ཀྱང་། །ད་དུང་དེ་ལ་མངོན་ཞེན་མི་བཟློག་ན། །དོན་དེར་ཞེན་ནས་ཞུགས་པ་ལྷུར་བྱོས་ལ། །དེ་སྒྲུབ་བྱེད་པའི་ངལ་བ་དེ་བོར་ཞིག །ཅེས་གཏམ་དུ་བྱས་པ་ཡིན་ནོ། །གཉིས་པ་རང་ལུགས་ཀྱི་གང་ཟག་གི་བདག་མེད་པའི་གོ་དོན་འཇོག་པའི་ཚུལ་བཤད་པ་ལ་གཉིས་ཏེ། བདག་མེད་གཉིས་ཀྱི་འཇོག་མཚམས་སྤྱིར་བཤད། བྱེ་བྲག་ཏུ་གང་ཟག་གི་བདག་མེད་ངོས་གཟུང་བའོ། །དང་པོ་ལ་གཉིས་ཏེ། གཉིས་སུ་འབྱེད་པའི་རྒྱུ་མཚན་དང་། ཕྱེ་བའི་དགོས་པའོ། །དང་པོ་ནི། རྒྱལ་བའི་གསུང་རབ་ལས་བདག་མེད་པ་གཉིས་སུ་གསུང་བའི་རྒྱུ་མཚན་ནི། ཆོས་ཅན་གྱི་དབྱེ་བ་ལ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས་གཉིས་སུ་ཕྱེ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི་ལ་རྒྱུ་མཚན་དང་། དགོས་པ་གཉིས་ལས། དང་པོ་ནི། སྤང་བྱ་ལྷན་ཅིག་སྐྱེས་པའི་བདག་ཏུ་རྨོངས་པ་གཉིས་ཡོད་པའི་རྒྱུ་མཚན་གྱིས་དེའི་འགལ་ཟླ་བདག་མེད་པ་གཉིས་སུ་གསུངས་པ་ཡིན་ནོ། །འོ་ན་སྤང་བྱ་གཉིས་པོའི་ཁྱད་པར་ཅི། དེའི་ཞེན་སྟངས་ཀྱི་གཟུང་བྱ་དང་དངོས་སུ་འགལ་བའི་བདག་མེད་པ་གཉིས་པོའི་འཇོག་མཚམས་མི་འདྲ་བ་ནི་གང་ཞེ་ན། བཤད་པ། དམིགས་པ་ཡུལ་གྱི་ཁྱད་པར་གང་ཡིན་པ་དང་། རྣམ་པ་འཛིན་སྟངས་ཀྱི་གཟུང་བྱའི་ཁྱད་པར་གང་ཡིན་པའོ། །དང་པོ་ནི། ཆོས་ཀྱི་བདག་ཏུ་འཛིན་པའི་དམིགས་པ་ནི། ཤེས་བྱ་ལ་སྲིད་ཚད་ཀྱི་ཆོས་རྣམས་མཐའ་དག་ཡིན་ལ། གང་ཟག་གི་བདག་ཏུ་འཛིན་པའི་དམིགས་པ་ནི། རང་རྒྱུད་ཀྱིས་བསྡུས་པའི་རྣམ་སྨིན་གྱི་ཕུང་པོའོ། །དམིགས་པ་གཉིས་པོ་འགལ་བ་ནི་མ་ཡིན་ཏེ། སྤྱི་དང་བྱེ་བྲག་ཏུ་གཞག་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ཡང་། དང་པོས་ནི་བདེན་གྲུབ་ཀྱི་ངོ་བོར་ཞེན་པར་བྱེད་ལ། གཉིས་པས་ནི། ང་དང་བདག་ཏུ་ཞེན་པར་བྱེད་དོ། །གཉིས་པོའི་ཁྱད་པར་ཡང་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར། ཆོས་ཅན་ཤེས་བྱ་ཐམས་ཅད་ཀྱི་སྟེང་དུ་བདེན་གྲུབ་བཀག་ཙམ་གྱིས་མེད་པར་དགག་པ་ནི་ཆོས་ཀྱི་བདག་མེད་པའི་དོན་དང་། ཆོས་ཅན་རྣམ་སྨིན་གྱི་ཕུང་པོའི་སྟེང་དུ་དགག་བྱ་བདག་དང་སེམས་ཅན་དང་གང་ཟག་ལ་སོགས་པ་བཀག་ཙམ་གྱིས་མེད་པར་དགག་པ་ནི། གང་ཟག་གི་བདག་མེད་པའི་དོན་ཏོ། །དེ་ལྟར་ན་གཉིས་པོའི་ཁྱད་པར་ནི། ཆོས་ཅན་གྱི་དབྱེ་བས་བྱས་པ་མ་ཡིན་གྱི། དགག་བྱ་གང་བཀག་པས་དེ་དང་དེར་འཇོག་པའི་དགག་བྱ་བདག་གཉིས་པོའི་ཁྱད་པར་ལས་སོ། །དགག་བྱ་གཉིས་པོའི་ཁྱད་པར་ཡང་། དེ་དང་དེར་འཛིན་པའི་རྟོག་པ་ལྷན་སྐྱེས་གཉིས་ཀྱིས་བདག་གཉིས་སུ་སྒྲོ་འདོགས་པའི་ཚུལ་མི་འདྲ་བ་གཉིས་བྱུང་བའི་རྒྱུ་མཚན་ལས་ཡིན་ནོ། །དེ་དག་གིས་ཇི་ལྟར་སྒྲོ་འདོགས་པའི་ཚུལ་ཡང་། ཆོས་ཀྱི་བདག་ཏུ་འཛིན་པས་ནི་ཆོས་རྣམས་ཀྱི་རང་གི་ངོ་བོ་ཇི་ལྟར་སྣང་བ་བཞིན་དུ་དེ་དང་དེའི་ངོ་བོར་རང་བཞིན་གྱིས་ཡོད་པར་གཟུང་བ་ཡིན་ལ། གང་ཟག་གི་བདག་ཏུ་འཛིན་པས་ནི་ཕུང་པོའི་སྟེང་དུ་ང་ཙམ་ཞིག་ཡོད་པར་སྒྲོ་བཏགས་པ་ཡིན་ནོ། །དཔེར་ན་ཐག་པ་ཁྲ་བོའི་རང་གི་ངོ་བོ་དེ་ཉིད་དུ་ཞེན་པ་དང་། དེ་ལ་བརྟེན་ནས་སྦྲུལ་དུ་སྒྲོ་བཏགས་པ་བཞིན་ནོ། །གཉིས་པ་བདག་མེད་གཉིས་སུ་ཕྱེ་བའི་དགོས་པ་ནི། བདག་ཏུ་འཛིན་པ་གཉིས་སྤང་བའི་ཕྱིར་ཡིན་ལ། དེའི་དགོས་པ་ནི་དམན་པའི་རིགས་ཅན་རྣམས་ཉོན་མོངས་སྤངས་པའི་ཐར་པ་ཐོབ་པའི་ཕྱིར་དང་། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཤེས་བྱའི་སྒྲིབ་པ་སྤངས་པའི་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པའི་ཕྱིར་ཡིན་ནོ། །དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཏེ། རིགས་ཅན་གཉིས་ཀས་བདག་མེད་གཉིས་ཀ་རྟོགས་དགོས་ཀྱང་། དམན་པའི་རིགས་ཅན་རྣམས་ཀྱིས་ནི་ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ཡོངས་སུ་རྫོགས་པར་སྒོམ་ཡང་། ཆོས་ཀྱི་བདག་མེད་བདེན་འཛིན་གྱི་གཉེན་པོར་སྒོམ་པ་མེད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཤེས་སྒྲིབ་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པར་སྒོམ་ཡང་། ཉོན་སྒྲིབ་ཀྱི་གཉེན་པོར་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་སྒོམ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐེག་དམན་ལ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་ཡོད་ཀྱང་། དེ་རྟོགས་པའི་བར་ཆད་མེད་ལམ་གྱིས་དེའི་ངོ་སྐལ་དུ་གྱུར་པའི་བདེན་འཛིན་གྱི་ས་བོན་དྲུང་ནས་འབྱིན་པར་ནུས་པ་ནི་ཡོད་པ་མ་ཡིན་ཏེ། དེས་དེ་མངོན་སུམ་དུ་རྟོགས་པའི་ལམ་དེ་ཉོན་མོངས་པའི་གཉེན་པོར་ཆེད་དུ་གཉེར་ནས་སྒོམ་པ་ཡིན་གྱི། བདེན་འཛིན་གྱི་གཉེན་པོར་ཆེད་དུ་གཉེར་ནས་སྒོམ་པ་མེད་པའི་ཕྱིར་རོ། །བདེན་མེད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་བདེན་འཛིན་མ་སྤངས་ཀྱང་དེ་མངོན་སུམ་དུ་མཐོང་བ་མི་འགལ་ཏེ། སྡུག་བསྔལ་ལ་ཆོས་བཟོད་སྐད་ཅིག་མ་སྔ་མ་བཞིན་ནོ། །གཉིས་པ་ལ། གང་ཟག་གི་བདག་ཏུ་འཛིན་པའི་དམིགས་པ་ངོས་གཟུང་། དེའི་རྣམ་པ་ངོས་གཟུང་། རྣམ་པ་དེའི་ཞེན་སྟངས་རིགས་པས་བཀག་པ་བདག་མེད་དུ་བསྟན་པའོ། །དང་པོ་ནི། གང་ཟག་གི་བདག་ཏུ་འཛིན་པ་དང་། འཇིག་ཚོགས་ལ་ལྟ་བའི་དམིགས་པ་ནི་རང་རྒྱུད་ཀྱི་རྣམ་སྨིན་གྱི་ཕུང་པོ་ཁོ་ན་ཡིན་ཏེ། མདོ་ལས། དགེ་སྦྱོང་ངམ་བྲམ་ཟེ་གང་དག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་གསུངས་པ་དེ་ཉིད་ཟླ་བའི་ཞབས་ཀྱི་འགྲེལ་པར་རང་ལུགས་སུ་དྲངས་པའི་ཕྱིར་དང་། དབུ་མ་རྩ་བ་ལས། དེ་དང་དེས་རང་ལུས་ལ་བལྟ་བར་བཤད་པའི་ཕྱིར་དང་། དབུ་མ་ལ་འཇུག་པར། ཕུང་པོ་རྣམས་བརྟེན་འདི་ནི་འགྲུབ་པར་འགྱུར། །ཞེས་ངར་འཛིན་གྱི་ཕུང་པོ་ལ་བརྟེན་ནས་ངར་འདོགས་པར་བཤད་ལ། དེའི་ཚེ་བརྟེན་པའི་དོན་ཡང་དེ་ལ་དམིགས་པ་ལས་གཞན་མེད་པའི་ཕྱིར་དང་། འཇུག་འགྲེལ་དུ། འཇིག་ཚོགས་ལ་ལྟ་བའི་ཆ་དེ་དག་ནི་མདོ་སྡེ་ལས་རྣམ་པར་གཞག་ལ་དེས་ཀྱང་ཕུང་པོ་རྣམས་མ་གཟུང་བར་བདག་ཏུ་ཞེན་པར་མི་ནུས་པས་རྣམ་པ་བཞི་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གི འདི་ལྟར་ཕུང་པོ་མ་གཏོགས་པར་ནི་འགའ་ལ་ཡང་བདག་ཏུ་མངོན་པར་ཞེན་པ་མེད་པས་ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་འཇིག་ལྟ་ཀུན་བཏགས་ཀྱི་དབང་དུ་བྱས་སོ་སྙམ་ན། དེ་ལྟ་ན་ཡང་ཁོ་བོ་ཅག་གི་འདོད་པ་གྲུབ་པ་ཡིན་ཏེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་དང་། འཇིག་ལྟ་ཀུན་བཏགས་གཉིས་དམིགས་པ་གཅིག་ལ་དམིགས་དགོས་པས་དེའི་དམིགས་པ་དེར་གྲུབ་ལ། དེ་གྲུབ་པ་ན་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱིས་ཀྱང་རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་པར་གྲུབ་ལ། དེ་གྲུབ་པ་ན་ངར་འཛིན་ལྷན་སྐྱེས་ཀྱིས་ཀྱང་དེ་ལ་དམིགས་པར་གྲུབ་པའི་ཕྱིར་རོ། །དེར་མ་ཟད། བརྒྱ་པ་ལས། དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་སྐྱེ་བར་འགྱུར་མིན་ནམ། །ཞེས་གསུངས་པ་དེས་ཀྱང་རང་རྒྱུད་ཀྱི་ཕུང་པོ་ཁོ་ན་ངར་འཛིན་གྱི་དམིགས་པར་བསྟན་པ་ཡིན་ཏེ། དེའི་སྔར་འགྲེལ་དུ། ཟླ་བའི་ཞབས་ཀྱིས་བདག་མེད་ན་ནི་འོ་ན་ངར་འཛིན་པ་དང་། བདག་ལ་ཆགས་པ་འདི་གཉིས་གང་ཞིག་ལས་འགྱུར་ཞེ་ན། བཤད་པ་ཞེས་དང་། ཕྱི་འགྲེལ་ལས། གཟུགས་ལ་སོགས་པའི་མིང་ཅན་རང་བཞིན་མེད་པ་རྣམས་ལ་བདག་གོ་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་དང་། བསྟན་བཅོས་སུ། རང་ལུས་བལྟ་བཞིན་ཞེས་པའི་འགྲེལ་པ་ཚིག་གསལ་ལས། རང་ལུས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཚོགས་སོ། །རང་གི་ལུས་ལ་ལྟ་བ་ནི་རང་ལུས་ལྟ་སྟེ། བདག་དང་བདག་གི་བར་འཛིན་པའི་རྣམ་པར་ཞུགས་པའོ། །ཞེས་དམིགས་རྣམ་སོ་སོར་ཕྱེ་ནས་གསལ་བར་གསུངས་པའི་ཕྱིར། སྐབས་འདིའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་བདག་ཡིན་པ་དང་། ཡོད་པར་ཁས་ལེན་པ་དག་གིས་ནི། བདག་ཕུང་པོ་ལ་བརྟེན་པར་ཁས་བླངས་ལ། དེའི་ཚེ་ནི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་པོ་གང་རུང་འཛིན་སྟངས་དོན་དང་མཐུན་པར་ཁས་བླངས་པས་ནོངས་པ་ཡིན་ལ། ཁོ་བོ་ཅག་ལྟར་ན་ནི་ཡུལ་ཅན་ངར་འཛིན་དེ་ཉིད་ནི་ཡུལ་ཕུང་པོ་ལ་བརྟེན་པར་འཆད་པ་ཡིན་པས། གཞུང་གི་དོན་ལ་ཞུགས་པ་ཡིན་ནོ། །གཉིས་པ་རྣམ་པའི་འཛིན་སྟངས་ཀྱི་གཟུང་བྱ་ངོས་གཟུང་བ་ལ་གཉིས་ཏེ། ངར་འཛིན་གྱིས་ཇི་ལྟར་གཟུང་བའི་ཚུལ་བཤད་ནས། དེ་ལས་ང་ཡི་བར་འཛིན་པ་སྐྱེ་བའི་རིམ་པ་འཇིག་ལྟ་དང་། ངར་འཛིན་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། གང་ཟག་གི་བདག་འཛིན་ལྷན་སྐྱེས་ནི། དམིགས་པ་དེ་ལ་དམིགས་ནས་རྣམ་པ་ངའོ་སྙམ་དུ་ཞེན་པར་བྱེད་ཅིང་དེའི་འོག་ཏུ་ནི། དམིགས་པ་མིག་རྣ་ལ་སོགས་པ་རེ་རེ་བ་ལ་དམིགས་ནས་རྣམ་པ་ང་ཡིའོ་ཞེས་ཞེན་པའི་རྟོག་པ་སྐྱེ་བར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཅེས་གསུངས་པས་སོ། །དེ་ལ་ཞེས་བདུན་པའི་སྒྲ་ལྟ་བ་བཤད་ཀྱང་། དུ་ཞེས་ལས་སུ་བྱ་བའི་རྣམ་དབྱེ་སྦྱོར་དགོས་པ་ཉིད་བསྟན་བཅོས་མཛད་པའི་དགོངས་པ་ཡིན་ཏེ། དེའི་རང་འགྲེལ་ལས། ངར་འཛིན་པས་ཡོད་པ་མ་ཡིན་པའི་བདག་ཡོད་དོ་སྙམ་དུ་ཉེ་བར་བཏགས་ནས་འདི་ཉིད་དུ་བདེན་པར་མངོན་པར་ཞེན་པར་བྱེད་ཅིང་། ཞེས་གསུངས་པའི་ཕྱིར་དང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་པའི་རང་འགྲེལ་དུ། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །འོ་ན་རྩ་བར། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ། །ཞེས་ཕྱོགས་སྔ་མར་མཛད་པ་དང་། རང་འགྲེལ་ལས། ཕུང་པོ་རྣམས་ངར་འཛིན་པའི་ཡུལ་ཡང་མ་ཡིན་ལ། ཞེས་དེ་དེའི་དམིགས་པ་ཡིན་པ་བཀག་པ་མ་ཡིན་ནམ་སྙམ་ན། དེ་ལྟར་བཤད་པ་དེ་ནི་ཕུང་པོ་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་བདག་ཡིན་པ་ལ་གནོད་བྱེད་བརྗོད་པ་ཡིན་ཏེ། ཕྱོགས་སྔ་མ་དེ་འགོག་པ་ན། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །ཞེས་བཤད་པ་དང་། བདག་མེད་རྟོགས་ཚེ་ཞེས་པའི་སྔ་འགྲེལ་དུ། ངར་འཛིན་གྱི་ཡུལ་ནི་ཕུང་པོ་དང་སེམས་ཡིན་ནོ། །ཞེས་བྱ་བ་གང་གི་ལྟར་ན་ཞེས་ཕྱོགས་སྔ་བཀོད་ནས། དེ་འགོག་པ་ན་འགྲེལ་པར། བདག་རྟག་པ་ངར་འཛིན་པའི་ཡུལ་ཡིན་པར་བཤད་ལ་དེ་ཡང་འཛིན་སྟངས་ཀྱི་ཡུལ་དུ་འཆད་པ་ལས་འོས་གཞན་མེད་པའི་ཕྱིར་དང་། སྦྲུལ་དང་གླང་ཆེན་གྱི་དཔེ་ཡང་། ཕུང་པོ་བདག་ཡིན་པ་འགོག་པའི་དབང་དུ་བྱས་པར་ཤིན་ཏུ་གསལ་བའི་ཕྱིར། འོ་ན་གང་ཟག་གི་བདག་ཏུ་འཛིན་པ་དེ། དམིགས་པ་ཕུང་པོ་ལ་དམིགས་ནས་རྣམ་པ་ངའོ་སྙམ་པའི་འཛིན་སྟངས་ཅན་ཡིན་ན། དེས་ཕུང་པོ་ཉིད་བདག་ཏུ་གཟུང་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གལ་ཏེ་ཡིན་ན། ལྷ་སྦྱིན་གྱི་རྒྱུད་ཀྱི་ངར་འཛིན་ལྷན་སྐྱེས་དེས་བདག་མང་པོ་དང་མི་རྟག་པ་དང་གཞན་དབང་ཅན་དུ་གཟུང་བར་ཐལ་བ་ལས། དེ་ལྟར་གཟུང་བ་མ་ཡིན་གྱི་རྟག་པ་དང་གཅིག་པུ་ཡང་རང་དབང་ཅན་གྱི་དོན་དུ་གཟུང་བའི་ཕྱིར། དེ་ཡང་རྟག་པ་སོགས་དེའི་ཐ་སྙད་འཛིན་པའི་རྟོག་པ་ནི་ཀུན་བཏགས་ཁོ་ནའོ། །འོ་ན་དེས་བདག་ཕུང་གཞན་དུ་གཟུང་བ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཡིན་ན་རང་གི་ཕུང་པོ་མེད་པའི་གཞིར་ཡང་བདག་ཏུ་འཛིན་པར་ཐལ་བ་ལས། དེ་ཡང་མི་འཛིན་པའི་ཕྱིར། དེ་སྐད་དུ་ཡང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དང་། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཅེས་གསུངས་སོ། །དེ་བཞིན་དུ། བདག་ཕུང་གཉིས་རྟེན་བརྟེན་པ་དང་། ཡོན་ཏན་དང་ཡོན་ཏན་ཅན་གྱི་འཛིན་སྟངས་ཅན་དུ་ཡང་ཡོད་པ་མ་ཡིན་ཏེ། དེ་དག་ནི་ཕྱི་ནང་གི་མུ་སྟེགས་པས་ཀུན་ཏུ་བཏགས་པ་ཡིན་གྱི། ལྷན་སྐྱེས་ཀྱི་འཛིན་སྟངས་ལ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཕུང་པོ་བདག་ཡོད་མ་ཡིན་བདག་ལ་ཡང་། །ཕུང་པོ་དེ་རྣམས་ཡོད་མིན་གང་གི་ཕྱིར། །ཞེས་དང་། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །ཅེས་གསུངས་སོ། །འོ་ན་དེའི་འཛིན་སྟངས་ཅི་ཞེ་ན། དམིགས་པ་ཕུང་པོའི་སྟེང་དུ་ང་དང་བདག་དང་སེམས་ཅན་ལ་སོགས་པ་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ནས་བཟུང་བ་ཡིན་ཏེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་རྟོག་པ་བཞིན་དང་། ཤིང་རྟ་འཛིན་པའི་རྟོག་པ་ལྷན་སྐྱེས་ཀྱི་དམིགས་པ་ཤིང་རྟའི་ཡན་ལག་ཚོགས་པ་ལ་དམིགས་ནས་རྣམ་པ་ཤིང་རྟའོ་ཞེས་ཞེན་པ་དེའི་ཚེ་ན། དེ་དེའི་ཡན་ལག་དང་གཅིག་ཐ་དད་ལ་སོགས་པ་གང་དུ་ཡང་མ་གཟུང་ཡང་། དེ་ལ་བརྟེན་ནས་དེར་བཏགས་པ་བཞིན་ནོ། །ཕུང་པོ་ལ་བདག་ཏུ་འདོགས་པའི་རྒྱུ་མཚན་ཡང་། ཕུང་པོ་ལ་བདེན་པར་འཛིན་པ་ཉིད་ཡིན་ཏེ། དཔེར་ན་འཕང་ལོ་ལ་སོགས་པའི་ཡན་ལག་ལ་ཡན་ལག་ཅན་ཤིང་རྟར་སྒྲོ་འདོགས་པའི་རྒྱུ་མཚན་ཡན་ལག་ལ་བདེན་པར་འཛིན་པའི་བློ་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་དང་། གནས་དང་བཅས་པའི་སེམས་ལ་ནི། །ཉོན་མོངས་དྲུག་ཅན་ཅིས་མི་འབྱུང་། །ཞེས་གསུངས་པ་ལྟར་རོ། །འདིར་གངས་ཅན་དུ་བྱོན་པ་གཞན་དག བདག་དང་ཤིང་རྟ་བཏགས་དོན་རྣམ་པ་བདུན་གྱིས་བཙལ་བའི་ཚེ་ཡོད་པ་མ་ཡིན་ཡང་། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་ཙམ་དུ་ཡོད་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི། འཇིག་རྟེན་གྱི་ལུགས་དང་དབུ་མའི་ལུགས་གང་དུ་ཡང་རུང་བ་མ་ཡིན་ཏེ། འཇིག་རྟེན་གྱི་ལུགས་ལ་ནི། བཏགས་དོན་རྣམ་པ་བདུན་ལ་སོགས་པའི་རྣམ་དཔྱད་མེད་པར་བདག་ཡོད་པར་ཁས་ལེན་པ་ཡིན་ལ། དབུ་མའི་ལུགས་ལ་ནི་བརྟེན་ནས་བཏགས་པ་ཙམ་གྱི་བདག་ཡོད་དོ་ཞེས་ཀྱང་ཁས་བླངས་པར་བྱ་བ་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན་དབུ་མའི་ལུགས་ལས་ཉམས་པ་ཡིན་ཏེ་བདག་དང་ཤིང་རྟ་ཚོལ་བྱེད་ཀྱི་རིགས་པ་བདུན་གྱིས་བཙལ་བའི་ཚེ་དེ་གང་དུ་ཡང་མ་རྙེད་པ་དག་ལ་དབུ་མའི་ལུགས་སུ་འཇོག་པ་ཡིན་གྱི་དེ་ལྟར་ན་དེ་ལྟར་དཔྱད་པའི་ཚེ་བདག་དང་ཤིང་རྟ་བཏགས་པ་ཙམ་དུ་ཡོད་པར་ཁས་ལེན་གྱིན་འདུག་པའི་ཕྱིར་རོ། །དེ་བས་ན་བདག་རང་གི་ཉེ་བར་བླང་བྱ་དང་ཤིང་རྟ་རང་གི་ཡན་ལག་ལ་བརྟེན་ནས་འདོགས་སོ་ཞེས་ཟླ་བའི་ཞབས་ཀྱིས་གསུངས་པའི་བདག་དང་ཤིང་རྟ་རང་ལུགས་ལ་ཡོད་པ་མ་ཡིན་པའི་ཤེས་བྱེད་དུ་སོང་བ་ཡིན་ཏེ། མེད་བཞིན་དུ། དེ་དང་དེ་ལ་བརྟེན་ནས་སྒྲོ་འདོགས་སོ། །ཞེས་བྱ་བའི་དོན་ཡིན་པའི་ཕྱིར། གཞན་དུ་ན་བཏགས་དོན་འཚོལ་བྱེད་ཀྱི་རིགས་པ་བདུན་པོ་དེས་གོ་མ་ཆོད་པར་འགྱུར་ཏེ། བཏགས་དོན་གང་ཡང་མ་རྙེད་པ་ཅིག་དགོས་པ་ལས། བཏགས་དོན་དེ་ཉིད་ཡོད་པ་སེལ་མ་ནུས་པའི་ཕྱིར་རོ། །འོ་ན་འདིར་རང་ལུགས་ལ། བདག་མེད་པ་དང་ཕུང་པོ་ཡོད་པར་ཁས་ལེན་པ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། །མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །ཅེས་གསུངས་པའི་ཕྱིར་རོ། །མདོར་ན་ངར་འཛིན་ལྷན་སྐྱེས་ཀྱི་ངོར་བདག་ཕུང་གཅིག་དང་ཐ་དད་སོགས་གང་དུ་ཡང་ཡོད་པར་འཇོག་པ་མ་ཡིན་ཡང་། སྤྱིར་དེའི་ངོར་མེད་པ་མ་ཡིན་ཏེ། དེས་ཕུང་པོ་ལ་བརྟེན་ནས་ང་ཙམ་དུ་ཐ་སྙད་བཏགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བསྟན་བཅོས་ལས། ཉེ་བར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་འཇིག་ཚོགས་ལ་ལྟ་བ་གང་ཡིན། གང་ཟག་གི་བདག་ཏུ་འཛིན་པ་ཡང་དེ་ཡིན་ནམ། ཡང་ཅི་གང་ཟག་གི་བདག་དང་བདག་གི་ངར་འཛིན་པ་གང་ཡིན་དེ་ཐམས་ཅད་ཀྱང་། འཇིག་ཚོགས་ལ་ལྟ་བ་ཡིན་ནམ་ཞེ་ན་བཤད་པ། གང་ཟག་གི་བདག་ཏུ་འཛིན་པ་ཡིན་ན་འཇིག་ཚོགས་ལ་ལྟ་བ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རང་གི་ཕུང་པོ་ལ་དམིགས་ནས་བདག་ཏུ་ཞེན་པས་ཁྱབ་པའི་ཕྱིར་རོ། །བདག་གིར་ལྟ་བ་ཡིན་ན། འཇིག་ལྟ་ཡིན་པས་མ་ཁྱབ་སྟེ། རྒྱུད་ཀྱིས་མ་བསྡུས་པའི་ཟས་གོས་དང་ལོངས་སྤྱོད་ལ་བདག་གི་བར་ལྟ་བ་དུ་མ་དམིགས་པའི་ཕྱིར་རོ། །ཡང་འཇིག་ལྟར་གྱུར་པའི་ངར་འཛིན་ཡིན་ན་གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་དམིགས་པ་རང་གི་ཕུང་པོའི་ཚོགས་པ་ལ་དམིགས་ནས། ངར་འཛིན་པའི་རྣམ་པ་ཅན་ཡིན་པས་ཁྱབ་པའི་ཕྱིར། ཡང་དེར་གྱུར་པའི་ང་ཡི་བར་ཞེན་པ་ཡིན་ན་གང་ཟག་གི་བདག་འཛིན་དངོས་མ་ཡིན་པས་ཁྱབ་སྟེ། དེ་ལ་དེའི་མཚན་ཉིད་མ་ཞུགས་པའི་ཕྱིར། འོ་ན་རང་ལུགས་ལ་ང་མེད་པར་ཁས་ལེན་ན་ང་ཡི་བ་གང་དུ་ཁས་ལེན། དེ་ཡང་དེ་ལྟ་ན་ནི་ཟས་གོས་དང་མིག་རྣ་སོགས་ཀྱང་མེད་པར་ཁས་ལེན་དགོས་པར་འགྱུར་རོ་ཞེ་ན། ཇི་སྲིད་གང་ཟག་གི་བདག་ཡོད་པ་མ་ཡིན་པར་ཁས་ལེན་པ་དེ་སྲིད་དུ། བདག་གི་བ་ཡང་དེར་ཁས་ལེན་དགོས་པ་ཡིན་ཏེ། ཐེག་པ་ཆེ་ཆུང་གི་གཞུང་གོང་འོག་གང་ན་ཡང་དེ་གཉིས་ལ་འདོར་ལེན་བྱེད་པའི་སྐབས་མི་སྣང་བའི་ཕྱིར་དང་། ཇི་སྐད་དུ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང་། དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །ཞེས་གསུངས་སོ། །མིག་རྣ་དང་ཟས་གོས་སོགས་ནི་ཁོ་བོ་ཅག་བདག་གི་བར་ཁས་མི་ལེན་ཏེ། དེ་དག་དེ་མ་ཡིན་བཞིན་དུ་དེར་སྒྲོ་འདོགས་པར་ཁས་ལེན་པའི་ཕྱིར་རོ། །སྐབས་འདི་དག་ཏུ། ང་དང་ང་ཡི་བར་ཞེན་པ་དང་བདེན་པར་ཞེན་པ་གཉིས་འཛིན་སྟངས་མི་འགལ་བས། འཇིག་ལྟ་སོགས་ཀྱི་འཛིན་སྟངས་ལ་བདེན་པར་ཞེན་པ་ཡོད་ཀྱང་བདེན་པར་ཞེན་པའི་ཆ་ནས་དེ་དང་དེར་འཇོག་པ་མ་ཡིན་གྱི། ང་དང་ང་ཡི་བར་ཞེན་པའི་ཆ་ནས་དེར་འཇོག་པ་ཡིན་ཏེ། དཔེར་ན་ཆགས་སྡང་གཉིས་པོ་ལ་བདེན་པར་ཞེན་པའི་ཞེན་སྟངས་ཡོད་ཀྱང་། དེའི་ཆ་ནས་དེ་དང་དེར་འཇོག་པ་མ་ཡིན་པ་བཞིན་ནོ། །འདི་དག་གི་སྐབས་སུ་ལྟ་བ་དང་མ་རིག་པའི་ཁྱད་པར་ཅུང་ཟད་ཕྱེ་ནས་འཆད་པའམ། ཡང་ན་རིགས་པ་མཁྱེན་པས་ཤེས་རབ་ཉོན་མོངས་ཅན་མ་རིག་པའི་ནང་དུ་བསྡུས་ནས་བཤད་པ་གང་བདེ་བ་གཟུང་བར་བྱའོ། །གཉིས་པ་དེ་བཀག་པ་བདག་མེད་ཀྱི་དོན་དུ་བསྟན་པ་ནི། གོང་དུ་བཤད་ཟིན་པའི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་ཕུང་པོའི་སྟེང་ན་ཇི་ལྟར་ཡོད་པའི་ཚུལ་འཚོལ་བྱེད་ཀྱི་རིགས་པ་རྣམ་པ་ལྔའམ་བདུན་གྱིས་བཙལ་བ་ན་གང་དུ་ཡང་མ་རྙེད་པ་དེ་ཉིད་ལ་གང་ཟག་གི་བདག་མེད་པའི་གོ་དོན་དུ་འཇོག་པ་ཡིན་ཏེ། དཔེར་ན་ཤིང་རྟའོ་སྙམ་པའི་བློ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་ཤིང་རྟའི་ཡན་ལག་ལ་ཇི་ལྟར་ཡོད་པ་འཚོལ་བྱེད་ཀྱི་རིགས་པ་རྣམ་པ་བདུན་གྱིས་བཙལ་བ་ན། གང་དུ་ཡང་མ་རྙེད་པ་དེ་ལ་ཤིང་རྟ་རང་བཞིན་མེད་པའི་དོན་དུ་འཇོག་པ་བཞིན་ནོ། །དེ་ལྟ་བུའི་རིགས་པའི་དཔྱད་པ་སྔོན་དུ་མ་བཏང་བར་བདག་དང་ཤིང་རྟ་གཉིས་པོ་གང་ཡང་མེད་དོ་ཞེས་ཁས་ལེན་ན་ནི། རྒྱང་ཕན་བཞིན་དུ། འཇིག་རྟེན་གྱི་གྲགས་པ་ལ་བསྐུར་བ་འདེབས་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་གྲུབ། །འཇིག་རྟེན་གྲགས་པའི་རྣམ་བཞག་མ་བརླག་ཅིག །ཅེས་གསུངས་པའོ། །མདོར་ན་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་ནོ་ཞེས་བྱ་བ་འདི་དང་། བདག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གཉིས་དོན་གཅིག་ལ་འདུ་བ་ཡིན་པས་གཞན་དུ་བསམ་ཞིང་འཆད་པར་མི་བྱའོ། །གཉིས་པ་རང་རྒྱུད་པ་ལྟར་ན་བདག་མེད་དེ་སྒྲུབ་བྱེད་ཀྱི་རིགས་པ་ཞེས་སམ། ཡང་ཐལ་འགྱུར་བ་ལྟར་ན་གང་ཟག་གི་བདག་འགོག་པའི་རིགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་ཇི་ལྟར་གསུངས་པའི་ཚུལ། དེ་དང་ཐོགས་མེད་སྐུ་མཆེད་ཀྱི་བཞེད་ཚུལ་མཐུན་པར་བསྟན་པའོ། །དང་པོ་ལ། གཞུང་ཕྱི་མོའི་དབུ་མ་ལས་ཇི་ལྟར་གསུངས་པའི་ཚུལ། སྤྱོད་འཇུག་དང་འཇུག་པ་ལས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབུ་མའི་རྩ་བ་ལས་ཇི་ལྟར་གསུངས་པ། རིན་ཆེན་ཕྲེང་བ་ལས་ཇི་ལྟར་གསུངས་པ། བཞི་བརྒྱ་པ་ལས་ཇི་ལྟར་གསུངས་པའོ། །དང་པོ་ལ། ཀུན་བཏགས་ཀྱི་བདག་འགོག་བྱེད་ཀྱི་རིགས་པ་ཇི་ལྟར་གསུངས་པ། ལྷན་སྐྱེས་ཀྱི་རྟོག་པས་བཏགས་པའི་བདག་ཇི་ལྟར་འགོག་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བདག་ཕུང་གཅིག་དང་ཐ་དད་འགོག་བྱེད་ཀྱི་རིགས་པ་དང་། ཡང་། ཇི་སྐད་དུ། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་རྟེན་བརྟེན་པ་དང་ལྡན་པ་ཞེས་བྱ་བའི་ཕྱོགས་གསུམ་འགོག་བྱེད་ཀྱི་རིགས་པ་གསུམ་གསུངས་པ་དང་། ཡང་ཇི་སྐད་དུ། གང་འདས་ཕན་ཆད་མཐའ་སོགས་དང་། །ཞེས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་འགོག་བྱེད་ཀྱི་རིགས་པ་དང་། སྔ་རོལ་ན་གནས་པ་བརྟག་པའི་རབ་བྱེད་ཀྱིས། ལས་བྱེད་པ་པོ་རྣམ་སྨིན་མྱོང་བ་པོའི་སྔ་རོལ་ན་ཡོད་པ་འགོག་བྱེད་ཀྱི་རིགས་པ་གསུངས་པ་དང་། མེ་དང་བུད་ཤིང་བརྟག་པའི་རབ་བྱེད་ཀྱིས་ལས་དང་བྱེད་པ་པོར་ལྟ་བ་ལ་སོགས་པ་འགོག་པར་མཛད་དོ། །གཉིས་པ་ནི། སྤྱིར་ཀུན་བཏགས་ཀྱི་བདག་མ་ལུས་པ་འགོག་བྱེད་ཀྱི་རིགས་པས་གང་གཏན་ལ་ཕབ་པའི་དོན་དེ་ཉིད་གོམས་པར་བྱས་པས་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་ཡུལ་སུན་འབྱིན་པར་ནུས་པ་ནི། ཐེག་པ་གོང་འོག་གི་གཞུང་ལུགས་སྤྱིའི་ཐ་སྙད་དུ་བྱས་པ་ཡིན་ཏེ། མཐོང་ལམ་གྱི་རྟོགས་པའི་རིགས་རྒྱུན་གོམས་པར་བྱས་པ་ཙམ་གྱིས་སྒོམ་སྤངས་ཀྱི་ས་བོན་དྲུང་ནས་འབྱིན་པར་ནུས་པ་ཡིན་གྱི། དེའི་ས་བོན་དྲུང་ནས་འབྱིན་པ་ལ་མཐོང་ལམ་གྱིས་མ་མཐོང་བའི་གནས་ལུགས་ཀྱི་དོན་མཐོང་ནས་སྒོམ་དགོས་པ་མ་ཡིན་པར་འཆད་པ་ལ་ཀུན་མཐུན་པ་བཞིན་ནོ། །ཟླ་བའི་ཞབས་ཀྱིས་ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་བ་ལྟར་ན། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་ལ་དེ་ལྟར་ཡིན་ཡང་། གང་ཟག་གི་བདག་མེད་ལ་དེར་མ་ངེས་ཏེ། གང་ཟག་གི་བདག་ཏུ་ཐ་སྙད་བཏགས་པའི་བཏགས་དོན་རྣམ་པ་བདུན་གྱིས་བཙལ་བའི་ཚེ། འཚོལ་བྱེད་ཀྱི་རིགས་པ་དེས་གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་ཁྱད་པར་འགའ་ཞིག་ཁེགས་ཀྱང་། ལྷན་སྐྱེས་ཁེགས་པ་མ་ཡིན་ཏེ། རིགས་པ་བདུན་པོ་དེའི་ལོག་ཕྱོགས་བདུན་པོ་དེ་ངར་འཛིན་ཀུན་བཏགས་ཁོ་ན་ལ་ཡོད་པ་ཡིན་གྱི། ལྷན་སྐྱེས་ལ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཟླ་བའི་ཞབས་ཀྱིས། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་གྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་བདུན་པོ་དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་མེད་པ་དང་། ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་དེ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དང་། ཀུན་བཏགས་ཀྱི་གཟུང་བྱ་བདུན་པོ་དེ་ཐ་སྙད་དུ་ཡང་མེད་པར་གསུངས་སོ། །འོ་ན་ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱ་དེ་འགོག་བྱེད་ཀྱི་རིགས་པ་དེ་གང་ཞིག་ཡིན་ཞེ་ན། དེར་ཐ་སྙད་འདོགས་པའི་རྒྱུ་རང་རྒྱུད་ཀྱི་ཕུང་པོ་མེད་པ་ཞེས་བྱ་བ་དེ་ཉིད་དོ། །དེ་སྐད་དུ་ཡང་། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་དང་། འཇུག་འགྲེལ་དུ། ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་མི་རྟོགས་པར་བཤད་པ་བཞིན་ནོ། །དོན་དེ་དག་དབུ་མའི་བསྟན་བཅོས་ལས་ཇི་ལྟར་གསུངས་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པ་ནས། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་པའི་བར་གྱིས་རྒྱས་པར་གསུངས་པ་ཡིན་ནོ། །གཉིས་པ་རིན་ཆེན་ཕྲེང་བ་ནས་གསུངས་ཚུལ་ལ་གཉིས་ཏེ། ཀུན་བཏགས་ཀྱི་བདག་ཇི་ལྟར་བཀག་པའི་ཚུལ་དང་། ལྷན་སྐྱེས་ཀྱིས་གཟུང་བྱའི་བདག་ཇི་ལྟར་བཀག་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཕུང་པོ་བདག་མིན་དེར་དེ་མིན། །དེ་ལ་དེ་མིན་དེ་མེད་མིན། །ཕུང་པོ་མེ་ཤིང་ལྟར་འདྲེས་མིན། །དེ་ཕྱིར་བདག་ནི་ཇི་ལྟར་ཡོད། །ཅེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་པ་ནས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་ལས་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །ཞེས་དང་། ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་པ་ནས། དེ་ཕྱིར་ཁམས་དྲུག་བདག་མིན་ནོ། །ཞེས་པའི་བར་གསུངས་པ་སོགས་ཀྱི་དོན་ལ་རྣམ་པར་བརྟགས་ན། ཆོས་ཀྱི་བདག་མེད་མངོན་སུམ་དུ་མ་རྟོགས་པར་ངར་འཛིན་གྱི་ས་བོན་སྤོང་མི་ནུས་པར་གསུངས་པ་ཡིན་ནོ། །གསུམ་པ་བརྒྱ་པ་ལས་གསུངས་ཚུལ་ལ། ཀུན་བཏགས་ཀྱི་བདག་འགོག་པའི་རིགས་པ་དང་། ལྷན་སྐྱེས་ཀྱི་བཏགས་པའི་བདག་འགོག་པའི་རིགས་པའོ། །དང་པོ་ནི། གང་ཚེ་ནང་བདག་བུད་མེད་མིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འབའ་ཞིག་ལས། །བདག་ཕོའོ་སྙམ་དུ་ཁྱོད་མ་སེམས། །ཞེས་སོགས་དང་། ལ་ལར་ཀུན་ཏུ་སོང་བར་མཐོང་། །ལ་ལར་སྐྱེས་བུ་ལུས་ཙམ་ཞིག །ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱིས་མེད་ཅེས་མཐོང་། །ཞེས་གསུངས་སོ། །བོད་གཞན་དག་གིས་ནི། དབུ་མའི་རང་ལུགས་ལ་སྐྱེས་པ་ལྷ་སྦྱིན་དང་བུད་མེད་ལྷ་སྦྱིན་བདག་ཏུ་ཁས་བླངས་པས། གཞུང་འདིའི་ཕྱོགས་སྔ་མ་ཁས་བླངས་སོ། །གཉིས་པ་ནི། གང་ཡང་རུང་བའི་གནས་རྙེད་ན། །ཉོན་མོངས་སྦྲུལ་གདུག་གཡོ་ཅན་གྱིས། །ཟིན་པར་འགྱུར་རོ་གང་གི་སེམས། །གནས་མེད་དེ་ནི་ཟིན་མི་འགྱུར། །ཞེས་དང་། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེས་ནི་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །བརྟེན་ཅིང་འབྲེལ་པར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་གསུངས་སོ། །གཉིས་པ་ལ། སྤྱོད་འཇུག་ནས་གསུངས་ཚུལ་དང་། འཇུག་པ་ལས་གསུངས་ཚུལ་ལོ། །དང་པོ་ནི། གཞུང་དེར་ནི་རང་ལུགས་ལ། སྤྱིར་བདག་ཅེས་བྱ་བ་དང་། བྱེ་བྲག་ལས་འབྲས་ཀྱི་བརྟེན་དུ་གྱུར་པའི་བདག་ཅེས་བྱ་བའི་ཐ་སྙད་ཀྱང་མི་བཞེད་ཅིང་། དེ་འགོག་བྱེད་ཀྱི་རིགས་པ་ཡང་། ཕུང་པོའི་ཆ་ཤས་རེ་རེ་ནས་བདག་མ་ཡིན་པའི་རྟགས་ཀྱིས་བདག་འགོག་པར་མཛད་པ་ཡིན་གྱི། ཕུང་པོ་ལ་ཆོས་ཀྱི་བདག་མེད་པའི་རྟགས་ཀྱིས་གང་ཟག་གི་བདག་འགོག་པར་མ་མཛད་ཀྱི་ཕུང་པོ་ལས་གཞན་དུ་གྱུར་པའི་བདག་འགོག་བྱེད་ཀྱི་རིགས་པ་ཡང་མ་གསུངས་སོ། །དེ་ལ་ཡང་། འདི་ལྟར་བདག་འགོག་བྱེད་ཀྱི་རིགས་པ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སོ་དང་སྐྲ་སེན་བདག་མ་ཡིན། །བདག་ནི་རུས་པ་ཁྲག་མ་ཡིན། །སྣབས་མིན་བད་ཀན་བདག་མ་ཡིན། །ཆུ་སེར་དང་ནི་རྣག་ཀྱང་མིན། །བདག་ནི་ཞག་དང་རྡུལ་མིན་ཏེ། །གློ་མཆིན་དག་ཀྱང་བདག་མ་ཡིན། །ཞེས་པ་ནས། རྣམ་ཤེས་དྲུག་ཀྱང་བདག་མ་ཡིན། །ཞེས་པའི་བར་དང་། དེ་ལ་འཕྲོས་ནས། རྣམ་པར་ཤེས་པ་བདག་ཡིན་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་གསུངས་སོ། །གཉིས་པ་རྩོད་པ་སྤོང་བ་ལ། བདག་མེད་ན་ལས་འབྲས་ཀྱི་འབྲེལ་པ་མི་འཐད་པའི་རྩོད་པ་སྤང་བ། བདག་མེད་ན་སྙིང་རྗེ་སོགས་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་བདག་ཡོད་མ་ཡིན་ན། །ལས་འབྲས་འབྲེལ་པ་རིགས་མིན་ཏེ། །ལས་བྱས་ནས་ནི་ཞིག་པ་ན། །སུ་ཡི་ལས་སུ་འགྱུར་ཞེ་ན། །བྱ་བ་འབྲས་གཞི་ཐ་དད་དང་། །དེར་བདག་བྱེད་པ་མེད་པར་ཡང་། །འུ་བུ་གཉིས་ཀ་ལས་གྲུབ་པ། །འདིར་བརྩམས་དོན་མེད་མ་ཡིན་ནམ། །རྒྱུན་ལྡན་འབྲས་བུ་དང་བཅས་ཞེས། །མཐོང་བ་འདི་ནི་སྲིད་མ་ཡིན། །རྒྱུན་ཅིག་ལ་ནི་བརྟེན་ནས་ནི། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་གསུངས་སོ། །གཉིས་པ་ནི། གལ་ཏེ་སེམས་ཅན་ཡོད་མིན་ན། །སུ་ལ་སྙིང་རྗེ་བྱ་ཞེ་ན། །འབྲས་བུའི་དོན་དུ་ཁས་བླངས་པའི། །རྨོངས་པས་བཏགས་པ་གང་ཡིན་པའོ། །ཞེས་གསུངས་སོ། །དེ་ལ་འཕྲོས་ནས། བདག་མེད་ན་འབྲས་བུ་ཉིད་ཀྱང་མི་འཐད་པའི་རྩོད་པ་སྤོང་བ་ནི། སེམས་ཅན་མེད་འབྲས་སུ་ཡི་ཡིན། །བདེན་དེ་འོན་ཀྱང་རྨོངས་ལས་འདོད། །སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུ་རྨོངས་པས་བཟློག་མི་བྱ། །སྡུག་བསྔལ་རྒྱུ་ཡི་ང་རྒྱལ་ནི། །བདག་ཏུ་རྟོག་པས་འཕེལ་བར་འགྱུར། །དེ་ལས་ཀྱང་བཟློག་མེད་ཅེ་ན། །བདག་མེད་སྒོམ་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །ལུགས་འདིར་སེམས་ཅན་དུ་རྨོངས་པའི་མ་རིག་པ་ལ་སྡུག་བསྔལ་གྱི་རྒྱུའི་རྨོངས་པ་དང་། འབྲས་བུའི་རྨོངས་པ་གཉིས་སུ་ཕྱེ་ནས། དང་པོའི་གཉེན་པོར་གང་ཟག་གི་བདག་མེད་དང་། གཉིས་པའི་གཉེན་པོར་ཆོས་ཀྱི་བདག་མེད་སྒོམ་པར་འཆད་དགོས་པ་ཡིན་ལ། རྨོངས་པ་གཉིས་པོའི་མཚན་གཞི་ཡང་། གང་ཟག་རང་དུ་རྨོངས་པ་དང་། སེམས་ཅན་གཞན་ལ་རྨོངས་པའོ། །ཐེག་པ་དམན་པའི་འཕགས་པས་ནི། རྨོངས་པ་དང་པོའི་གཉེན་པོ་གང་ཟག་གི་བདག་མེད་ཙམ་ཞིག་ཆེད་དུ་གཉེར་ནས་བསྒོམ་ལ། རྨོངས་པ་གཉིས་པ་དྲུང་ནས་འབྱིན་པའི་གཉེན་པོ་ནི་མ་ཐོབ་ཅིང་། དེས་དེ་སྤོང་དགོས་པ་ཡང་མ་ཡིན་ཏེ། དེ་ཉོན་མོངས་པ་ཅན་ཁོ་ནར་མ་ངེས་པའི་ཕྱིར། ཐེག་པ་ཆེན་པོའི་འཕགས་པས་ནི། རྨོངས་པ་གཉིས་པའི་གཉེན་པོ་ཐོབ་ཀྱང་། ཆེད་དུ་གཉེར་ནས་སྤོང་བ་མ་ཡིན་ཏེ། ཇི་སྲིད་བསོད་ནམས་ཀྱི་ཚོགས་མ་རྫོགས་པ་དེ་སྲིད་དུ་རྨོངས་པ་གཉིས་པ་སྤངས་པའི་བྱང་ཆུབ་མངོན་དུ་མི་བྱེད་པའི་ཕྱིར། དེ་ལྟར་བདག་ཏུ་རྨོངས་པ་དང་། སེམས་ཅན་ཙམ་དུ་རྨོངས་པ་གཉིས་ལས། དང་པོའི་གཉེན་པོ་བཤད་མ་ཐག་པ་དེའི་འོག་ཏུ། གཉིས་པའི་གཉེན་པོར་ཕུང་པོ་ལྔ་རང་བཞིན་གྱིས་མེད་པར་གཏན་ལ་འབེབས་པ་ནི། ཇི་སྐད་དུ། ལུས་ནི་རྐང་པ་བྱིན་པ་མིན། །བརླ་དང་རྐེད་པའང་ལུས་མ་ཡིན། །ལྟོ་དང་རྒྱབ་ཀྱང་ལུས་མ་ཡིན། །བྲང་དང་དཔུང་པའང་ལུས་མིན་ཏེ། །ཞེས་པ་ནས། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོགས་པར་འགྱུར་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་དེ་ལྟར་ཀུན་རྫོབ་མེད། །དེ་ལ་བདེན་གཉིས་ག་ལ་ཡོད། །དེ་ཡང་ཀུན་རྫོབ་གཞན་གྱིས་ན། །སེམས་ཅན་མྱ་ངན་ག་ལ་འདའ། །འདི་ནི་གཞན་སེམས་རྣམ་རྟོག་སྟེ། །འདི་ནི་རང་གི་ཀུན་རྫོབ་མིན། །ཕྱིས་དེ་དེས་ན་དེ་ཡོད་དེ། །མིན་ན་ཀུན་རྫོབ་མེད་པ་ཉིད། །ཅེས་དབུ་མ་པ་རང་གི་ལུགས་ལ་ཀུན་རྫོབ་ཀྱི་ཆོས་ཡོད་པ་མ་ཡིན་པ་དང་། ཀུན་རྫོབ་ཐམས་ཅད་འཁྲུལ་ངོར་འཇོག་པའི་ཚུལ་གསལ་བར་བཤད་དོ། །དེ་ལྟར་བཤད་པ་འདིས་ནི། བོད་གཞན་དག་བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དོན་གཅིག་མིང་གིས་རྣམ་གྲངས་སུ་འདོད་པ་ཡང་བསལ་བ་ཡིན་ཏེ། སེམས་ཅན་དུ་འཛིན་པ་ཙམ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་། དེ་གང་ཟག་གི་བདག་མེད་མངོན་གསུམ་དུ་རྟོགས་པའི་ཤེས་རབ་དང་། འཛིན་སྟངས་མི་འགལ་བའི་ཚུལ་གསལ་བར་གསུངས་སོ། །གཉིས་པ་དབུ་མ་ལ་འཇུག་པ་ནས་ཇི་ལྟར་གསུངས་པའི་ཚུལ་ལ་གཉིས་ཏེ། ཀུན་ཏུ་བཏགས་པའི་གང་ཟག་གི་བདག་འགོག་པའི་རིགས་པ་ཇི་སྐད་གསུངས་པའི་ཚུལ་དང་། ལྷན་སྐྱེས་ཀྱིས་བཏགས་པའི་བདག་འགོག་པའི་རིགས་པ་གང་དུ་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་པ་ནས། མ་བཏགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ནོ། །ཇི་ལྟར་བསྟན་ཞེ་ན། གྲུབ་མཐའ་སྨྲ་བས་སྒྲོ་བཏགས་པའི་གང་ཟག་གི་བདག་ནི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་དང་མི་མཐུན་པས་འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པའི་ཚུལ་དང་། ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི་ང་ཙམ་ནི་འཇིག་རྟེན་གྱི་གྲགས་པས་གྲུབ་པའི་རྒྱུ་མཚན་གྱིས་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པའི་ཚུལ་གཉིས་ཀྱི་སྒོ་ནས་འཆད་དོ། །དེ་ཡང་དང་པོ་ནི། གྲུབ་མཐའ་སྨྲ་བས་གང་ཟག་གི་བདག་ཏུ་སྒྲོ་འདོགས་པའི་ཚུལ་ནི། མདོར་ན། བདག་ཕུང་གཅིག་དང་ཐ་དད་དུ་སྒྲོ་འདོགས་པ་གཉིས་སུ་འདུས་ལ། རྒྱས་པར་ཕྱེ་ན། གཞན་དུ་སྒྲོ་འདོགས་པ་ལ། རྟེན་བརྟེན་པ་དང་ལྡན་པར་ཕྱེ་བས་ལྔ་དང་། གཅིག་ཏུ་སྒྲོ་འདོགས་པ་ལ་ཕུང་པོའི་དབྱིབས་དང་ཚོགས་པ་བདག་ཏུ་སྒྲོ་འདོགས་པས་ཏེ་སྔ་མ་དང་བསྡོམས་པས་བདུན་དང་། དེ་དག་ཏུ་མ་འདུས་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་སྒྲོ་འདོགས་པས་ཏེ། རྩ་བའི་དབྱེ་བ་གསུམ་དང་། ཡན་ལག་གི་དབྱེ་བ་བརྒྱད་རྣམས་སོ། །དང་པོ་ནི། མུ་སྟེགས་གྲངས་ཅན་དང་རིག་བྱེད་དུ་སྨྲ་བ་དག་གི་འདོད་པ་ཡིན་ལ། དེ་ཉིད་འགོག་པ་ནི། ཇི་སྐད་དུ། ཟ་བོ་རྟག་དངོས་བྱེད་པོ་མིན་པའི་བདག །ཅེས་པ་ནས། དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །ཅེས་པའི་བར་ཡིན་ནོ། །གཉིས་པ་ཕུང་པོ་ཉིད་བདག་ཏུ་འདོད་པ་ནི། རང་གི་སྡེ་པ་ཉན་ཐོས་མང་བཀུར་བ་དག་ཡིན་ལ། དེའི་ནང་ཚན་འགའ་ཞིག་ནི། ཕུང་པོ་ལྔ་ཅར་བདག་ཏུ་འདོད་ལ། དེའི་ནང་ཚན་ཁ་ཅིག་ནི་སེམས་ཉིད་བདག་ཏུ་འདོད་དོ། །འདོད་པ་དེ་འགོག་པ་ནི། ཁ་ཅིག་བདག་ལྟའི་བརྟེན་དུ་ཕུང་པོ་ནི། །ལྔ་ཅར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། །ཅེས་པ་ནས། མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །ཞེས་པའི་བར་གསུངས་པ་ཡིན་ནོ། །དེ་དག་གིས་ཕུང་པོ་རེ་རེ་བ་བདག་ཡིན་པ་བཀག་ནས་ཕུང་པོ་ཚོགས་ཙམ་དང་། དེའི་དབྱིབས་བདག་ཡིན་པ་འགོག་པ་ནི། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཞེས་སོགས་དང་། དབྱིབས་ཞེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཞེས་སོགས་གསུངས་སོ། །གཞུང་དེ་དག་གི་སྐབས་ཀྱི་དོན་ཡང་། ཉན་ཐོས་སྡེ་པས་ཕུང་པོ་བདག་ཡིན་པའི་ཤེས་བྱེད་དུ། མདོ་ལས། དགེ་སློང་དག དགེ་སློང་ངམ། བྲམ་ཟེ་གང་སུ་དག ཅེས་སོགས་ཀྱིས་བདག་ཏུ་འཛིན་པས་ཕུང་པོ་ལ་དམིགས་ནས་བདག་ཏུ་གཟུང་བའི་ཕྱིར་ཞེས་དྲངས་པ་ཡིན་ལ། དེ་འགོག་པ་ན། མདོ་དེས་ཕུང་པོ་བདག་ཏུ་སྟོན་ན། ཚོགས་ཙམ་བདག་ཏུ་སྟོན་དགོས་ཏེ། རེ་རེ་བ་དང་དབྱིབས་བདག་ཏུ་མི་སྟོན་པའི་ཕྱིར། རེ་རེ་བ་བདག་ཏུ་སྟོན་ན། མདོ་དང་འགལ་བ་དང་། དབྱིབས་བདག་ཡིན་ན་ནི། གཟུགས་ཉིད་བདག་ཏུ་ཐལ་བ་དང་། ཚོགས་ཙམ་བདག་ཏུ་སྟོན་ན། ཉན་ཐོས་སྡེ་པ་རང་གིས་ཁས་བླངས་པའི་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །ཞེས་སོགས་ཀྱི་མདོ་དང་འགལ་བར་སྟོན་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་བདག་འགོག་བྱེད་ཀྱི་ལུང་དང་རིགས་པ་ནི། བྱེ་བྲག་ཏུ་སྨྲ་བ་ཡན་ཆད་ཐུན་མོང་གི་ལུང་རིགས་ཡིན་ལ། སྐབས་དེར་རང་སྡེ་དངོས་པོར་སྨྲ་བ་གཞན་དག་ན་རེ། བདག་ནི་ཐ་སྙད་དུ་ཡང་མེད་མོད། ཕུང་པོ་ནི་ཐ་སྙད་དུ་དངོས་པོར་ཡོད་དོ་ཞེས་ཟེར་བ་དེ་འགོག་པ་ནི། བྱེད་པ་མེད་ལས་ཡོད་སྙམ་བློ་ཡིན་ན། །མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །ཅེས་གསུངས་སོ། །དེ་ལྟར་བདག་ཕུང་གཅིག་དང་ཐ་དད་གང་དུ་ཡང་མི་འཐད་པར་གྲུབ་པ་ན། བདག་ཕུང་རྟེན་བརྟེན་པ་ཡིན་པ་དང་། བདག་ལ་ཕུང་པོ་ལྡན་པ་ཞེས་བྱ་བའི་ཕྱོགས་གསུམ་པོ་དེ་ཡང་མི་འཐད་པར་གྲུབ་པ་ཞེས་སྟོན་པ་ནི། ཕུང་པོ་བདག་ཡོད་མ་ཡིན་བདག་ལ་ཡང་། །ཞེས་སོགས་དང་། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཅེས་སོགས་གསུངས་སོ། །དེ་ཡང་བདག་ཕུང་གཅིག་དང་ཐ་དད་ཁེགས་པ་ན། འཇིག་ལྟ་ཉི་ཤུའི་འཛིན་སྟངས་ཀྱང་ཁེགས་པ་ཡིན་ནོ། །ཞེས་སྟོན་པ་ནི། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །ཞེས་སོགས་སོ། །མང་བཀུར་བའི་བྱེ་བྲག་གནས་མ་བུའི་སྡེ་པས་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་པའི་བདག་རྫས་ཡོད་དུ་འདོད་པ་འགོག་པ་ནི། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ཅེས་སོགས་གསུངས་སོ། །དེ་ལྟར་གྲུབ་མཐའ་སྨྲ་བས་བཏགས་པའི་བདག་ཕུང་གཅིག་དང་ཐ་དད་ཁེགས་ནས། ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་བདག་འཇིག་རྟེན་གྱི་ཐ་སྙད་བདེན་པར་འཇོག་པ་ཡིན་ནོ། །ཞེས་སྟོན་པ་ནི། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །ཞེས་སོགས་གསུངས་སོ། །དེ་ལྟར་ན། བཏགས་དོན་རྣམ་པ་ལྔའམ་བདུན་དུ་སྒྲོ་འདོགས་པའི་ངར་འཛིན་ཀུན་བཏགས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་འཇིག་རྟེན་གྱི་ཐ་སྙད་དུ་གྲུབ་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ཕྱིར་ངར་འཛིན་བརྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་བརྟེན་མིན་འདི་ནི་དེ་ལྡན་མིན། །འདི་ནི་ཕུང་པོ་རྣམས་བརྟེན་གྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ཉིད་དཔེའི་སྒོ་ནས་འཆད་པ་ནི། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །ཞེས་སོགས་རྒྱས་པར་གསུངས་ལ། དེ་དག་གི་དོན་བསྡུ་བ་ན། ཤིང་རྟ་འཛིན་པའི་རྟོག་པ་ཀུན་བཏགས་ཀྱིས་བཏགས་དོན་རྣམ་པ་བདུན་པོ་དེ་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཡང་མེད་ཀྱང་དེ་འཛིན་པའི་རྟོག་པ་ལྷན་སྐྱེས་ཀྱིས་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་ཤིང་རྟ་དེ་འཇིག་རྟེན་གྱི་ཀུན་རྫོབ་བདེན་པར་གཞག་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་གྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་སོ། །དངོས་པོར་སྨྲ་བ་གང་དག །ཡན་ལག་རྣམས་ཡོད་ཅིང་། ཡན་ལག་ཅན་ཀུན་རྫོབ་ཏུ་ཡང་མེད་དོ། །ཞེས་ཟེར་བ་དེ་འགོག་པ་ནི། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཞེས་པ་ནས། འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཅེས་པའི་བར་གསུངས་སོ། །འོ་ན་དབུ་མ་པ་རང་གི་ལུགས་ལ། ཤིང་རྟ་དང་དེའི་ཡན་ལག་གཉིས་ཀ་ཡོད་པར་ཁས་ལེན་ནུས་སམ་ཞེ་ན། རང་ལུགས་ལ་དེ་གཉིས་ཀ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། ཤིང་རྟ་ཉིད་ཡོད་མིན་ན་དེ་ཡི་ཚེ། །ཞེས་པ་ནས། བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ །ཞེས་པའི་བར་གསུངས་སོ། །བདག་ཕུང་གཉིས་ཀྱང་དེ་དང་མཚུངས་པར་སྟོན་པ་ནི། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང་། །ཞེས་པ་ནས། མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་པའི་བར་གསུངས་སོ། །མདོར་ན་དེ་འདྲའི་ང་ཙམ་དེ་འཇིག་རྟེན་དང་ཀུན་རྫོབ་དང་མ་རིག་པའི་ངོར་ཡོད་པ་ཡིན་ཡང་། དེའི་ངོར་རྟག་མི་རྟག་ལ་སོགས་པའི་དཔྱད་པ་གཅུག་པའི་ཚེ་ནི་གང་དུ་ཡང་ཡོད་པར་ཁས་མི་ལེན་ཏེ། ཐ་སྙད་ཀྱི་བདེན་པ་རིགས་པས་དཔྱད་ནས་ཁས་མི་ལེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དངོས་ཡོད་མིན་ཕྱིར་འདི་ནི་བརྟེན་མིན་ཞིང་། །ཞེས་སོགས་གསུངས་སོ། །གཉིས་པ་ལྷན་སྐྱེས་ཀྱིས་བཏགས་པའི་བདག་འགོག་པའི་རིགས་པ་བཤད་པ་ནི། འདི་ལྟར་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ཡོད་པ་མ་ཡིན་ཏེ། དེར་འདོགས་པའི་རྒྱུ་ཕུང་པོ་རང་བཞིན་གྱིས་མེད་པའི་ཕྱིར། དཔེར་ན་བུད་ཤིང་མེད་པར་མེ་ཡོད་པ་མ་ཡིན་པ་བཞིན། དེ་སྐད་དུ་ཡང་། འཇུག་འགྲེལ་ལས། གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པར་རྟོགས་པར་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་གསུངས་སོ། །འོ་ན་གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པའི་སྐབས་སུ་འདི་མི་སྟོན་པ་ཅི་ཞེ་ན། སློབ་དཔོན་འདིའི་བཞེད་པ་ལ་ཆོས་ཀྱི་བདག་མེད་རྟོགས་པ་སྔོན་དུ་མ་སོང་བར་གང་ཟག་གི་བདག་མེད་ཀྱི་མཚན་ཉིད་རྫོགས་པར་རྟོགས་མི་ནུས་པས། ཐོག་མར་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས། དེའི་འོག་ཏུ་གང་ཟག་གི་བདག་མེད་གཏན་ལ་འབེབས་པར་མཛད་པ་ཡིན་ནོ། །དེ་ལྟར་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན། བདག་ཏུ་འདོགས་པའི་རྒྱུ་ཕུང་པོའི་གནས་ཚུལ་རྟོགས་པ་ན་དེ་ལ་བརྟེན་ནས་བདག་ཏུ་འདོགས་པའི་རྟོག་པ་ལྷན་སྐྱེས་རང་གི་ངང་གིས་འགག་པ་ཡིན་ཏེ། ཐག་པ་ཁྲ་བོའི་རང་གི་ངོ་བོ་རྟོགས་པ་ན་དེ་ལ་སྦྲུལ་འཛིན་གྱི་རྟོག་པ་མི་འབྱུང་བ་བཞིན། རྟོག་པ་དེ་འགགས་པ་ན་ཡུལ་བདག་མེད་པར་གྲུབ་པ་ཡིན་ཏེ། ཡུལ་བདག་ཡོད་པར་ནི་བདག་ཏུ་འཛིན་པའི་རྟོག་པ་ཁོ་ནས་བཏགས་པ་ཡིན་གྱི། དེ་ཚད་མ་གཞན་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། འོ་ན་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་གང་ཟག་གི་བདག་མེད་པར་ཡང་འགྲུབ་པའི་ཕྱིར། གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད་མ་ཐག་པ་དེ་ཉིད་ཀྱིས་ཅི་ཞིག་བྱ་ཞེ་ན། གྲུབ་མཐས་བཏགས་པའི་གང་ཟག་གི་བདག་གི་ཚུལ་སོ་སོ་བ་དེ་དག ཐོག་མར་དགག་པའི་ཕྱིར་ཡིན་ནོ། །དེ་ཡང་ལྷན་སྐྱེས་ཀྱི་གཟུང་བྱ་ཁེགས་ན་ཀུན་བཏགས་ཀྱི་འཛིན་སྟངས་ཀྱང་ཞར་ལ་ཁེགས་མོད་ཀྱང་། ཐོག་མར་ཀུན་བཏགས་ཀྱི་འཛིན་སྟངས་བཀག་ནས། དེའི་རྗེས་སུ་ལྷན་སྐྱེས་ཀྱི་འཛིན་སྟངས་འགོག་པ་ནི། གདུལ་བྱའི་དབང་པོའི་རིམ་པ་དང་མཚམས་པར་ཆོས་སྟོན་པ་ལ་མཁས་པའི་ཐུགས་རྗེ་ཅན་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས་དམ་པའི་ཆོས་སྟོན་པའི་རིམ་པ་ལས་དེ་ལྟར་འབྱུང་བ་ཡིན་ནོ། །གང་ཟག་གི་བདག་འགོག་པའི་རིགས་པ་ལ་བཤད་མ་ཐག་པ་དེ་ལྟར་གཉིས་སུ་འབྱེད་པ་འདི། ཟླ་བའི་ཞབས་ཀྱིས་མ་བཤད་དོ་སྙམ་དུ་བསམ་པར་མི་བྱ་སྟེ། ཇི་སྐད་དུ། གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །ཁྱོད་ཀྱིས་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བརྟེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །ཅེས་གསལ་བར་གསུངས་པ་འདི་ཤིང་རྟ་དང་བུམ་པ་སོགས་ལ་སྦྱར་ཡང་། གང་ཟག་གི་བདག་འགོག་པའི་རིགས་པ་མཚོན་ནུས་པ་ཡིན་ནོ། །ཇི་ལྟར་ཞེ་ན། བུམ་པ་དང་ཤིང་རྟའོ་སྙམ་པའི་བློ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་དང་གང་ཡིན་པ་དེ་ཆོས་ཅན་རང་གི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་རྡུལ་རྫས་བརྒྱད་ཚོགས་པའམ་འཕང་ལོ་ལ་སོགས་པའི་ཡན་ལག་རྣམས་ལ་ཇི་ལྟར་བཏགས་པ་བཞིན་ཡོད་པ་མ་ཡིན་ཏེ། རང་གི་གདགས་གཞི་དེ་དག་རང་བཞིན་གྱིས་སྐྱེ་བ་མེད་པར་གོང་དུ་བཤད་ཟིན་པའི་ཕྱིར་རོ། །ཞེས་པ་ནི། གཞུང་དེའི་དངོས་བསྟན་ཡིན་ལ། ལྷ་སྦྱིན་གྱི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། ཁྱོད་ལ་ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི་ང་ཙམ་དེ་ཡོད་པ་མ་ཡིན་ཏེ། ཁྱོད་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་ཞེས་པའོ། །དེ་ལྟར་ན་གང་ཟག་རང་བཞིན་མེད་པ་གང་ཟག་གི་བདག་མེད་ཀྱི་དོན་དུ་སོང་བ་མ་ཡིན་ནམ་ཞེ་ན། གང་ཟག་ཆོས་ཅན་དུ་གཟུང་ནས་དེ་རང་བཞིན་གྱིས་མེད་པ་དེའི་དོན་དུ་འཆད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྣམ་སྨིན་གྱི་ཕུང་པོ་ཆོས་ཅན་དུ་གཟུང་ནས། གང་ཟག་དང་བདག་མེད་པ་ཉིད་དེའི་དོན་ཡིན་ལ། དེ་འགྲུབ་པ་ལ་ཕུང་པོ་སོགས་རང་བཞིན་གྱིས་མེད་པར་གཏན་ལ་ཕེབས་པ་སྔོན་དུ་འགྲོ་དགོངས་པར་བཤད་པ་ཡིན་ནོ། །འོ་ན། ཀུན་བཏགས་ཀྱི་བདག་བཀག་པས་ལྷན་སྐྱེས་ཀྱི་བདག་ཁེགས་པར་འདོད་པ་དང་། བཤད་མ་ཐག་པ་འདི་ཇི་ལྟར་མི་འགལ་ཞེ་ན། གང་ཟག་གི་བདག་འཛིན་ཀུན་བཏགས་ཀྱི་འཛིན་སྟངས་གང་ཡིན་ཐམས་ཅད་གོང་དུ་བཤད་མ་ཐག་པའི་བཏགས་དོན་རྣམ་པ་བདུན་ནམ་ལྔ་དང་བདག་ཕུང་གཅིག་དང་ཐ་དད་དུ་འཛིན་པའི་འཛིན་སྟངས་ཞེས་བྱ་བ་དེ་དག་དུ་མ་འདུས་པའི་རྒྱུ་མཚན་གྱིས་སོ། །དེ་ཇི་ལྟར་ཡོད་ཅེ་ན། ལྷན་སྐྱེས་ཀྱི་གཟུང་བྱ་དེ་ཉིད་རྟག་གཅིག་རང་དབང་ཅན་དུ་གྲུབ་མཐའི་དབང་གིས་སྒྲོ་བཏགས་ནས་འཛིན་པ་ཡང་ཡོད་པ་ཡིན་ཏེ། གཞན་དུ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བའི་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་རྙེད་དཀའ་བའི་ཕྱིར་རོ། །དེའི་ཕྱིར་རྟག་གཅིག་རང་དབང་ཅན་ཞེས་བྱ་བ་འདི་ལ། དོན་དང་ཐ་སྙད་གཉིས་ལས་ཐ་སྙད་ནི་མུ་སྟེགས་པའི་གྲུབ་མཐའ་ཁོ་ནས་བཏགས་པའི་ཕྱིར། ལོག་པའི་ཀུན་རྫོབ་ཁོ་ནར་གཞག་ལ་དེའི་དོན་ནི། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཁོ་ནར་ངེས་པས་ཡང་དག་པའི་ཀུན་རྫོབ་བོ། །དེ་ལྟར་ན་ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དང་། དེ་ཀུན་བཏགས་ཀྱི་གཟུང་བྱ་ཐ་སྙད་དུ་ཡང་མེད་པ་ཞེས་བྱ་བ་དེ་ནི། ཟླ་བའི་ཞབས་ཀྱི་གཞུང་གི་དགོངས་པ་ཡིན་ལ། དེ་སྐད་ཅེས་འཇོག་པའི་ཚུལ་མི་ཤེས་པར་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་གྱི་གྲགས་པ་བཞིན་དུ་ཁས་ལེན་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་ཚིག་ཙམ་དུ་ཟད་དོ། །གངས་ཅན་པ་ཕྱི་མ་དག་གིས་ནི། ནང་འགལ་བ་འདི་ལྟར་ཁས་བླངས་ཏེ། གང་ཟག་རང་བཞིན་གྱིས་མེད་པ་གང་ཟག་གི་བདག་མེད་པའི་དོན་དུ་འཆད་པ་དང་། གང་ཟག་གི་བདག་འགོག་པའི་རིགས་པ་འཆད་པ་ནའང་། བཏགས་དོན་རྣམ་པ་བདུན་གྱིས་བཙལ་བའི་ཚེ། མ་རྙེད་པ་ལས་གཞན་མི་འཆད་པ་གཉིས་འགལ་བས་སོ། །ཇི་ལྟར་ཞེ་ན། རིགས་པ་དང་ཁས་བླངས་པ་གཉིས་དང་འགལ་བ་ཡིན་ཏེ། བཏགས་དོན་བདུན་གྱིས་མ་རྙེད་པ་དེ་ཕུང་པོའི་སྟེང་ན་ཕུང་པོ་དང་གཅིག་གམ་འབྲེལ་མེད་དམ་དོན་གཞན་དུ་འགྱུར་པའི་གང་ཟག་གི་བདག་མེད་པའི་དོན་དུ་རིགས་ཀྱི། གང་ཟག་གམ་བདག་རང་བཞིན་གྱིས་མེད་པའི་དོན་དུ་མི་རིགས་པའི་ཕྱིར་དང་། ཀུན་བཏགས་ཀྱི་བདག་བཀག་པས། ལྷན་སྐྱེས་ཀྱི་བདག་མི་ཁེགས་པར་ཡང་ཁས་བླངས་པའི་ཕྱིར་དང་། ཤིང་རྟ་བཏགས་དོན་བདུན་གྱིས་མ་རྙེད་པ་དེ་ཤིང་རྟ་རང་བཞིན་མེད་པའི་དོན་དུ་ཧ་ཅང་ཐལ་བའི་ཕྱིར་དང་། དེ་ཡང་དེ་ལྟ་ན། ཤིང་རྟའི་སྟེང་གི་ལོག་པའི་ཀུན་རྫོབ་ཁེགས་པ་ན་དེའི་སྟེང་གི་ཡང་དག་པའི་ཀུན་རྫོབ་བདེན་པར་གྲུབ་པ་ཡང་ཁེགས་པར་འགྱུར་རོ། །དེའི་རྒྱུ་མཚན་ཡང་ཤིང་རྟའི་སྟེང་དུ་འགོག་རྒྱུའི་བཏགས་དོན་བདུན་པོ་དེ་ནི། འཇིག་རྟེན་གྱི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པས་ལོག་པའི་ཀུན་རྫོབ་ཁོ་ནར་ངེས་པའི་ཕྱིར་རོ། །སྐབས་འདི་དག་ཏུ། གངས་ཅན་པ་ཕྱི་མ་དག ཐ་སྙད་དུ་ཡོད་ན་ཐ་སྙད་པའི་ཚད་མས་གྲུབ་དགོས་ལ། དེར་གྲུབ་ན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གྲུབ་དགོས་པས། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་དད་དུ་ཡང་ཡོད་པར་ཁས་མི་ལེན་ནོ། །ཞེས་ཟེར་བ་འདི་ནི། ཟླ་བའི་ཞབས་ཀྱི་ལུགས་མ་ཡིན་ཏེ། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་བདེན་འཛིན་ལྷན་སྐྱེས་ཀྱི་དབང་གིས་གཞག་པ་མ་ཡིན་པར་ཐལ་བ་དང་། རྣལ་འབྱོར་མངོན་སུམ་གྱིས་ཡོད་པར་གཞག་པ་ཡིན་པར་ཐལ་བ་དང་། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། མྱུ་གུ་དོན་དམ་པར་མེད་ལ། ཐ་སྙད་དུ་ཡོད་དོ་ཞེས་ནི་ཁྱེད་ཀྱང་ཁས་ལེན་པས། དེའི་ཚེ་མྱུ་གུ་ཐ་སྙད་པའི་ཚད་མས་ཡོད་པར་གྲུབ་པ་དང་། དོན་དམ་པའི་ཚད་མས་མེད་པར་གྲུབ་པ་ལ་འཆད་དགོས་པའི་ཕྱིར། གལ་ཏེ་དེ་དེར་མི་འཆད་དེ། བདེན་པར་མེད་པ་ལ་འཆད་དོ་སྙམ་ན། དེའི་དོན་ཡང་གང་ལ་འཆད། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པ་ལ་འཆད་དོ་ཞེ་ན། དེའི་དོན་ཡང་གང་ལ་འཆད་ཅེས་བརྟགས་ན་ཁྱེད་ཀྱི་འདོད་པ་དེ་འཇིག་པ་ཡིན་ཏེ། མྱུ་གུ་གཅིག་དང་དུ་མ་གང་དུ་ཡོད་དཔྱོད་པའི་རིགས་ངོར། མྱུ་གུ་མེད་པ་ལ་དེའི་དོན་ཙམ་དུ་འཆད་དགོས་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། མ་རྙེད་པ་དང་མེད་པར་རྙེད་པ་གཉིས་ཀྱི་ཁྱད་པར་ཕྱེ་དགོས་སོ་སྙམ་ན། དེ་ལྟ་ན་ཡང་། ཁྱེད་ལ་ཧ་ཅང་ཐལ་བ་སོ་ན་འདུག་སྟེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ནི། མྱུ་གུ་རྙེད་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ནི་མ་རྙེད་པའི་ཕྱིར་རོ། །དེའི་ཕྱིར་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་སྙད་དུ་ཡོད་ཅེས་བྱ་བ་དེ་དང་། འཕགས་པའི་ཐ་སྙད་དུ་མེད་དོ་ཞེས་བྱ་བ་འདི་དོན་ཅིག་ལ་འདུ་བ་ཡིན་ཏེ། མ་རིག་པ་ལྷན་སྐྱེས་ཀྱི་ངོར་ཡོད་པ་དང་། དེའི་འགལ་ཟླར་གྱུར་པའི་རིག་པ་ཡེ་ཤེས་ཀྱི་ངོར་མེད་པ་གཉིས་དོན་ཅིག་ལ་འདུ་བའི་ཕྱིར། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་ལུགས་དེ་དང་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་མཐུན་པར་སྒྲུབ་པ་ལ། སྤྱིར་གྲུབ་མཐའ་སྨྲ་བ་བཞིས་བདག་གཉིས་ཇི་ལྟར་འགོག་པའི་རིམ་པ། བྱེ་བྲག་ཏུ་སྐུ་མཆེད་གཉིས་ཀྱིས་གང་ཟག་གི་བདག་ཇི་ལྟར་བཀག་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཞེས་བྱེ་བྲག་ཏུ་སྨྲ་བ་དག་གིས་ཀྱང་གང་ཟག་གི་བདག་འགོག་པའི་རིགས་པ་ཐེག་པ་ཆེན་པོ་བ་དག་དང་ཐུན་པར་འཆད་མོད། ཆོས་ཀྱི་བདག་མེད་གཏན་ལ་འབེབས་པར་མི་བྱེད་ལ། མདོ་སྡེ་པས་ནི། གཞལ་བྱ་སྤྱི་མཚན་རྣམས་དོན་དམ་དུ་མེད་པར་གཏན་ལ་འབེབས་ཤིང་། གཞལ་བྱ་རང་མཚན་རྣམས་དོན་དམ་དུ་ཡོད་དོ་ཞེས་སྒྲོ་འདོགས་པར་བྱེད་དོ། །དངོས་པོར་སྨྲ་བས་ཀུན་རྫོབ་ཀྱི་བདེན་པ་རིགས་པས་དཔྱད་ནས་འཇོག་ཀྱང་དེ་གང་ཡིན་རིགས་པས་དཔྱད་བཟོད་དུ་ཁས་ལེན་པའི་ངེས་པ་མེད་དེ། ཇི་སྐད་དུ། སྒྲ་དོན་འདི་དང་གཞི་མཐུན་ཉིད། །ཡོད་པ་མིན་ཡང་ཇི་ལྟ་བུར། །གྲགས་པ་བཞིན་དུ་བརྗོད་པ་དེ། །དངོས་ལ་འདི་ནི་མི་སྲིད་དོ། །ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པ་པས་ནི། དེའི་སྟེང་དུ་ཉན་ཐོས་པས་རང་མཚན་དུ་འདོད་པའི་ཕྱི་རོལ་གྱི་ཡུལ་རྣམས་ཀྱང་བདག་མེད་དུ་གཏན་ལ་འབེབས་ཤིང་། དེ་ལའང་སེམས་ཙམ་དུ་སྨྲ་བ་དང་། དབུ་མར་སྨྲ་བའི་དབྱེ་བ་གཉིས་ལས། དང་པོས་ནི། སྣང་བ་སེམས་སུ་ཁས་ལེན་ཞིང་། སྣང་ཆ་དེ་ཉིད་བདེན་པར་འདོད་ལ། དབུ་མར་སྨྲ་བས་ནི། དེ་ཡང་བདེན་མེད་དུ་གཏན་ལ་ཕབ་ནས། དེ་ཙམ་གྱིས་ཆོས་ཀྱི་བདག་མེད་རྫོགས་པར་ཁས་ལེན་ནོ། །འདིར་ཡང་རྣམ་བདེན་པས་ནི། གཞན་དབང་དོན་དམ་པའི་བདེན་པ་དང་། ཀུན་བཏགས་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་ལ། དེ་ཡང་རིགས་པས་དཔྱད་བཟོད་དུ་ཁས་ལེན་པ་མ་ཡིན་ཏེ། རྟོགས་པས་སྒྲོ་བཏགས་སུ་ཁས་ལེན་པའི་ཕྱིར། དབུ་མར་སྨྲ་བའི་རྣམ་རྫུན་པས་ནི། གཞན་དབང་ཀུན་རྫོབ་བདེན་པ་དང་། ཡོངས་གྲུབ་དོན་དམ་པའི་བདེན་པར་ཁས་ལེན་ལ། དེའི་ཚེ་གཞན་དབང་རང་ལྡོག་ནས་རང་བཞིན་གྱིས་གྲུབ་པར་ཁས་ལེན་པ་མ་ཡིན་ཏེ། གཟུང་རྣམ་སྒྲོ་བཏགས་སུ་ཁས་ལེན་པའི་ཕྱིར་རོ། །འོ་ན་དངོས་པོར་སྨྲ་བ་དག་གིས་ཐ་སྙད་ཀྱི་བདེན་པ་རིགས་པས་དཔྱད་ནས་འཇོག་གོ་ཞེས་ཡང་དང་ཡང་དུ་བཤད་པ་དེ་ཅི་ཞེ་ན། དེའི་དོན་ནི་གྲུབ་མཐའ་སྨྲ་བ་དེ་དག་གིས་རིམ་པ་བཞིན་དུ། བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཐ་སྙད་དུ་ཡང་མེད་དོ་ཞེས་དང་། ཀུན་བཏགས་དང་། གཞན་སེལ་དང་དོན་སྤྱི་སོགས་འཇིག་རྟེན་ན་མ་གྲགས་པ་འགའ་ཞིག་རང་གི་གྲུབ་པའི་དོན་གྱིས་ཁས་ལེན་པ་དེ་ཉིད་ལ་ཟེར་བ་ཡིན་ཏེ། དེ་དེར་མེད་པ་ནི་རིགས་པས་དཔྱད་པ་ཁོ་ན་ལ་རག་ལས་པས་དོན་དམ་དུ་སོང་གི་ཐ་སྙད་དུ་མ་སོང་བའི་ཕྱིར་དང་། འཇིག་རྟེན་ན་མ་གྲགས་པ་འགའ་ཞིག་རིགས་པས་དཔྱད་ནས་ཁས་བླངས་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་དག་གིས་ནི། དེ་དག་གི་སྟེང་དུ་གཉིས་མེད་ཀྱི་ཤེས་པ་རིག་ཅིང་གསལ་ཙམ་དེ་ཡང་བདེན་པར་མེད་དོ་ཞེས་གཏན་ལ་ཕབ་ནས། ལྷན་ཅིག་སྐྱེས་པའི་མ་རིག་པ་ལ་གང་གྲགས་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་དང་རིགས་པས་དཔྱད་པའི་ཚེ་ཅི་ཡང་མ་རྙེད་པ་དེ་ཉིད་ལ་དོན་དམ་པའི་བདེན་པ་ཞེས་རྟོག་པ་གཞན་གྱིས་སྒྲོ་བཏགས་ནས་འཆད་པ་ཡིན་ནོ། །གཉིས་པ་ལ། དབྱིག་གཉེན་གྱིས་ཇི་ལྟར་བཤད་པའི་ཚུལ་དང་། ཐོགས་མེད་ཞབས་ཀྱིས་ཇི་ལྟར་བཞེད་པའི་ཚུལ་ལོ། །དང་པོ་ནི། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། །ཞེས་པ་ལ་འཕྲོས་ནས་མཛོད་འགྲེལ་དུ། བདག་ཅེས་བྱ་བ་ཡང་གང་ཞིག་ཡིན། བདག་ཏུ་འཛིན་པ་འདིའི་ཡུལ་གང་ཡིན་པའོ། །བདག་ཏུ་འཛིན་པ་འདིའི་ཡུལ་གང་ཞིག་ཡིན། ཡུལ་ནི་ཕུང་པོ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་དག་ལ་ཆགས་པའི་ཕྱིར་དང་། དཀར་ཤམ་ལ་སོགས་པའི་བློས་གཞི་མཐུན་པར་བྱེད་པའི་ཕྱིར་ཏེ། བདག་དཀར་ཤམ་མོ། །བདག་སྔོ་སངས་སོ། །བདག་སྦོམ་པོའོ། །བདག་སྐེམ་མོ། །བདག་རྒས་སོ། །བདག་དར་ལ་བབ་བོ། །ཞེས་དཀར་ཤམ་ལ་སོགས་པའི་དཔེས་བདག་ཏུ་འཛིན་པ་འདི་གཞི་མཐུན་པར་བྱེད་པར་སྣང་ངོ་། །རྣམ་པ་དེ་དག་བདག་གི་བ་ཡིན་པར་ནི་མི་འདོད་དེ། དེ་ལྟ་བས་ན་ཡང་། འདི་ནི་ཕུང་པོ་རྣམས་ལ་འཛིན་པར་ཤེས་སོ། །ཞེས་དང་རྫས་སུ་ཞེས་བྱ་བ་འདི་ཡང་ཅི་ཞིག བཏགས་པ་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན། གལ་ཏེ་གཟུགས་ལ་སོགས་པ་བཞིན་དུ་དངོས་པོ་གཞན་ཞིག་ཡིན་ནོ་ཞེ་ན་ནི། རྫས་སུ་ཡོད་པ་ཡིན་ནོ། །གལ་ཏེ་འོ་མ་ལ་སོགས་པ་བཞིན་དུ་སྤྱི་ཡིན་ནོ་ཞེ་ན་ནི། བཏགས་པར་ཡོད་པ་ཡིན་ནོ། །དེ་ལས་ཅིར་འགྱུར། རེ་ཤིག་རྫས་སུ་ཡོད་ན་ནི། རང་བཞིན་ཐ་དད་པའི་ཕྱིར། ཕུང་པོ་རྣམས་ལས་གཞན་ནོ། །ཞེས་བརྗོད་པར་བྱ་སྟེ། ཕན་ཚུན་གྱི་ཕུང་པོ་བཞིན་ནོ། །འོན་ཏེ་འདུས་མ་བྱས་པ་ཡིན་ན། མུ་སྟེགས་ཅན་གྱི་ལྟ་བར་ཡང་ཐལ་བར་འགྱུར་ལ། དགོས་པ་མེད་པ་ཉིད་དུ་ཡང་འགྱུར་རོ། །འོན་ཏེ་བཏགས་པར་ཡོད་དོ་ཞེ་ན་ནི། ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ། །ཞེས་དང་། ཇི་ལྟར་གཟུགས་ལ་སོགས་པའི་སྤྱི་ཁོ་ན་ལ། འོ་མའམ་ཆུ་ཞེས་འདོགས་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་གང་ཟག་འདོགས་སོ་ཞེས་བྱ་བར་གྲུབ་བོ། །ཞེས་དང་། དགྲ་བཅོམ་པ་བྲག་གིས་ཀྱང་བདུད་ལས་བརྩམས་ནས། སེམས་ཅན་ཞེས་བྱ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་བཤད་དོ། །དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ། །ཞེས་དང་། བདག་ཏུ་ལྟ་བ་ལ་ཉེས་དམིགས་ལྔ་ཡོད་དེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བར་འགྱུར་ཏེ། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། ལམ་གོལ་བར་ཞུགས་པར་འགྱུར། འདི་ནི་སེམས་སྟོང་པ་ཉིད་ལ་མི་འཇུག་ཅིང་རབ་ཏུ་དང་བར་མི་འགྱུར་ལ། ཡང་དག་པར་མི་གནས་པས་རྣམ་པར་གྲོལ་བར་མི་འགྱུར་རོ། །དེས་འཕགས་པའི་ཆོས་རྣམ་པར་བྱང་བར་མི་འགྱུར་རོ། །ཞེས་པའི་མདོ་ཁུངས་སུ་དྲངས་ནས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་རྨས་པར་འགྱུར། །བཏགས་པའང་མེད་པར་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཞེས་བཤད་དོ། །དེ་དག་གི་དོན་ལ་རྣམ་པར་བརྟགས་པ་ན། དགག་བྱ་གང་ཟག་གི་བདག་ངོས་འཛིན་པའི་ཚུལ་དང་། དེ་འགོག་བྱེད་ཀྱི་རིགས་དང་། ངར་འཛིན་ལྷན་སྐྱེས་ཀྱིས་ཕུང་པོ་ལ་བརྟེན་ནས་བདག་ཏུ་ཇི་ལྟར་སྒྲོ་འདོགས་པའི་ཚུལ་དང་། བཏགས་པ་དེ་ཉིད་འཁྲུལ་ངོར་ཁས་ལེན་པའི་ཚུལ་རྣམས། ཟླ་བའི་ཞབས་ཀྱིས་ཇི་ལྟར་གསུངས་པ་དེ་ཉིད། མཛོད་ཀྱི་འགྲེལ་པ་འདི་ཉིད་ལས་འབྱུང་བ་ཡིན་ནོ། །འོན་ཀྱང་ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། ཆོས་ཀྱི་བདག་མེད་པ་སྔོན་དུ་མ་སོང་བར་གང་ཟག་གི་བདག་མེད་རྟོགས་ནུས་པ་དང་མི་ནུས་པ་ཞེས་བྱ་བ་དེ་ཉིད་དོ། །གཉིས་པ་ཐོགས་མེད་ཞབས་ཀྱི་བཤད་ཚུལ་ལ། སའི་དངོས་གཞིར་བཤད་ཚུལ་དང་། མངོན་པ་ཀུན་ལས་བཏུས་སུ་བཤད་པའི་ཚུལ་ལོ། །དང་པོ་ནི། དེ་ཉིད་ལས། ཡང་རྒྱུ་རྣམ་པ་བཞི་ནི་འདུ་བྱེད་རྣམས་ལ་སེམས་ཅན་འདོགས་པར་རིག་པར་བྱ་སྟེ་ཐ་སྙད་བདེ་བར་བྱ་བ་དང་། འཇིག་རྟེན་དང་མཐུན་པར་བྱ་བ་དང་། སེམས་ཅན་གྱི་དངོས་པོ་རྣམ་པ་ཐམས་ཅད་ཀྱིས་མེད་དོ་སྙམ་སྟེ། སྐྲག་པ་བསལ་བ་དང་། བདག་དང་ཕ་རོལ་ལ་ཐ་སྙད་ཀྱི་ཡོན་ཏན་དང་ལྡན་པ་དང་། སྐྱོན་དང་ལྡན་པ་ཡིད་ཆེས་པ་སྐྱེད་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པ་དེ་ལས་གྲུབ་པའི་དོན་ནི། སྐུ་མཆེད་གཉིས་ཀྱིས་བདག་ཅེས་བྱ་བ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པར་ངེས་པ་ཡིན་ལ། དེ་ལྟར་ཡིན་པ་དེའི་ཚེ། གང་དག་བདག་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་ཁས་ལེན་པ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་སོ། །ཞེས་ཟེར་བ་དང་། ཉན་ཐོས་སྡེ་པས། ཕུང་པོའི་རྒྱུན་གང་ཟག་གི་མཚན་གཞིར་ཁས་ལེན་དགོས་ཞེས་ཟེར་བ་དང་། སེམས་ཙམ་པས་ཀུན་གཞིའི་རྣམ་པར་ཤེས་པ་བདག་ཏུ་ཁས་ལེན་ནོ་ཞེས་དང་། རང་རྒྱུད་པས། ཡིད་ཀྱིས་རྣམ་པར་ཤེས་པ་བདག་གི་མཚན་གཞིར་ཁས་ལེན་ནོ་ཞེས་ཟེར་བ་དེ་དག་ཐམས་ཅད་གཞུང་ལུགས་ཀྱི་སྲང་དུ་མི་འཇུག་པའི་རྣམ་པར་རྟོག་པའི་རྟ་དམུ་རྒོད་དག་གྲུབ་མཐའ་སྨྲ་བའི་རྭ་བ་མཐའ་དག་ལ་བག་མེད་པར་མཆོངས་ནས་ཅི་རུང་རུང་དུ་རྣམ་པར་འཚེར་བའི་གཏམ་དུ་གོ་བར་བྱ་བ་ཡིན་ནོ། །གཉིས་པ་ནི། དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ལྔས་བདག་བསལ་བར་མཛད་ཅེ་ན། འཇིག་ཚོགས་ལ་ལྟ་བས་ཡོངས་སུ་ཟིན་པའི་ཉེས་པ་ལྔ་གཟིགས་ནས་ཏེ། མཚན་ཉིད་མི་མཐུན་པའི་ཉེས་པ་དང་། མི་རྟག་པ་ཉིད་ཀྱི་ཉེས་པ་དང་། རང་དབང་མེད་པའི་ཉེས་པ་དང་། ལུས་མེད་པའི་ཉེས་པ་དང་། སྒྲིམ་མི་དགོས་པར་ཐར་བར་འགྱུར་བའི་ཉེས་པའོ། །ཞེས་པས་ལྷན་སྐྱེས་འགོག་བྱེད་ཀྱི་རིགས་པ་དང་། ཡང་ཇི་སྐད་དུ། ཉེ་བར་ལེན་པའི་ཕུང་པོ་དག་ལ། འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུ་པོ་ཞེས་པ་ནས། བདག་ཏུ་ལྟ་བ་ནི་དུ། བདག་གིར་བལྟ་བ་ནི་དུ་ཞེ་ན། ལྔ་ནི་བདག་ཏུ་ལྟའོ། །བཅོ་ལྔ་ནི་བདག་གིར་ལྟ་བའོ། །ཞེས་པ་ནས། མ་དཔྱད་པའི་གཞི་ཅན་ཞེས་བརྗོད་པར་བྱ་སྟེ། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །ཞེས་ཀུན་བཏགས་ཀྱི་བདག་འགོག་བྱེད་ཀྱི་རིགས་པ་གསུངས་སོ། །དེ་དག་གི་དོན་ལ་རྣམ་པར་བརྟགས་པ་ན། འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་གཟུང་བྱ་དེ། མ་དཔྱད་པའི་འཁྲུལ་ངོར་ཁས་ལེན་པ་དང་། དེ་ཇི་སྲིད་ཁས་ལེན་པ་དེ་སྲིད་དུ་དེའི་མཚན་ཉིད་རྟག་གཅིག་རང་དབང་ཅན་དུ་ཁས་ལེན་དགོས་པར་བཤད་དོ། །དེ་ལྟར་བཤད་པ་འདི་དང་། དབུ་མ་ལ་འཇུག་པ་ནས་བཤད་པ་གཉིས་ལ། བདག་གི་ངོས་འཛིན་ཚུལ་དང་། དེའི་ཐ་སྙད་ཁས་ལེན་ཚུལ་ལ་ཁྱད་པར་འགའ་ཡང་ཡོད་པར་མ་མཐོང་ངོ་། །མདོར་ན་གྲུབ་མཐའ་སྨྲ་བ་བཞི་ཀས་ཀྱང་། གང་ཟག་གི་བདག་ཅེས་བྱ་བ་དེ་ལ་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་པ་ན། ཡོད་པའི་ཆ་ཅུང་ཟད་རེ་ཡང་མི་རྙེད་ཅིང་ཐ་སྙད་དུ་ལས་འབྲས་ཀྱི་རྟེན་དུ་ཁས་ལེན་པ་ཡིན་ནོ། །ཞེས་བྱ་བ་འདིས་ངེས་སོ། །འདིར་སྨྲས་པ། བདག་དང་གཞན་གྱི་གཞུང་ལུགས་རྒྱ་མཚོ་དང་། །བདག་ཏུ་རློམ་པའི་འཇུག་ཚུལ་མ་བལྟས་པར། །བདག་ཉིད་མང་པོས་བཀུར་བའི་ཁེངས་པ་ཡིས། །བདག་མེད་རྣམ་དབྱེ་འབྱེད་པ་གད་མོའི་གནས། །གཞན་གཞུང་འཇིག་པའི་ཆེད་དུ་མ་བསམས་ཀྱང་། །གཞན་ལ་གྲགས་པའི་ཚུལ་དེ་དཔྱད་པ་ན། །གཞན་ཟེར་སྒྱུ་མའི་ངང་ཚུལ་དེ་མཐོང་ནས། །གཞན་ལ་མེད་པའི་རྣམ་བཤད་འདི་བྱས་སོ། །ཞེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད། ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། གང་ཟག་གི་བདག་མེད་པ་ལ་མཁས་པར་བྱ་བའི་ལེའུ་སྟེ་བདུན་པའོ།། 1/2 1 2 下一页 尾页 |