ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །སོ་སོར་ཐར་པའི་མདོའི་ལེགས་བཤད། འདུལ་བའི་སྡེ་སྣོད་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་པ་ལེགས་སོ།
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

    ༄༅། །སོ་སོར་ཐར་པའི་མདོའི་ལེགས་བཤད། འདུལ་བའི་སྡེ་སྣོད་མཛེས་པར་བྱེད་པའི་རྒྱན་ཞེས་བྱ་བ་བཞུགས་པ་ལེགས་སོ།། ལེགས་པའི་ལམ་ཐོག་མ་བར་དང་ཐ་མར་དགེ་བ་སྟོན་པར་མཛད་པའི་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཆེན་པོ་མངའ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །སྟོབས་བཅུ་ཏིང་འཛིན་ཡེ་ཤེས་མཆེ་བ་ཅན། །གང་གིས་སྐྱེ་བའི་རང་བཞིན་གཟེབ་དྲལ་ནས། །མྱ་ངན་འདས་ཞིའི་འབྲོག་དགོན་ཞུགས་གྱུར་པའི། །སྟོན་པ་གླང་པོ་དེ་ལ་ཕྱག་འཚལ་ལོ། །དེ་ཡི་གསུང་རབ་རྒྱ་ཆེན་ལུང་གི་དོན། །ལྷག་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་ཚུལ། །དོན་གཉེར་སྐྱེ་བོས་བདེ་བླག་རྟོགས་ཕྱིར་དུ། །མཁས་པའི་གསུང་གི་རྗེས་འབྲང་བཤད་པར་བྱ། །བཅོམ་ལྡན་འདས་ཀྱིས་གདུལ་བྱ་སོ་སོའི་དབང་པོ་དང་ཁམས་ཀྱི་ནུས་པ་ལ་བརྟགས་ནས། ཐེག་པའི་སྒོ་སྣ་ཚོགས་པ་གསུངས་ཤིང་། དེ་དག་སོ་སོ་ལ་ཡང་། སྡེ་སྣོད་གསུམ་གསུམ་ཚང་པར་བསྟན་པས། འདུལ་བའི་སྡེ་སྣོད་ཀྱང་ཆེ་ཆུང་དང་རྒྱུ་འབྲས་ཀྱི་ཐེག་པ་ཀུན་ལ་ལྡན་མོད་ཀྱི། འདིར་ནི་གཙོ་བོར་ཉན་ཐོས་ཀྱི་རིགས་ཅན་ལ་འདུལ་བ་རྣམ་འབྱེད་དང་། གཞི་དང་། ཕྲན་ཚེགས་དང་། བླ་མ་སྟེ། བཤད་པའི་ལུང་དུམ་བུ་བཞི་དང་། རྩ་བའི་ལུང་སོ་སོར་ཐར་པའི་མདོ་འདི། དེ་དག་གི་སྙིང་པོ་ཐམས་ཅད་བསྡུས་པའི་ཚུལ་དུ་བསྟན་ཏོ། །བྱང་ཆུབ་སེམས་པའི་རིགས་ཅན་རྣམས་ཀྱིས་ཀྱང་ཤེས་པར་བྱ་བ་དང་བསླབ་པར་བྱ་བ་ཡང་ཡིན་པས། ཐམས་ཅད་མཁྱེན་པའི་གསུང་དང་བཅས་པ་མཐའ་དག་ལ་མ་གུས་པ་དང་ཁྱད་དུ་གསོད་པ་སྤངས་ཏེ་གུས་པ་ཆེན་པོས་ལྷུར་བླང་བར་རིགས་སོ་ཞེས་གླེངས་ནས། མདོ་བཤད་པ་ལ་འཇུག་པར་བྱའོ། །དེ་ལ་མདོའི་མཚན་བཤད་པ་དང་། མཚན་ཅན་མདོ་བཤད་པ་གཉིས་སོ། །དང་པོ་ལ་མཚན་དངོས་དང་། ཕྱག་འཚལ་བའོ། །དང་པོ་ནི། མིང་དུ་གདགས་པ་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད། །ཅེས་གསུངས་པས། མིང་ཚིག་ཡི་གེའི་ཐ་སྙད་མེད་ན། འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་ནོ། །འདི་ནི་སྤང་བར་བྱ་བའོ། །སྤང་བར་བྱ་བ་མ་ཡིན་པའོ། །ཞེས་སོགས་བྱེ་བྲག་མི་ཕྱེད་ཅིང་འཇིག་རྟེན་རྨོངས་པར་འགྱུར་བས། དེ་བསལ་ནས་བླང་དོར་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་མིང་གི་ཐ་སྙད་མཛད་པ་ནི། སངས་རྒྱས་ཀྱི་ཐབས་ལ་མཁས་པའི་མཛད་པ་ཡིན་པས། འདིར་ཡང་མདོའི་མཚན་ལ། རྒྱ་གར་གྱི་མཁས་པ་སཾ་སྐྲི་ཏའི་ཚུལ་ལ་གོམས་པའི་བརྗོད་པ་རྣམ་པར་དག་པ་རྣམས་ཀྱི་སྐད་དུ། པྲ་ཏི་མོཀྵ་སཱུ་ཏྲ། ཞེས་འདོན་ཅིང་། བོད་གངས་རིའི་ཁྲོད་ཀྱི་སྐྱེ་བོ་བརྡ་རྣམ་པར་དག་པ། སྔོན་དམ་པའི་ཆོས་བསྒྱུར་བའི་ཚེ་བཀའ་བཅད་པ་དང་མཐུན་པ་རྣམས་ཀྱི་སྐད་དུ། སོ་སོར་ཐར་པའི་མདོ་ཞེས་བྱའོ། །མིང་གཉིས་སྦྱར་ཏེ་བཤད་ན། པྲ་ཏི་ཞེས་པ། སླར་བྱ་བ་དང་། ལེན་པ་ལ་སོགས་པ་དོན་ཉི་ཤུ་རྩ་བདུན་ལ་འཇུག་པར་བཤད་ཀྱང་། འདིར་སྡོམ་པ་ཡང་དག་པར་བླངས་པའི་ཚིག་བརྗོད་པ་གསུམ་པའི་ཐ་མ་ལ་སྡོམ་པ་ཐོབ་པའི་དང་པོ་ཁོ་ན་ལ་སོ་སོ་ཞེས་བྱ་ལ། མོཀྵ་ནི་གྲོལ་བ་སྟེ། སྡོམ་པ་མ་ཡིན་པ་ལས་གྲོལ་བ་ལ་ཐར་པ་ཞེས་བྱ་སྟེ་དང་པོར་གྲོལ་བའོ། །ཡང་ན་གང་ཟག་རྒྱུད་ཐ་དད་པ་ནི་སོ་སོ་སྟེ། དེ་རྣམས་བསླབ་པའི་གཞི་བླངས་ཏེ་བསྒྲུབས་པས་ངན་འགྲོ་དང་འཁོར་བ་ལས་ཐར་ཞིང་རྣམ་པར་གྲོལ་བའོ། །ཡང་ན་སོ་སོ་ནི་ཐབས། ཐར་པ་ནི་མྱང་འདས་ཏེ། མདོ་འདིས་ངེས་པར་འབྱུང་བའི་ཚུལ་ཁྲིམས་སྟོན་པས་ཐར་པའི་ཐབས་ཡིན་ཏེ། ཚུལ་ཁྲིམས་ལས་སེམས་དང་ཤེས་རབ་ཀྱི་བསླབ་པ་སོགས་རིམ་གྱིས་འབྱུང་བའི་ཕྱིར་རོ། །དོན་མདོ་ཙམ་དུ་སྟོན་པས་སཱུ་ཏྲ་སྟེ་མདོའོ། །གཉིས་པ་ནི། མ་བསྟན་པར་མཁྱེན། ཐམས་ཅད་མཁྱེན། རྣམ་པ་ཐམས་ཅད་མཁྱེན། མ་བསྒྲིབས་པར་མཁྱེན་པ་སྟེ་བཞི་དང་ལྡན་པའམ། ཤེས་བྱ་མ་ལུས་པ་མཁྱེན་པའམ། བསླབ་པ་བཅའ་བའི་དོན་མཐའ་དག་མཁྱེན་པས་ཐམས་ཅད་མཁྱེན་པ་ལ་སྟེ་ཐོབ་པར་བྱ་བའི་ཕྱིར་རམ། དེ་ལ་དམིགས་ནས་ཕྱག་འཚལ་ལོ་སྟེ་ཁེངས་པ་སྤངས་ནས་འདུད་པར་བྱེད་དོ། །འདི་ལོ་ཙཱ་བའི་ངག་ཏུ་འདོད་པ་ནི་མ་ངེས་ཏེ། རྒྱ་དཔེ་ལ་སྣང་བའི་ཕྱིར་རོ། །གཉིས་པ་མདོ་བཤད་པ་ལ། གཞུང་གི་མཚམས་ཕྱེ་སྟེ་ལུས་རྣམ་པར་གཞག་པ་དང་། ཡན་ལག་གི་དོན་ཕྱེ་ནས་ཞིབ་ཏུ་བཤད་པའོ། །དང་པོ་ནི། སྙན་པའི་བ་དན་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་མཆོད་པར་བརྗོད་པའོ། །སངས་རྒྱས་འདུལ་བ་ཞེས་སོགས་ཚིགས་བཅད་བཅུ་གཅིག་གིས་གླེང་སློང་པའོ། །བསྐལ་པ་བྱེ་བ་ཞེས་སོགས་ཚིགས་བཅད་དྲུག་གིས་ཡང་དག་པར་བརྩམ་པའོ། །ཚེ་དང་ལྡན་པ་དག་ཞེས་པ་ནས། བག་ཡོད་པས་རྣལ་འབྱོར་དུ་བྱའོ་ཞེས་པའི་བར་གྱིས་གཞུང་རྒྱས་པར་བསྟན་པའོ། །འདི་ལའང་དང་པོར་བྱ་བ་ཚེ་དང་ལྡན་པ་དག་ཞེས་པ་ནས་འཇོག་བྲལ་རྣམ་པ་འཁྱམ་པར་འགྱུར་ཞེས་པའི་བར་གྱིས་དོན་དྲུག་བསྟན། དགོངས་སུ་གསོལ་ཞེས་པ་ནས་གསོལ་བའི་ལས་བྱས་ཏེ་མདོ་འདོན་པ་ལྔ་བསྟན་ཏོ། །བཟོད་པ་དཀའ་ཐུབ་དམ་པ་ཞེས་སོགས་ཀྱིས་བསྡུ་བའི་མཚན་ཉིད་དོ། །གཉིས་པ་ལ། མཆོད་པར་བརྗོད་པ། གླེང་སློང་བ། མདོ་འདོན་པར་བརྩམ་པ། གཞུང་རྒྱས་པར་བཤད་པ། མཇུག་བསྡུ་བ་དང་ལྔའོ། །དང་པོ་ལ་དངོས་དང་། མདོ་འདོན་པར་དམ་འཆའ་བའོ། །དང་པོ་ནི། སྙན་པའི་བ་དན་ཅེས་སོགས་འབྲེལ་བརྩལ་ཏེ་བསྟན་པས། ཉན་པ་པོ་ཡིད་ཕྱོགས་ཤིང་སྤྲོ་བ་བསྐྱེད་པ་དང་། དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཤེས་པ་ནི་དགོས་པ་ཡིན་ལ། ཚིགས་བཅད་ཕྱེད་དང་གཉིས་པོ་ནི་དེའི་ཐབས་ཡིན་པས་འབྲེལ་པ་གྲུབ་ཅིང་། ཐམས་ཅད་མཁྱེན་པའི་ཡོན་ཏན་དོན་གཉིས་ཕུན་སུམ་ཚོགས་པ་ནི་བརྗོད་བྱའོ། །རང་གཞན་གྱི་བགེགས་དང་ལོག་འདྲེན་ཞི་བ་དང་། རང་ཉིད་དམ་པའི་རྗེས་སུ་ཞུགས་པར་འགྱུར་བ་དང་། ཡིད་ལ་བསམ་པའི་འབྲས་བུ་ཡིད་དུ་འོང་བ་མྱུར་དུ་འགྲུབ་པ་ནི་དགོས་པའི་ཡང་དགོས་པའོ། །དེའི་ཕྱིར། བརྗོད་ན་སྡིག་པ་འབྱང་བར་འགྱུར། །ཁྱོད་ཉིད་དྲན་ན་མཆོག་ཏུ་དགའ། །བཙལ་ན་བློ་གྲོས་བྱེད་འགྱུར་ཏེ། །ཡོངས་སུ་ཤེས་ན་རྣམ་པར་དག །ཁྱོད་ལ་བསུ་ན་དཔལ་དུ་བྱེད། །བསྟེན་ན་བློ་མཆོག་བྱེད་པར་འགྱུར། །འགྲོགས་ན་འཇིགས་པ་མེད་པར་བྱེད། །བསྙེན་བཀུར་བྱས་ན་བདེ་བྱེད་འགྱུར། །ཞེས་པ་དང་། ཐུབ་པའི་དབང་ལ་ཕྱག་འཚལ་བས། །འཇིག་རྟེན་དག་ན་མི་རྣམས་ཀྱི། །གྲགས་པ་འཕེལ་ཞིང་ལེགས་པ་སྐྱེ། །སྣང་བ་རྣམ་འཕེལ་བགེགས་ཀུན་སེལ། །དགྲ་རྣམས་ཐམས་ཅད་སྤོང་འགྱུར་ཞིང་། །སེམས་རྒྱུད་བདེ་འགྲོར་ངེས་བྱེད་ལ། །མཐར་ཡང་ངེས་པ་ཁོ་ནར་ནི། །ཞི་བའི་འབྲས་བུ་ཐོབ་པར་བྱེད། །ཅེས་གསུངས་སོ། །རྩ་བའི་ཚིགས་བཅད་དང་པོས་གཞན་དོན་ཕུན་སུམ་ཚོགས་པ་ལྔ་བསྟན་ཏེ། རྒྱུ་ནི་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པར་ཚོགས་གཉིས་བསྒྲུབས་པའི་འབྲས་བུས་སྤངས་པ་དང་། ཡེ་ཤེས་བླ་ན་མེད་པས་བསྡུས་པའི་ཡོན་ཏན་ནི་སྙན་པའོ། །དེ་ཉིད་བ་དན་འདྲ་བ་སྟེ། མངོན་པར་འཕགས་པས་ཀུན་ལ་གསལ་བ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མི་ནོར་བར་བྱེད་པས་སོ། །ཡང་ན་སྙན་པ་ནི་སངས་རྒྱས་ཀྱི་ཡོན་ཏན་ཏེ། རྒྱུའི་ཚེ་སྦྱིན་པ་བསམ་གྱིས་མི་ཁྱབ་པ་གཏོང་ངོ་ཞེས་སོགས་སྙན་གྲགས་དང་འབྲས་བུ་སྟོབས་བཅུ་སོགས་བརྙེས་པས་སྙན་པར་གྲགས་པའོ། །བ་དན་བཟང་པོ་བཙུགས་པའི་ཕྱོགས་བཙུན་ཞིང་བརྗིད་པ་ལྟར་དེ་བཞིན་གཤེགས་པ་བརྗིད་ཅིང་མུ་སྟེགས་དཔའ་གོང་བ་དང་། གཡུལ་ལས་རྒྱལ་བའི་ཚེ་བ་དན་འཛུགས་པ་ལྟར། བདུད་བཞིའི་གཡུལ་ལས་རྒྱལ་བ་དང་། བ་དན་བཙུགས་པའི་གནས་སུ་མ་སླེབས་ཀྱང་བ་དན་མཐོང་བས་གནས་ངོ་ཤེས་པ་ལྟར། དེ་བཞིན་གཤེགས་པ་དངོས་སུ་མ་མཐོང་ཡང་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་ཐོས་ཤིང་དྲན་པས། དེ་ནི་དེ་ལྟ་བུའོ་ཞེས་ཤེས་ནས་དད་ཅིང་བསྙེན་པར་འགྱུར་བའོ། །འཇིག་རྟེན་ལྷ་དང་མི་དང་ཀླུའམ་ཁམས་གསུམ་དུ་གྲགས་ཤིང་སྒྲས་ཁྱབ་པ་ནི། སངས་རྒྱས་པའི་ཚེ་དང་པོར་ས་བླ། དེ་ནས་བར་སྣང་དང་། རྒྱལ་ཆེན་རིགས་བཞི་སོགས་དང་། འོག་མིན་གྱི་བར་དུ་རིམ་གྱིས་སོ། །གཟུགས་མེད་དུ་ནི་སྔོན་ཐོས་པའི་བག་ཆགས་ཡོད་པ་ཉིད་ལ་འདོད་དོ། །ཕན་འདོགས་ནི། ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པའི་བཅོམ་ལྡན་འདས་དམ་པ་དེས་གསུངས་པའི་ཆོས་འཕགས་པའི་བདེན་པ་བཞི་པོའི་སྒྲ་སྒྲོགས་པ་ནི། མུ་སྟེགས་བྱེད་ཀྱི་གླང་པོ་སྐྲག་པ་དང་། རིགས་ཀྱི་བུ་སེང་གེའི་ཕྲུ་གུ་དག་སྡུད་པར་བྱེད་པས་སེང་གེའི་སྒྲ་སྒྲོགས་པ་བདེན་བཞི་ལན་གསུམ་བཟླས་ཏེ་རྣམ་པ་བཅུ་གཉིས་སུའོ། །ཤེས་རབ་ནི། དངོས་པོའི་ངོ་བོ་མ་ལུས་པ་ཐུན་མོང་མ་ཡིན་པ་ཚད་མེད་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ལུང་རྣམ་པར་དག་པས་ཐམས་ཅད་མཁྱེན་པའོ། །ཐུགས་རྗེ་ནི་བཤད་སྒྲུབ་ཀྱི་ཆོས་དཀོན་པ་དང་དགའ་བར་བྱེད་པ་དང་ཕན་འདོགས་པ་དང་གནོད་པ་སེལ་བས་རིན་ཆེན་དང་འདྲ་བས་དཀོན་མཆོག་སྟེ། རཏྣ་ཞེས་པའི་སྒྲ་བཤད་པའོ། །ལུང་དང་རྟོགས་པའི་སྒོ་ནས་དེའི་སྣོད་དུ་གྱུར་པས་མཛོད་འཕགས་པའི་དགེ་འདུན་དེ་དག་སློབ་མར་བརྙེས་པ་སྟེ་རྗེས་སུ་འཇུག་པའི་ཕྱིར་རོ། །འབྲས་བུའི་ཁྱད་པར་ནི། སྐུའི་ཆ་ཤས་དམའ་བ་ཞབས་འཁོར་ལོའི་མཚན་ལྡན་ལ། སྟོང་གི་འཇིག་རྟེན་ལ་དབང་བའི་ཚངས་པ་དང་། སུམ་ཅུ་རྩ་གསུམ་པའི་དབང་པོ་བརྒྱ་བྱིན་གཙོ་བོར་སྨོས་ནས། དྲག་པོ་དང་ཁྱབ་འཇུག་དང་སྐེམ་བྱེད་སོགས་ཀྱི་ནོར་བུ་གདགས་པའི་གནས་ཡིན་པས། གཙུག་གི་ནོར་བུ་སྟེ་སྤྱི་བོས་གཏུགས་ཤིང་ཕྱག་བྱས་པའོ། །འབྲས་བུ་ཐོབ་པར་རློམ་པ་དེ་དག་གིས་ཀྱང་སྤྱི་བོས་གཏུགས་པས་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའོ། །རང་དོན་ཕུན་སུམ་ཚོགས་པ་ལ་སྤངས་པ་ནི། སྐྱེ་རྒ་ན་འཆིས་བསྡུས་པའི་ཉེར་ལེན་ཕུང་པོ་ལྔ་ནི་སྡུག་བསྔལ། དེ་ཉིད་རྒྱ་མཚོ་ལྟར་རྒྱ་ཆེ་ཞིང་མང་བས་གཞིའི་གཏིང་མི་མངོན་ལ་ཕ་རོལ་གྱི་མཐའ་མེད་པ་སྟེ། འཁོར་བ་རྒྱུན་མི་འཆད་པར་བསྟན་ཏོ། །ལས་དང་ཉོན་མོངས་སྤངས་པས་སྡུག་བསྔལ་ཟད་དེ་སླར་མི་འཁོར་བས། རྒལ་ཞིང་འདས་པའོ། །ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་བརྙེས་པའི་འགྲོ་བའི་གཙོ་བོར་གྱུར་པ་སྟེ། དེ་ལྟར་རང་དོན་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པར་བསྟན་ཏོ། །དེ་ལ་ལུས་ཀྱི་སྤྱི་བོས་ཕྱག་འཚལ་བ་དངོས་སུ་བསྟན་པས་ངག་དང་ཡིད་ཀྱང་བསྡུས་སོ། །གཉིས་པ་ནི། ཕྱག་བཙལ་ཏེ་ཅི་བྱ་ཞེ་ན། ཐམས་ཅད་མཁྱེན་པས་བསྟན་པའི་སོ་སོར་ཐར་པའི་བསླབ་པ་སྲོག་གཅོད་སྤོང་བ་སོགས་སྟོན་པའི་ཚིག་ནི་གཞི་སྟེ་དེ་ལ་གནས་པའི་ཕྱིར། སྐྱེས་བུ་ཆེན་པོ་རྣམས་ཀྱི་རྐྱེན་དུ་འོས་ཤིང་། འབྱུང་བ་དཀོན་པ་ལ་སོགས་པས་ལུང་དུམ་བུ་བཞི་ནི་དཀོན་མཆོག་སྟེ། སོ་སོར་ཐར་པའི་མདོ་འདི་ནི་དེའི་སྣོད་ཉིད་དོ། །སྡིག་པ་མི་དགེ་བ་ལས་རིང་དུ་སོང་བའི་འཕགས་པ་བཞི་ཡན་ཆད་དུ་ཚོགས་པའི་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱ་སྟེ། འདུས་པའི་ནང་དུ་གདོན་པར་བྱའོ། །གཉིས་པ་ལ་སོ་སོར་ཐར་པའི་ཆེ་བ་བརྗོད་པ། ཚོགས་ལམ་འབྲས་བུ་དང་བཅས་པར་བྱ་བ། སོ་སོར་ཐར་པ་བསྒྲུབ་པར་གདམས་པ་དང་གསུམ་མོ། །དང་པོ་ནི། དོན་ཐམས་ཅད་ཐུགས་སུ་ཆུད་ཅིང་། ཉོན་མོངས་བག་ཆགས་དང་བཅས་པའི་གཉིད་སངས་པས་སངས་རྒྱས་དེས་གསུངས་པའི་ལུང་རྣམ་འབྱེད་ལ་སོགས་དུམ་བུ་བཞི་ནི་འདུལ་བའི་སྡེ་སྣོད་ཡིན་ལ་དེ་ཉིད་བརྗོད་བྱ་དང་བཅས་པས་སློབ་མ་རྣམས་མྱང་འདས་སུ་འཁྲིད་ཅིང་། ལྟུང་བ་དང་རྣམ་སྨིན་གྱི་ཉེས་པ་འདུལ་བར་བྱེད་པ་དེ་གངས་ཆེན་མཚོ་དང་འདྲ་སྟེ་ཀུན་ནས་སློང་བ་དང་འབྲས་བུའི་གཏིང་མཐའ་དཔག་ཏུ་མེད་པའི་ཕྱིར། ཡང་ན། སངས་རྒྱས་ཀྱི་ནི་འདུལ་བའི་མཚོ། །ཞེས་བྱ་སྟེ། མུ་སྟེགས་ཀྱི་གཏོགས་འདོད་ལ་སོགས་པ་མ་ཡིན་ནོ་ཞེས་དགར་བའི་ཚིག་ཏུ་སྦྱར་རོ། །ལྟུང་བ་སྡེ་ལྔ་དང་གཞི་བཅུ་བདུན་ལ་སོགས་པ་ཐམས་ཅད་རྣམ་པར་གཞག་པའི་གནས་སུ་གྱུར་པའམ་སྙིང་པོ་ནི་ས་བོན་དང་འཕེན་པ་དང་ཀུན་སློང་གི་མཚན་ཉིད་ཅན། སྙིང་པོ་ནི་བརྟན་པ་མི་གཡོ་བའོ། །ཡང་ན་གནས་དང་སྙིང་དང་སྙིང་པོ་ནི་ཞེས་རྣམ་གྲངས་སུ་སྦྱར་ཏེ། ལུང་དུམ་བུ་བཞིའི་གནས་ལུས་ལྟ་བུ་དང་། ལུས་ཀྱི་ནང་ན་སྙིང་ལྟར་དམ་པར་གྱུར་པ་དང་གཙོ་བོར་གྱུར་ཅིང་། ལེགས་པར་བརྟག་བཟོད་པས་སྙིང་པོ་ནི་སོ་སོར་ཐར་པ་འདི་ཡིན་ཏེ། ཉེས་པ་འདུལ་བས་འདུལ་བའང་ཡིན་ལ། ཀུན་ནས་དཀྲིས་པའི་བག་ལ་ཉལ་དང་ཉོན་མོངས་ལས་ཐར་བས་ཀུན་ནས་ཐར་པ་ཞེས་ཀྱང་བྱའོ། །འོ་ན་བག་ལ་ཉལ་ཡེ་ཤེས་ཀྱིས་སྤོང་བ་མ་ཡིན་ནམ་ཞེ་ན། དེའི་གཞིར་གྱུར་པ་དང་། བརྒྱུད་དེ་སྤོང་པས་སོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་སོ་སོར་ཐར་པའི་མདོ་དང་དོན་འདི་ནི་དམ་ཆོས་རྒྱལ་པོ་སངས་རྒྱས་དེའི་མདོ་སྡེ་ལ་སོགས་ཆོས་ཀུན་གྱི་འདྲེན་པའི་མཆོག་རྒྱལ་པོའི་བློན་པོ་ལྟ་བུ་སྟེ། འདི་ལས་དེ་དག་འབྱུང་བའི་ཕྱིར། འདི་ནི་དགེ་སློང་མྱང་འདས་ཀྱི་ནོར་བུ་འདོད་པ་ཚོང་པ་ལྟ་བུའི་ཚོགས་དོན་མཐུན་པ་རྣམས་ཀྱི་ནོར་བུ་ཉོ་བའི་རིན་ཚུལ་ཁྲིམས་ཀྱི་བསླབ་པའི་ཟོང་མང་པོ་གཅེར་བའི་ཚོང་ཁང་ཆེན་པོ་རྣམས་ལ་འོས་པ་ཡིན་ནོ། །འདིར་ཉོན་མོངས་དང་བྲལ་བ་ནི་འབྲས་བུ་བརྙེས་ཟིན་པས་ཟོང་ལ་སླར་མི་འབད་ལ། མིན་ཙམ་ལ་ནི་ཟོང་དང་མི་ལྡན་པས་འདིར་གསོལ་བཞིས་རྫོགས་པའི་དགེ་སློང་བཟུང་ངོ་། །ཚུལ་ཁྲིམས་ཀྱི་སྒྲ་ནི་ངང་ཚུལ་ཞེས་ཀྱང་བྱ་བས་ན། ངང་ཚུལ་ངན་ཞིང་འཆལ་པ་སྲོག་གཅོད་དང་མ་བྱིན་ལེན་ལ་སོགས་པས་ཟིན་པ། བསླབ་པའི་ལྷག་མ་དང་བཅས་པའམ། བསླབ་པ་ཕུལ་བ་ལ་སོགས་པ་རྣམས་ཀྱི་ཉེས་པ་སྦྲུལ་གདུག་པ་ལྟ་བུའམ། ཡིད་མི་བདེ་བའི་གདུང་བ་རྣམས་སེལ་བར་བྱེད་པའི་སྨན་ནི་འདི་ཡིན་ཏེ། སྦྲུལ་གྱིས་ཟིན་པ་ལ་སྨན་མརྒད་དང་ཨ་ཀ་ཏས་གསོ་བར་བྱེད་པ་བཞིན་ནོ། །འདི་ནི་ལང་འཚོ་དར་ལ་བབ་པའི་རྒྱགས་པ་ནི། བློ་གཏན་ལ་མི་ཕེབས་ཤིང་། ཉེས་པ་ལྷག་པར་འབྱུང་ཉེ་བས་རྣམ་པར་འཁྲུལ་ཞིང་རྨོངས་པས་བག་མེད་པའི་རྐང་གཉིས་ཏེ་མིའི་འགྲོ་བ་གཞོན་ནུ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པ་དེའི་ངོར་བསྙིལ་པ་དང་། སྤོ་བ་སྤྱོད་པ་ལ་སོགས་ཀྱིས་སྐྲག་པར་བྱེད་པས། གླང་པོ་ཆེ་ཞོ་ཤ་བརྡོ་པ་ལ་ཁ་ལོ་པས་ལྕགས་ཀྱུས་འདུལ་བ་བཞིན་ཡིན་ནོ། །ཚེ་འདིར་མཐོང་བའི་ཆེ་བ་བསྟན་ནས། ཕྱི་མར་འབྱུང་བའི་ཆེ་བ་ནི་རྒྱ་མཚོ་དུག་ཅན་བས་ཀྱང་ཆེས་ཟབ་ཅིང་གཏིང་སླེབ་པར་དཀའ་བའི་འཁོར་བ་འགྲོ་བ་ལྔའི་འཇིག་རྟེན་ལས་སྒྲོལ་ཞིང་བརྒལ་བའི་རྣམ་པར་གྲོལ་བའི་གླིང་དུ་ཕྱིན་པའི་ཐབས་གྲུ་གཟིངས་ལྟ་བུ་ནི་འདི་ཡིན་ནོ། །ཡང་ན་ངན་འགྲོའི་འཁོར་བ་ཟབ་མོ་ལས་ཞེས་འདོན་ཏེ་ངན་སོང་གསུམ་ལས་སོ། །འདི་ནི་བཟང་འགྲོ་ལྷ་དང་མིའི་གནས་སུ་འགྲོ་ཞིང་འཇུག་པའི་ལམ་བརྟན་ཞིང་གདོན་མི་ཟ་བས་ངེས་པའི་ཆུ་ལོན་ཟམ་པ་ཆུ་རྒྱུན་འགོག་ཅིང་རྒྱུ་བའི་སར་གྱུར་པ་ལྟར་ངན་འགྲོ་འགོག་ཅིང་མཐོ་རིས་སུ་འགྲོ་བའི་ལམ་ཡིན་ནོ། །འདི་ནི་འདོད་ཆགས་ལ་སོགས་ཉོན་མོངས་སྤོང་ཞིང་ཕམ་པར་བྱེད་པ་འཕགས་ལམ་ཡན་ལག་བརྒྱད་པོས་ཉོན་མོངས་པའི་དགྲ་ཕམ་པར་བྱེད་པས་རྒྱལ་པོ་དང་འདྲ་ལ། དེའི་ཤིང་རྟ་འདྲེན་པའི་མཆོག་ལྟ་བུ་སྟེ། མྱ་ངན་ལས་འདས་པའི་ཁང་པར་ཕྱིན་པའི་ཐོག་མར་འགྲོ་བས་སོ། །འདི་ནི་ཐར་པ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པའི་ཐེམ་སྐས་ཀྱི་རྟེན་གཞི་འདྲ་བར་གནས་ཏེ། ལམ་གྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པའི་སྒོ་འཕར་བཅད་དེ། ཉོན་མོངས་དང་སྐྱེ་བའི་འཇིགས་པ་དང་བྲལ་བས་མྱ་ངན་ལས་འདས་པ་ལ་གྲོང་ཁྱེར་ཞེས་བྱའོ། །དེ་ལྟར་ན་ཚེ་འདིར་ཐོབ་པའི་འབྲས་བུ་འཁོར་བ་རྒྱུ་འབྲས་ཀྱི་ཉེས་པ་སྤོང་བ་དང་། ཕྱི་མར་འབྱུང་བའི་འབྲས་བུ་ཐར་པ་རྒྱུ་འབྲས་ཐོབ་པའི་ཐབས་སུ་བསྟན་པར་སེམས་སོ། །སྟོན་པ་དང་འདྲ་བར་བསྟོད་པ་ནི། བཅོམ་ལྡན་འདས་ང་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སོ་སོར་ཐར་པ་འདི་ནི་ཁྱེད་ཉན་ཐོས་རྣམས་ཀྱི་བསླབ་པའི་གནས་རྣམས་གསལ་བར་བྱེད་པས་སྟོན་པའོ། །དྲན་པ་ཉེར་བཞག་བཞི་གནས་བརྟན་ནོ་ཞེས་གཞན་གྱི་ལུང་མེད་པར་བླ་ན་མེད་པའི་མཁྱེན་པ་བརྙེས་པས་རང་བྱུང་བཅོམ་ལྡན་འདས་ཉིད་ཀྱིས་སོ། །ཡང་སྐྲ་དང་ཁ་སྤུ་རང་བྱི་སྟེ་མཁན་སློབ་ལ་མ་ལྟོས་པར་རབ་ཏུ་བྱུང་བའོ། །གུས་བཅས་པ་སྟེ་དགོངས་པ་བསྟན་ནས་ལེགས་པར་ནན་ཏན་ལྷུར་བཞེས་ཤིང་གསོལ་བཞི་རྫོགས་པའི་དགེ་སློང་མང་པོ་ཚོགས་པའི་མངོན་སུམ་གྱི་མདུན་དུ་སྟོན་པ་དང་འདྲའོ་ཞེས་བསྟོད་དོ། །གཉིས་པ་ལ། ཚོགས་ལམ་གྱི་ཆོས་བཅུ་གསུམ་སྟེ། བདག་དང་གཞན་གྱི་འབྱོར་པ་དང་། །འདུན་དང་ཚུལ་ཁྲིམས་དབང་པོ་སྡོམ། །དེ་བཞིན་ཟས་དང་མི་ཉལ་དང་། །ཤེས་བཞིན་དུ་ནི་སྤྱོད་པ་དང་། །དེ་བཞིན་དགེ་བའི་བཤེས་གཉེན་དང་། །དམ་ཆོས་ཉན་ཅིང་སེམས་པ་དང་། །བར་ཆོད་མེད་དང་གཏོང་བ་སྤེལ། །དགེ་སྦྱོང་རྒྱན་ནི་ཐ་མ་ཡིན། །དེ་ལ། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །འདིས་ནི་གཞན་འབྱོར་ལྔ་དཀོན་པར་བསྟན་ཏེ། །སངས་རྒྱས་བྱོན་པ། ཆོས་བསྟན་པ། བསྟན་པ་གནས་པ། ཆོས་ཀྱི་རྗེས་སུ་འཇུག་པ། གཞན་གྱི་རྗེས་སུ་བརྩེ་བ་དང་ལྡན་པའོ། །སངས་རྒྱས་ཞེས་པའི་སྒྲ་ཙམ་ཡང་དཀོན་ན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་སྨོས་ཅི་དགོས། དེ་དཀོན་ན་དེས་ཆོས་གསུངས་པ་དེ་བས་ཀྱང་སྨོས་ཅི་དགོས་སོགས་ཞེས་ཤེས་པར་བྱའོ། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་པས་རང་གི་འབྱོར་པ་ལྔ་དཀོན་པར་བསྟན་ཏེ། མིར་གྱུར་པ། དབུས་སུ་སྐྱེས་པ། དབང་པོ་ཚང་བ། གནས་ལ་དད་པ། ལས་མཐའ་མ་ལོག་པའོ། །མིར་གྱུར་པ་ཙམ་ཡང་དཀོན་ན། བསྟན་པ་དར་བའི་སར་སྐྱེ་བ་སྨོས་ཅི་དགོས་ཞེས་སོགས་ཤེས་པར་བྱའོ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །ཞེས་པས་དགེ་ཆོས་ལ་འདུན་པ་བསྟན་ཏེ། ཆོས་ཐོས་ནས་དད་པ་ཐོབ་སྟེ་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཞིང་ནན་ཏན་སྙིང་པོར་བྱ་བའོ། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཞེས་པས་ཚུལ་ཁྲིམས་དང་། དབང་པོ་བསྡམས་པ་དང་། ཟས་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་དང་ལྔ་བསྟན་ཏེ། ཚུལ་ཁྲིམས་རྣམ་དག་དང་ལྡན། སོ་སོར་ཐར་པས་བསྡམས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཐོ་བ་ཕྲ་མོ་ལ་འཛེམ། ཡང་དག་པར་བསླངས་པ་ལ་སློབ་པ་ལ་སོགས་པ་ནི་ཚུལ་ཁྲིམས་སོ། །དྲན་པ་དང་ལྡན་པས་ཡུལ་དྲུག་ལ་མཚན་མར་མི་འཛིན། གང་ལས་སྡིག་པ་དང་ཉོན་མོངས་ཟག་པར་འགྱུར་བ་དེ་བསྡམ་པར་བྱ་བ་ལ་འབད་པ་ནི་དབང་པོ་སྡོམ་པའོ། །ཟ་བའི་ཚེ་གཞོན་ནུ་དང་ལང་ཚོ་ལ་ཆགས་པ་དག་རྒྱན་པ་དང་མཛེས་པའི་ཕྱིར་ཟ་བ་དེ་ལྟར་མ་ཡིན། བྱད་ལ་སོགས་པ་དག་རྒྱགས་པའི་ཕྱིར་ཟ་བ་དེ་ལྟར་མ་ཡིན། སྐྱེ་བོ་ཟས་ལ་རྐམ་པ་དག་རོ་ལ་ཆགས་ཤིང་ལྷག་པོར་འབད་པ་བྱེད་པ་ལྟར་མ་ཡིན་པར་ལུས་ལ་གྲུའི་བློ་བཞག་སྟེ་གནས་པའི་ཕྱིར་དང་། སྲོག་འཚོ་བ་ཙམ་དང་། ཚངས་སྤྱོད་ལ་ཕན་པ་དང་། བཀྲེས་སྐོམ་གྱི་ཚོར་བ་རྙིང་པ་བསལ་བ་དང་། ཧ་ཅང་འགྲངས་པའི་ཚོར་བ་གསར་པ་མི་སྐྱེད་པར་ཟ་བ་ནི་ཟས་ཀྱི་ཚོད་རིག་པའོ། །མཚན་མོའི་ཐུན་དང་པོ་ལ་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་སྦྱོང་ཞིང་། གུང་མཐུན་ལ་རྐང་པ་བཀྲུས་ནས་ནང་དུ་འོང་སྟེ། གློ་གཡས་ཕབ་ལ་རྐང་པའི་སྟེང་དུ་རྐང་པ་བཞག་ཅིང་དྲན་ཤེས་དང་ལྡན་པར་ཉལ་ལོ། །ཐུན་ཐ་མ་ལ་མྱུར་བར་ལངས་ཏེ་གཙང་སྦྲ་བྱས་ནས་འཆག་པ་དང་འདུག་པས་སེམས་སྦྱོང་བའི་ཐབས་ལ་འབད་པ་ནི། ནམ་གྱི་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པའོ། །འགྲོ་འདུག བལྟ་ཉན། བརྐྱང་བསྐུམ། གོས་གྱོན་པ། ཟ་འཐུང་ལ་སོགས་སྤྱོད་ལམ་ཀུན་ཏུ་དྲན་པ་སྔོན་དུ་བཏང་ཞིང་། གཉིད་ཀྱི་སྙོམས་པ་ལ་སོགས་བསལ་ནས་ཤེས་བཞིན་དུ་སྤྱོད་པའོ། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་རྙེད་པ་ཤིན་ཏུ་དཀའ། །ཞེས་པས། དགེ་བའི་བཤེས་གཉེན་བསྟེན་པ། དམ་ཆོས་ཉན་སེམས། བར་ཆད་མེད་པ། གཏོང་བ་སྤེལ་བ། དགེ་སྦྱོང་རྒྱན་ཏེ་ལྔ་བསྟན་ཏོ། །དེ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། ཐེག་པ་སོ་སོའི་གཞུང་ལུགས་ལས་མང་དུ་འབྱུང་ཞིང་། ལེགས་པར་བརྟགས་ནས་བསྟེན་པ་ཤིན་ཏུ་གལ་ཆེ་ལ། འདིར། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་རྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་འདྲ་བླ་མར་འོས། །ཞེས་པའི་མཚན་ཉིད་ཅན་དེ། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་པ། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་འདུལ་ཡིན་ཞེས་བྱ། །ཞེས་པ་བསྟེན་པར་བྱའོ། །གསུང་རབ་ཡན་ལག་བཅུ་གཉིས་དང་སྡེ་སྣོད་གསུམ་དུ་གཏོགས་པའི་ཆོས་ཀྱི་དོན་དང་ཚིག་འབྲུ་བཟང་པོ་ཉན་པ་དང་། གཉིས་སུ་དབེན་པར་སོང་སྟེ་བགྲང་བ་དང་གཞལ་བའི་རྣམ་པས་སེམས་པར་བྱེད་པའོ། །སྔོན་ལས་ཀྱིས་འཚོ་བ་རྐྱེན་དུ་འབབ་པ་དུས་སུ་མི་རྙེད་པ་དང་། ཉོན་མོངས་དང་ནད་མང་བ་དང་། དོན་བྱ་བ་མང་། ཟས་ལ་གདུ། འདུ་འཛི་དང་གཉིད་སྨྲ་བ་ལ་དགའ་བ་སོགས་ནང་གི་བར་ཆད་དང་། སྡིག་གྲོགས་དང་། ཡུལ་ངན་དང་། མི་དང་མི་མ་ཡིན་པའི་འཚེ་བ་ལ་སོགས་ཕྱིའི་བར་ཆད་མེད་པའོ། །སྦྱིན་བྱ་ཆོས་ཀྱིས་བསྒྲུབས་ཤིང་གྱ་ནོམ་པ་དག་ཕན་འདོགས་ལ་སོགས་པའི་ཞིང་དམ་པ་ལ་ཁེངས་པ་དང་བརྙས་པ་སྤངས་ཏེ། སྤྲོ་བའི་བརྩོན་འགྲུས་ཀྱིས་ཕྱོགས་ཆ་དང་ཕམ་རྒྱལ་མེད་པར་སྦྱིན་པ་ནི་དམ་པ་ཡིན་ལ། དེ་ཉིད་ལན་དང་རྣམ་སྨིན་ལ་རེ་བ་སོགས་སྤངས་ཏེ། སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་བསྔོ་བ་ནི་གཏོང་བ་སྤེལ་བ་སྟེ་སྦྱོར་ལམ་སོགས་བཞི་དང་སྦྱར་རོ། །དད་ལྡན་གཡོ་མེད་ནད་ཉུང་དང་། བརྩོན་ལྡན་ཤེས་རབ་འདོད་ཆུང་དང་། །ཆོག་ཤེས་གསོ་བླ་བགང་བླ་དང་། །སྦྱངས་དང་མཛེས་དང་དྲོད་རིག་དང་། །སྐྱེས་བུ་དམ་ཆོས་མཁས་རྟགས་ལྡན། །བཟོད་དང་དེས་དང་གྱ་ནོམ་ཡིན། །ཞེས་པ་དགེ་སྦྱོང་གི་རྒྱན་བཅུ་བདུན་ནོ། །དེ་དག་གིས་ཚོགས་ལམ་གྱི་ཆོས་བཅུ་གསུམ་རྙེད་དཀའ་བར་བསྟན་ནས། རྙེད་པ་འབྲས་བུ་དང་བཅས་པར་བསྟན་པའི་ཕྱིར། འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །ཞེས་པས་གཞན་འབྱོར་རྙེད་པ་དང་། །མི་དང་ཞེས་པས་རང་འབྱོར་དང་། །རབ་ཏུ་བྱུང་བ་དང་ཞེས་པས་ཆོས་ལ་འདུན་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ཞེས་པས་ཚུལ་ཁྲིམས་དང་དབང་པོ་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བར་བརྩོན་པ་དང་། ཤེས་བཞིན་སྤྱོད་པ་དང་། གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས་ཞེས་པས་དགེ་བའི་བཤེས་གཉེན་དང་། དམ་ཆོས་ཉན་སེམས་དང་། བར་ཆད་མེད་པ་དང་། གཏོང་བ་སྤེལ་བ་དང་། དགེ་སྦྱོང་གི་རྒྱན་རྣམས་རྙེད་པར་བསྟན་ཏོ། །རྙེད་དཀའ་རྙེད་པར་གྱུར་ཞེས་རེ་རེ་ལ་སྦྱར་རོ། །དེ་འབྲས་བུ་དང་བཅས་པ་སྟེ་རྙེད་པ་དོན་ཡོད་པར་བྱ་བ་ནི། ལུས་ངག་ཡིད་གསུམ་ལེགས་པར་སྤྱོད་པ་མཁས་པའི་རྟགས་དང་ལྡན་པས་བདག་ཉིད་ལ་གནས་སྐབས་དང་མཐར་ཐུག་གི་ལེགས་པ་རྒྱ་ཆེན་པོ་འབྱུང་བར་འདོད་ཅིང་། ཚོགས་ལམ་གྱི་ཆོས་ཐོབ་པ་དེ་དག་སྦྱོར་ལམ་དང་མཐོང་ལམ་ལ་སོགས་པའི་འབྲས་བུ་དང་བཅས་པར་བྱེད་འདོད་པས། སྡོམ་བརྩོན་རབ་བྱུང་རྣམས་ཀྱིས་སོ་སོར་ཐར་པའི་མདོ་ཉན་པ་དང་། ཇི་སྐད་བཤད་པ་བཞིན་བསྒྲུབ་པའི་ཕྱིར་འབད་པར་བྱའོ། །གསུམ་པ་ནི། དགེ་སློང་དབང་པོ་ལྔའི་ཡུལ་སྡུག་མི་སྡུག་སོགས་ལ་མཚན་མར་མི་འཛིན་ཞིང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་འགྱུར་བས་དུལ་ཞིང་། དམིགས་པ་དང་ཡུལ་དང་གང་ཟག་དང་དུས་དང་གནས་སྐབས་ཀུན་ཏུ་དུལ་བའི་དབང་པོ་ཅན་བདག་ཉིད་ལ་བརྟེན་པའི་ངོ་ཚ་ཤེས་པ་དང་། སངས་རྒྱས་ལའམ་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་དང་། ངེས་ཤིང་མ་འཁྲུལ་བས་མི་འགྱུར་བ་སྟེ། བུ་ལོན་དང་འཚོ་བ་ཆད་པའམ། རྒྱལ་པོའི་ཆད་པས་འཇིགས་ནས་རབ་ཏུ་བྱུང་བ་མ་ཡིན་པའོ། །གཞན་ལ་བརྟེན་ཏེ་སྐྲ་བྲེགས་ཤིང་ངུར་སྨྲིག་བླངས་ཏེ་རབ་ཏུ་བྱུང་བས་ན། གཞན་ལ་བརྟེན་པའི་ཁྲེལ་ཡོད་པ་སྟེ་བདག་ཉིད་ཀྱི་དབང་དུ་བྱས་པའོ། །ཆོས་ཀྱི་དབང་དུ་བྱས་ཏེ། སྡུག་བསྔལ་གཏན་དུ་སྤངས་པས་ངེས་པར་ཐར་པ་མྱ་ངན་ལས་འདས་པ་འདོད་ཅིང་དོན་དུ་གཉེར་བ་རྣམས་ཀྱིས་འགྱོད་པ་མེད་པའི་ནི་སྒོ་ནས་བསྒྲུབ་པར་བྱ་བའི་མཚན་ཉིད་ཅན་གྱི་སོ་སོར་ཐར་པ་ཐོག་མ་ཉིད་ནས་མི་ཉམས་པར་རྟག་ཏུ་བསྲུང་ཞིང་གུས་པ་སྐྱེད་ཅིག་ཅེས་པའི་ཐ་ཚིག་གོ །གསུམ་པ་འདོན་པར་བརྩམ་པ་ལ་བདུན་ལས། སོ་སོར་ཐར་པ་རྙེད་དཀའ་བར་བསྟན་པ་ནི། དུས་ཀྱི་བྱེ་བྲག་བསྐལ་པ་ཆེན་པོ་བྱེ་བ་ཕྲག་བརྒྱ་རྣམས་སུའང་ལུང་དང་རྟོགས་པའི་བདག་ཉིད་ཀྱི་སོ་སོར་ཐར་པའི་ཚིག་རྣ་བས་ཐོས་པ་དང་། དོན་ཡིད་ལ་བཟུང་བ་དང་། ཚིག་དོན་གཉིས་ཀ་མི་བརྗེད་པར་འཛིན་པ་རྙེད་པར་དཀའ་སྟེ། རྒྱ་མཚོ་ཆེན་པོའི་གཉའ་ཤིང་དང་རུས་སྦལ་གྱི་དཔེ་བྱའོ། །ལུས་ངག་ཡིད་ཀྱིས་དོན་བསྒྲུབ་ཅིང་ནན་ཏན་སྙིང་པོར་བྱེད་པ་ནི་སྔ་མ་དེ་གསུམ་བས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། ལུང་དང་རྟོགས་པ་གོ་རིམ་བཞིན་ནོ། །གཉིས་པ་དཀོན་མཆོག་གསུམ་འབྱུང་བ་བདེ་བར་བསྟན་པ་ནི། བལྟམས་པ་དང་བྱང་ཆུབ་པའི་ཚུལ་གྱིས་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ནི་འབྲས་བུ་རྣམ་པར་གྲོལ་བའི་བདེ་བ་འབྱུང་བའི་རྒྱུའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་བསྟན་པ་ཡང་གདུལ་བྱ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་རྒྱུ་ཡིན་ནོ། །གང་ཟག་བརྒྱད་ཀྱི་དགེ་འདུན་ལྟ་བ་དང་ཆོ་ག་དང་འཚོ་བ་མཐུན་ཅིང་རོ་གཅིག་ཏུ་གྱུར་པ་ཡང་བདག་ཉིད་འཇིག་རྟེན་དུ་བདེ་བ་འབྱུང་བ་སྟེ། མཐུན་པ་དེ་རྣམས་ཀྱི་ཚུལ་ཁྲིམས་གསུམ་དང་། ཉོན་མོངས་ཉེས་སྤྱོད་སྡོམ་པའི་དཀའ་ཐུབ་ཀྱི་གདུང་བ་ཡང་བདེ་བའི་རྒྱུའོ། །གསུམ་པ་དགེ་བའི་བཤེས་གཉེན་བསྟེན་པ་བདེ་བ་ནི། འཕགས་པ་དགྲ་བཅོམ་པ་ལ་སོགས་པ་རྣམས་མཐོང་ཞིང་བཤེས་གཉེན་དུ་བསྟེན་པ་བདེ་བའི་རྒྱུ་དང་། སོ་སོ་སྐྱེ་བོའི་ནང་ནའང་དམ་པ་བྱང་ཆུབ་སེམས་དཔའ་ལ་སོགས་སེམས་ཅན་ལ་ཕན་འདོགས་པའི་སྐྱེས་བུ་དམ་པ་དེ་དག་དང་ལྷན་ཅིག་འགྲོགས་པ་བདེ་བའི་རྒྱུ་ཡིན་ཏེ། འདི་དང་ཕྱི་མའི་བདེ་བ་ནི་དམ་པ་དང་འགྲོགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །བཞི་པ་སྡིག་གྲོགས་སྤངས་པ་བདེ་བ་ནི་ཤེས་རབ་འཆལ་ཞིང་ལོག་པར་སྒྲུབ་པའི་བྱིས་པའི་རྟགས་དང་ལྡན་པ་དེ་རྣམས་མ་མཐོང་བས་མཚོན་ནས་མ་འགྲོགས་ཤིང་། སྡིགས་གྲོགས་སྤངས་ན་རྟག་ཏུ་བདེ་བར་འགྱུར་རོ། །ལྔ་པ་དགེ་བའི་བཤེས་གཉེན་གྱི་ཁྱད་པར་བསྟེན་པ་བདེ་བ་ནི། ཉེ་བར་བརྟགས་པའི་དགེ་བཤེས་ཚུལ་ཁྲིམས་དང་ལྡན་པ་ནི་སེམས་མཉམ་པར་འཇོག་པའི་ཞི་གནས་ཀྱི་རྒྱུ་ཡིན་པས་མཐོང་བ་བདེ་སྟེ་གནོད་པ་ལས་ལོག་པའི་ཕྱིར་རོ། །ལྷག་མཐོང་གི་ཡན་ལག་མང་དུ་ཐོས་པ་ནི། ཤེས་རབ་བསྐྱེད་པའི་ཕྱིར་རོ། །དེ་མཐོང་བ་བདེ་སྟེ། ལྟ་བ་དང་ཐེ་ཚོམ་དང་འགྱོད་པ་སེལ་བར་བྱེད་པའི་ཕྱིར་རོ། །དོན་དམ་པའི་དགེ་བཤེས་ཡང་སྲིད་པར་སྐྱེ་བའི་ལས་ཀྱི་འཆིང་བ་ལས་རྣམ་པར་གྲོལ་བའི་ཕྱིར་ཉོན་མོངས་པའི་དགྲ་བཅོམ་པ་དེ་དག་མཐོང་བ་བདེ་སྟེ། དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པའི་ཕྱིར་རོ། །དྲུག་པ་ཐོབ་པར་བྱ་བ་དང་དེ་སྒྲུབ་པ་བདེ་བ་ནི། དཔེར་ན། ཆུ་ཀླུང་གི་འཇུག་ངོགས་ཆུ་ཀ་ཤིན་ཏུ་བདེ་བའི་ཆུ་ཀླུང་ནས་ཆུ་བླང་བདེ་བ་བཞིན། རྣམ་པར་གྲོལ་བའི་འཇུག་ངོགས་བསོད་ཉམས་དང་ངལ་དུབ་ཀྱི་མཐའ་གཉིས་སྤངས་པའི་ལམ་ནས་རྣམ་པར་གྲོལ་བའི་ཆུ་བླང་བདེ་བའོ། །འདི་ནི་བསྡུས་པར་བརྗོད་པའི་རྒྱན་ཞེས་བྱ་བ་ཡིན་ལ། གོང་དུ་བརྗོད་པའི་གླང་པོ་དང་རྒྱ་མཚོ་དང་སེང་གེ་ལ་སོགས་པ་ཕལ་ཆེར་གཟུགས་ཅན་གྱི་རྒྱན་དུ་བཀོད་པར་སྣང་ངོ་། །དགེ་བའི་ཆོས་ལ་གོམས་པའི་སྐྱེ་བོ་ཚོགས་ལམ་དང་སྦྱོར་ལམ་སྒྲུབ་པར་བྱེད་པ་ནི་རྣམ་གྲོལ་བདེ་བའི་རྒྱུའོ། །ཟག་པ་མེད་པའི་ཤེས་རབ་ཐོབ་པར་གྱུར་པ་ནི་བདེ་བར་གནས་པ་ཡིན་ཏེ། མཐོང་ལམ་དང་སྒོམ་ལམ་གྱི་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །ངའོ་སྙམ་པའི་ང་རྒྱལ་དང་། དེས་མཚོན་ནས་ཁམས་གསུམ་གྱི་འདོད་ཆགས་མ་རིག་པ་ཐེ་ཚོམ་ལྟ་བ་འདོད་པའི་ཁོང་ཁྲོ་སྟེ། ཉོན་མོངས་མ་ལུས་པ་ཟད་པ་ནི་བདེ་བར་གནས་པ་སྟེ། རྣམ་པར་གྲོལ་བའི་བདེ་བ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །དེ་དག་གིས་སློབ་མི་སློབ་ཀྱི་ལམ་བསྒྲུབ་བྱར་བསྟན་ཏོ། །བདུན་པ་སྒྲུབ་བྱེད་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེ་བ་ནི། སྦྱངས་པའི་ཡོན་ཏན་རྣམས་ངེས་པར་ཏེ་རྣམ་པར་དག་པར་བྱས་ཤིང་། དབང་པོ་དུལ་བ་སྟེ་ཡོངས་སུ་དག་པར་བྱས་པ་དག སྐྱེ་བོའི་རྒྱུན་བླུགས་མེད་ཅིང་ཉེ་བར་འཚེ་བ་དང་བྲལ་བས་དགོན་པ་ཞི་བའི་གནས་ཕུན་སུམ་ཚོགས་པ་རྣམས་སུ་རབ་ཏུ་དབེན་པ་དང་། སེམས་རྩེ་གཅིག་པ་ལ་སྦྱོར་བའི་རིམ་པས་རྒས་པར་གྱུར་པའོ། །འདུ་འཛི་དང་རྣམ་གཡེང་གི་གྲོང་དུ་མི་ཚེ་དོན་ཆུང་གི་བྱ་བ་ལ་ཟད་པའི་རབ་བྱུང་གི་གཟུགས་བརྙན་ཁོ་བོ་ལྟ་བུ་མ་ཡིན་པའོ། །དང་ཞེས་པ་ཕྱི་མ་འདྲེན་པ་སྟེ། སྡེ་སྣོད་གསུམ་མང་དུ་ཐོས་པས་གདམས་པ་གཞན་ལ་རག་མ་ལུས་པ་ནི་དགོན་པར་གནས་ན་ཐོས་པ་འབྲས་བུ་དང་བཅས་པར་འགྱུར་གྱི། གཞན་དུ་མ་ཡིན་པས་ནགས་ཀྱི་ནང་ཤིང་དྲུང་དག་ཏུ་ལང་ཚོ་གཞོན་པ་ཉིད་ཟད་པས་ཡོལ་བར་གྱུར་པ་དེ་རྣམས་གསོན་པར་གནས་པ་ཉིད་ཚེ་འདི་དང་ཕྱི་མར་བདག་གཞན་ལ་བདེ་བར་འགྱུར་བའོ། །ཡང་ན་ཞི་བ་ཞེས་པ་གནས་ཕུན་སུམ་ཚོགས་པ། དགོན་པར་གནས་པ་བདེ། རྒས་གྱུར་རྣམས་ནགས་སུ་བདེ། ཞེས་སྦྱར་ལ་བཤད་དོ། །སྦྱངས་པ་དང་མང་ཐོས་གཉིས་ལྡན་པ་རྣམས་ནགས་སུ་གནས་པ་བདེ་བ་ཡིན་གྱི་བླུན་ཞིང་བག་མེད་པ་དག་དེར་གནས་པས་ཅི་ཞིག་བྱ། ཝ་དང་སྤྲེའུ་ལ་སོགས་པ་བཞིན་ནོ། །དགོན་པ་དང་ནགས་ཀྱིས་མཚོན་ནས་བཅུ་གཉིས་པོ་ཐམས་ཅད་བཟུང་ངོ་། དེ་རྣམས་སོ་སོར་ཐར་པ་བརྩམས་པའི་རྒྱུ་མཚན་དུ་སྦྱར་བར་བྱའོ། །དལ་འབྱོར་ལུས་ཐོབ་ཐུབ་པའི་བསྟན་ལ་ཞུགས། །དམ་པས་རྗེས་བཟུང་བླང་དོར་གནས་རྣམས་ཤེས། །དེ་དག་དོན་ཡོད་བྱ་ཕྱིར་ནགས་ཁྲོད་དུ། །ཐུབ་པའི་གསུང་བཞིན་བསྒྲུབས་ན་མི་ལེགས་སམ། །དོན་མེད་ཚེ་འདིའི་འདུན་མ་ལེགས་ཀྱང་འདོར། །ཕྱི་མར་གར་སྐྱེ་སོམས་དང་སྙོམས་ལས་ཅན། །ཞེས་རང་ལ་སྨྲས་པའོ། །ཡང་། སྙན་པའི་བ་དན་ཞེས་པ་ནས་ཤླཽ་ཀ་གཉིས་སངས་རྒྱས་ལ་བསྟོད་པ། སངས་རྒྱས་འདུལ་བ་ཞེས་སོགས་ཤླཽ་ཀ་བཅུ་གཉིས་ཆོས་ལ་བསྟོད་པ། འཕགས་པ་རྣམས་ནི་ཞེས་སོགས་ཤླཽ་ཀ་ཕྱེད་དགེ་བའི་བཤེས་གཉེན་བསྟེན་པ། བྱིས་པ་རྣམས་ནི་སོགས་རྐང་པ་གཉིས་མི་དགེ་བའི་གྲོགས་སྤངས་པ་སྟེ། དཔེར་ན་ཕྲ་བ་ཅན་འདོམ་གང་། རྭ་ཅན་རྒྱང་གྲགས། མཆེ་བ་ཅན་དཔག་ཚད་དུ་སྤངས་ན་བདེ་བ་བཞིན་ནོ། །འབྲས་བུ་ཐོབ་པ་བདེ་བ་ནི། ཚུལ་ཁྲིམས་ལྡན་པ་སོགས་ཤླཽ་ཀ་གཅིག་དང་། ཐོབ་པའི་གནས་བསྟེན་པ་ནི་འཇུག་ངོགས་སོགས་ཤླཽ་ཀ་གཉིས་ཀྱིས་བསྟན་ཏེ། འདི་རྣམས་བཀའ་བསྡུ་བ་པོའི་ཚིག་ཡིན་ནོ་ཞེས་མི་བརྗེད་པའི་དྲན་བྱེད་དུ་བཤད་དོ། །བླ་མ་འགའ་ཞིག་ནི། བསྟོད་པའི་ཚིགས་བཅད་གཉིས། བསྐལ་པ་བྱེ་བ་རྣམས་ཞེས་སོགས་ཡང་དག་པར་བརྩམས་པའི་ཚིགས་བཅད་དྲུག སྡོམ་གྱི་ཚིགས་བཅད་རྣམས་དང་། སངས་རྒྱས་རྣམ་གཟིགས་ཞེས་སོགས་སྟོན་པ་གང་གི་ལུང་ཡིན་པ་བསྟན་པའི་ཤླཽ་ཀ་གསུམ། བརྩམ་པར་བྱ་ཞིང་སོགས་ཤླཽ་ཀ་གཉིས། མཇུག་བསྔོ་བའི་ཚིགས་བཅད་གཅིག་རྣམས་བསྡུ་བ་པོ་འཕགས་པ་ཉེ་བར་འཁོར་གྱིས་མཛད། སངས་རྒྱས་འདུལ་བ་གངས་ཆེན་ཞེས་སོགས་མཐོང་ཆོས་ཀྱི་ཕན་ཡོན་སྟོན་པ་ཤླཽ་ཀ་གསུམ། མཚོ་བས་ཟབ་ཅེས་སོགས་མ་མཐོང་བའི་ཕན་ཡོན་སྟོན་པ་ཤླཽ་ཀ་གཉིས། ང་ནི་སོགས་སྟོན་པ་དང་འདྲ་བར་བསྟོད་པ་ཤླཽ་ཀ་གཅིག་རྣམས་ཆོས་ཀྱི་ཚོང་དཔོན་གྱིས་མཛད། སངས་རྒྱས་ཞེས་བྱའི་ཞེས་སོགས་ཚོགས་ལམ་འབྲས་བུ་དང་བཅས་པ་སྟོན་པའི་ཤླཽ་ཀ་བཞི་དང་། དགེ་སློང་དབང་དུལ་ཞེས་སོགས་ཤླཽ་ཀ་གཅིག་དྲི་མེད་བཤེས་གཉེན་གྱིས་མཛད་པར་འདོད། གཞུང་གཞན་རྣམས་སངས་རྒྱས་ཀྱིས་གསུངས་པར་མཐུན་ནོ། །བཞི་པ་གཞུང་རྒྱས་བཤད་ལ། དུས་དང་པོར་བྱ་བ་དང་། མདོ་འདོན་པ་དངོས་སོ། །དང་པོ་ལ་དྲུག་ལས་སོ་སོར་ཐར་པ་མཉན་པ་ལ་རྣ་བ་མི་གཏོད་པའི་ཉེས་དམིགས་ནི། ཚེ་དོན་ཡོད་པས་ཚེ་དང་ལྡན་པ་དག་ཞེས་འཁོར་རྒན་གཞོན་ཀུན་ལ་སྙན་པའི་ཚིག་གིས་བོས་ནས། སོ་གའི་དུས་ཀྱི་གསོ་སྦྱོང་འདོན་པ་དུས་བཞི་རྣམས་ཀྱི་ཟླ་བ་ཕྱེད་འདས་པ་དང་། ཕྱེད་དང་གཉིས་ལྷག་མར་ཡོད་པ་ཇི་ཙམ་པར་གསོ་སྦྱོང་གསུམ་ཡོད་པ་དེ་ཙམ་མོ་ཞེས་སོགས་བརྗོད་པར་བྱའོ། །འདིར་འདུལ་བ་འཛིན་པ་ཁ་ཅིག་ལོ་མགོ་འཛིན་པ་ལ་མི་མཐུན་ཏེ། ལུང་དང་མདོ་དང་ཚིག་ལེའུ་བྱས་པ་ལ་སོགས་པ་འདུལ་བའི་སྐོར་མང་པོ་དང་། ཉི་མའི་སྙིང་པོའི་མདོ་ལ་སོགས་པ་མངོན་པའི་བཀའ་དང་དགོངས་འགྲེལ་མང་པོར་སྨིན་དྲུག་ཅན་གྱི་ཟླ་བ་ལ་སྟོན་ཐ་ཆུང་དུ་བཤད་པས་ལོ་དང་དུས་ཀྱི་ཐོག་མ་དགུན་ར་ཡིན་ཟེར་ནའང་། འདུལ་བའི་ཆོས་འཁོར་བསྐོར་བའི་ཐོག་མ་ནི་དུས་དེ་མ་ཡིན་ལ། ཐོག་མར་ཚིག་དེ་བྱུང་ངོ་ཞེ་ན། འདིར་ཐོག་མར་སོ་ཀ་བྱུང་ཞིང་། མདོ་སྡེ་དག་ཏུ་དབྱར་ཐོག་མར་སྨོས་པའང་ཡོད་ལ། ཆེས་མཁས་པ་རྣམས་ལ་དཔྱིད་འབྲིང་ནག་པའི་ཟླ་བ་ནས་ཐོག་མ་བྱེད་པའང་ཡོད་པས། སངས་རྒྱས་པའི་དུས་ཀྱི་དང་པོ་དགུན་ཡིན་པར་མ་ངེས་སོ། །དེ་བས་ན་ལོའི་མགོ་དང་དུས་ཀྱི་ཐོག་མ་ཚོལ་བའི་ངལ་བས་ཅི་ཞིག་བྱ། ཉི་མ་བཟློག་པའི་དུས་ལ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་བཟློག །ཞེས་པའི་དོན་རང་འགྲེལ་དུ་དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་ཆུང་དང་དགུན་གྱི་བཞི་པ་དགུན་ཟླ་ཐ་ཆུང་གྱི་ཡར་ངོའི་ཚེས་དགུ་ནས་ཉིན་མཚན་རིང་ཐུང་བྱེད་པར་གསུངས་པས། དབྱར་ཟླ་ར་བ་ནི་དཔྱིད་ཀྱི་ཟླ་བ་བཞི་པ་ཡིན་ལ། སྟོན་ཟླ་ཐ་ཆུང་ནི་དགུན་གྱི་བཞིའི་དང་པོར་བྱའོ། །བོད་ཀྱི་འཆད་ལུགས་ཀུན་འགྲེལ་པ་དེར་སྣང་ངོ་། །བོད་ཀྱི་བཤད་སྲོལ་དུ་དུས་ཚིགས་གསུམ་གྱི་དགུན་བཞི་པ་དཔྱིད་རའི་ཡར་ཚེས་བརྒྱད་ཀྱི་ཚེ་ཉི་མ་བཟློག དེའི་ཚེས་དགུ་ནས་མཚན་འབྲིད་ཉིན་འཕེལ། དབྱར་གཉིས་པ་སྟོན་ཟླ་ར་བའི་ཡར་ཚེས་བརྒྱད་ལ་ཉི་མ་བཟློག དེའི་ཚེས་དགུ་ནས་མཚན་འཕེལ་ཉིན་འབྲིད། ཞེས་མཁས་པ་འགའ་ཞིག་བཞེད་ལ། ཡང་དགུན་གྱི་བཞི་པ་དཔྱིད་རའི་མར་གྱི་ཚེས་བརྒྱད་ལ་ཉིན་མཚན་མཉམ། དབྱར་གྱི་གཉིས་པ་སྟོན་རའི་མར་གྱི་ཚེས་བརྒྱད་ལ་ཉིན་མཚན་མཉམ། དེའི་ཕྱི་དེ་ནས་ཉིན་མཚན་འཕེལ་འགྲིབ་བྱེད་ཅེས་ཀྱང་འགའ་ཞིག་བཞེད་དེ། སྨིན་དྲུག་གི་ཉ་བ་སྟོན་ཟླ་ཐ་ཆུང་དུ་བྱས་ནས། འཇིག་རྟེན་གྲགས་པ་བཞིན་ཡར་ངོ་སྔོན་འགྲོར་ལོ་ཙཱ་བས་འགྱུར་མཛད་པ་དང་བསྟུན་ན་ཕྱི་མ་འདི་ལེགས་ཤིང་འགྲིགས་རྩིས་དང་མཐུན་པར་སེམས་སོ། །རྒྱ་གར་བའི་གཞུང་ཁུངས་བཙུན་པ་ཕལ་ཆེ་བར། སྨལ་པོ་རྒྱལ་དང་མཆུས་ཉ་དགུན། །དབོ་དང་ནག་པ་ས་ག་དཔྱིད། །སྣྲོན་དང་ཆུ་སྟོད་གྲོ་ཞུན་དབྱར། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་སྟོན། །སྐར་མ་འདི་རྣམས་ཀྱིས་ཉ་བ་ལ་དུས་དེར་འཇོག་པ་བཤད་པ་དང་སྦྱར་ན། ད་ལྟ་གྲགས་པའི་ཧོར་ཟླ་བཅུ་གཅིག་པ་སྨལ་པོ་ཉ་བའི་གནམ་སྟོང་ལ་གསོ་སྦྱོང་བཅུ་བཞི་པ་གཅིག ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱི་ཉ་བའི་གནམ་སྟོང་ལ་གསོ་སྦྱོང་བཅྭོ་ལྔ་པ་གཅིག དེ་བཞིན་དུ་མར་ངོའི་ཚེས་ལ་གསོ་སྦྱོང་ཐུབ་མི་ཐུབ་སྤེལ་མར་འབྱུང་ལ། ཡར་ངོ་རྣམས་བཅྭོ་ལྔ་པ་ཤ་སྟག་འབྱུང་ངོ་། །བོད་རྣམས་ཀྱིས་དབྱར་དགུན་འབྲིང་ཐུབ། སྟོན་དཔྱིད་འབྲིང་མི་ཐུབ་ཞེས་ཐ་སྙད་མཛད་པ་ནི་ཡར་ངོ་སྔོན་འགྲོའི་ལུགས་ཡིན་ལ། མར་ངོ་སྔོན་འགྲོ་ལ་དེ་གོ་ཟློག་ནས་སྨྲ་ཡང་དོན་གཅིག་གོ །དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པར་དོར། །ཞེས་པ་ནི་མར་ངོ་སྔོན་དུ་འགྲོ་བ་དང་སྦྱར་རོ། །ད་ལྟ་སྨིན་དྲུག་གི་ཉ་བ་དང་། དབྱུག་པའི་ཉ་བ་དང་། ཁྲུམས་ཀྱི་ཉ་བ་ལ་སྟོན་ཟླ་ཐ་ཆུང་དུ་བྱེད་པའི་ལུགས་གསུམ་འདུག་ནའང་། དང་པོའི་དུས་ནས་ད་ལྟའི་བར་ལ་ཟླ་བ་གཉིས་ཅུང་མེད་དང་། གཉིས་པའི་དུས་ནས་ད་ལྟའི་བར་ལའང་ཞག་ཉི་ཤུ་རྩ་ཁ་ཡར་འཆུགས་པས། ཧོར་ཟླ་བརྒྱད་པ་ཁྲུམས་ཀྱི་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱེད་པར་རིགས་ཏེ། དབྱར་གྱི་རས་ཆེན་དང་། དབྱར་གནས་ལ་སོགས་པའི་དགག་བྱ་དང་དགོས་པའི་བཅས་པ་དང་མཐུན་ལ། དེ་བཞིན་མ་ཡིན་ན། ཆར་ཆུ་ཁ་བྲི་ནས་རས་ཆེན་འཆང་བ་དང་དབྱར་ཁས་ལེན་བྱེད་པ་དང་། སྲོག་ཆགས་ཤིན་ཏུ་མང་ཞིང་ཆར་ཆུ་ཞོད་པའི་ཚེ་གཞི་གཅིག་ཏུ་མི་གནས་པ་དང་རས་ཆེན་མི་འཆང་བ་ལ་སོགས་དགག་དགོས་འཆོལ་བར་འགྱུར་རོ། །ཞེས་བླ་མ་དག་བཞེད་དོ། །འདིའི་ལུགས་ལའང་། གསོ་སྦྱོང་ཐུབ་མི་ཐུབ་གོང་དུ་བཤད་པ་དང་འགྲིག་གོ །འདིར་ལོ་གཅིག་ལ་དུས་དྲུག་ཏུ་བཅད་པ་ནི་ཟླ་བ་གཉིས་གཉིས་ལ་ཞག་མི་ཐུབ་རེ་རེ་འབྱུང་བ་དེ་ཤེས་པའི་ཕྱིར། ཟླ་བ་གཉིས་གཉིས་ལ་དུས་རེ་རེར་བཞག་སྟེ། སོ་ག་དང་དབྱར་དང་སྟོན་དང་དགུན་སྟོད་སྨད་དང་དཔྱིད་དོ། །འཇིག་རྟེན་གྲགས་པ་བཞིན་དུས་བཞིར་བྱེད་པ་ནི། དགུན་དཔྱིད་དབྱར་སྟོན་རྣམས་ཟླ་བ་གསུམ་གསུམ་དུ་བྱས་སོ། །ཚུལ་འདི་གཉིས་མདོ་ལས་ཀྱང་གསུངས་ཏེ། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །ཟླ་བའི་གོ་རིམ་འདི་སྟེ་དུས་ནི་དྲུག །ཅེས་སོ། །དེ་ལ་དབྱར་ནི་ཆར་ཆུ་ཞོད་པ་ལ་བྱ། སྟོན་ནི་འབྲུ་སྨིན་པ། དགུན་ནི་གྲང་ལྷགས་ཆེ་བ། དཔྱིད་ནི་ཚ་བའི་དུས་སོ། །མངོན་བརྗོད་ཀྱི་གཞུང་དུའང་། ཆར་དུས། སྨིན་དུས། ཁ་འབབ་དུས། རྡུལ་དུས་ཞེས་བཤད་དོ། །ཁྱད་པར་བཤེས་གཉེན་དང་། མི་བརྗེད་དྲན་བྱེད་ཀྱིས་དགུན་དབྱར་དཔྱིད་གསུམ་དུ་བཞག་ཏེ། ཤིན་ཏུ་གྲང་བ་དང་ཚ་བ་དང་གྲང་དྲོད་སྙོམས་པའོ། །ཡང་དགུན་དཔྱིད་ཟླ་བ་བཞི་བཞི། དབྱར་ཟླ་གཅིག དབྱར་ཐུང་ངུ་ཞག་གཅིག རིང་པོ་ཟླ་གསུམ་དུ་ཞག་གཅིག་ཆད་ཅེས་པ་ནི། དུས་ཚིགས་གསུམ་དུ་བྱས་པ་གཞིར་བཞག་ནས་དབྱར་ཐུང་ངུ་ངོ་ཤེས་པའི་ཕྱིར་བྱས་སོ། །ཞག་མི་ཐུབ་འབྱུང་བའི་རྒྱུ་ལ་ནི་རྟོག་དཔྱོད་དང་ལྡན་པར་རློམ་པ་དུ་མས་ངལ་བ་བརྒྱ་ཕྲག་བྱས་ཀྱང་ཕྱོགས་ཙམ་ཡང་ཁོང་དུ་ཆུད་པར་མ་གྱུར་ཏེ། འདི་བཞིན་དུ་ཟླ་བའི་ཤོལ་འབྱུང་བའང་རྣམ་པར་འཁྱམས་སོ། །འོ་ན་ཅི་ཡིན་ཞེ་ན། ཟླ་བའི་ཆ་བཅྭོ་ལྔ་འཕེལ་འགྲིབ་བྱེད་པའི་ཡུན་དེ་ཙམ་རེ་ལ་ཚེས་ཞག་རེར་བཞག་ལ། ཉི་མས་གླིང་བཞི་སྐོར་བའི་ཡུན་དེ་ཙམ་རེ་ལ་ཉིན་ཞག་རེར་བཞག་པས། ཟླ་བའི་ཆ་རེ་རྫོགས་ཀྱང་། ཉི་མས་སྔར་ཤུལ་དུ་ཅུང་མ་སླེབ་སྟེ་ནུར་ཅུང་ཟད་བྱུང་བས་ཉིན་ཞག་ཕྱེད་དང་སུམ་ཅུ་ལ་ཚེས་ཞག་སུམ་ཅུ་རྫོགས་ཤིང་། ཉིན་ཞག་ལྔ་བཅུ་ང་དགུ་ལ་དྲུག་ཅུ་ཚེས་ཞག་ཐིམ་སྟེ། ཟླ་བ་འཕེལ་ཆ་བཅྭོ་ལྔ་དང་འགྲིབ་ཆ་བཅྭོ་ལྔ་ཐིམ་པ་ལ་ཟླ་གཅིག་ཏུ་བྱེད་པའི་ཕྱིར་དང་། ཉི་མས་གླིང་གཞི་འཁོར་བ་ལ་ཞག་རེར་བྱེད་པའི་ཕྱིར་རོ། །ཡང་ཉི་མས་རྒྱུ་སྐར་གྱི་ཁྱིམ་ཐམས་ཅད་རྫོགས་པར་འཁོར་བ་ལ་ལོ་གཅིག་ཏུ་བྱས་པས་གོང་དུ་བཤད་པའི་ཟླ་བ་བཅུ་གཉིས་ཐིམ་ཀྱང་རྒྱུ་སྐར་གཉིས་དང་བཞི་ཆ་ལ་ཁྱིམ་གཅིག་དང་ཡུལ་དེ་ཙམ་བསྒྲོད་པ་ལ་ཁྱིམ་ཟླ་གཅིག་དང་དེའི་སུམ་ཅུའི་ཆ་རེ་ལ་ཁྱིམ་ཞག་གཅིག་ཏུ་བྱས་པའི་ཞག་སུམ་བརྒྱ་དྲུག་ཅུ་མ་ཐིམ་པར། ཉི་མས་ཁྱིམ་རྫོགས་པར་མ་འཁོར་ཏེ། ཉི་མ་བསྒྲོད་པའི་མཐར་མ་སླེབ་པས་མ་ལོག་པ་ཡིན་ནོ། །འོ་ན་ཞག་དེ་གསུམ་ལ་ཁྱད་ཅི་ཙམ་ཞུགས་ཤེ་ན། ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་དང་ཞག་གཅིག་བཅུ་གཉིས་ཆ་ཙམ་གཅིག་ལ་ལོ་གཅིག ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་ཞག་གཅིག་གི་བཞི་ཆ་ཙམ་ལ་ལོ་གཅིག ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་སྟེ། དེ་ལྟར་རགས་པ་ཙམ་བཤད་ཀྱི། ཞིབ་པར་བྲིས་ན་ཡི་གེ་མང་པར་འགྱུར་བས་བློ་ལྡན་རྣམས་ཀྱིས་འདི་ཙམ་ལ་བརྟེན་ནས་དཔྱད་པར་བྱའོ། །མདོར་ན་ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་འབྱུང་བའི་བཅྭོ་ལྔ་པ་བཅྭོ་བརྒྱད་དང་། བཅུ་བཞི་པ་དྲུག་དང་། ཟླ་ཤོལ་བྱུང་བའི་ཚེ་ཉི་ཤུ་རྩ་དྲུག་འབྱུང་བའི་ཐུབ་མི་ཐུབ་གང་ལྷག་པ་དེ་དང་སྦྱར་བར་བྱའོ། །ཟླ་ཤོལ་སྐབས་གང་དུ་འབྱུང་ངེས་པ་མེད་ཅིང་། ཡུལ་དེའི་ཐ་སྙད་དང་མཐུན་པར་བྱས་པས་རུང་ངོ་། །ལོ་ཟླ་ཞག་རྣམས་དུས་ཀྱི་བྱེ་བྲག་ཡིན་ལ། དུས་ནི་འདུས་བྱས་ཀྱི་རྒྱུན་གཅིག་ནས་གཅིག་ཏུ་བར་མ་ཆད་པ་བྱུང་བའི་ལྡན་མིན་འདུ་བྱེད་ཡིན་ཞིང་། བྱེ་བྲག་སྨྲ་བས་རྫས་ཡོད་མདོ་སྡེ་པས་བཏགས་ཡོད་དུ་འདོད་དོ། །ཧོར་ཟླ་བརྒྱད་པ་ཁྲུམས་ཀྱི་ཉ་བ་སྟོན་ཟླ་ཐ་ཆུང་དུ་བྱེད་ཅིང་ཡར་ངོ་སྔོན་འགྲོ་དང་བསྟུན་ན། ཧོར་ཟླ་གཉིས་པའི་གནམ་གང་ལ་སོ་ག་རྣམས་ཀྱི་དུས་ཟླ་བ་གཉིས་ལས་ཕྱེད་ནི་འདས། ཕྱེད་དང་གཉིས་ནི་སླད་དུ་ལུས་པ་ལགས་སོ་ཞེས་བརྗོད་དོ། །དེ་ཡང་རྟ་དབྱངས་ཀྱིས་མཛད་པར་གྲགས་པའི་གཞུང་འགྲེལ་དང་། དྲི་མེད་བཤེས་གཉེན་གྱིས་མཛད་པའི་ཀུན་ལས་བཏུས་དང་། དཱ་ན་ཤཱི་ལས་མཛད་པར་གྲགས་པའི་བརྗེད་བྱང་དང་འགྲེལ་པ་གསུམ་མཐུན་པར། སོ་གའི་དུས་ཚིགས་ལ་གསོ་སྦྱོང་འདོན་པའི་དུས་བཞི་ཡོད་དེ། དཔྱིད་ཟླ་ཐ་ཆུང་གནམ་སྟོང་དང་། དབྱར་ཟླ་ར་བ་དང་། དབྱར་ཟླ་ར་བ་གནམ་སྟོང་དང་། དབྱར་ཟླ་འབྲིང་པོ་ཉའོ། །ཞེས་དང་། དཔྱིད་ཟླ་ཐ་ཆུང་གནམ་སྟོང་ལ་འདོན་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བཀྲ་ཤིས་པའི་གསོ་སྦྱོང་དང་། གནོད་པ་ཟློག་པའི་ཕྱིར་ཉ་ཤི་དང་མི་སྦྱོར་ན། སོ་ག་རྣམས་ཀྱི་ཟླ་བ་དང་པོའི་མར་གྱི་ངོའི་ཚེས་གཅིག་འདས། ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་དགུ་ལུས་སོ་ཞེས་སོགས་སྦྱར་རོ། །འདས་བྱུང་བརྗོད་པའི་དགོས་པ་ནི། ཐ་སྙད་ལ་མཁས་པ་དང་། ཚེའི་དུས་འདས་པ་སེམས་ལ་བཞག་པ་དང་། དགེ་བ་ལ་མི་བརྩོན་ཞིང་དུས་ཀྱིས་སྙེམས་པ་དག་བརྩོན་ཞིང་སྐྱོ་བར་བྱ་བ་དང་། གསོ་སྦྱོང་གི་ཉི་མ་ཤེས་པའི་དོན་དུའོ། །གནས་བརྟན་གྱིས་བརྩིས་ཏེ་དགེ་བསྐོས་ཀྱིས་བརྗོད་དོ། །ཤོལ་འདོར་བ་རྒྱལ་པོ་བཀའ་བཙན་ཞིང་གྲགས་པ་དང་ལྡན། དཔུང་ཆེ་ཞིང་ཤེས་རབ་ཆེ་བའི་རྗེས་སུ་འབྲང་། རྒྱུ་སྐར་སྐར་མཁན་མཁས་པའི་རྗེས་སུ་འབྲང་ངོ་། །ཚངས་སྤྱོད་ཀྱི་རྒྱུའི་གཙོ་བོ་གཉིས་ལས་ལུས་ནི་ལང་འཚོ་ཉམས་ཤིང་སྦྱོར་མི་བཟོད་པའི་རྒ་བ་དང་། སྲོག་འགགས་ཏེ་རྒྱུན་ཆད་པའི་འཆི་བ་མངོན་པར་འོང་ཞིང་། གནས་ནི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་ཚུལ་བཞིན་སྒྲུབ་པ་དང་འཛིན་པ་ཉམས་པས་འཇིག་ཅིང་ནུབ་པར་འགྱུར་བས་ན། དགེ་བ་སྒྲུབ་པ་དང་། ཉོན་མོངས་ལས་སེམས་སྲུང་བའི་བག་ཡོད་པས་རྣལ་འབྱོར་དུ་སྟེ་བརྩོན་པ་ཆེར་བྱའོ། །དོན་ཇི་ལྟ་བ་དེ་བཞིན་ཐུགས་སུ་ཆུད་པས་གཤེགས་པ་མཆོད་པར་འོས་པའམ་ཉོན་མོངས་པ་མ་ལུས་པར་སྤངས་པས་དགྲ་བཅོམ་པ། ཉན་རང་ལས་ཁྱད་པར་དུ་བྱ་བའི་ཕྱིར། ཡེ་ཤེས་ཕྱིན་ཅི་མ་ལོག་པས་ཡང་དག་པར་ཤེས་བྱ་མ་ལུས་པ་རྫོགས་པར་སངས་རྒྱས་ཤིང་རྟོགས་པ་དེ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཕྱིར་བྱང་ཆུབ་པ་དང་། རྣམ་པ་གཞན་ཡང་དགེ་བའི་ཆོས་གང་དག་བྱང་ཆུབ་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དྲན་པ་ཉེར་བཞག་བཞི་ལ་སོགས་པ་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །མངོན་པ་ཀུན་བཏུས་སུ་བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་བརྟེན་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང་། ཟག་པ་དང་བཅས་པའི་ཕྱོགས་རྣམས་ལས་སེམས་བསྲུང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་འགྲུབ་པ་དང་ཡོངས་སུ་རྫོགས་པར་བྱེད་པའི་བརྟེན་ཅན་ནོ། །ཞེས་སོ། །གཉིས་པ་མི་འདུ་བ་དགག་པ་ནི། བདུད་བཞི་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པ། བྷ་ག་ཝན་ལེགས་ལྡན་དུའང་འགྱུར་ཞིང་། དེ་ནི་འཇིག་རྟེན་པའི་ནག་པོ་ཆེན་པོ་ལ་སོགས་ལའང་འཇུག་པས་ཁྱད་པར་དུ་བྱེད་ཚིག་འདས་ཞེས་བཀའ་བཅད་ཀྱིས་སྦྱར་རོ། །དེ་ཉིད་ཀྱིས་ཉན་ཐོས་སྒྲའི་རྗེས་སུ་འགྲོ་ཞིང་། གཞན་ལས་ཐོས་པ་སྒྲོགས་པའམ། འབྲས་བུ་ཇི་ལྟར་ཐོབ་པ་སྒྲོགས་པའི་དགེ་འདུན་ཚོགས་ཤིང་མི་ཕྱེད་པ་ནི། ཡིད་ཀྱི་དོན་ཉུང་ཞིང་ལུས་ངག་གི་བྱ་བ་ཉུང་བ་དང་། ལུས་ངག་དོན་ཉུང་ཞིང་ཡིད་ཀྱིས་བྱ་བྱེད་ཉུང་བ་སྟེ། ཞིང་རྨོ་བརྐོ། ཚོང་ཁེ་སྤྲུལ། སྣམ་ཚོས་ལ་སོགས་བྱ་བ་མེད་པ་ཡིན་པ། དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད་ཅེས་པས་སྒྲུབ་ཚིག་གིས་དགག་པ་སྟོན་པ་སྟེ། གསོ་སྦྱོང་ལ་འདུ་བ་ལས་དོ་གལ་ཆེ་བ་ཅི་ཡང་མེད་ཀྱི། རྐྱེན་ཅི་བྱུང་ཞིང་བྲེལ་ཡང་མི་འདུར་མི་རུང་གི དེ་བས་ན་ཐམས་ཅད་འདུས་ཤིག་ཅེས་པའོ། །ཡང་ན་གསོ་སྦྱོང་ཕྱིས་བྱས་ལ་དེའི་སྔོན་དུ་དོ་གལ་ཆེ་བ་ཅི་ཡོད་ཅེའམ། མི་མཐུན་ཅིང་འདུ་བར་མི་འགྱུར་བའི་རྒྱུ་ཅི་ཡོད་ཅེའམ། གསོ་སྦྱོང་གི་ཐོག་མར་ཕྱག་དར་དང་བརྐྱང་ནུས་ལ་སོགས་བྱ་བ་ཅི་ཡོད་ཅེས་དྲིས་པའི་ལན་དུ། གསོ་སྦྱོང་བཅྭོ་ལྔ་པ་དང་བཅུ་བཞི་དང་བཀྲ་ཤིས་པ་དང་གནོད་པ་ཟློག་པ་ལྡུམ་པ་ལྔ་པོ་གང་བྱེད་ཀྱང་། རྐྱེན་དབང་གིས་མི་འདུ་བར་གནང་བ། བླ་མའི་ཆོས་ཀྱི་ཁྱད་པར་ཐོབ་ཏུ་ཆ་བ་དང་། ལམ་དུ་སྲོག་དང་ཚངས་སྤྱོད་ལ་གནོད་པ་དང་། ནད་པ་དང་། དབང་མེད་པ་དང་། ལམ་གྱིས་ཤིན་ཏུ་དུབ་པའི་དབང་གིས་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག གཞན་མཚམས་ནང་ན་འདུག་པ་འདུ་བར་འོས་པ་མ་འདུས་ན་ཉེས་བྱས་དང་། དགེ་འདུན་གྱི་ལས་མི་འཆགས་པར་འགྱུར་རོ། །དེ་ཡང་དགེ་སློང་མཚམས་དེར་གཏོགས་པ་ཁ་བསྐོང་བར་འོས་པ་ཞིག་ལུས་སམ་འདུན་པས་མ་འདུས་ན་འདུས་པ་རྗེས་སུ་མ་ཞུགས་པས་མི་མཐུན་པ་དང་། དེ་འདྲའི་དགེ་སློང་སྤྱོད་ལམ་མ་ཉམས་ངག་བསྡམས་འདུལ་བའི་བྱ་བ་ཤེས་ཞེ་འགྲས་མེད་པས་ལས་འདི་ཆོས་དང་མི་ལྡན་ནོ་ཞེས་བཟློག་པར་བྱེད་ན་ཕྱིར་ལོག་གིས་མི་མཐུན་པར་འགྱུར་བས། དེ་གཉིས་སྤང་བའི་ཕྱིར་འདུན་པ་འདྲི་ཞིང་། མ་ལྷགས་པ་འདུན་པ་ཕུལ་བ་དེ་སྣོད་དུ་རུང་བའི་ཕྱིར་ཡོངས་དག་དྲིའོ། །ཆོ་ག་ནི་ཆོ་གའི་གཞུང་དུ་བལྟ་བར་བྱའོ། །འདུན་པ་ཡོངས་དག་དྲིས་ནས་ལེན་པ་པོས་དགེ་སློང་ངམ། དགེ་འདུན་ལ་བརྗོད་པར་བྱའོ། །གསུམ་པ་མཆོད་ཅིང་ལུང་འབོག་པ་ནི། སྔོན་རྒྱལ་པོ་འཕགས་སྐྱེས་པོའི་བུ་སྤུན་གཉིས་ཡུལ་ཀ་ཕྱི་ལ་བསྡུ་ཞེས་པ་སྟེ། དེ་གཉིས་མྱུགས་པས། ཡུལ་ལྗོངས་མང་པོ་བཅོམ་ཞིང་ཕབ་ཏེ། དྲང་སྲོང་སེར་སྐྱས་རིལ་བའི་ཆུས་ཡུལ་བཅད་དེ་བྱིན་པས་སྐྱིད་ཅིང་གྲགས་པས་ཁྱབ་ནས་ཕ་བས་ཀྱང་འབྱོར་ཞིང་བརྟུལ་ཕོད་པར་གྱུར་པས་ཕོད་པ་ཞེས་པ་ཁྱིམ་པའི་ཕྱོགས་ཀྱི་རིགས་བཟང་བས་ཤཱཀྱའོ། །རབ་ཏུ་བྱུང་སྟེ་མཁྱེན་པ་རྣམ་པར་དག་པས་མུ་སྟེགས་རི་དྭགས་སྐྲག་པར་མཛད་པས་སེང་གེ་དེ་ལ་ནི། ལག་པ་གཉིས་ཀྱི་སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། ཉོན་མོངས་ལས་སོ་སོར་ཐར་པ་ཐོབ་པར་བྱེད་པའི་མདོ་གླེང་གཞི་དང་ཕམ་པ་དང་ལྷག་མ་དང་མ་ངེས་པ་དང་རིལ་གྱིས་གདོན་པ་ལྔ་དག་གདོན་པར་བྱ་ཡི་སློབ་མ་རྣམས་ཉོན་མོངས་ཀྱི་ཀུན་ནས་དཀྲིས་པ་གདུལ་བའི་དོན་དུ་ང་ལ་ཉོན་ཅིག བཞི་པ་ཡང་དག་པར་བསྒྲུབ་ཏུ་གཞུག་པ་ནི། མདོ་འདོན་པ་ཐོས་ནས་སྐུ་གསུང་ཐུགས་དྲང་པོར་སྲོང་བའམ་ཚུལ་ཁྲིམས་ཀྱི་ངང་ཚུལ་ཅན་ཡིན་པས་དྲང་སྲོང་། མུ་སྟེགས་ཉན་རང་ལས་ཁྱད་འཕགས་པས་ཆེན་པོ་སངས་རྒྱས་དེ་ཡིས་ཇི་སྐད་གསུངས་པ་བཞིན་འདུལ་བ་དང་འཇིག་རྟེན་དང་མི་འགལ་བར་བསྒྲུབ་པར་བྱ་ཞིང་། དམ་པས་སྨད་པའི་ཕྱིར་ཁ་ན་མ་ཐོ་བ་སྡིག་པ་ལ་བཅས་པ་དང་རང་བཞིན་གཉིས་ལས་ཕྲ་མོ་བཅས་པའི་སྡིག་པ་རྣམས་ལའང་མི་བརྙས་པར་བསྟུན་ཞིང་སྟེ་བསྲུང་བ་ལ་འབད་པ་དང་གུས་པ་ལྷུར་བྱེད་པ་ཉིད་དུ་བྱ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་ལྟ་ཅི་སྨོས། འགྱུར་ཁ་ཅིག་ཏུ་སྒྲིམས་ཤིང་མི་གཡེལ་བར་བྱའོ་ཞེས་འབྱུང་ངོ་། །རྟ་རྨུ་རྒོད་ལམ་དུ་མི་འཇུག་ཅིང་ལམ་མ་ཡིན་པར་འགྲོ་བ་ལ་ལྕགས་ཀྱིས་བཞུས་ཤིང་སྲབ་ཀྱིས་བསྒྱུར་དགོས་པ་བཞིན་དུ། སེམས་དགེ་བའི་ཕྱོགས་ལ་གཞུག་པའི་དུས་སུ་རྟག་ཏུ་འབད་པའི་བརྩོན་འགྲུས་ཀྱིས་ལྕགས་ཀྱི་བདའ་ཞིང་བསྐྱོད་དགོས་པའི་སེམས་ཀྱི་རྟ་རྒོད་མི་དགེ་བའི་ཕྱོགས་ལ་འཇུག་པའི་དུས་སུ། རླུང་ལྟར་འཕྱོ་ཞིང་འཚབ་ལ་འཐར་བས་དགེ་ཕྱོགས་ལ་ཁ་བླན་དཀའ་བ་ལ། བརྩོན་འགྲུས་ཀྱི་ལྕགས་ཀྱིས་བདའ་བ་དང་། ཚུལ་ཁྲིམས་ཀྱི་སྲབ་བསླབ་གཞིའི་རྐྱེན་དུ་འབབ་ཅིང་མཐུན་པའི་གཟེར་བུ་རྣོན་པོ་བརྒྱ་པ་ནི་མང་པོ་དང་ལྡན་པ་སྟེ། གྲངས་བརྒྱར་ངེས་པ་མ་ཡིན་ནོ། །སེམས་ཞེས་སྨོས་པས་བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་མེད་ཀྱི། སེམས་འབའ་ཞིག་འདུལ་བའི་དོན་ཏོ། །སེམས་གཟུགས་སྒྲ་སོགས་འདོད་ཡོན་ལ་གཡེངས་པ་ནི་རྟ་རྒོད་དང་འདྲ་བས་དེ་འགུགས་པའི་སྲབ་གཟེར་བུ་རྣོན་པོ་ཆད་ལས་བྱས་ཤིང་འགྱོད་པ་དང་བཤགས་པ་དང་མཐོལ་བས་སོ། །བརྒྱ་པ་ནི། སོ་ཐར་ལས་འདས་ན་ཆད་ལས་ཀྱི་སྒོ་མང་པོས་འགྱོད་ཅིང་ཡིད་མི་བདེ་མང་བའོ་ཞེས་ཀྱང་འབྱུང་ངོ་། །སེམས་འདུལ་བའི་ཐབས་དེ་ནི་སོ་སོར་ཐར་པ་འདི་ཡིན་ནོ། །ལྔ་པ་ཕན་ཡོན་བསྟན་པ་ནི། ཆེ་བའི་བདག་ཉིད་བསླབ་པ་འདོད་པ་གང་དག ཆད་ལས་བྱེད་པར་བརྩམས་པ་ཙམ་མམ། མི་བྱའོ་ཞེས་སོགས་ངག་ཙམ་གྱིས་བྱ་བ་མ་ཡིན་པ་ལས་ལྡོག་ཅིང་རྡོ་དབྱུག་མཚོན་ཆ་ཁུ་ཚུར་བསྣུན་པ་སོགས་དྲག་ཤུལ་མི་དགོས་པའོ། །བསླབ་པའི་མཚམས་ལས་ལྡོག་ཅིང་མི་འདའ་མི་འདྲལ་བ་དེ་དག་མིའི་ནང་ན་བཟང་པོ་རྟ་ཅང་ཤེས་བཟང་པོ་ལྟ་བུ་སྟེ། ཉོན་མོངས་པ་ནི་བདག་གཞན་ལ་གནོད་པས་དམག་གི་གཡུལ་ཏེ་དེ་ལས་ངེས་པར་རྒྱལ་ཞིང་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དྲུག་པ་མི་སྒྲུབ་པའི་ཉེས་དམིགས་ནི། མུ་སྟེགས་ཅན་དང་འདོད་པ་ལ་སྤྱོད་པའི་གང་ཟག་སུ་ལ་སོ་སོར་ཐར་པ་དང་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཀྱི་སྲབ་འདི་མེད་པ་དང་ནམ་དུ་ཡང་ལན་འགའ་ཙམ་ཡང་ཚུལ་ཁྲིམས་དང་མྱང་འདས་ལ་མངོན་པར་མི་ཕྱོགས་ཤིང་། འདོད་པ་ལ་གྱ་ཚོམ་དུ་སྤྱོད་པས་རྣམ་པར་གྲོལ་བ་མི་འདོད་པ་དང་འདྲ་བར་ཐོབ་པར་མི་འགྱུར་བ་ཉིད་དེ། ཉོན་མོངས་མང་པ་ཚོགས་པའི་གཡུལ་གྱིས་བདག་ཉིད་དཀྲུགས་ཤིང་ཕམ་པར་བྱས་པས། ཚུལ་ཁྲིམས་ལ་བརྟེན་པའི་ཞི་གནས་ལ་སེམས་འཇོག་པའི་དུལ་བ་དང་བྲལ་བའམ། གཟུངས་མེད་ཞེས་པས་སོ་སོར་ཐར་པའི་སྲབ་ཀྱི་གཟུངས་མེད་པས་འགྲོ་བ་ལྔར་ལན་མི་ཉུང་བར་རྣམ་པར་འཁྱམས་པར་འགྱུར་རོ། །གཉིས་པ་མདོ་འདོན་པ་དངོས་ལ་དྲུག གསོལ་བ་བྱ་བ། གླེང་གཞི་འདོན་པ། ཕམ་པ། ལྷག་མ། མ་ངེས་པ། རིམ་གྱིས་འདོན་པའོ། །དང་པོ་ལ་སྤྱིའི་དོན་ནི། ཚུལ་ཁྲིམས་ལ་སོགས་དགེ་བའི་ཕྱོགས་གསོ་ཞིང་འཕེལ་བར་བྱེད། ཉོན་མོངས་པ་དང་ཉེས་པ་སྦྱོང་ཞིང་ཟད་པར་བྱེད་པས་གསོ་སྦྱོང་ཞེས་བྱ་ལ། དབྱེ་བ་གཉིས་ལས་ཞི་གནས་ཀྱི་གསོ་སྦྱོང་ནི་དགེ་བའི་དམིགས་པ་ལས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམས་པས་ཉོན་མོངས་མངོན་དུ་རྒྱུ་དང་ཕྲ་རྒྱས་ཅི་རིགས་པར་སྤོང་བའོ། །མཐུན་པའི་གསོ་སྦྱོང་ནི། དགེ་འདུན་མཐུན་པས་གསོལ་བའི་ལས་བྱས་ཏེ་མདོ་འདོན་པ་ལྔ་གང་ཡང་རུང་བ་ཉམས་སུ་མྱོང་བར་བྱེད་པའོ། །འདི་ལ་དབྱེ་ན་བཅྭོ་ལྔ་པ་ལ་སོགས་པ་ལྔའོ། །ཟླ་བ་ཕྱེད་ཕྱེད་ཅིང་བྱེད་པ་ནི་དུས་དེར་དགེ་བ་འཕེལ་ཆེ་བ་དང་། མཚན་མ་གསལ་བས་འདུ་བ་མི་ཉམས་པ་དང་། དེ་བས་མྱུར་བ་དང་བུལ་བས་དགོན་པ་ལ་སོགས་པ་གཡེང་བ་དང་བསླབ་པ་ལ་གཡེལ་བར་འགྱུར་བས། དགོས་པ་ནི་ཚུལ་ཁྲིམས་ཉམས་པའི་ཉེས་དམིགས་དང་བསྲུངས་པའི་ཕན་ཡོན་དང་ཇི་ལྟར་སྲུང་བའི་ཚུལ་དྲན་པ་ལ་སྦྱར་བས་བསླབ་པ་རྣམ་པར་དག་པར་འགྱུར་བའོ། །ཚུལ་ནི་ས་ཕྱོགས་བརྒྱན་པ་དང་གཎྜི་བརྡུང་བ་ལ་སོགས་པ་སྦྱོར་བ་དང་། དངོས་གཞི་མདོ་འདོན་པ་དང་། རྗེས་བསྔོ་བ་དང་སྨོན་ལམ་ལ་སོགས་པ་བྱ་སྟེ། འཇིགས་པ་དང་བཅས་པར་འགྲོན་པོ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །བྱིན་གྱིས་བརླབ་པའི་ཆོ་ག་ལ་སོགས་པ་ནི་ལས་ཀྱི་གཞུང་དུ་བལྟའོ། །ཡན་ལག་གི་དོན་ནི། དགེ་འདུན་བཙུན་པ་ཞེས་བསྔགས་པའི་ཚིག་གིས་བོས་ནས་ཚོགས་པ་རྣམས་སེམས་གཞན་ལ་མ་གཡེངས་པར་རྣ་བ་གཏོད་ལ་གསོན་ཅིག ལྷག་པའི་སེམས་དང་ཤེས་རབ་བསྒོམས་པས་ལས་སྔ་མ་རྣམས་སྦྱོང་བ་ཞི་གནས་ཀྱི་གསོ་སྦྱོང་དང་། ལས་ཕྱི་མ་རྣམས་ཆུ་ལོན་གྱིས་མི་བྱ་བར་སྡོམ་པ་མཐུན་པའི་གསོ་སྦྱོང་གཉིས་ལས་དེང་འདིར་ནི་མཐུན་པའི་གསོ་སྦྱོང་བཅུ་བཞི་པའམ་བཅྭོ་ལྔ་པ་སྟེ། ཞེས་ཚེས་ཞག་གི་གྲངས་ཡང་དག་པ་ལ་ལྟོས་ནས་དུས་ཚིག་དྲུག་གི་རེ་རེ་ལ་བཞི་བཞི་སྟེ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་བཅྭོ་ལྔ་པ་ཡིན་ལ། འཇིག་རྟེན་ན་གྲགས་པའི་ཉིན་ཞག་གི་གྲངས་ལ་ལྟོས་ནས་དྲུག་ནི་བཅུ་བཞི་པ་སྟེ། དབྱར་དགུན་གྱི་ར་བ་དང་ཐ་ཆུང་། སྟོན་དཔྱིད་ཀྱི་འབྲིང་པོ་རྣམས་ཀྱི་གནམ་སྟོང་ངོ་། །ལྷག་མ་བཅྭོ་བརྒྱད་བཅྭོ་ལྔ་པའོ། །བཀྲ་ཤིས་ཀྱི་གསོ་སྦྱོང་ལ་ནི་དེང་བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ། ཞེས་སོགས་སྦྱར་རོ། །གལ་ཏེ་དགེ་འདུན་གྱིས་གསོ་སྦྱོང་གི་ལས་བྱ་བའི་དུས་ལ་བབ་ཅིང་བཞག་པར་མི་འོས་བྱ་བར་བཟོད་ན་དགེ་འདུན་གྱིས་ཅང་མི་སྨྲ་བས་གནང་བར་མཛོད་ཅིག་དང་། ལས་དེ་བཞག་པར་མི་འོས་ན་དེང་དགེ་འདུན་གྱིས་གསོ་སྦྱོང་མཛད་དོ་སྟེ་བྱའོ། །ལས་བརྒྱ་རྩ་གཅིག་ལས་གསོལ་བ་ཉེར་བཞི། གསོལ་གཉིས་བཞི་བཅུ་རྩ་བདུན། གསོལ་བཞི་སུམ་ཅུ་ལས་འདི་ནི་གསོལ་བ་ཉེར་བཞིའི་ནང་ཚན་ནོ། །གཉིས་པ་ལ་དྲུག་ལས། ལུང་འབོག་པ་ནི། གནས་བརྟན་ནམ་དེའི་འོག་མའམ་མདོ་འདོན་པ་པོ་གང་ཡིན་པ་དེས་ཚེ་དང་ལྡན་པ་དག་ཅེས་བོས་ནས། བདག་ཅག་དགེ་སློང་འདུས་པ་རྣམས་གསོ་སྦྱོང་བྱ་སྟེ། ཚུལ་ཇི་ལྟར་ཞེ་ན། སོ་སོར་ཐར་པའི་མདོ་འདོན་པར་བྱ་བ་འདོན་པའི་ཚུལ་གྱིས་ཏེ། ཁྱེད་ཅག་སུ་གང་ཡང་རུང་བ་ལ་ལྟུང་བ་ཡོད་ན་མཐོལ་ཅིག་སྟེ། བཤག་བྱ་བཤགས་པ་དང་བསྡམ་བྱ་སྡོམས་པ་དང་བྱིན་གྱིས་བརླབ་བྱ་རློབས་ཤིག་པའོ། །དེ་ཡང་ཟླ་ཕྱེད་ཚུན་ཆད་ཀྱི་ལྟུང་བྱེད་འབའ་ཞིག་པ་ལ་སོགས་པ་བཤག་པ་དང་། ཡིད་ཀྱིས་བསམ་པའི་ཉེས་བྱས་ལྟ་བུ་བསྡམ་པ་དང་། དགེ་འདུན་ལྷག་མ་དང་སྦོམ་པོ་ལ་སོགས་པ་དུས་དེར་ཕྱིར་བཅོས་པར་མི་ནུས་པ་བྱིན་གྱིས་བརླབ་པར་བྱ། ཡིད་གཉིས་ཟ་བ་དང་། ལྟུང་བ་མཐུན་པ་དང་མི་མཐུན་པ་ཕྱིར་འཆོས་པ་དང་། དུས་དེར་ལྟུང་བའི་ཕྱིར་རྩོད་པ་བྱུང་ན་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་ནི་གཞུང་ཉིད་དུ་བལྟའོ། །ལྟུང་བ་མེད་ན་ཅང་མི་སྨྲ་བར་ཕྱིར་བཅོས་ཀྱི་ལས་ཀྱང་མ་བྱེད་ཅིག ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་གསོ་སྦྱོང་གི་སྣོད་དུ་གྱུར་པའི་ཡོངས་སུ་དག་པར་རིག་པར་བྱའོ། །མཐོལ་ཅིག་མ་སྨྲ་ཅིག་དག་པར་རིག་པར་བྱའོ་ཞེས་པ་གསུམ་ལུང་འབོག་པ་ནི། འོག་ཏུ་དག་གམ། དག་ན་དེ་བཞིན་དུ་འཛིན་ཞེས་འབྱུང་བས་སོ། །གཉིས་པ་ཐབས་བསྟན་པ་ནི། ཇི་ལྟར་གསོ་སྦྱོང་ལ་འདུ་བའི་སྔོན་རོལ་དུ་ལྟུང་བ་ལ་མཐོང་སྡོམ་ལན་གསུམ་དུ་སོ་སོར་དྲིས་ནས་དགེ་སློང་གིས་དེའི་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་སོ་སོར་ཐར་པ་འདོན་པའི་འཁོར་འདུས་པ་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ལན་གསུམ་བསྒྲག་ཅེས་པ་འདི་ལ་འགྲེལ་པ་གསུམ་དུ། འོག་ནས་ཁྱེད་ཡོངས་སུ་དག་གམ་ལན་གཉིས་ལན་གསུམ་དྲིས། ཅང་མི་སྨྲ་ན་དེ་བཞིན་དུ་འཛིན་ཞེས་འབྱུང་བ་དེ་གཞུང་ཇི་བཞིན་དུ་མ་འཁྲུགས་པར་ལན་གཅིག་བཏོན་པ་ཉིད་ན། དྲིའོ་ཞེས་པ་དང་། ལན་གཉིས་ལན་གསུམ་དུ་དྲིའོ་ཞེས་པ་དེས་ལན་གསུམ་བསྒྲགས་པར་བྱས་པ་ཡིན་གྱི་ཚིག་དེ་གོང་དུ་བླངས་ནས་བསྒྲག་དགོས་པ་དང་། སྔར་གྱི་གླེང་གཞི་རྣམ་གཞག་གི་ཚིག་འདི་ལན་གསུམ་བཟླ་བ་མ་ཡིན་ཞེས་མཐུན་པར་བཤད་ཅིང་། ཡང་མི་བརྗེད་དྲན་བྱེད་དུ། འདུན་པ་ཡོངས་དག་ལེན་པའི་ཚེ་ལན་གསུམ་བཟླས་པ་དེ་བཞིན་དུ་འཁོར་གཙང་མ་འདི་ལྟ་བུར་ཡང་ལན་གསུམ་བསྒྲག་པར་བྱ་བའི་ཚིག་ནི་ཚེ་དང་ལྡན་པ་དག་ཅེས་པ་ནས་བསྒྲག་པར་བྱའོ་ཞེས་པའི་བར་གྱི་ཚིག་འདི་ཡིན་ཞེས་ཟེར་རོ། །གསུམ་པ་མ་དག་པའི་ཉེས་དམིགས་ནི། ཡང་དགེ་སློང་གང་ཡང་རུང་བ་སྤྱིར་བསྟན་ནས། དགེ་སློང་གི་སོ་སོར་ཐར་པ་འདོན་པའི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་སྟེ། འོག་ནས་འབྱུང་བའི་ཚིག་ལན་གཅིག་བསྒྲགས་པ་ན་དྲིའོ་ཞེས་དང་ལན་གཉིས་ལན་གསུམ་དྲིའོ་ཞེས་སྨོས་པ་དེ་ལན་གསུམ་བསྒྲགས་པ་ཡིན་གྱི། ཚིག་དེ་ལན་གསུམ་བཟླས་པར་མི་བྱའོ། །ལྟུང་བ་ཆོས་བཞིན་ཕྱིར་བཅོས་བྱར་ཡོད་ལ། འདིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པས་མི་དྲན་ན་ཉེས་པ་མེད་པའི་ཕྱིར་དྲན་བཞིན་དུ་མི་མཐོལ་ན་བརྫུན་སྨྲ་ལྔ་ལས་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། ཡིད་གཉིས་ཟ་ནའང་དངོས་གཞིར་འགྱུར་རོ། །བཤག་བྱ་རྫོགས་པ་ཡིན་གྱི་ཡིད་ཀྱི་བསྡམ་བྱ་མ་ཡིན་ཏེ། ཁ་འགྱུར་བ་ལ་སོགས་རིག་བྱེད་ཡོད་པའི་ཕྱིར། ཡང་ན་ཚིག་གིས་གོ་བར་བྱ་བ་དེ་ལུས་ཀྱིས་གོ་བར་བྱས་པས་སོ། །ཡང་བོད་ཀྱི་བླ་མ་དག ལུས་སུ་ཡང་མ་གྲུབ། ངག་ཏུ་ཡང་མ་གྲུབ་པར་དགེ་སློང་མར་མི་རུང་བ་མཆིས་སམ། ཡོད་དེ་ཟླ་མོའི་ཕམ་པ་འཆབ་ནའོ་ཞེས་ཞུ་བ་ལས་འབྱུང་ཞིང་། ཡིད་འབའ་ཞིག་ལ་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ། གསོ་སྦྱོང་མི་བྱེད་ནའོ་ཞེས་པས། བྱ་འོས་མི་བྱེད་པ་ལ་མ་བྱས་པ་ཉིད་ཐ་སྙད་ཡིན་པས་བཤག་བྱའི་ཉེས་པ་ལ་ལུས་ངག་ཏུ་གྲུབ་པས་མ་ཁྱབ། འགྲེལ་པའི་དེ་མི་བྱ་བ་བྱེད་པའི་དབང་དུ་བྱས་ཞེས་བཞེད་དོ། །ཚེ་དང་ལྡན་པ་དག་ཤེས་བཞིན་བརྫུན་དུ་སྨྲ་བ་ནི། བཅས་པ་དང་རང་བཞིན་གཉིས་ཀ་ལས་འདས་པའི་ལྟུང་བ་ལྷག་པར་སྤྱད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །བཞི་པ་དག་པའི་ཕན་ཡོན་ནི། རྒྱུ་མཚན་དེ་བས་ན་དགེ་སློང་བརྫུན་སྨྲའི་ཉེས་བྱས་ཀྱི་ལྟུང་བ་བྱུང་བ་ཙམ་ཡང་རྣམ་པར་དག་ཅིང་མྱ་ངན་ལས་འདའ་བར་འདོད་པས་བཤག་བྱ་ལ་སོགས་པའི་ལྟུང་བ་བཤགས་པ་སོགས་མ་བྱས་པར་ཡོད་ལ་མ་བརྗེད་པར་དྲན་ཞིང་། ལྕི་ཡང་གང་ཡིན་མཐོང་བ་དང་མཐོལ་བ་སྟེ་བཤགས་པ་སོགས་བྱའོ། །མཐོལ་ཞིང་བཤགས་ན་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ལ་རེག་པ་དང་མི་ཉམས་པར་གནས་པར་འགྱུར་གྱི་ཞེས་རྗེས་འགྲོ་དང་། མ་མཐོལ་མ་བཤགས་ན་ནི་བདེ་བ་ལ་རེག་པར་མི་འགྱུར་རོ་ཞེས་ལྡོག་པའི་སྒོ་ནས་བསྟན་ཏོ། །ལྔ་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་ཡིན་པ་དེའི་གླེང་གཞི་མདོ་འདོན་པ་དངོས་གཞི་འབྱུང་བའི་རྒྱུ་བཏོན་ཟིན་ཏོ་སྟེ། སྔར་འདོན་པར་བྱ་ཞེས་དམ་བཅས་པའི་མཇུག་བསྡུས་པའོ། །དྲུག་པ་གླེང་གཞི་རྣམ་གཞག་བསྒྲག་པ་ནི། གླེང་གཞི་བཏོན་པ་དེ་ལ་འདོན་པ་བདག་གིས་ཅི་ཞེས་དྲི་བ་གསོ་སྦྱོང་འདི་ལ་ཁྱེད་ཅག་ཡོངས་སུ་དག་གམ་སྟེ་ལྟུང་བ་མ་བྱུང་ངམ་ཞེས་འདྲི་བ་འདི་ནི་དྲི་བ་སྤྱི་ལ་སྙེགས་ནས་དྲིའོ་ཞེས་པ་དྲི་བ་དང་པོའོ། །ལན་གསུམ་ཁོ་ནར་དྲི་དགོས་པས་ལན་གཉིས་ལན་གསུམ་དུ་ཞེས་པ་སྟེ། ཉུང་ན་མི་ཐོས་མང་ན་དུས་ཡོལ་བའི་ཉེས་པ་འབྱུང་བས་གསུམ་རན་པར་དགོངས་ནས་དྲིའོ། །བཤགས་ཤིང་བྱིན་གྱིས་བརླབས་ནས་ལྟུང་བ་མ་བཅབས་པ་ཤ་སྟག་ཚོགས་པ་ཡིན་ནམ་ཞེས་པའོ། །ཅང་མི་སྨྲ་བས་འདུག་པ་དེ་དག་པ་དེ་བཞིན་ཁོ་ན་ཉིད་དུ་འཛིན་ནོ། །གླེང་གཞི་འདོན་པ་བསྟན་ཟིན་ཏོ། །གང་འདོན་པའི་མཚམས་ལས་འདས་པ་དང་། མཚམས་སུ་མ་ཕྱིན་པ་དང་། ཆོ་ག་བཞིན་མ་བྱས་ན་ཆོས་ལྡན་གྱི་ལས་བྱས་པར་མི་འགྱུར་རོ། །གསུམ་པ་ཕམ་པ་འདོན་པ་ལ། སྤྱིའི་རྣམ་པར་གཞག་པ་དང་། བྱེ་བྲག་གཞུང་ཚིག་བཤད་པ་གཉིས་སོ། །དང་པོ་ལ་སོ་ཐར་སྡོམ་པའི་རང་བཞིན་གཏན་ལ་དབབ་པ། བཅས་པའི་རྣམ་གཞག་ཇི་བཞིན་ངེས་པར་བྱ་བ། ཉམས་ལེན་སྒྲུབ་པའི་འབྲས་བུ་ལེགས་པར་བཤད་པའོ། །དང་པོ་ལ་ངོ་བོ་ངོས་བཟུང་། འཐོབ་པའི་རྒྱུ་བསྟན། ཉམས་པའི་རྐྱེན་བཤད་པའོ། །དང་པོ་ལ་རང་བཞིན་དང་དབྱེ་བ་གཉིས་ལས་དང་པོ་ནི། གང་སྤང་བར་བྱ་བ་འདོད་པ་ཁམས་སུ་གཏོགས་པའི་ཉོན་མོངས་མངོན་དུ་རྒྱུ་བ་དང་། དེས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་མི་དགེ་བ་ནི་སོ་སོར་ཐར་པའི་སྡོམ་པས་ཆུ་ལོན་ལྟ་བུར་འགོག་ཅིང་སྤོང་བ་ཡིན་ལ། ཁམས་གོང་མའི་ལས་ཉོན་གྱི་གཉེན་པོ་མི་བྱེད་པས། སྤོང་བྱེད་སྡོམ་པ་ཡང་འདོད་པ་ན་སྤྱོད་པའི་གང་ཟག་ལེགས་པར་སྤྱོད་པའི་རྒྱུད་ཀྱིས་བསྡུས་པ། དུས་ཇི་སྲིད་འཚོ་བའི་བར་དང་། བསྙེན་གནས་ཉིན་ཞག་པར་ངེས་པ། སྤང་བྱ་སྡོམ་མིན་འགོག་ཅིང་སྡོམ་པར་བྱེད་པ། ངོ་བོ་བྱེ་བྲག་སྨྲ་བས་སྐད་ཅིག་དང་པོ་རྣམ་པར་རིག་བྱེད་དང་། གཉིས་པ་ཕན་ཆད་རྣམ་པར་རིག་བྱེད་ཡིན་མ་ཡིན་སྤེལ་མར་འབྱུང་སྟེ། སྤང་བྱ་མངོན་གྱུར་སྤོང་བའི་བྱ་བ་དངོས་སུ་བྱེད་པའི་ཚེ་རྣམ་རིག་ཏུ་འབྱུང་ལ། ར་རོ་བ་དང་གཉིད་མཐུག་པོ་ལོག་པ་ལ་སོགས་པའི་ཚེ་རྣམ་པར་རིག་བྱེད་མ་ཡིན་པར་འདོད་དོ། །རྣམ་པར་རིག་བྱེད་ཡིན་མ་ཡིན་ནི་ལུས་ངག་གི་ལས་ཀུན་ནས་སློང་བའི་སེམས་པ་དེ། ལས་དེས་གཞན་ལ་གོ་བར་བྱེད་ནུས་མི་ནུས་ལ་བཞག་གོ །མདོ་སྡེ་པ་དང་སེམས་ཙམ་པ་དབུ་མ་པ་རྣམས། མི་མཐུན་ཕྱོགས་སྤོང་བའི་སེམས་བྱུང་སེམས་པ་ས་བོན་དང་མངོན་གྱུར་ཅི་རིགས་པར་བཞེད་དེ། སྤང་བྱ་མངོན་གྱུར་སྤོང་བའི་བྱ་བ་བྱེད་པའི་ཚེ་སྤོང་སེམས་མངོན་གྱུར་དང་། རྣམ་པར་གཡེངས་པ་ལ་སོགས་པའི་ཚེ་དབང་གི་ཚུལ་དུ་གནས་ཤིང་ས་བོན་སྦྱོར་བས་བརྟས་པར་བྱས་པས་ནུས་པ་མཐུ་ཅན་དུ་གྱུར་པ་ལ་དབང་ཞེས་ཟེར་རོ། །རེ་ཤིག་རྐྱེན་ཉེ་བར་གནས་ཀྱང་སད་པའི་མཐུ་མེད་པ་ནི་སྡོམ་པར་མི་རུང་ངོ་། །སེམས་པ་དེ་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་རྣམས་ཀྱང་དེ་དང་མཚུངས་ལྡན་གྱི་དབང་གིས་ནི་སྡོམ་པར་འགྱུར་རོ། །བར་མ་དགེ་བའི་སྐབས་འགའ་ཞིག་དུའང་། ཤ་མི་ཟའོ། །ཆང་མི་འཐུང་ངོ་སྙམ་པའི་སེམས་པ་ཡོད་མོད་ཀྱི། འོན་ཀྱང་སྡོམ་པས་ཡང་དག་པར་བསྡམས་ཤིང་མི་བྱ་བར་ངེས་པ་མ་ཡིན་ནོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། ཞེས་སོགས་ནི་ཆ་འདྲ་བའམ་ཕན་ཡོན་མཚུངས་པ་ལ་དགོངས་སོ། །གཉིས་པ་ལ་རིས་བདུན་ནམ་བརྒྱད་དེ། དགེ་སློང་ཕ་མ། དགེ་ཚུལ་ཕ་མ། དགེ་བསྙེན་ཕ་མ། བར་སློབ་མ། བསྙེན་གནས་སོ། །བར་སློབ་མ་དགེ་ཚུལ་མར་བསྡུས་ནས་བདུན་དང་། བསྙེན་གནས་ལ་ཇི་སྲིད་འཚོ་བ་དང་ཉིན་ཞག་པ་གཉིས་སུ་ཕྱེ་ནས་བརྒྱད་དུ་འདོད་པའང་ཡོད་དོ། །སངས་རྒྱས་པའི་འདོད་གཏོགས་ཀྱི་ཚུལ་ཁྲིམས་སྤོང་བ་བདུན་དང་ལྡན་ཞིང་སྤང་བྱ་མཐའ་དག་སྤོང་བ་ནི་དགེ་སློང་སྡོམ་པ། ཚུལ་ཁྲིམས་གང་ཞིག་ཐོབ་པས་དགེ་ཚུལ་དུ་འཇོག་བྱེད་སྤང་བྱ་བཅུ་སྤོང་བར་མནོས་པ་ནི་དགེ་ཚུལ་སྡོམ་པ། ཚུལ་ཁྲིམས་གང་ཞིག་ཐོབ་པས་དགེ་བསྙེན་དུ་བཞག་ཅིང་དགེ་བསྙེན་གྱི་སྤང་བྱ་ཅི་རིགས་སུ་སྤོང་བར་དམ་བཅས་པས་ཐོབ་པ་ནི་དགེ་བསྙེན་གྱི་སྡོམ་པ། རྟེན་ཕོ་མོས་ཕྱེ་བས་དྲུག དགེ་ཚུལ་མའི་ཚུལ་ཁྲིམས་ཉིད་ལ། སྐྱེས་པ་དང་རེག་པ་དང་ལྷན་ཅིག་ཏུ་འདུག་པ་དང་། གསེར་ལེན་པ་དང་། རྩྭ་སྔོན་གཅོད་པ་ལ་སོགས་སྤང་བྱ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྟེ་བཅུ་གཉིས་སྤོང་བར་ཁས་བླངས་པ་ཙམ་གྱིས་ཁྱད་པར་དུ་བྱས་པ་ནི་བར་སློབ་མའི་སྡོམ་པ་སྟེ། འོན་ཀྱང་བཅུ་གཉིས་སྤོང་བ་ཙམ་ནི་བར་དགེར་འཐད་ལ། སྡོམ་པའི་ཆ་ནི་དགེ་ཚུལ་མའི་ཉིད་ལས་ལོགས་ན་མེད་དོ། །སྡོམ་པ་གང་གིས་བསྙེན་གནས་པར་འཇོག་ཅིང་། དེར་ཁས་བླངས་པས་ཐོབ་པ། སྤང་བྱ་བརྒྱད་སྤོང་བ་ནི་བསྙེན་གནས་ཀྱི་སྡོམ་པའོ། །ཁ་ཅིག་བསྙེན་གནས་ཇི་སྲིད་འཚོའི་བར་དུ་སྲུང་བ་གོ་མིའི་དགེ་བསྙེན་ཡིན་ཟེར་ཏེ། གོ་མི་ཞེས་པ་བོད་སྐད་དུ་བཙུན་པ་ཟེར་བས་བཙུན་པའི་དགེ་བསྙེན་ཏེ་ཚངས་སྤྱོད་ཀྱི་དགེ་བསྙེན་དུ་འདུས་སོ། །དགེ་བསྙེན་ལ་སྤང་བྱ་གཅིག་སྤོང་བ་སྣ་གཅིག་སྤྱོད་པ། གཉིས་གསུམ་སྤོང་བ་ཕྱོགས་གཅིག་སྤྱོད་པ། བཞི་སྤོང་བ་ཕལ་ཆེར་སྤྱོད་པ། ལྔ་སྤོང་བ་ཡོངས་སུ་རྫོགས་པའི་དགེ་བསྙེན་ཟེར། ལུང་དུ་ཚངས་སྤྱོད་དགེ་བསྙེན་ཡང་གསུངས་སོ། །སྡོམ་པའི་རྫས་ནི་བཞིར་འདུས་ཏེ། ཕན་ཚུན་མཚན་གྱུར་པ་ལས་སྡོམ་པ་ལ་ཉམས་འཕེལ་མེད་པའི་ཕྱིར་རོ། །བསྙེན་གནས་ཞག་དང་ཟླ་བ་སོགས་སྦྲེལ་ནས་བར་མ་ཆད་དུ་བསྲུང་བའང་རུང་མོད། ཇི་སྲིད་འཚོ་བའི་བར་མ་ཡིན་པས་ཉིན་ཞག་པར་འདུས་སོ། །བསྙེན་གནས་ལ་སྤང་བྱ་བཅུ་ཡོད་ཀྱང་བརྒྱད་དུ་བཞག་པ་ནི། ཧ་ཅང་མང་ངོ་ཞེས་ཁྱིམ་པ་རྣམས་སྒྱིད་ལུག་པ་སྤང་བ་དང་། རྩེད་འཇོ་དང་རྒྱགས་པའི་ཆ་རྣམས་ཁྱིམ་པ་ལ་འཚང་ཆུང་བའི་ཕྱིར་རོ། །ལུས་ངག་གི་ལས་མི་དགེ་བ་བདུན་སྤོང་བ་ནི་སྤོང་བདུན་ཞེས་བྱ་ལ། དགེ་སློང་གི་སྤང་བྱའི་གྲངས་ནི་གཞུང་དུ་གསལ། དགེ་ཚུལ་གྱི་བཅུ་ནི། སྲོག་གཅོད་སོགས་བཞི། བག་མེད་ཀྱི་རྒྱུ་ཆང་། བརྟུལ་ཞུགས་ཉམས་པའི་རྐྱེན། གར་སོགས་ཕྲེང་སོགས་ཁྲི་སྟན་ཆེ་མཐོ། དུས་མིན་གྱི་ཟས། ཆོག་མི་ཤེས་པ་དང་འདོད་པ་ལ་ཞེན་པའི་རྒྱུ་རིན་ཆེན་བདག་གིར་འཛིན་པའོ། །འོན་ཀྱང་མེ་རེག་ལ་སོགས་བཅུ་གསུམ་མམ། ཉེར་གཉིས་ཙམ་མ་གཏོགས་དགེ་སློང་དང་ཆ་འདྲའོ། །དགེ་བསྙེན་གྱིས་འདོད་ལོག་དང་ཆང་སྤོང་། མི་ཚངས་སྤྱོད་མི་སྤོང་། བསྙེན་གནས་པས་དགེ་ཚུལ་གྱི་སྤང་བྱ་དགུ་དང་དོན་འདྲ་བར་སྤང་དགོས་སོ། །གཉིས་པ་འཐོབ་རྒྱུ་ལ། སྔོན་གྱི་ཆོ་ག་བཅུས་ཐོབ་པ་ནི། སྐྱེ་བ་སྔོན་མར་དགེ་རྩ་རྒྱ་ཆེན་བསྒྲུབས་ཤིང་། དགེ་བ་དང་རྒྱུ་དབང་པོ་སྨིན་པས་ཚེ་འདིར་འཕགས་ལམ་ཐོབ་པར་ངེས་པའི་གང་ཟག་ལ་འབད་པ་ཆུང་ངུས་སྡོམ་པ་སྐྱེས་པ་ཡིན་པས་རྒྱུའི་ངེས་པ་འདི་དག་མེད་ཅིང་། སྔོན་གྱི་བསྙེན་རྫོགས་བཅུ་ནི། སངས་རྒྱས་རང་བྱུང་གིས་དང་། རང་སངས་རྒྱས་མཁན་སློབ་མེད་པས་དང་། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། སོ་ཏ་ཡ་ན་དྲིས་པ་ལན་ལོན་པས་དང་། བཟང་སྡེ་དྲུག་ཅུ་སྐྱབས་གསུམ་ཁས་བླངས་པས་དང་། ཤཱཀྱའི་བུ་མོ་ལྔ་བརྒྱ་ལྕི་ཆོས་ཁས་བླངས་པས་དང་། མཆོད་སྦྱིན་མ་འཕྲིན་གྱིས་དང་། མཆོག་ཟུང་གཅིག་སོགས་ཚུར་ཤོག་གིས་དང་། གསོལ་བཞིས་གཅིག་ཆར་བསྙེན་པར་རྫོགས་པའོ། །ལུང་དུ་སྔ་མ་གཉིས་གཅིག་ཏུ་བྱས་ནས་ཐ་མ་ལ་གཉིས་ཀའི་དགེ་འདུན་ལས་རྫོགས་པ་ཕྱེ་བ་དང་། བླ་མའི་ཆོས་ཁས་ལེན་འཕྲིན་དུ་བསྡུས་ནས་གསོལ་བཞིས་རྫོགས་པ་ལ་དབུས་སུ་བཅུ་དང་། མཐའ་འཁོབ་ཏུ་ལྔ་ཚོགས་འབྱེད་པར་འདོད་པའང་འདུག་གོ །བུད་མེད་ལ་ཚུར་ཤོག་མེད་དོ། །དེ་དག་ནི་སྔོན་དགེ་བ་བསགས་ཤིང་སྨོན་ལམ་བཏབ་པའི་གང་ཟག་སྨིན་གསུམ་དང་ལྡན་པ་ལ་གནང་བའོ། །འཕྲིན་གྱི་ཚོགས་ནི་ད་ལྟའང་རྐྱེན་དང་ལྡན་ན་བྱར་རུང་ངོ་། །འཕགས་པ་ཐོགས་མེད་ཀྱིས་དགེ་ཚུལ་གྱི་སྡོམ་པ་དཀོན་མཆོག་གི་རྟེན་ལས་ལེན་པའང་གསུངས་ཤིང་། སྲོག་གཅོད་ཕྱོགས་གཅིག་སྤོང་བ་སོགས་སྡོམ་པའི་དབྱེ་བ་བརྒྱར་བཤད་དོ། །ཡང་འཕགས་པ་འཇམ་དཔལ་གྱིས་བུ་མོ་གསེར་མཆོག་འོད་དཔལ་རབ་ཏུ་བྱུང་བ་དང་། འཕགས་པ་བྱམས་པས་གཉན་ཡོད་ཀྱི་ཁྱིམ་བདག་སྟོང་ཕྲག་མང་པོ་རབ་ཏུ་བྱུང་བ་ལྟ་བུ་ནི་ཐེག་ཆེན་གྱི་རྣམ་གཞག་ཡིན་ཞིང་། འཇིག་རྟེན་གཞན་ན་རབ་བྱུང་གོས་ཁ་ཚར་ཅན་བཀྲ་བ་དང་། རིན་པོ་ཆེའི་རྒྱན་འཆང་བ་ལ་སོགས་པའང་ཡོད་པར་གསུངས་པས་གདུལ་བྱ་སོ་སོ་ལ་དགོངས་པའི་བཅས་པ་བསམ་གྱིས་མི་ཁྱབ་བོ། །ཡང་དགེ་སློང་དྲི་མེད་ཕམ་པ་ཅན་རྫོགས་པའི་བྱང་ཆུབ་ཆེན་པོར་དངོས་སུ་ལུང་བསྟན་པ་དང་། དགེ་སློང་དཔའ་སྦྱིན་འདོད་ལོག་སྤྱད་ཅིང་མི་བསད་པས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། མ་བསད་པའི་མཚམས་མེད་ཅན་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་པར་གསུངས་པ་ལ་སོགས་པ་ནི། ཐེག་ཆེན་གྱི་ཆེ་བ་བསྟན་པ་ཡིན་པས་རེ་ཞིག་འདིར་སྦྱར་དུ་མི་རུང་ངོ་། །འདིར་ནི་ལུང་དུམ་བུ་བཞི་རྩ་བའི་ལུང་དང་བཅས་པ་ལས་ཇི་ལྟར་གསུངས་པ་དང་། དེའི་འགྲེལ་པ་ཆེན་པོ་རྣམས་དང་མཐུན་པར་སྡོམ་པའི་གཏོང་ཐོབ་དང་སྲུང་ཚུལ་ཕྱིར་བཅོས་སོགས་ཁོང་དུ་ཆུད་པར་བྱའོ། །ད་ལྟར་གྱི་ཆོ་གའི་སོ་ཐར་གྱི་སྡོམ་པ་འཐོབ་པའི་རྒྱུ་ལ། རྟེན་གྱི་གང་ཟག་ནི། བྱང་མ་གཏོགས་པར་མིའི་གླིང་དུ་མིར་སྐྱེས་པ། ཟ་མ་དང་མ་ནིང་སོགས་རྣམ་སྨིན་གྱི་སྒྲིབ་པ་ཅན་མ་ཡིན་པ། མཚམས་མེད་བྱས་པ་དང་། མུ་སྟེགས་ཞུགས་པ་དང་། དགེ་སློང་མ་སུན་ཕྱུང་བ་ལ་སོགས་ལས་སྒྲིབ་ཅན་མ་ཡིན་པ། ཉོན་མོངས་རྒྱུན་གཅོད་པར་མི་ནུས་པའི་སྒྲིབ་པ་ཅན་མ་ཡིན་པ་སོགས་ཏེ། སྐྱེ་བའི་བགེགས་བྲལ་དང་། བུ་ལོན་ཅན་དང་། ཕ་མས་མ་གནང་བ་དང་། རྒྱལ་པོས་བཀྲབས་པ་སོགས་གནས་པའི་གེགས་མེད་པ། ལག་བསྡུམ་དང་སྐྲ་སེར་དང་ལྷམ་མཁན་དང་གདོལ་པ་ལ་སོགས་མཛེས་པའི་གེགས་མེད་པ། ནད་པ་སོགས་འཕེལ་བའི་གེགས་མེད་པ། ལུས་ནར་སོན་པ་དང་བསམ་པ་མྱང་འདས་ཀྱིས་ཟིན་པ་དང་། སྐྲ་དང་ཁ་སྤུ་བྲེགས་ཤིང་ངུར་སྨྲིག་གི་གོས་དང་ལྷུང་བཟེད་ལ་སོགས་ཚང་བས་མཐུན་རྐྱེན་དང་ལྡན་པ། མཁན་སློབ་དང་དགེ་འདུན་ལ་སོགས་ཇི་ལྟར་རིགས་པར་ཚོགས་པ་དང་། སྡོམ་པ་འབོགས་པའི་ངག་གི་རིག་བྱེད་སོགས་གཞན་གྱི་རྣམ་རིག་དང་། རྗེས་ཟློས་དང་ཐལ་མོ་སྦྱར་བ་སོགས་རང་གི་རྣམ་རིག་དང་། སྔོན་ནས་ལུས་ལ་ཡོད་པའི་འབྱུང་བཞི་དང་། གསར་དུ་མཐུན་རྐྱེན་གྱིས་བསྐྱེད་པའི་འབྱུང་བ་གསར་པ་བཞི་ཚན་བདུན་ལས་སྤོང་བདུན་རྫས་ཐ་དད་བདུན་སྐྱེས་ཤིང་། སྤོང་བ་བཞིར་སྐྱེས་ན་གསར་པ་ཚན་བཞི་ལས་སྐྱེ་བ་སོགས་ཤེས་པར་བྱའོ། །དགེ་བསྙེན་དང་བསྙེན་གནས་ལ་ཁྱིམ་པའི་རྟགས་བྲལ་མི་དགོས། ཐང་སྟོང་དུ་མ་རྙེད་ན་ལྷུང་བཟེད་དང་ཆོས་གོས་མ་ཚང་ཀྱང་ཉེས་མེད་ཀྱི་སྐབས་ཡོད། རིགས་བརྒྱད་པོ་རང་རང་གི་བསླབ་བྱ་ལ་ངེས་པ་ལྔ་དང་བྲལ་དགོས་ཏེ་ཡུལ་དུས་གང་ཟག་ཚེ་ཡན་ལག་རྣམས་ཕྱོགས་རེ་རེའི་ངེས་པ་དང་བྲལ་བའོ། །སྐྱབས་འགྲོའི་དགེ་བསྙེན་ནི་ཟ་མ་མ་ནིང་ལ་སྐྱེ་བའང་ཡོད་ཅིང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་སྐྱབས་འགྲོ་ངེས་པར་དགོས་ཤིང་། བསླབ་བྱ་ལའང་སློབ་དགོས་ཏེ། འདི་ཉམས་ན་རྟེན་ཉམས་པའི་ཕྱིར་སྡོམ་པའི་ནུས་པ་གང་ཡང་མི་འབྱུང་ངོ་། །རིགས་བརྒྱད་སོ་སོའི་རྒྱུ་དང་ཐོབ་ཚུལ་ཞིབ་པར་བྲིས་ན་ཡི་གེ་མང་བར་འགྱུར་བས་འཇིགས་སོ། །གསུམ་པ་ཉམས་པའི་རྐྱེན་ནི། བསླབ་པ་ཕུལ་ཉམས་དང་། ཚེ་འཕོས་པ་དང་། མཚན་གཉིས་གཅིག་ཅར་བྱུང་བ་དང་། དགེ་རྩ་གཅོད་པའི་ལོག་ལྟ་སྐྱེས་པ་དང་བཞི་ཐུན་མོང་གི་གཏོང་རྒྱུ། ཁྱད་པར་བསྙེན་གནས་མཚན་མོའི་མཐའ་འདས་ནས་གཏོང་ངོ་། །ཕལ་ཆེན་སྡེ་པ་དང་མདོ་སྡེ་པ་ཕམ་པའི་ལྟུང་བ་བྱུང་བས་གཏོང་། གོས་དམར་སྡེ་པ་བསྟན་པ་ནུབ་པས་གཏོང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ཕམ་པ་གང་བྱུང་བ་དེའི་ཆའི་སྡོམ་པ་མཁར་གྱི་ཟུར་རལ་བ་ལྟར་ཉམས་ཤིང་། གཞན་རྣམས་མ་ཉམས་པས་སྔར་ཉམས་པ་དེ་ཉེས་པ་ལ་སླར་སྦྱར་ཡང་ཉེས་བྱས། སྔར་མ་ཉམས་པ་དེ་ཉེས་པ་སྤྱད་ན་དངོས་གཞི་སྟེ་བུ་ལོན་ཅན་དང་ནོར་ཅན་བཞིན་ནོ། །ཁ་ཅིག་ཕམ་པ་གཅིག་བྱུང་ནས་ཉེས་པ་གང་བྱུང་ཡང་ཉེས་བྱས་ལས་ལྷག་པ་མི་འབྱུང་། སྡོམ་པ་ཐམས་ཅད་ཉམས་པ་ཡིན། ནོར་ཅན་ཞེས་པ་སྡོམ་པའི་ལྷག་མ་ཡོད་པ་ཙམ་ཡིན་ཟེར་བ་ནི་རྣམ་པར་འཁྱམས་པ་ཡིན་ཏེ། ནོར་གྱི་བྱ་བ་དབུལ་བ་ཅུང་ཟད་ཙམ་སེལ་བ་ཡང་མི་ལྡན་ཏེ། སྡོམ་པའི་བྱ་བ་གང་ཡང་མི་བྱེད་པའི་ཕྱིར། རས་ཡུག་གི་ཟུར་གཅིག་ཚིག་པས་ཐམས་ཅད་ཚིག་ན་ཧ་ཅང་ཐལ་ཞིང་། གྲུབ་མཐའི་བྱེ་བྲག་མ་ཕྱེད་པ་སྟེ། འདི་རྣམས་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་ལུང་རིགས་མང་དུ་སྣང་ཡང་རེ་ཤིག་བཞག་གོ །བྱེ་བྲག་སྨྲ་བས་ཕམ་པས་ཉམས་པ་དེ། དེ་ལ་སླར་སྦྱར་ཡང་ཉེས་བྱས་ལས་ལྷག་པ་མི་བསྐྱེད་ཅེས་དགག་པའི་ཚུལ་དང་། མདོ་སྡེ་པ་ཉེས་བྱས་ཙམ་གཅིག་བསྐྱེད་དེ་ཤ་ཚུགས་ཙམ་ཡོད་པས་སོ་ཞེས་སྒྲུབ་པའི་ཚུལ་དུ་འདོད་དེ་འདི་ཡང་ཇི་བཞིན་སྨྲ་བ་ཉུང་བར་སྣང་ངོ་། །སྔ་རབས་པའི་ནང་ཚན་སོ་ཤོར་འདོད་པ་ཁ་ཅིག་ཕམ་པ་གང་བྱུང་དེ་སྡོམ་པ་རྩ་བ་ནས་གཏོང་བར་འདོད་དེ། ཉིང་མཚམས་པའང་། ཉེས་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་གཉེན་པོ་སྡོམ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད། ཉེས་པ་གང་བྱུང་དེའི་སྡོམ་པ་བཏང་ཟེར་ལོ། །བར་སློབ་མས་འཁྲིག་པ་བསྟེན་པར་ཁས་བླངས་པས་གཏོང་། ཉི་ཤུ་མ་ལོན་པར་བསྙེན་རྫོགས་མ་ལོན་གོང་དུ་མ་ལོན་པར་ཤེས་ན་གཏོང་། མཚན་ལན་གསུམ་དུ་གྱུར་ན་སྡོམ་པ་ཐམས་ཅད་གཏོང་། དགེ་རྩ་ཐམས་ཅད་གཅོད་པའི་ལོག་ལྟ་ཆེན་པོ་མ་སྐྱེས་ན། གང་གི་ཆ་ལ་སྐྱེས་པ་དེ་གཏོང་བར་རིགས་སོ། །མདོ་སྡེ་པ་ནི་རྩ་བ་བཞིའི་ལྟུང་བ་བྱུང་ཡང་འཆབ་སེམས་མ་སྐྱེས་ན་ཕམ་པ་མ་བྱུང་བར་འདོད། དེ་ལ་ཆད་ལས་ཀྱིས་བསླབ་པ་སྟེར། བྱེ་བྲག་སྨྲ་བས་ཕམ་པ་བྱུང་ལ་འཆབ་སེམས་མ་སྐྱེས་པ་དེ་ལ་ཆད་ལས་ཀྱིས་བསླབ་པ་སྟེར་ཟེར་རོ། །གཉིས་པ་ལ། རྗོད་བྱེད་དང་བརྗོད་བྱ་གཉིས་ལས། དང་པོ་ནི། རྩ་བའི་ལུང་སོ་སོར་ཐར་པ་གཉིས་ཀྱིས་བསླབ་པ་བཅས་པའི་ཚིག་དང་། དོན་གྱི་ཆ་ཕན་ཡོན་དང་། ལྟུང་བའི་རྣམ་གཞག་ལ་སོགས་པ་བསྟན། བཤད་པའི་ལུང་དུམ་བུ་བཞི་ལས། གཞི་ཡིས་དོན་གྱི་ཆ་རབ་བྱུང་གསོ་སྦྱོང་དབྱར་གནས་དགག་དབྱེ་སོགས་གཞི་བཅུ་བདུན་བསྟན། རྣམ་འབྱེད་ཀྱིས་ནི་བསླབ་ཁྲིམས་རྩ་བ་བཞི་ལ་སོགས་པ་རྒྱས་པར་བསྟན། ཕྲན་ཚེགས་ཀྱིས་ནི། བསླབ་གཞི་ཕྲན་ཚེགས་དང་མ་ཚང་བ་རྣམས་ཁ་བསྐངས་ནས་གསུངས། ཞུ་བས་བཅས་པ་རྣམས་ཀྱི་མཚན་ཉིད་ལ་ཐེ་ཚོམ་བསལ་ཞིང་གཏན་ལ་ཕབ། འདུལ་བྱེད་ཀྱིས་དབྱེ་ཚུལ་དང་མཚན་ཉིད་རྣམ་པ་གཞན་ཡང་བསྟན་ཏོ། །གཉིས་པ་ལ་བཅས་པའི་ངོ་བོ། བཅས་པའི་རྒྱུ། བཅས་པའི་དགོས་པ། བཅས་པའི་ཕན་ཡོན། བཅས་པའི་དབྱེ་བ་དང་། བཅས་པ་ལྡོག་ཚུལ་དང་དྲུག་ལས། དང་པོ་ནི། ཐམས་ཅད་མཁྱེན་པས་གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་སྦྱར་ཏེ། འདི་ནི་བསྒྲུབ་པར་བྱ། འདི་ནི་འདོར་བར་བྱ། འདི་ནི་ཇི་ལྟར་རིགས་པའི་ཡུལ་དུས་དང་སྦྱར་ཏེ་བྱ། འདི་ནི་ཅི་དགར་བྱའོ། །འདི་ལས་འདས་ན་ཉེས་དམིགས་འདི་འགྱུར་རོ་ཞེས་གསུང་གི་མཚམས་བཟུང་ཞིང་འདའ་བར་བྱ་བ་མ་ཡིན་པར་རྒྱས་བཏབ་པའོ། །དེ་ཡང་གདུལ་བྱའི་དབང་གིས་གང་ཞིག་འཆིང་བའི་རྒྱུར་འགྱུར་བ་དེ་ནི་བཀག་ལ། གྲོལ་བའི་རྒྱུར་འགྲོ་བ་དེ་ནི་གནང་ངོ་། །དེས་ན་འགའ་ཞིག་གྲོལ་བའི་རྒྱུ་ནི་ལ་ལའི་འཆིང་བར་འགྱུར་བའང་ཡོད་པས། སངས་རྒྱས་ཐམས་ཅད་བཅས་པ་མཚུངས་པ་མ་ཡིན་ཏེ། སྟེང་ཕྱོགས་ཀྱི་འཇིག་རྟེན་ན་རབ་ཏུ་བྱུང་བ་སྐྲ་ལྕང་ལོ་དང་། གོས་ཁ་ཚར་ཅན་དང་། རྒྱན་རིན་པོ་ཆེ་དུ་མ་འཆང་བ་ཡོད་པར་བཤད་པས་སོ། །དེ་ཡང་གང་ཟག་དང་བསླབ་པའི་གཞི་ལ་སྟོན་པས་ཐེ་ཚོམ་བཟུང་བའི་ཆར་གྱུར་པ། ཕུང་པོ་ལྔ་ལས་ལྡན་མིན་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །བཅས་པ་དང་རང་བཞིན་གྱི་ཁྱད་པར་ནི། བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་གིས་འདས་ན་ཉེས་པར་འགྱུར་བ་དང་། སུས་སྤྱད་ཀྱང་སྡིག་ཏུ་འགྱུར་བ་སྟེ། ཀུན་སློང་ཉོན་མོངས་ངེས་པར་ཡོད་མེད་དང་གང་ཟག་སྡོམ་ལྡན་ངེས་པར་དགོས་མི་དགོས་རྐྱེན་དབང་གིས་གནང་བ་ཡོད་མེད་སོགས་ཏེ། བཅས་པས་ཁྱབ་པའི་རང་བཞིན་ལས་འདས་ན་ཁ་ན་མ་ཐོ་བ་གཉིས་ཀ་འབྱུང་ངོ་། །གཉིས་པ་རྒྱུ་ལ། དགག་པ་བཅས་པའི་དངོས་ཀྱི་རྒྱུ་ནི་རང་གཞན་ལ་གནོད་པ་དང་མ་དད་པ་ལ་སོགས་པ་རྒྱུ་མཚན་དུ་བྱས་ཏེ། ཡུལ་དང་གང་ཟག་ལ་སོགས་པའོ། །བརྒྱུད་ནས་སྡུག་བསྔལ་དང་ངན་འགྲོའི་རྒྱུར་འགྱུར་བ་དགག་པའི་ཕྱིར་རོ། །སྒྲུབ་པ་བཅས་པ་ནི། དངོས་སུ་རང་གཞན་ལ་ཕན་ཅིང་ཚངས་སྤྱོད་འཕེལ་བ་དང་དད་པ་སྤེལ་བ་ལ་སོགས་པ་རྒྱུ་མཚན་དུ་བྱས་ཤིང་། བརྒྱུད་ནས་མངོན་མཐོ་དང་ངེས་ལེགས་ཐོབ་པའི་ཕྱིར་དུའོ། །མདོར་ན་དགག་དགོས་དེ་དང་ལྡན་པའི་གང་ཟག་དང་ཀུན་སློང་དང་ཡུལ་དང་བྱ་བའོ། །གསུམ་པ་དགོས་པ་ནི། དངོས་བརྒྱུད་ཀྱི་དགག་དགོས་དེ་དག་ཁེགས་པ་དང་གྲུབ་པ་དང་ཕན་ཡོན་བཅུ་འབྱུང་བའོ། །བཞི་པ་ཕན་ཡོན་ནི་བཅུ་སྟེ། དགེ་འདུན་བསྡུ་བ་དང་། ལེགས་པར་བསྡུ་བར་བྱ་བ་དང་། བདེ་བ་ལ་གནས་པ་དང་། གནོང་མི་བཀུར་བ་ཚར་བཅད་པ་དང་། ངོ་ཚ་ཤེས་པ་བདེ་བར་གནས་པ་དང་། མ་དད་པ་དད་པར་བྱ་བ་དང་། དད་པ་ཕྱིར་སྤེལ་བ་དང་། ཚེ་འདིའི་ཟག་པ་བསྡམ་པ་དང་། མ་འོངས་པའི་ཟག་པ་བཟློག་པ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱེད་པ་སྟེ། དང་པོ་ནི་རིགས་བཞི་ཁྱིམ་སྤངས་ནས་རབ་ཏུ་འབྱུང་བའོ། །གཉིས་པ་ནི་འདོད་པ་སྤངས་ཤིང་ཆོས་ཀྱི་རྗེས་སུ་འཇུག་པའོ། །གསུམ་པ་ནི། ངལ་ཞིང་དུབ་པའི་མཐའ་སྤངས་པའོ། །དེ་ཉིད་ཕན་ཡོན་ལྔས་བཤད་དེ། །ཆོས་མི་མཐུན་སྤངས་པ་ནི་གནོང་མི་བཀུར་བ་ནན་ཏུར་གྱིས་ཚར་བཅད་པ་དང་། འགྱོད་པ་སེལ་བས་ངོ་ཚ་ཤེས་པ་འགྱོད་མེད་བདེ་བར་གནས་པ་དང་། ཡོ་བྱེད་རྐྱེན་དུ་བབ་པས་མ་ཞུགས་པ་ཞུགས་པ་དང་། ཞུགས་པ་རྒྱུད་སྨིན་པས་དད་པ་དང་། དད་པ་ཕྱིར་ཞིང་འཕེལ་བའི་ཕན་ཡོན་གཉིས་སོ། །ཉོན་མོངས་པའི་ཀུན་ནས་དཀྲིས་པ་གནོན་པ་ནི། ཚེ་འདིའི་ཟག་པ་སྡོམ་པ་དང་། ཉོན་མོངས་ཀྱི་བག་ལ་ཉལ་སྤོང་བས་ཕྱི་མའི་ཟག་པ་བཟློག་པ་སྟེ། དེ་དག་གིས་དགེ་འདུན་བདེ་བར་གནས་སོ། །བསྟན་པ་ཡུན་དུ་གནས་པ་ནི། མ་ཞུགས་པ་བདེ་བར་འཇུག ཞུགས་ཟིན་བདེ་བར་གནས་པའོ། །དེ་ལྟར་ཕན་ཡོན་བཅུ་ཡང་བཞིར་འདུས་སོ། །ཡང་ན་གསུམ་པ་དད་རྫས་སྦྱོར་བ། བཞི་པ་ཁྱིམ་པ་དད་པར་བྱེད་པ། ལྔ་པ་འཚང་འབྲུ་བ་དང་འཐབ་རྩོད་མི་བྱེད་པ། བཅུ་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྡེ་སྣོད་བརྗོད་བྱ་དང་བཅས་པ་གནས་པ། གཞན་རྣམས་སྔ་མ་བཞིན་ནོ། །ལྔ་པ་དབྱེ་བ་ནི་བྱུང་ལ་མ་བཅས་པ་ཤིང་ཐུན་གྱིས་གཏེར་བརྐུས་པ་ལྟ་བུ་ནི་རྟེན་སྡོམ་པ་དང་མི་ལྡན་ཞིང་། ནོར་ཅན་ལ་འཆའ་བར་བཞེད་པས། ཉེས་དམིགས་བྱུང་ཀྱང་བཅས་པ་མ་མཛད་པས་གླེང་གཞིར་ཡང་མི་འཐད་དོ། །བཅས་པ་མཛད་པ་ལ་དགག་སྒྲུབ་གནང་གསུམ་དང་། རྗེས་བཅས་སྦྱར་བས་དགུར་འགྱུར་ཏེ། ནོར་ཅན་གྱིས་ཤིང་བརྐུས་པ་ལ་མ་བྱིན་ལེན་གྱི་ཕམ་པ་བཅས་པ་ལྟ་བུ་དགག་པ། མུ་སྟེགས་འཕྱ་བ་སྤངས་པའི་ཕྱིར་གསོ་སྦྱོང་བྱ་བ་ལྟ་བུ་སྒྲུབ་པ། ཤཱ་རིའི་བུས་མུ་སྟེགས་ཚར་བཅད་པས་མུ་སྟེགས་ཀྱི་བསྟན་བཅོས་ཀླག་པར་གནང་བ་ལྟ་བུ་གནང་བའི་བཅས་པའོ། །དེ་ལ་རྗེས་བཅས་སྦྱར་ན་མཚན་ཉིད་མི་འདོར་བ་གསུམ་ནི། མི་ཚངས་སྤྱོད་བཅས་རྗེས་སུ། དགོན་པ་པས་སྤྲ་མོ་ལ་འཁྲིག་པ་བསྟེན་པས་ཐ་ན་དུད་འགྲོ་ལ་སྤྱད་ནའང་ཕམ་པར་འགྱུར་རོ་ཞེས་པ་ལྟ་བུ་དགག་པའི་རྗེས་སུ་དགག་པ། དབྱར་སྔ་མའི་ཁས་ལེན་དང་མདོམ་ཡང་གསོ་སྦྱོང་བྱ་བ་ལྟ་བུ་སྒྲུབ་པའི་རྗེས་སུ་སྒྲུབ་པ། གང་ཟག་གཞན་གྱིས་ཀྱང་ཉི་མའི་གུང་གི་ཆ་ལ་མུ་སྟེགས་ཀྱི་གཞུང་ཀློག་ཏུ་གནང་བ་ལྟ་བུ་གནང་བའི་རྗེས་སུ་གནང་བ་བཅས་པའོ། །མཚན་ཉིད་འདོར་བ་དྲུག་ནི། དགག་རྗེས་སུ་གནང་བ་ནད་པ་ལ་ཕྱི་དྲོ་ཟ་བ་ལྟ་བུ། དགག་རྗེས་སྒྲུབ་པ་དགེ་སློང་མ་ལམ་དུ་ན་བར་གྱུར་ན་ངེས་པར་འགྲོགས་དགོས་པ་ལྟ་བུ། སྒྲུབ་རྗེས་དགག་པ་ཞག་གཅིག་ཁོ་ནའི་དོན་དུ་གནས་ཀྱི་བླ་མ་མི་བསྟེན་པ་ལྟ་བུ། སྒྲུབ་རྗེས་གནང་བ། དབྱར་ནང་དུ་ཆོས་ལྡན་བྱ་བ་ལ་འགྲོ་བ་ལྟ་བུ། གནང་རྗེས་སྒྲུབ་པ་ཞག་བདུན་བྱིན་གྱིས་བརླབས་ཏེ་དབྱར་ནང་ནས་སོང་བས་བྱ་བ་མ་གྲུབ་ན་དེ་བས་ལྷག་པར་གནས་པ་ལྟ་བུ། གནང་རྗེས་བཀག་པ་མཆིལ་ལྷམ་གནང་ནས་སྐྲོག་སྐྲོག་ཟེར་བ་བཀག་པ་ལྟ་བུའོ། །མཚན་ཉིད་མི་འདོར་བ་གསུམ་ཆོས་ཀྱི་བཤེས་གཉེན་ནི་བཅས་པར་བཞེད་ལ། དུལ་བ་ལྷ་རྗེས་སུ་བཞེད་དོ། །བསླབ་པ་འཆའ་བའི་རྒྱུ་མཚན་གླེང་གཞི་ལའང་གྲོང་ཁྱེར་གང་དུ་བཅས་པ་ནི་གླེང་གཞིའོ་ཞེས་ཁྱད་པར་བཤེས་གཉེན་ཡུལ་ལ་བཞེད་དོ། །དྲི་མེད་བཤེས་གཉེན་ཡུལ་དང་གང་ཟག་དང་ཉོན་མོངས་པ་དང་ཉེས་པ་དང་བཞི་ཀ་ལ་བཞེད། ཆོས་ཀྱི་བཤེས་གཉེན་ནི་ཡུལ་དང་གང་ཟག་གླེང་གཞི་ནི་ཉེས་དམིགས་རྒྱུ་མཚན་ཉོན་མོངས་བྱེད་རྒྱུར་བཞེད་དོ། །རུང་མཐུན་གསུངས་ཕྱིན་ཆད་བཅས་པ་ཐམས་ཅད་གང་ཟག་ལ་ལྟོས་པ་ཤ་སྟག་སྟེ། ངོ་བོ་ཉིད་ཀྱིས་གནས་པ་ནི་མེད་ཅེས་མཁས་པ་དག་གསུངས་སོ། །དྲུག་པ་ལྡོག་ཚུལ་ནི། བསླབ་པ་འཆའ་བའི་རྒྱུ་མཚན་རྣམས་བཅས་པ་རྣམ་འཇོག་གི་རྒྱུ་ཡིན་ལ། བཅས་པ་ནི་དེས་བཞག་པའི་འབྲས་བུ་ཡིན་པས། རྒྱུ་མཚན་ལོག་ན་རྒྱུ་མཚན་ཅན་ལྡོག་པའི་ཕྱིར་རོ། །དེ་ཡང་ཡུལ་དུས་ལ་སོགས་པའི་དབང་གིས་དགག་བྱའི་རྣམ་པ་ཐམས་ཅད་ལོག་པ་ལྟ་བུ་ཡིན་གྱི། དངོས་ཀྱི་དགག་བྱ་མངོན་གྱུར་མེད་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་དང་ཆ་འདྲ་བ་དང་བརྒྱུད་པ་རྒྱུར་འགྲོ་བ་དང་དགག་བྱ་ཉེས་དམིགས་འདྲ་བ་ལ་མི་ལྡོག་གོ །ལྡོག་ཚུལ་བཞི་ལས། ས་སྟོངས་སུ་ལོག་པ་ལའང་ཡུལ་གྱི་སྟོབས་ཀྱིས་ལོག་པ་སྲིན་བལ་ཤིན་ཏུ་མོད་ཅིང་རིན་ཆུང་བའི་ཡུལ་དུ་ལྟུང་བ་མེད་པ་ལྟ་བུ། དུས་ཀྱིས་ལོག་པ་ཉི་མ་གཞན་ལ་རྩིག་པ་རིམ་པ་ལྷག་ཀྱང་ཉེས་པ་མེད་པ་དང་མུ་གེའི་ཚེ་གསོག་འཇོག་ལོག་པ་ལྟ་བུ། གང་ཟག་གི་བྱེ་བྲག་ཆོས་བླ་མའི་མཐུ་ཅན་གྱིས་མ་བསྐོས་པར་ཆོས་བསྟན་ཀྱང་ཉེས་པ་མེད་པ་ལྟ་བུ། དངོས་པོའི་དབང་གིས་ཁྲི་རིན་པོ་ཆེ་ལས་བྱས་པ་མ་བསྡུས་ཀྱང་ཉེས་མེད་ལྟ་བུ། གང་ཟག་གི་དབང་གིས་སྨྱོ་བ་ལ་ལྟུང་མེད་ལྟ་བུ། དངོས་པོའི་དབང་གིས་ལྷུང་བཟེད་འབྲེལ་མེད་འཆང་བ་ལྟ་བུའོ། །གཉིས་པ་སྐྱོན་གྱིས་ནུར་ཤུགས་ཀྱིས་ལོག་པ་ལ་ནི། ཉེས་དམིགས་མཐོང་ཀྱང་བསྒྲུབ་མི་ནུས་པས་ལོག་པ་སྟེ། ཡུལ་ཨསྨ་པ་རན་ཏར་ཀོ་ལྤགས་ལ་ཉེས་མེད་ལྟ་བུ། དུས་ཀྱི་དབང་གིས་ཁུར་ཚ་བ་སྙེག་པའི་ཕྱིར་ལག་ཉར་བླང་བ་ལྟ་བུའོ། །གསུམ་པ་ཟིལ་གནོན་དུ་ལོག་པ་ནི། དགག་དགོས་ཆེ་བས་ཆུང་བ་ཟིལ་གྱིས་མནན་པ་སྟེ། ཡུལ་ཨསྨ་པ་རན་ཏར་ཁྲུས་བྱེད་པ་ལ་ཉེས་མེད་ལྟ་བུ། གནས་སྐབས་ཀྱི་ལོག་པ་གནས་ཀྱི་བླ་མ་མེད་པར་གསོ་སྦྱོང་དང་དབྱར་གནས་བཀག་པ་ལྟ་བུ། དུས་ཀྱི་འདུས་པ་ཆེན་པོའི་ཚེ་འདུས་ཤིང་ཟ་བ་ཉེས་མེད་ལྟ་བུ། གང་ཟག་གི་བྱེ་བྲག་ནད་པས་བསོད་པ་སློང་བ་ལྟ་བུ། དངོས་པོའི་དབང་གིས་དགེ་འདུན་གྱི་དབྱིག་ཆུད་ཟ་བ་སྤང་བའི་ཕྱིར་ས་བརྐོ་བ་དང་རེག་པ་ལ་ཉེས་མེད་ལྟ་བུ། ཆེད་དུ་བྱ་བ་དགེ་འདུན་འཁྲུག་པ་ཞི་བའི་ཕྱིར་གནས་ནས་སྐྲོད་པ་ལ་ཉེས་མེད་ལྟ་བུའོ། །བཞི་པ་བཟློག་པ་ལ་ཞུགས་ཚུལ་ལ་གཉིས་ལས། དང་པོ་བྱ་བ་བཟློག་པ་ལ་ཞུགས་ཚུལ་བྱས་པའི་དགག་བྱ་དེ་མ་བྱས་པ་ལ་བྱུང་བ་སྟེ། གང་ཟག་དེ་ལ་གནོད་པ་སྤོང་བའི་ཕྱིར་སྐྲོད་པ་བཀག་པ་ལས། སྲོག་དང་ཚངས་སྤྱོད་ལ་གནོད་པ་འབྱུང་བར་ཤེས་བཞིན་དུ་མ་བསྐྲད་ན་ཉེས་པར་འགྱུར་བ་ལྟ་བུ་སྟེ། ཡུལ་དུས་གནས་སྐབས་ལ་སོགས་པ་རྒྱ་ཆེར་སྦྱར་བར་བྱའོ། །གཉིས་པ་གཞི་བཟློག་པ་ལ་ཞུགས་ཚུལ་ནི་བལ་ནག་གི་དགག་བྱ་བལ་དཀར་པོ་ལ་ཞུགས་པ་ལྟ་བུ་དགག་བྱ་ལོག་པ་དང་། དགོས་པ་ལོག་པ་ལོ་བཅུ་ལོན་ཞིང་ལྔ་ཕྲུགས་ཚང་བས་གནས་ཀྱི་བླ་མ་ལ་མ་བསྟེན་ཀྱང་ཉེས་མེད་ལྟ་བུ་སྟེ་ཡུལ་དུས་ལ་སོགས་རྒྱ་ཆེར་སྦྱར་རོ། །དགག་པའི་བཟློག་བྱེད་སྒྲུབ་པ་དང་། སྒྲུབ་པའི་བཟློག་བྱེད་དགག་པ་བྱུང་བས། དགག་པའི་རྗེས་སུ་སྒྲུབ་པ་དང་། སྒྲུབ་པའི་རྗེས་སུ་དགག་པ་བྱུང་བ་ཡིན་ཏེ། བཅས་པའི་དབྱེ་བ་དང་སྦྱར་ལ་ཞིབ་ཏུ་ཤེས་པར་བྱ་སྟེ་ཡི་གེ་མང་བས་འཇིགས་ནས་མ་སྤྲོས་སོ། །དེ་ལྟར་བཅས་པ་ལོག་པ་ཡང་བཅས་པ་རྐྱང་པ་རྣམས་ལ་དགག་དགོས་ཀྱི་དབང་གིས་གསུངས་པ་ཡིན་གྱི། རང་བཞིན་གྱིས་སྡིག་ཏུ་འགྱུར་བ་རྣམས་ལ་ནི་སྦྱར་དུ་མི་རུང་ངོ་། །གསུམ་པ་འབྲས་བུ་ལ། ཐོབ་པ་ཕན་ཡོན་གྱི་འབྲས་བུ་དང་། ཉམས་པ་ཉེས་དམིགས་ཀྱི་འབྲས་བུ་གཉིས་ལས། དང་པོ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ཡེ་ཤེས་ཐོབ་པར་འགྱུར། བདེ་འགྲོར་འགྲོ་བས་འཆི་བའི་ཚེ་འགྱོད་པ་མེད་པར་འགྱུར། ཕྱོགས་བཅུར་སྙན་པའི་གྲགས་པས་ཁྱབ་པར་འགྱུར། སེམས་གདུང་བ་མེད་པས་བདེ་བར་གཉིད་ལོག་པར་འགྱུར། གཉིད་ལོག་པའི་ཚེའང་ལྷ་རྣམས་ཀྱིས་བསྲུང་བར་འགྱུར། འཇིགས་པ་དང་རྔངས་པ་མེད་པར་འགྱུར། མི་དང་མི་མ་ཡིན་པ་གླགས་ཚོལ་བ་དག་སླར་ལྡོག་ཅིང་བསྲུང་བར་འགྱུར། ཚེགས་ཆུང་ངུས་ཆོས་གོས་ལ་སོགས་པ་རྙེད་པར་འགྱུར། ཇི་ལྟར་སྨོན་པའི་སྨོན་ལམ་འགྲུབ་པས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་སྟེ་མཐོང་བ་དང་མ་མཐོང་བའི་འབྲས་བུ་ཇི་ལྟར་རིགས་པའོ། །གཞན་ཡང་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་བྱེད་པ་དང་། ཕམ་པའི་ལྟུང་བ་སྤངས་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བ་སོགས་འདོད་པའི་བདེ་འགྲོ་མཐོ་རིས་དང་། མཐར་རྫོགས་པའི་སངས་རྒྱས་ཐོབ་པའི་བར་དུའོ། །གཉིས་པ་ནི། སྔར་གྱི་ཕན་ཡོན་ལས་བཟློག་ཅིང་། ཡོན་ཏན་ཐམས་ཅད་ཤིང་ཏ་ལའི་མགོ་བཅད་པ་ལྟར་འགྱུར་ལ། ཕམ་པའི་འབྲས་བུས་ཚ་བ་དང་རབ་ཚའི་དམྱལ་བར་སྐྱེ་བ་དང་ཁུ་བ་ཕྱུང་བས་ཆུ་བུར་ཅན་གྱི་དམྱལ་བར་སྐྱེ་བ་ལ་སོགས་པ་སྟེ། ཉོན་མོངས་པས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། ཉམས་བཅས་རྙེད་པ་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨད། ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་བསྐྱེད། ཞེས་སོགས་དང་། ཚུལ་ཁྲིམས་འཆལ་པ་ངན་འགྲོ་དེར་འགྲོ་སྟེ། དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། ཞེས་སོགས་གསུངས་པས། ཕན་ཡོན་དང་ཉེས་དམིགས་དྲན་པས་བསླབ་པ་བསྲུང་བ་ལ་བརྩོན་པར་བྱའོ། །གཉིས་པ་བྱེ་བྲག་གཞུང་བཤད་ལ་སྤྱིར་བསྟན་པ་དང་། ཕམ་པ་སོ་སོར་བཤད་པ་དང་། ཐུན་མོང་གི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། སྡོམ་ནི། ཞེས་པ་བཀའ་བསྡུ་བ་པོས་སྐྱེ་བོ་བློ་དམན་པ་དག་ཡན་ལག་ལ་སྒྲོ་སྐུར་གྱི་མཐའ་སྤང་བའི་ཕྱིར་སྡོམ་ཚིག་མཛད་དེ། སྤྱི་སྡོམ་ནི་སྤྱིའི་དོན་བསྡུས་པ། ཤེས་བཞིན་དང་ནི་ས་བོན་དང་། ཞེས་སོགས་བཅུ་ཚན་དགུའི་སྤྱི་བསྡུས་པ་ལྟ་བུ་དང་། དངོས་ཀྱི་དོན་བསྡུས་པ་སྡོམ་དང་། སྤང་ལྟུང་སུམ་ཅུའི་བར་བར་དུ་ཡན་ལག་གི་འཕྲོས་རྣམས། བསྡུས་པའི་བར་སྡོམ་ལྟ་བུ་དང་གསུམ་མོ། །མི་ཚངས་སྤྱོད་དང་རྐུ་བ་དང་། མི་ལ་བསད་པར་མི་བྱ་བ་ཞེས་པའི་བར་གྱི་ཚིག་འདི་གོང་འོག་ཏུའང་སྦྱར་ཏེ། མི་ཚངས་སྤྱོད་མི་བྱ། བརྫུན་དུ་སྨྲ་བར་མི་བྱ། བརྫུན་དང་བཅས་པའི་མཚན་ཉིད་འཛིན་པའི་ཆོས་བཞི་པོ་མདོ་འདོན་པའི་སྐབས་འདིར་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། ཚེ་དང་ལྡན་པ་དག་གཞན་རྒྱལ་བར་བྱེད་པས་ཕམ་པ་དེ་བྱེད་པར་འགྱུར་བའི་ཆོས་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པ་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ་སྟེ། འདུལ་བའི་སྡེ་སྣོད་ཡི་གེར་མི་བྲི་བ་ཡིན་པས་ཀུན་ལ་མངོན་དུ་མ་གྱུར་པའི་ཕྱིར། གསོ་སྦྱོང་གི་ཚེ་མདོ་འདོན་པའི་ཁ་ལས་འབྱུང་གི བསྙེན་པར་མ་རྫོགས་པ་ལ་འདུལ་བའི་གསང་འདི་སྨྲ་བར་མི་བྱའོ། །བསླབ་པའི་གཞི་རེ་རེའང་ཉི་ཤུ་རྩ་གཅིག་གིས་བཤད་པར་བྱ་སྟེ། གླེང་གཞི། གང་ཟག ཉེས་པ། གཞི། ཉོན་མོངས། ཚིག་དོན། ལྟུང་བར་འགྱུར་མི་འགྱུར་གཉིས། ཡན་ལག ཀུན་སློང་། བརྡ། རྒྱུན་ཆད་མ་ཆད། ཁ་ན་མ་ཐོ་བ། བྱ་མི་བྱ། སྤྱད་མ་སྤྱད། ལྕི་ཡང་། སྤྱིའི་མཚན་ཉིད། ལྡང་བར་མི་བྱེད་པ། ཉོན་མོངས་ཅན་ཡིན་མིན། ལྟུང་བ་འབྱུང་རྒྱུའོ། །ཉེས་པ་ནི་ལུས་ངག་གི་ཉེས་སྤྱད། གཞི་སེམས་ཅན་ཡིན་མིན་གཉིས་སམ། འཁྲིག་པའི་གཞི་ལ་སོགས་དྲུག་ཅུ་རྩ་ལྔ། ཉོན་མོངས་ཀུན་བརྟགས་ལྷན་སྐྱེས་གཉིས་སམ། འདོད་ཆགས་ལ་སོགས་ཉེར་ལྔ། ཚིག་དོན་ཉོན་མོངས་རྒྱལ་བས་ཕམ་པ་ཞེས་པ་ལྟ་བུ། བརྡ་མིང་། ཁ་ན་མ་ཐོ་བ་ཉོན་མོངས་པས་སྤྱད་མ་སྤྱད་ཀྱི་རང་བཞིན་དང་བཅས་པའི་གཉིས། བྱ་མི་བྱ་སྦྱོར་བ་བྱས་མ་བྱས། སྤྱད་མ་སྤྱད་ནི་ཉེས་པར་གྱུར་ནས་བཅས་པ་དང་མ་གྱུར་ཀྱང་བཅས་པ། སྤྱི་མཚན་ལུས་ངག་གི་ལས། ལྡང་བ་ཕྱིར་བཅོས་ཆེ་ཆུང་། རྒྱུ་ངོ་ཚ་མེད་པ་དང་མ་གུས་པ་ལ་སོགས་བཞིའོ། །གཞན་རྣམས་གོ་སླ་ཞིང་ལྟག་འོག་ཏུའང་འཆད་དོ། །ཡང་ན་གླེང་གཞི་དང་། བསླབ་པ་བཅས་པ་དང་། ལྟུང་བ་རྣམ་གཞག་དང་གསུམ་གསུམ་གྱིས་བཤད་པར་བྱའོ། །གླེང་གཞི་ཡུལ་གང་ཟག་ཉོན་མོངས་ཉེས་པ་བཞི་བཞིས་རྟོགས་པར་བྱ། བསླབ་པ་བཅས་པ་འཇིག་རྟེན་དང་འདུལ་བ་དང་འགལ་བ་བཟློག་པའི་དབང་གིས་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དགག་པ་གཉིས། ལྟུང་བ་རྣམ་གཞག་དངོས་གཞི་དང་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ཅི་རིགས་པར་བཞག་གོ །དེ་ཡང་ལོ་བཅུ་གཉིས་སུ་དགེ་སློང་རྣམས་ཚུལ་ཁྲིམས་ལ་སྐྱོན་གྱི་འཕན་མེད་ཅིང་རྣམ་པར་དག་པ་ལས་བཅུ་གསུམ་པ་ལ་བཟང་སྦྱིན་གྱིས་མི་ཚངས་པར་སྤྱད་པས་ཕམ་པར་བཅས་སོ། །རྣམ་འབྱེད་འགྲེལ་པར། ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་བཅུ་གཉིས་ཡིན་གྱི་སངས་རྒྱས་ནས་དྲུག་ཡིན་པར་བཤད་དོ། །སོ་སོར་བཤད་པ་ལ་བཞི་ལས་མི་ཚངས་སྤྱོད་ཀྱི་གླེང་གཞི་ཡུལ་སྤོང་བྱེད། གང་ཟག་བཟང་སྦྱིན། ཉོན་མོངས་འདོད་ཆགས། ཉེས་པ་མི་ཚངས་སྤྱོད། རྗེས་བཅས་ཀྱི་རྒྱལ་པོ་ཁབ་ཏུ་དགོན་པ་པ་ལའོ། །ལྟུང་བའི་རྣམ་གཞག་ལ། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི། བཞི་ལ་ཡུལ་དང་གང་ཟག་གཉིས། བསམ་པ་ལ་འདུ་ཤེས་ཀུན་སློང་གཉིས། སྦྱོར་བ་ལ་དངོས་རྒྱུ་སྦྱོར་བ་དང་རིང་རྒྱུ་སྦྱོར་བའི་སྦྱོར་བ་གཉིས། མཐར་ཐུག་བྱ་བའི་འབྲས་བུ་རྫོགས་པ་སྟེ། འོག་མ་རྣམས་སུ་ཡང་ཕལ་ཆེ་བ་ལ་སྦྱར་བར་བྱའོ། །ལས་དང་པོ་པ་ཐམས་ཅད་ལྟུང་མེད་ཡིན་པས། ད་ཕྱིན་ཆད་སྤྱད་ན་ལྟུང་བར་འགྱུར་བ་སྟོན་པས་ན་ཡང་དགེ་སློང་མིང་དང་ཁས་འཆེ་བ་དང་ཉོན་མོངས་བཅོམ་པ་དང་སློང་བའི་དགེ་སློང་མ་གཏོགས་ཏེ་གང་ཟག་གསོལ་བཞིས་རྫོགས་པའི་དགེ་སློང་གང་ཡང་རུང་བའོ། །སྔོན་ཆོག་གིས་རྫོགས་པ་ནི་ཕམ་པ་ལ་སྦྱོར་བ་མི་སྲིད་དོ། །ཚངས་པ་མཚུངས་པར་སྤྱོད་པའི་དགེ་སློང་རྣམས་ལོ་བརྒྱ་ལོན་པ་དང་། རྫོགས་མ་ཐག་པ་དང་ལྷན་ཅིག་མཉམ་པ་གསུམ་གྱིས་ཕན་ཚུན་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་ཕུལ་བ་དང་ཉམས་པ་ལ་སྡོམ་པ་མེད་པས་ལྟུང་བ་རྣམ་གཞག་མེད་པའི་ཕྱིར་མ་ཕུལ་ཞིང་ཉམས་པར་མ་བྱས་པར་སྦྱོར་བ་སོགས་ཚངས་པ་མྱ་ངན་ལས་འདས་པ་དང་མི་མཐུན་པའི་ཆོས་བསོད་ནམས་མ་ཡིན་པར་སྤྱོད་པས་མི་ཚངས་པར་སྤྱོད་པ་སྟེ། མི་ཞེས་པའི་དགག་ཚིག་མེད་པ་འགལ་བ་ངན་པ་རྩ་བ་གཞན་པ་འདྲ་བ་དྲུག་ལ་འཇུག་ཀྱང་། འདིར་འགལ་བའི་དོན་ནོ། །དེ་ལྟ་ན་ཁ་ན་མ་ཐོ་བ་ཐམས་ཅད་མི་ཚངས་སྤྱོད་དུ་འགྱུར་རོ་ཞེ་ན། དེ་བསལ་བའི་ཕྱིར་འཁྲིག་པ་ཞེས་སྨོས་སོ། །ཁ་ཅིག་རང་གི་དང་གཞན་གྱིར་རམ། ཕར་རྩོལ་ཚུར་ལེན་གྱིས་མི་ཚངས་སྤྱོད་དང་འཁྲིག་པར་འདོད། ཕན་ཚུན་གཉིས་ཀྱིས་རྟེན་ཡུལ་གཉིས་སྤྱོད་པ་འཁྲིག་པ་ཆོས་མ་ཡིན་པ་བསྟེན་ཅིང་བྱས་ན། ཐ་ན་མི་ཁོ་ནར་མ་ཟད་སྤྲ་མོ་སོགས་དུད་འགྲོའི་སྐྱེ་གནས་དང་ལྷན་ཅིག་བསྟེན་ཀྱང་རུང་སྟེ། དགེ་སློང་གི་དངོས་པོ་ཡོད་པ་དེ་ཕམ་པར་གྱུར། མཐར་གྱུར་ཐ་ཆད་དུ་གྱུར་པ་ཡིན་གྱི་གནས་པ་སྟེ། གསོ་སྦྱོང་དགག་བྱེད་དང་གསོལ་བའི་ལས་ལ་སོགས་པའི་གནས་སུ་འདུག་པ་དང་ལས་སུ་བསྐོ་བ་མི་བྱའོ། །འདིར་བསླབ་པ་ཕུལ་བ་ནི་བཏང་བས་སྡོམ་པ་མེད་པར་བྱས་ཉམས་པས་ཡུལ་མཐུ་མེད་པར་བྱས་པ་སྟེ། ངོ་བོ་གོ་བར་བྱས་པ་དང་རྒྱུ་གོ་བར་བྱས་པའོ། །ཡུལ་ཐ་སྙད་དང་ལྡན་པའི་དྲུང་དུ་སྡོམ་པ་གཏོང་བར་འདོད་པས་བསླབ་པ་འབུལ་ལོ་ཞེས་ངོ་བོ་དང་མདོ་སྡེ་གཏོང་བ་སོགས་རྒྱུ་དང་། མཁན་པོ་སྤོང་སོགས་ཉེར་སྦྱོར་དང་། སངས་རྒྱས་སྤོང་སོགས་རྟེན་དང་། ཁྱིམ་པར་བཟུང་དུ་གསོལ་སོགས་བརྡ་ལྟར་གོ་བྱེད་དང་། ཚངས་པར་སྤྱོད་པ་དང་ལྷན་ཅིག་གནས་པ་དེ་ཙམ་གྱིས་ཆོག་སོགས་གྲོགས་སྤོང་བའོ། །དུལ་ལྷ་ནི་ཡུལ་ཟ་མ་དང་ལྐུགས་སོགས་ལ་ཕུལ་ཡང་ཕུལ་བར་འགྱུར་ཞེས་དང་། ཁྱད་པར་བཤེས་གཉེན་ཆགས་སེམས་ཀྱིས་བསླབ་པ་ཕུལ་ཡང་མི་ཚངས་སྤྱོད་མ་བསྟེན་ན་དགེ་སློང་ཡིན་ཞེས་བཞེད། ཕུལ་ཉམས་མུ་བཞི་བཤད་དེ། བསླབ་པ་གཏོང་བའི་རྒྱུ་གྲོང་དུ་གནས་འདོད། འདོད་པ་བསྟེན་འདོད། ཚངས་སྤྱོད་ལ་སྒྱིད་ལུག་པ་སོགས་གོ་བར་བྱེད་ཀྱི། བསླབ་པའི་ངོ་བོ་གཏོང་པ་སོགས་གོ་བར་མི་བྱེད་པ་དང་། དེ་ལས་གོ་བཟློག་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའོ། །དང་པོ་གསུམ་གྱིས་སྡོམ་པ་བཏང་། བཞི་པས་མ་བཏང་ངོ་། །སྔོན་ཆོག་གིས་གཅིག་ཅར་ཐོབ་པ་ནི་རྫས་གཅིག་ཏུ་སྐྱེ་བས་བྱེ་བྲག་འདི་མེད་ཀྱི། ད་ལྟར་ཆོ་གས་བླང་བ་ནི། དགེ་བསྙེན་དགེ་ཚུལ་དགེ་སློང་སྡོམ་པ་རྫས་ཐ་དད་པས་དགེ་སློང་གི་སྡོམ་པ་ཕུལ་བས་གཉིས་པོ་བཏང་བར་མི་འགྱུར་རོ། །དེས་ན་ཉེས་པ་ཡང་གསུམ་ཀ་དང་འགལ་བས་གསུམ་དུ་འབྱུང་བར་རིགས་སོ། །ལས་དང་པོ་པ་མ་ཡིན་པའི་དགེ་སློང་མི་ཚངས་སྤྱོད་ཀྱིས་མ་ཉམས་པའི་རྣམ་པར་དག་པ་ཤེས་པ་རང་བཞིན་དུ་གནས་པས། ཡུལ་རང་གཞན་གྱི་ལམ་གཉིས་གསུམ་དུ་འཁྲིག་འདོད་ཀྱིས་ནོར་བུའི་ཕྱོགས་དང་པོ་འདས་ན་ཕམ་པར་འགྱུར་རོ། །རོ་ཕྱེད་ཚང་བ་དང་འགྲོ་བ་གཞན་ལའང་དངོས་གཞིར་འགྱུར་ལ། ཡུལ་རྟེན་ཉམས་པ་དང་དཀྲིས་པ་ལ་སོགས་པས་རོ་མ་མྱངས་ན་དངོས་གཞི་མེད་དོ། །མཐར་ཐུག་དངོས་བསྐྱེད་པའི་མདུན་རོལ་དུ་སྦྱོར་བ་དང་། དེའི་སྔ་རོལ་ཕན་ཆད་སྦྱོར་བའི་སྦྱོར་བའོ། །དགའ་སྐྱེད་དུ། དགེ་སློང་གི་ཕྱོགས་གཅིག་ཉམས་ཀྱང་དགེ་སློང་གི་དངོས་པོ་དང་མ་བྲལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་སྡོམ་པའི་ཕྱོགས་གཅིག་ཞིག་པས་མཐའ་དག་གཏོང་བར་རིགས་པ་མ་ཡིན་ནོ། །གཞན་དུ་ཡང་། ཇི་ལྟར་ཕྱོགས་གཅིག་བླངས་གྱུར་པས། །མཐའ་དག་བླངས་པར་མི་འདོད་ལྟར། །དེ་བཞིན་ཕྱོགས་གཅིག་འཁྲུགས་གྱུར་པས། །མཐའ་དག་གཏོང་བར་ཇི་ལྟར་འགྱུར། །ཡང་། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བཤད་དོ། །ཞེས་འབྱུང་ངོ་། །གཉིས་པ་མ་བྱིན་ལེན་གྱི་གླེང་གཞི་ལ་ཡུལ་རྒྱལ་པོ་ཁབ། གང་ཟག་ནོར་ཅན། ཉོན་མོངས་འདོད་ཞེན། ཉེས་པ་མ་བྱིན་ལེན་ནོ། །ཡང་ཞེས་པ་ངེས་པའི་དོན་ཏེ། བསླབ་པ་མ་ཕུལ་ཉམས་པར་མ་བྱས་ཞེས་སོགས་སྦྱར་བར་བྱའོ། །གང་ཟག་དགེ་སློང་གང་ཡུལ་རང་ལས་རྫས་གཞན་པའི་མི་དག་གི་གྲོང་སྟེ་ར་བའི་ནང་རོལ་ན་འདུག་པའམ། དགོན་པ་ར་བའི་ཕྱི་རོལ་ན་འདུག་པའམ། ཁྱིམ་པ་དང་རབ་བྱུང་གིས་གོ་རིམ་བཞིན། གཞན་གྱིས་མ་བྱིན་པ་ཀུན་སློང་རྐུ་བའི་སེམས་ཀྱི་གྲངས་སུ་གཏོགས་པ་དང་ཕྱིར་སྦྱིན་པར་མི་འདོད་པས་བདག་གིར་བྱེད་པས་བླངས་ན་མཐར་ཐུག་མ་ཤ་ཀ་ལྔའམ་ལྷག་པ་ཇི་ཙམ་མ་བྱིན་པར་བླངས་པའི་དགེ་སློང་དེ། བུད་མེད་དམ་བྲམ་ཟེ་སོགས་རྒྱལ་པོར་སྤྱི་བོ་ནས་དབང་བསྐུར་བའམ། རྒྱལ་པོ་དང་ལྷན་ཅིག་བློ་གྲོས་ཀྱིས་འཚོ་བའི་བློན་པོ་སྣ་ཆེན་པོར་གཏོགས་པ་རྩིས་མཁན་དག་གིས་བཟུང་ནས། དགེ་སློང་དེ་ལ་ཚིག་འདི་སྐད་ཅེས་ཀྱཻ་ཞེས་བོས་ནས་མི་ཁྱོད་ཅེས་པ་བརྙས་པའི་ཚིག་གིས་རྐུན་མ་འོས་མདོར་བསྟན། གསུམ་རྣམ་གྲངས་ཏེ། མཐོང་ཆོས་དང་ཕྱི་མའི་ཉེས་པ་མ་མཐོང་བས་བྱིས་པ་བླུན་པ། རྐུ་བའི་ལས་བྱེད་པའོ། །ཡང་ན་འཇབ་བུས་རྐུ་བའོ། །རང་གིས་མི་ཤེས་པས་བྱིས་པའོ། །ལུང་འབོག་མི་ཤེས་པ་བླུན་པའོ། །མཐུ་ཡིས་རྐུ་བའོ་ཞེས་ཟེར་ཞིང་སྲོག་དང་བྲལ་བར་བྱེད་པས་གསོད་དམ། ལྕགས་དང་ཤིང་དང་རྩ་ལས་བྱས་པའི་འཆིང་བྱེད་ཀྱིས་འཆིང་ངམ། ཡུལ་མེད་པར་བྱེད་པས་སྤྱུགས་ཀྱང་རུང་སྟེ། གསོལ་བཞིའི་དགེ་སློང་དེ། ཚུལ་དེ་ལྟར་མ་བྱིན་པར་ལེན་ན་དེ་ཡང་ཞེས་སྔ་མ་ལ་སྙེགས་ནས་ཕམ་པར་འགྱུར་སོགས་སོ། །གང་ཟག་རྐུ་བའི་ཕམ་པས་མ་བཅོམ་པའི་དགེ་སློང་གིས་གཞི་རང་ལས་གཞན་པའི་མིའི་རྒྱུད་ཀྱིས་བཟུང་ཞིང་གཞན་ལ་མ་བསྔོས་པའི་རྫས་གཡོས་སུ་སྦྱར་བའི་ཟས་ལས་གཞན་པ་ཀར་ཤ་པ་ནིའི་བཞི་ཆར་ཚང་བ་ནི་བརྐུ་བྱའི་གཞི་སྟེ། རང་དང་ནོར་གཅིག་པ་ལ་ནི་བདག་ཉིད་བརྐུས་པར་འགྱུར། མི་མ་ཡིན་ལ་རྐུ་བ་ནི་འབྲེལ་ཆུང་ཞིང་ཡུལ་དམན། བདག་ཏུ་མ་བཟུང་བ་ནི་གནོད་པ་ཆུང་། ཟས་དང་རོ་གོས་སོགས་རྐུ་བ་འཚང་ཆུང་། རིན་ཐང་མ་ཚང་ན་གནོད་པ་དང་མངོན་ཞེན་ཆུང་ཞིང་། མ་ཤ་ཀ་ལྔ་གསུངས་པ་ནི་བསླབ་པ་འཆའ་དུས་ཀྱི་དབང་སྟེ། མ་ཤ་ཀ་བཅུ་གཉིས་ཀར་ཤར་བྱེད་ན་མ་ཤ་གསུམ་དང་། མ་ཤ་བཞི་བཅུ་ཀར་ཤར་བྱེད་ན་མ་ཤ་བཅུ་སྟེ། ཡུལ་དུས་དངོས་པོའི་དབང་གིས་བཞག་ཅིང་ཀར་ཤའི་བཞི་ཆ་ཚད་མར་བྱའོ། །ཡུལ་དང་དུས་དང་གླིང་གཞན་དུ་བརྩི་བར་མི་བྱའོ། །བོད་ཀྱི་འདུལ་འཛིན་རྣམས་མངའ་བདག་ཁྲི་རལ་གྱིས་བཅས་པའི་ཞོ་ཚད་ཀྱི་ཞོ་བཅུ་གཉིས་དང་། སྲང་གང་དང་། ཞོ་གང་ལ་འདོད་པ་སོགས་མང་དུ་བྱུང་ཡང་དགག་བྱ་མི་ཁེགས་པའི་སྐྱོན་ཡོད་ཅིང་། ལྷུང་བཟེད་རིན་ཆེ་ཤོས་ལ་ཀར་ཤ་དྲུག་ཅུ་རི་བར་བཤད་པས། ལོངས་སྤྱད་རུང་གི་ལྷུང་བཟེད་ལ་ཞོ་ཉིས་བརྒྱ་བཞི་བཅུ་རི་བ་མི་འཐད་དོ། །དེས་ན་ཁ་ཆེ་པཎ་ཆེན་གྱིས་དགེ་སློང་བཞིའི་ཟས་ནར་མ་ལན་གཅིག་ཙམ་ལ་རུང་ཞེས་གསུངས་པར་གྲགས་པ་དེ་རིགས་ཤིང་། ཞོ་དྲུག་ཅུའང་ལྷུང་བཟེད་ཀྱི་རིན་ཆེས་པ་ཙམ་ཡིན་ནམ་སྙམ། འདུ་ཤེས་སྤྱི་དང་བྱེ་བྲག་ལ་མ་འཁྲུལ་བ་སྟེ། གཞིའི་ཡན་ལག་དེ་ལ་དེར་ཤེས་པའོ། །ཀུན་སློང་རང་དོན་དུ་རྐུ་འདོད་པ་སྟེ། ཡིད་གཅུགས་དང་གཡར་བ་དང་ཆུད་གཟན་པ་དང་གཞན་གྱི་ཕྱིར་རྐུ་བ་ལ་ཉེས་པ་མི་རྫོགས་སོ། །སྦྱོར་བ་གང་བསམ་པ་དེ་ལ་རང་ངམ་གཞན་ནམ་དེས་བསྒོ་བས་འགྲོ་འོང་དང་འདོར་ལེན་སོགས་བྱེད་པའོ། །མཐར་ཐུག་རྫས་གནས་ནས་སྤགས་པའོ། །དེའང་རྫས་དེ་ཉིད་སྔར་འདུག་པའི་ས་ནས་ས་གཞན་དུ་འཕོས་པ་ལ་མི་བྱ་ཡི། ཐབས་གང་གིས་རྐུ་བར་བསམ་པ་དེའི་དབང་གིས་སྦྱོར་བ་བྱས་པའི་བྱ་བདེ་ཇི་ལྟར་བསམ་པ་དེར་མཐར་ཐུག་པ་ཡིན་ཏེ། འདམ་རྫབ་དང་ས་ལ་སོགས་པས་རྫས་འོག་ཏུ་བཅིངས་ཏེ་རྐུའོ་སྙམ་པས་བཅིངས་པའི་ཚེ་མཐར་ཐུག་པ་བཞིན་ནོ། །ཁ་ཅིག་ཐོབ་བོ་སྙམ་པའི་བློ་སྐྱེས་པ་མཐར་ཐུག་ཏུ་འདོད། ཁ་ཅིག་རྫས་གནས་ནས་སྤགས་པ་དང་ཐོབ་བློ་གཉིས་ཀ་ལ་འདོད་པ་ཡོད་དེ་ལེགས་པར་མ་དཔྱད་པའོ། །དེ་བས་ན་བསམ་པའི་དབང་གིས་བྱ་བ་དབྱེ། བྱ་བའི་དབང་གིས་ལྟུང་བ་དབྱེ་བར་ཆོས་ཀྱི་བཤེས་གཉེན་བཞེད་པ་འདི་ཡིན་པས། དུད་འགྲོ་གྲོགས་དང་རྫི་འོས་མི་མཐོང་བར་བཀར་ཏེ་རྐུ་སྙམ་ན་མི་སྣང་བའི་ཚེ་ཕམ་པ། ཞིང་མཚམས་འབྱོར་བར་བྱས་ཏེ་རྐུ་སྙམ་ན་འབྱོར་བའི་ཚེ་ཕམ་པ། མི་དབང་དུ་བྱས་ཏེ་རྐུ་སྙམ་ན་དབང་དུ་གྱུར་པའི་ཚེ་ཕམ་པ། ཤགས་རྒྱལ་བར་བྱས་ཏེ་རྐུ་སྙམ་ན་རྒྱལ་བའི་ཚེ་ཕམ་པ་འབྱུང་བ་ལྟ་བུ་སྟེ། ལུང་དང་བསྟན་བཅོས་དག་ན་ཤིན་ཏུ་གསལ་ལོ། །དེའི་ཚེ་རྫས་རང་གིས་ཐོབ་པར་མ་ངེས་ཤིང་། ཐོབ་པའི་ངེས་ཤེས་སྐྱེ་བར་ཡང་མ་ངེས་སོ། །དེས་ན་རྫས་གཅིག་ཀྱང་མ་ཐོབ་པར་རྐུ་བའི་ཕམ་པ་བྱུང་བ་ཤིན་ཏུ་མང་ལ། ཕམ་པ་བྱུང་ངོ་སྙམ་པ་ལས་མ་བྱུང་བའང་མང་བས་བློ་གྲོས་ཞིབ་མོས་ལེགས་པར་དཔྱད་པར་བྱའོ། །གསུམ་པ་སྲོག་གཅོད་ཕམ་པའི་གླེང་གཞི་ལ། ཡུལ་སྤོང་བྱེད། གང་ཟག་དགེ་སློང་མང་པོ། ཉོན་མོངས་མི་བཟོད་པ། ཉེས་པ་མིའི་འགྲོ་བ་གསོད་པའོ། །ཁ་ཅིག་གང་ཟག་དགེ་སྦྱོང་རི་དྭགས་སྦེད་ཟེར་བ་ནོར་ཏེ། དེ་ཕྱི་རོལ་པའི་དགེ་སྦྱོང་ཡིན་ནོ། །མི་བརྗེད་པའི་དྲན་བྱེད་དུའང་། གང་ཟག་ནི་དགེ་སློང་མང་པོ་མི་གཙང་བ་སྒོ་བ་རྣམས་སོ་ཞེས་བཤད་དོ། །གང་ཟག་ཡང་དགེ་སློང་གང་ཡུལ་དབང་པོ་དྲུག་ཚང་བའི་མིའམ། མའི་ལྟོ་ན་ལུས་སྲོག་ཡིད་དབང་གསུམ་ཙམ་ཐོབ་པ་མིར་ཆགས་པ་ཀུན་སློང་གསོད་པར་བསམ་བཞིན་དུ་སྦྱོར་བ་རང་ཉིད་ཀྱིས་མག་དར་ཏེ་སྲོག་གཅད་དམ། བསད་བྱ་དེ་ཉིད་ལ་རལ་གྲི་སོགས་མཚོན་བྱིན་ནམ། དེ་ལ་གཞན་ཞིག་གཉེར་ནས་མཚོན་སྦྱིན་དུ་བཅུག་པའམ། གཞན་མཚོན་ཐོགས་པ་ཞིག་དེ་གསོད་པའི་ཕྱིར་གཉེར་རམ་ཞེས་པ་རྣམས་ལུས་ཀྱིས་སོ། །ངག་གིས་ཚུལ་ལྡན་ཚུལ་འཆལ་ནད་པ་དང་གསུམ་མི་འདོད་བཞིན་འཆིར་བཅུག་གམ། འདོད་པ་ལ་བསྔགས་པ་བརྗོད་དམ། མི་འདོད་པ་དེ་འདོད་པར་བྱ་བའི་ཕྱིར་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་འདི་སྐད་ཅེས་ཀྱཻ་མི་ཁྱོད་ཅེས་བོས་ནས་འཚོ་བ་གསོན་པ་སྔར་གྱི་སྡིག་པའི་འབྲས་བུ་དང་མ་འོངས་པའི་སྡིག་པའི་རྒྱུ་ལུས་མི་གཙང་བ་ངན་ཞིང་སྨད་པ་འདིས་ཅི་ཞིག་བྱ་འདི་ཐོང་ཞིག ཀྱཻ་མི་ཁྱོད་གསོན་པ་བས་ནི་ཤི་བླའོ་སྟེ་རུང་ངོ་ཞེས་གསོན་པ་སྨད་ཅིང་འཆི་བའི་བསྔགས་པ་ཟེར་ཞིང་། ཀུན་སློང་སེམས་ཀྱིས་འཆི་བར་འདོད་པ་དང་། ལོངས་སྤྱོད་དང་། ལྷུང་བཟེད་ཆས་གོས་སོགས་ཐོབ་པར་འདོད་པའི་སེམས་ཀྱི་ཀུན་ཏུ་རྟོག་པ་དེ་དག་གིས་སྦྱོར་བའི་རྣམ་གྲངས་མང་པོ་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་ཞེས་པ་འཆི་བར་མི་དགའ་བ་ལ་འཆི་བའི་བསྔགས་པ་བརྗོད་པ་དེ་བཟློས་པའི་ཕྱིར་བསྣན་པའོ། །མཐར་ཐུག་དེ་ཡང་སྦྱོར་བ་རྩོམ་པ་དེ་ཉིད་ཀྱིས་སྲོག་འགགས་པའི་དུས་བྱས་ཏེ་ཤི་ཡི་གཞན་གྱིས་མ་ཡིན་ནའོ། །གསོད་པའི་ཕམ་པ་མ་བྱུང་བའི་དགེ་སློང་གིས། ཡུལ་རང་ལས་གཞན་པའི་མི་འགྲོ་བ་པ། བསམ་པ་མི་ལ་མིར་ཤེས་ཤིང་གསོད་པར་འདོད་པས། སྦྱོར་བ་རང་ངམ་བསྐོས་པའི་ལུས་ངག་གིས། མཐར་ཐུག་སྲོག་འགགས་ནས་ཕམ་པའོ། །ཕམ་ལྷག་དང་པོ་མ་གཏོགས་འདུ་ཤེས་གཙོ་བའི་ལྟུང་བ་ཐམས་ཅད་ལ་འདུ་ཤེས་མུ་བཞི་ལས་གཞི་དེ་ལ་དེར་འདུ་ཤེས་ན་དངོས་གཞིར་འགྱུར། གཞན་ལ་དེར་འདུ་ཤེས་པ་དང་། དེ་ལ་གཞན་དུ་འདུ་ཤེས་པ་ལ་ན་སྨད། གཞན་ལ་གཞན་དུ་ཤེས་པ་ལ་དེར་གཏོགས་ཀྱི་ལྟུང་བ་མེད་དོ། །ཕམ་ལྷག་དང་པོ་མ་གཏོགས་བསམ་པའི་གཞི་ལས་གཞན་དུ་གྲུབ་པ་ལ་མཐར་ཐུག་དངོས་གཞི་མེད་དོ། །བཞི་པ་སྨྲ་བའི་ཕམ་པའི་གླེང་གཞི་ལ། ཡུལ་ཡངས་པ་ཅན། གང་ཟག་ཉ་བའི་རིགས་ལས་བྱུང་བ་ལྔ་བརྒྱ། ཉོན་མོངས་ལྟོ་འདུན་དང་གྲགས་འདོད། ཉེས་པ་བརྫུན་སྨྲ་བའོ། །ཡང་གང་ཟག་སྨྲ་བའི་ཕམ་པ་མ་བྱུང་བའི་དགེ་སློང་གང་། བསམ་པ་བསམ་གཏན་གཟུགས་མེད་ལ་བརྟེན་པའི་ཤེས་རབ་ཟག་བཅས་ཀྱིས་ཕུང་པོ་ལྔ་མངོན་པར་མི་ཤེས་ཤིང་། ཟག་མེད་ཤེས་རབ་ཀྱིས་ཡོངས་སུ་མི་ཤེས་ལ། ཡང་ན་རྟག་པ་གཅིག་པུ་སོགས་མེད་པར་མངོན་པར་མི་ཤེས། མི་རྟག་སོགས་ཡིན་པར་ཡོངས་སུ་མི་ཤེས་ལ། མིའི་ཆོས་སྒྲིབ་པ་ལྔ་སྤངས་པས་བླ་མ་སྟེ་ཆོས་དེ་ལས་ཁྱད་པར་དུ་འཕགས་པའམ། དལ་འབྱོར་ཚང་བའི་མིས་ཐོབ་པའི་ཆོས་མྱ་ངན་ལས་འདས་པ་སྟེ། ཟ་མ་སོགས་ཀྱིས་ཀྱང་མི་ཐོབ་ན། ངན་སོང་གསུམ་གྱིས་ལྟ་ཅི་སྨོས། བླ་མ་ནི་འདོད་ཁམས་ལས་གཟུགས་ཁམས། དེ་ལས་གཟུགས་མེད་བླ་མའོ། །མཐའ་མྱང་འདས་སམ། མཆོག་དང་། འཕགས་པ་སངས་རྒྱས་དང་། ཉན་ཐོས་སྡིག་པ་ལས་རིང་དུ་སོང་བ་དང་། བྱེ་བྲག་འབྲས་བུ་བཞི་དང་སྟོབས་ཡིད་གཞུངས་པ་ལ་སོགས་ཡོན་ཏན་ཐོབ་པ་དང་། བདེན་བཞི་ཤེས་པ་དང་མཐོང་བ་ཆོས་ཤེས་བཞི་དང་ཆོས་བཟོད་བཞི་དང་། ཡང་ན་བདེན་བཞི་དང་མི་རྟག་སོགས་ཤེས་པ་དང་ལྷ་སོགས་མཐོང་བའོ། །སྐྱེ་བ་ལས་མ་ཡིན་གྱི་སྙོམས་འཇུག་གི་བསམ་གཏན་གྱི་བདེ་བ་ལ་རེག་པར་སྤྱོད་པ་མེད་ལ་ཡོད་པར་སྨྲ་འདོད་ཀྱིས་ཡོན་ཏན་དེ་དག་མེད་པར་ཤེས་བཞིན་དུ། སྦྱོར་བ་ཅི་ཞིག་ཤེས་ཤེ་ན་བདེན་བཞི་འདི་ཤེས་སོ། །ཅི་ཞིག་མཐོང་ཞེ་ན་ལྷ་ཀླུ་སོགས་འདི་མཐོང་ངོ་ཐོས་སོ། །ལྷན་གཅིག་གནས་སོ་སོགས་དང་། འདུ་ཤེས་ཉི་ཤུ་དང་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་བར་ཡང་མངོན་དུ་གྱུར་པས་མཐོང་བ་དང་འདྲ་བའི་ཕྱིར་དེས་བསྡུས་སོ། །ཚིག་གིས་ཁས་འཆེ་བ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་ཅིང་ལྡང་བར་འདོད་ནས་དུས་གཞན་སྨྲས་པ་དེའི་མཇུག་ཞིག་ན། གཞན་གྱིས་གླེངས་པས་དྲིས་ཀྱང་རུང་མ་གླེངས་མ་དྲིས་ཀྱང་རུང་། འགྱོད་པ་ཆུང་འབྲིང་ཆེར་སྐྱེས་ཀྱང་རུང་། ཚིག་འདི་སྐད་ཅེས་བདག་གིས་ཡིད་ཤེས་ཀྱིས་མི་ཤེས་པར་ཤེས་སོ་ཞེས་སྨྲས། མིག་ཤེས་ཀྱིས་མ་མཐོང་བར་མཐོང་ངོ་ཞེས་སྨྲས། དོན་གྱིས་སྟོང་པས་གསོབ། ས་བོན་གྱིས་སྟོང་པས་གསོག་སྟེ་ཆ་འདྲ་བའི་གྲིབ་མ་ཙམ་ཡང་མེད་པ། དེ་ཐོབ་པར་འདུ་ཤེས་པའང་མེད་པས་བརྫུན་དུ་སྨྲས་ཞེས་ཟེར་ཞིང་བརྗོད་ན། ཡོན་ཏན་མ་ཐོབ་ཀྱང་གྲིབ་མ་ཙམ་ལ་ཐོབ་པར་འདུ་ཤེས་པས་ཁེངས་པ་ནི་མངོན་པའི་ང་རྒྱལ་ཏེ། དེ་ནི་དོན་བརྫུན་ཡང་འདུ་ཤེས་ཡང་དག་པས་བརྗོད་པས་བརྫུན་མ་གཏོགས་ཏེ་དམིགས་ཀྱིས་བསལ་ལོ། །མཐར་ཐུག་དོན་གོ་ན་ཕམ་པར་འགྱུར་རོ། །སྨྲ་བྱའི་གཞི་ཆོས་བླ་མ་འདོད་ཁམས་ལས་འཕགས་པ་ཞིག ཡུལ་རང་ལས་གཞན་པའི་མི་སྨྲ་ཤེས་དོན་གོ་ལ། འདུ་ཤེས་རང་དང་ཡུལ་ལ་མ་འཁྲུལ་བར་ཀུན་སློང་སྨྲ་འདོད་ཀྱིས། སྦྱོར་བ་རང་ལ་ངག་ཏུ་བསམ་པའི་གཞི་མ་ནོར་བས་གསལ་པོར་བརྗོད་དེ། མཐར་ཐུག་ཉན་པ་པོས་དོན་གོ་ན་ཕམ་པའོ། །བདེན་བཞི་ཐོས་བསམ་ཤེས་རབ་ཀྱིས་ཤེས་པ་དང་། འཁོར་བ་སྡུག་བསྔལ་དུ་ཡིད་དཔྱོད་ཀྱིས་ངེས་པ་དང་། འདོད་ཁམས་སུ་གཏོགས་པའི་དབང་པོ་དང་ཤེས་པས་ལྷ་སོགས་མཐོང་ཐོས་སུ་སྨྲ་བ་དང་། སྙོམས་འཇུག་གི་སྔ་རོལ་ཉོན་མོངས་མངོན་གྱུར་རྣམ་པར་གནོན་པའི་ཡོན་ཏན་སྨྲ་བ་ལ་དངོས་གཞི་མེད་དེ། འདི་ཡང་ཇི་བཞིན་ཤེས་ནས་སྨྲ་བ་ཉུང་ངོ་། །གསུམ་པ་མཇུག་བསྡུ་བ་ནི། ཕམ་པ་བཞིའི་གོ་རིམ་ནི་སྔོན་བྱུང་བའི་རིམ་པ་བཞིན་ནོ། །མཚན་ཉིད་ནི་དགེ་སློང་གིས་བཅས་པ་དང་འགལ་བའི་ཉེས་པ་སྡོམ་པའི་རྩ་བ་ལ་གནོད་བྱེད་འཆབ་སེམས་ཞུགས་ན་གསོར་མི་རུང་ཡིན་པའོ། །དགེ་ཚུལ་ལ་ཕམ་འདྲའི་ཉེས་བྱས། དགེ་བསྙེན་དང་བསྙེན་གནས་པ་ལ་རྩ་བ་ལ་གནོད་པའི་ཁ་ན་མ་ཐོ་བ་ལྕི་བ་བཅས་པ་དང་འགལ་བ་སྟེ། ཕམ་པའི་མིང་མེད་དོ། །ཕམ་པ་བཞི་པོ་ནི་རྟེན་དགེ་སློང་སྡོམ་པ་གསོ་བ་ལ་ཞུགས་པའི་བསླབ་བྱིན་ཡན་ཆད་སྡོམ་རྒྱུན་གཅིག་དང་། བསླབ་ཚིགས་གཅིག་ལ་རྫོགས་པར་བྱས་པའོ། །ཀྱཻ་ཚེ་དང་ལྡན་པ་དག་འདོན་པ་པོ་བདག་གིས་ཉོན་མོངས་རྒྱལ་ཞིང་ཚུལ་ཁྲིམས་ཕམ་པར་འགྱུར་བའི་ཆོས་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པ་བཞི་པོ་དག་བཏོན་ཟིན་ཏོ་ཞེས་མཇུག་བསྡུས་ཏེ། དགེ་སློང་གིས་བཞི་པོ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཁྱིམ་པ་ཇི་ལྟ་བར་ཕྱིས་ཀྱང་སྡོམ་པ་མེད་པ་དེ་བཞིན་ཞེས་པ་སྡོམ་པ་ཉམ་ཆུང་བ་ལ་བྱའི་གཏན་མེད་མ་ཡིན་ཏེ་བུ་ལོན་ནོར་བཞིན་ཞེས་པས་སྡོམ་པ་ནི་སེམས་བསྐྱེད་པའི་བྱ་བ་ཡིན་ལ། བསླབ་གཞི་ལུས་ངག་གི་རྣམ་པར་རིག་བྱེད་གཟུགས་ཅན་ཏེ། སེམས་ཀྱིས་མཐའི་ལྟུང་བ་ལས་ལྡང་ཐབས་ཡོད་པའི་ཕྱིར། ཕམ་པར་གྱུར་པ་ནི་སྡེ་ཚན་གྱི་མིང་བསྟན་པ་ཡིན་གྱི། བསླབ་པ་བྱིན་པས་ཕྱིར་འཆོས་པ་མ་གཏོགས་ཕམ་པ་བྱུང་བ་དེ་དགེ་སློང་རྣམ་དག་རྣམས་དང་ལྷན་གཅིག་གནས་སུ་གནས་པ་དང་ཆོས་ཟང་ཟིང་ལ་ལོངས་སྤྱོད་དུ་མི་དབང་གི དེ་དང་ལྷན་གཅིག་ལས་བྱེད་པ་ལ་གནས་པ་དང་གནས་ཁང་དང་ཟས་ལ་སོགས་པའི་ལས་སུ་བསྐོ་བར་མི་བྱའོ། །གཞུང་ལྷག་མ་སྔར་བཞིན་ནོ། །བཞི་པ་ལྷག་མ་ལ་སྤྱིར་བསྟན། སོ་སོར་བཤད། མཇུག་བསྡུ་བའོ། །དང་པོ་ནི། ཚེ་དང་ལྡན་པ་དག ལྟུང་བ་ལས་ལྡང་བའི་ཕྱིར་འཆོས་པ་གང་ཟག་རེ་རེ་ལས་མ་ཡིན་པར་དགེ་འདུན་ལ་རག་ལས་པ་དང་། ཕམ་པ་བཞི་ནི་ལྷག་མ་མེད་པ་ཡིན་ལ་འདི་ནི་ལྷག་མ་དང་བཅས་པའི་ཆོས་ཡིན་ནོ། །གྲངས་བཅུ་གསུམ་པོ་འདི་ནི་ཟླ་ཕྱེད་ཅིང་སོ་ཐར་འདོན་པ་ལས་འབྱུང་ངོ་། །སོ་སོར་བཤད་པ་ལ་འདོད་པ་དང་གནོད་པ་ཀུན་ནས་བླང་བ་གཉིས་ལས་དང་པོ་ལ་ནང་དང་ཕྱིའི་ལོངས་སྤྱོད་ལ་ཆགས་པ་གཉིས། དང་པོ་ནང་སེམས་ཅན་ལ་ཆགས་པས་བསྐྱེད་པ་ལ་ལྔ་ལས། འབྱིན་པའི་ལྷག་མའི་གླེང་གཞི་ཡུལ་གཉན་ཡོད། གང་ཟག་འཆར་ཀ ཉོན་མོངས་འདོད་ཆགས། ཉེས་པ་ཁུ་བ་འབྱིན་པའོ། །གང་ཟག་བཅས་ལྡན་དགེ་སློང་གིས། སྤྱིར་ལྟུང་བའི་ཀུན་སློང་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ཅིང་། དཀོན་མཆོག་གི་དོན་དུ་ས་བརྐོ་བ་དང་མེ་ལ་རེག་པ་ལྟ་བུ་དགེ་བ་དང་། གོམས་པ་དང་བརྗེད་པས་ཕྱི་དྲོ་ཟ་བ་ལྟ་བུ་ལུང་མ་བསྟན་གྱིས་བླངས་པའོ། །འདིར་ཆགས་སེམས་ཀྱི་བསམ་པ་ཁུ་བ་འབྱིན་པར་བསམ་བཞིན་དུ་དངོས་པོ་ཁུ་བ་ནི་འཁོར་ལོས་བསྒྱུར་བ་དང་དེའི་བུ་ཐུ་བོ་ལ་སྔོན་པོ། དེའི་བུ་གཞན་ལ་སེར་པོ། བློན་པོ་རྣ་ཆེན་པོར་གཏོགས་པའི་དམར་པོ། དབང་པོ་སྨིན་ཅིང་ལུས་དར་བའི་སྐ་བ། གཞན་སླ་བ་སྟེ་ལྔ་ལས་དགེ་སློང་རང་ཉིད་ཀྱི་ཁུ་བ་ཏིལ་དང་ཏིལ་མར་བཞིན་ལུས་ལ་གནས་པ་དང་པོའི་གནས་ནས་མ་འཕོས་པ་དེ། ཡུལ་རང་ངམ་གཞན་གྱི་སེམས་ཅན་གྱི་གྲངས་དང་ལུས་ཀྱི་རེག་པར་གཏོགས་པ་ལ། སྦྱོར་བ་དྲུད་ཅིང་བསྩལ་བས། མཐར་ཐུག་དང་པོའི་གནས་ནས་གཡོས་ཤིང་འཕོས་པས་ཕྱུང་ན། དགེ་འདུན་ལྷག་མའི་ལྟུང་བའོ། །ལུས་ཀྱི་ཕྱི་རོལ་དུ་ཕྱུང་བ་ལ་ལྟོས་མི་དགོས་སོ། །སྔར་འཕོས་པ་ཕྱིར་ཕྱུང་ན་སྦོམ་པོར་འགྱུར། རྨི་ལམ་དུ་ཕྱུང་བ་ལ་ཀུན་སློང་མེད་པ་དང་བསྒྲུབ་པར་མི་ནུས་པས་ཉེས་པ་མེད་དེ། ལྷག་མར་མ་གཏོགས་ཤིང་རོ་མྱང་ན་ཉེས་བྱས་ཙམ་མོ། །ཕམ་ལྷག་དང་པོ་འདུ་ཤེས་མི་གཙོ། དངོས་པོ་གཙོ་ཞེས་པའང་། ཡུལ་དཀར་ཤམ་ལ་སྔོ་ཤམ་ཏུ་ཤེས་པའམ། སྒོ་མདུན་མ་ལ་རྒྱབ་མར་ཤེས་པའམ། བུད་མེད་ལ་སྐྱེས་པར་ཤེས་པའམ། བྱིན་པའི་བར་ལ་བརླའི་བར་དུ་ཤེས་པ་སོགས་འདུ་ཤེས་འཁྲུལ་ཀྱང་དངོས་གཞི་བསྐྱེད་པ་ཡིན་གྱི། འཁྲིག་འདོད་དང་། འབྱིན་འདོད་དང་། རེག་འདོད་ཀྱི་འདུ་ཤེས་དང་ཀུན་སློང་གཏན་ནས་མེད་ན་ལྟུང་བར་མི་འགྱུར་ཏེ། དགྲ་བཅོམ་མ་ལ་གཞན་གྱིས་སྩལ་ཡང་ལྟུང་མེད་དང་། དགེ་སློང་མི་འདོད་བཞིན་བུད་མེད་ཀྱིས་སྟེང་ནས་སྩལ་བ་དང་། སྨྱོན་པ་དང་། རྨི་ལམ་ལ་ལྟུང་མེད་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་དངོས་པོ་ཁོ་ན་གཙོ་བོ་ཡིན་ན། རེག་པ་དང་ཕྱུང་བ་ཙམ་གྱིས་ལྟུང་བར་ཅིའི་ཕྱིར་མི་འགྱུར། གཉིས་པ་རེག་པའི་ལྷག་མའི་གླེང་གཞིའི་གསུམ་སྔར་བཞིན། ཉེས་པ་རེག་པའོ། །ཡང་གང་ཟག་དགེ་སློང་གང་དྲལ་གྱུར་མུ་བཞི་ལས་ཀུན་སློང་སེམས་འདོད་ཆགས་ཀྱིས་ངོ་ཚ་བྲལ་ཅིང་ཀུན་ནས་དཀྲིས་པ་དང་། ཡུལ་དེ་དང་འབྲེལ་བར་འདོད་ཅིང་ཡུལ་ལ་ལྟོས་པར་གྱུར་པ་གཉིས་ཀ་ཡོད་པའི་སེམས་ཀྱིས་བུད་མེད་འཁྲིག་པ་བསྟེན་དུ་རུང་བ་ལུས་དངོས་སུ་སྣང་བའི་ལུས་ཀྱི་ཡུལ་དེ་དང་ལྷན་གཅིག་སྦྱོར་བ་ལུས་ལ་ལུས་ཀྱིས་ཕྲད་ཅིང་རེག་པར་བྱེད་དམ། འཁྲིག་མ་མན་ཆད་ཀྱི་ལག་པ་ནས་བཟུང་ངམ་འཁྲིག་མ་ཡན་ཆད་ཀྱི་དཔུང་པ་ནས་བཟུང་ངམ། ལན་བུ་སྐྲ་དང་དེ་དང་འབྲེལ་པའི་གོས་སམ་ཅོད་པན་ནས་བཟུང་ངམ། འདི་ལ་དུལ་ལྷས་ན་སྨད་བཞེད། དགའ་བསྐྱེད་དུའང་། ཞུ་བར་སྤུ་ལ་རེག་ན་ཅིར་འགྱུར་སྦོམ་པོར་ཞེས་དང་། མདོ་མཛད་པས་སེན་མོ་ལ་སོགས་གཞན་དང་ལྡན་པ་ཡིན་ཞེས་པས་ལན་བུ་ལ་རེག་པ་ལ་དངོས་གཞི་མི་འབྱུང་སྟེ། དབང་པོ་མེད་པ་ལ་ལུས་ཤེས་ག་ལ་སྟོན། སེན་མོ་དང་སོ་དང་སྤུ་ལ་རེག་པ་བཞིན་སྦོམ་པོར་འགྱུར་ཏེ། ལན་བུ་ལའང་དབང་པོ་མེད་པས་དངོས་གཞིར་མི་འགྱུར་ན་དེ་དང་འབྲེལ་པའི་གོས་ལ་ག་ལ་འགྱུར། ལན་བུ་ཞེས་པ་བྱུང་བའི་དབང་གིས་གསུངས་ཀྱི་ཡན་ལག་མ་ཡིན་ནོ། །ཞེས་པ་འདུལ་བ་འཛིན་པ་རྣམས་ཀྱིའོ། །ཞེས་བཤད་དོ། །ལོ་དྲི་བར་ཡང་དེ་ལྟར་བཤད། ཆོས་ཀྱི་བཤེས་གཉེན་རོ་ལ་དངོས་གཞི། སྨྱོ་བ་ལ་ན་སྨད་བཤད། དུལ་ལྷས་སྨྱོ་བ་ལ་རེག་པ་ན་སྨད་ན། རོ་ལ་ལྷག་མར་འགྱུར་བའི་རྒྱུ་མཚན་སོམས་ཤིག་ཅེས་སོ། །བསྟན་པ་དེ་དག་ལས་གཞན་པའི་ལུས་ཀྱི་ཡན་ལག་དང་། རྐང་ལག་སོགས་ཉིང་ལག་གང་ཡང་རུང་བ་སྟེ་གང་ཡིན་པ་ནས་ཅུང་ཟད་ལན་གཅིག་རེག་པ་ནོམ་པ་དང་། ཕྱོགས་ཐམས་ཅད་ནས་ཡང་ཡང་རེག་པ་ཉུག་པ་དང་། མཐར་སྦྱར་བས་སྤྲོད་པ་དང་། ལག་པ་སོགས་ནས་དམ་པོར་འཛིན་པ་དང་། ཕར་ཚུར་ཐག་རིང་དུ་འདྲེན་པ་དང་། གཡས་གཡོན་དུ་ཡོངས་སུ་འདྲེན་པ་དང་། སྟེང་འོག་ནས་མཁྱུད་སོགས་བྱེད་པས། མཐར་ཐུག་རེག་ཅིང་རེག་པ་བདག་གིར་རོ་མྱང་བར་བྱེད་ན་ལྷག་མའོ། །རེག་པའི་ཀུན་སློང་གི་ཡིན་གྱི། འཁྲིག་པའི་ཀུན་སློང་གིས་ནི་མ་ཡིན་ནོ། །གསུམ་པ་འཁྲིག་ཚིག་སྨྲ་བ་ལ། གླེང་གཞི་གསུམ་སྔར་བཞིན་ལ་ཉེས་པ་འཁྲིག་ཚིག་སྨྲས་པའོ། །ཡང་དགེ་སློང་གང་ཀུན་སློང་དྲལ་ཅིང་གྱུར་པ་སྟེ་ཆགས་ཤིང་བརྟུལ་བའི་སེམས་ཀྱིས་འཁྲིག་པའི་དངོས་མིང་སྨྲ་འདོད་ཀྱིས་ཡུལ་བུད་མེད་བསྟེན་རུང་སྨྲ་ཤེས་དོན་གོ་ལ། སྦྱོར་བ་ངོ་བོ་ཉིད་ཀྱི་གནས་ངན་ལེན་ཉེས་པ་བསྐྱེད་པའི་ལས་དང་། ཀུན་ནས་སློང་བས་གནས་ངན་ལེན་ཉོན་མོངས་ཅན་གཉིས་ལས་ཕྱི་མའི་ཚིག་ངན་འགྲོར་ལྟུང་བའམ་སྡིག་པའི་དོན་ཅན། མཚམས་ལས་འདས་ཤིང་ཚུལ་དང་མི་མཐུན་པས་མང་པོ་ཚོགས་པར་མི་དབྱུང་པ་འཁྲིག་པ་དང་ལྡན་པ་གཉིས་ཀྱིས་གཉིས་སྤྲད་ཀྱི་མིང་དཔེར་ན་སྐྱེས་བུས་ན་ཆུང་མ་ལ་སྨྲ་བ་ཇི་ལྟ་བ་བཞིན་དུ་བུད་མེད་ཀྱིས་སྨྲས་པའི་ལན་ནམ། མ་སྨྲས་ཀྱང་རང་གིས་གསལ་པོར་སྨྲས་ན་མཐར་ཐུག་དོན་གོ་བའི་ཚེ་ལྷག་མའོ། །ཚིག་ཅུང་ཟད་བསྒྲིབས་ན་དངོས་གཞི་མེད། མི་ཚངས་སྤྱོད་འཁྲིག་པ་ཉལ་ལོ་ཞེས་པ་དང་། རྒྱ་སྣ་རུ་ཅན་ལྟ་བུ་བྱའམ་འདོད་དམ་བྱའོ་ཞེས་སོགས་གསལ་པོར་སྨྲས་པས་དངོས་གཞིར་འགྱུར་རོ། །བཞི་པ་བསྙེན་བཀུར་བསྔགས་པ་ལ་གླེང་གཞི་འདྲ་བ་ལས་ཉེས་པ་བསྙེན་བཀུར་བསྔགས་པའོ། །ཡང་གང་ཟག་དགེ་སློང་གང་། ཀུན་སློང་དྲལ་ཅིང་གྱུར་པས་བསྔགས་པའི་བདེ་བ་ལ་ཆགས་པའི་སེམས་ཀྱིས་ཡུལ་བུད་མེད་ཀྱི་མདུན་དུ། བདག་ཉིད་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་སྦྱོར་བ་འདི་ལྟ་སྟེ་ང་ལྟ་བུའི་ཞེས་ཉེ་བར་བསྟན་ནས་དགེ་སློང་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ། དགེ་བའི་ཆོས་ཏིང་ངེ་འཛིན་གྱི་ཕུང་པོ་ཅན། ཚངས་པར་སྤྱོད་པ་ཤེས་རབ་ཀྱི་ཕུང་པོ་ཅན། ཡོན་ཏན་ཐམས་ཅད་བསྒྱུར་བར་བྱེད་པའི་གསེར་བཟང་པོ་ལྟ་བུ་ལ། འདི་ལྟར་འཁྲིག་པ་ལས་བྱུང་བ་དང་ལྡན་པའི་ཆོས་མིན་ལ་ཆོས་ཀྱི་སྒྲས་བསྟན་ནས་གཞན་གྱིས་མ་ཡིན་གྱི་འདིས་བསྙེན་བཀུར་བྱས་ན། སུ་ཞེས་དགའ་ཞིང་ཆགས་པའི་ཚིག་བླ་དགས་ཀྱིས་བོས་ནས་འདི་ནི་བསྙེན་བཀུར་བསྐྱེལ་བསུ་ལྡང་བ་སོགས་ཐམས་ཅད་ལས་མཆོག་གཙོ་བོ་ཡིན་ནོ་ཞེས་བསྔགས་པ་བསྟོད་ཚིག་བརྗོད་ན། དོན་གོ་བའི་ཚེ་མཐར་ཐུག་ལྷག་མར་འགྱུར་རོ། །ལྔ་པ་སྨྱན་བྱེད་ལ་ཡུལ་མཉན་ཡོད། གང་ཟག་དྲུག་སྡེ་ལ། ཁྱད་པར་བཤེས་གཉེན་རི་དྭགས་འཛིན་གྱི་བུ་ནག་པོ་ལ་ཟེར། ཉོན་མོངས་འདོད་ཆགས། ཉེས་པ་སྨྱན་བྱས་སོ། །ཡང་གང་ཟག་དགེ་སློང་གང་ཡུལ་བུད་མེད་ལ་སྐྱེས་པ་སྐྱེས་པ་ལ་བུད་མེད་ཀྱི་སྟེ། སྦྱོར་བ་ཕན་ཚུན་གྱི་ཀུན་ཏུ་སྤྱད་པའི་བསམ་པ་གང་ཡིན་གྱི་ཚིག་གིས་ཕན་ཚུན་ལ་བརྗོད་པ་སྟེ། ཆུང་མ་ཕ་མས་ཁྱེད་ཀྱི་ཆུང་མ་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་པ། རིན་བྱིན་པའི་ཆས་ཉོས་པ། རྒྱལ་པོ་ལ་སོགས་པའི་དཔུང་གིས་བཙན་ཕྲོགས་སུ་ཐོབ་པ། གཞོན་ནུ་ཚུར་ཤོག་ཁྱོད་ཀྱི་ཆུང་མ་བྱའོ་ཞེས་རང་དད་པས་ཁས་བླངས་པ་དང་སམ་འདུས་པ། ཟས་གོས་བྱིན་ཅིག་ཆུང་མ་བྱའོ་ཞེས་པས་ཟས་གོས་ཀྱིས་འཚོ་བ། རྗེའི་སྲས་ཚུར་བྱོན་ཁྱེད་ཀྱི་ནོར་གང་ཡིན་བདག་གིའོ། །བདག་གི་གང་ཡིན་ཁྱེད་ཀྱིའོ་ཞེས་ཁ་དུམས། ཐང་འགའ་ཕྲད་ཅིང་འདོད་པ་སྤྱད་པ་སྟེ་བདུན་པོ་ཉིད་དམ། འཛའ་ན་མོ་ཁྱོ་ཤི་བའམ་གཞན་དུ་སོང་བ་སོགས་ཕ་དང་མ་དང་མིང་པོ་དང་ཕུ་ནུ་དང་རྒྱུག་མོ་དང་གྱོས་པོ་དང་ཉེ་དུ་དང་རིགས་དང་རུས་ཆགས་ཀྱིས་བསྲུངས་པ་དང་། རབ་ཏུ་བྱུང་བའམ་ཁྱིམ་ཐབས་ཀྱི་རྗེས་སུ་འཇུག་པའམ་ཆོས་བཞིན་སྤྱོད་པ་འཁྲུག་པ་མེད་པ་དང་བཅུ་པོ་ཉིད་དུ་སྨྱན་བྱེད་ན་སྟེ། སྤྲད་བྱ་ལས་འཕྲིན་ནོད་པ་དང་། ལན་ཕར་སྐྱེལ་བ་དང་དེའི་ལན་ཕྱིར་སྐྱེལ་བ་དང་གསུམ་རང་གིས་བྱས་སམ་མངགས་པ་མཚན་ཉིད་དང་ལྡན་པས་བྱེད་དུ་བཅུག་པ་དང་། འཕྲིན་གསུམ་པ་བརྡ་དང་མཚན་མས་ཀྱང་གྲུབ་བོ། །འཕྲིན་གསུམ་ལ་སྦྱོར་སྦོམ་གསུམ། ཀུན་སློང་དེ་གཉིས་ཕྲད་འདོད་ཀྱི་ཆགས་སེམས་ཀྱིས་མཐར་ཐུག་མི་ཚངས་སྤྱོད་ཀྱི་དངོས་པོར་ཕྲད་ན་ལྷག་མའོ། །མཐའ་བཟུང་བས་ཐ་ན་ཐང་འགའ་ཕྲད་པའི་སྨད་འཚོང་མ་ཡང་རུང་སྟེ། སྐྱེས་པ་སྤྱིའི་ལོངས་སྤྱོད་ཡིན་པས་དགོས་པ་བཅད་པའོ། །སྔར་མི་མཐུན་པ་མཐུན་པར་སྒྲུབ་པ་དགོས་ཤིང་། ཆུང་མ་ཕྱི་མ་བཞི་འཐབས་ཙམ་གྱིས་མཐུན་པ་ཉམས་སོ། །དང་པོ་གསུམ་རྡེའུ་གཏོར་བས་ཉམས། དགེ་སློང་མང་པོས་གཉིས་སྤྲད་ན་རེ་རེ་ལ་ལྟུང་བ་རྫོགས་པ་རེ་འབྱུང་། གཅིག་གིས་ཟུང་མང་པོ་སྤྲད་ན་གཅིག་ལྟུང་བ་རྫོགས་པ་མང་པོ་འབྱུང་། སྤྲད་བྱ་དངོས་དང་བདག་པོ་ལས་འཕྲིན་མནོས་པ་འདྲ། དགའ་སྐྱེད་དུ། སྐྱེས་པ་ནང་སྤྲད་ན་དངོས་གཞིར་འགྱུར་ཏེ་ཤིན་ཏུ་སྡིག་ཆེ་ཞེས་བཤད་དོ། །གཉིས་པ་ཕྱིའི་ཡོ་བྱད་ལ་ཆགས་པའི་ལྟུང་བ་ལ་གཉིས་ལས་ཁང་པ་ལ་གླེང་གཞི་ནི་ཡུལ་མཉན་ཡོད། གང་ཟག་དགེ་སློང་མང་པོ། ཉོན་མོངས་འདོད་ཞེན། ཉེས་པ་ཁང་པ་རྩིག་པའོ། །གང་ཟག་ཆོས་འདི་པའི་དགེ་སློང་གིས་གཞི་ཤིང་དང་རྩ་དང་བླ་རྔན་ལ་སོགས་ཡོ་བྱད་རྣམས་སྦྱིན་པ་བདག་ལ་བདག་གིས་བླངས་པ། ཆེད་དུ་བྱ་བའི་བདག་པོ་གཞན་མེད་པ། དགེ་འདུན་ལ་སོགས་པའི་ཕྱིར་མ་ཡིན་གྱི་བདག་གི་ཕྱིར་བསྔོས་ཏེ་སྤྱོད་ལམ་བཞི་ཤོང་བའི་ཁང་པ་རྩིག་གམ་གཞན་བརྩིག་ཏུ་འཇུག་ན། དགེ་འདུན་གྱིས་དགེ་སློང་དེ་ཁང་པ་ཚད་བཞིན་རྩིག་ཏུ་ཆུགས་ཤིག དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ། རྨང་གི་ཕྱི་ལ་མི་རྩི་ཡི་བང་གི་དཀྱུས་ཀྱི་སྲིད་དུ་སྟོན་པ་བདེ་བར་གཤེགས་པའི་མཐོ་ནི་གཞན་ལས་སུམ་འགྱུར་ཡིན་པས་དེའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ལ་ཚད་ལྡན་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་དང་། སྲིད་དུ་ཁྲུ་བཅོ་བརྒྱད་ཡིན་ནོ། །སྟོན་པའི་ནི་ངེས་ལ་རང་རང་གི་ནི་མ་ངེས་པས་སོ། །ཁང་པའི་གཞི་དག་གམ་མ་དག་བལྟ་བའི་ཕྱིར་རྩིག་པའི་དགེ་སློང་དེས་བལྟ་བའི་དགེ་སློང་དག་གང་ཡོད་པ་བཀྲི་བར་བྱའི། དེ་མིག་གིས་བལྟ་བ་དེ་ཙམ་བཀྲི་མི་དགོས་སོ། །ཁྲིད་པའི་དགེ་སློང་ལྟ་བྱེད་དག་གིས་ཀྱང་ཁང་པའི་གཞི་སྡིག་སྦྲུལ་ལ་སོགས་སྲོག་ཆགས་མང་པོའི་གནས་དང་བྲལ་ན་རུང་བ་དང་། རྒྱལ་པོ་ལ་སོགས་ཀྱི་གནས་དང་ཤིང་ལྗོན་པ་ཆེན་པོ་བཅད་པར་བྱ་བ་སོགས་མེད་ན། རྩོད་པའི་གཞི་མེད་པ་དང་། འདོམ་གང་འཁོར་ཡུག་ཏུ་ཆུ་ཀླུང་ངམ་གྲོག་ལམ་ཆེན་སོགས་མེད་ན་བརྩལ་དུ་རུང་བར་བལྟ་བར་བྱའོ། །དགེ་སློང་ལག་གི་གླས་དགེ་འདུན་ལ་ལན་གསུམ་གསོལ་ནས་དགེ་འདུན་ནམ་བསྐོས་པས་བརྟག་པ་སྟེ་རིམ་གྱིས་རུང་བ་དང་རྩོད་པ་མེད་པ་དང་བརྩལ་རུང་དུ་ཤེས་ནས་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་གཞི་བརྟན་པ་དེར་ཁང་པ་རྩིག་པའི་གནང་བ་སྦྱིན་ནོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་རྩོད་བཅས་བརྩམ་མི་རུང་དུ་རྫས་སྦྱིན་བདག་ལ་བདག་གིས་བླངས་པ་རང་ལས་གཞན་ཕྱིར་གྱི་བདག་པོ་མེད་པ་བདག་གཅིག་གི་ཕྱིར་ཁང་པ་རྩིག་གམ་རྩིག་ཏུ་འཇུག་གམ། བལྟ་བའི་དགེ་སློང་མི་འཁྲིད་དམ། ཁྲིད་པ་ལ་མི་སྟོན་ནམ། ཕྱོགས་དེར་བསྟན་པའི་དགེ་སློང་གཏན་ནས་མེད་པ་དང་། རང་ངམ་གཞན་ཤེས་པ་བླུན་ཞིང་ཆུང་བས་རུང་བ་ལ་མ་བསྟན་ཀྱང་ཉེས་མེད་ཁྱད་པར་བཤེས་གཉེན་བཞེད་དོ། །ཚད་ལས་ལྷག་པར་འདས་ན་སྟེ་མདོར་ན་ཇི་སྐད་བསྟན་པ་བཞིན་མི་བྱེད་པར་རྩིག་ན། འདུ་ཤེས་གཞི་དེ་དག་ལ་མ་འཁྲུལ་ཀུན་སློང་བཅས་པ་ལས་འདས་ཏེ་རྩིག་འདོད་ཀྱིས་མཐར་ཐུག་ཐོག་སུམ་གཉིས་ཕུབ་ཚར་བའི་ཚེ་ལྷག་མའོ། །འདིར་ཡན་ལག་དྲུག་ཚོགས་ནས་དངོས་གཞིར་འགྱུར་ཏེ། གཞི་དང་ཡོ་བྱད་གཞན་ལས་བཙལ་བ། མ་དག་པ། མ་བསྟན་པ། གཅིག་གི་དོན་ཚད་ལས་ལྷག་པ། ཟིན་པའོ། །མ་ཚང་ན་ཅི་རིགས་པར་སྦོམ་པོ་དང་། བྱེད་པར་རྩོམ་པ་ཙམ་གྱི་ཚེ་སྦྱོར་བའི་སྦྱོར་བའི་ཉེས་བྱས། བརྩམས་ནས་སྦོམ་པོ། ཐུན་མོང་དུ་དངོས་གཞིའི་སྔོན་དུ་སྦོམ་པོ་གཅིག་འབྱུང་ངོ་། །གཉིས་པ་ཁང་ཆེན་ལ་གླེང་གཞི་ནི། ཡུལ་ཀོའུ་ཤམ་བྷི། གང་ཟག་དྲུག་སྡེ། ཉོན་མོངས་བརྙས་པ་མི་བཟོད་པ། །ཉེས་པ་ཁང་ཆེན་རྩིག་པའོ། །གང་ཟག་དགེ་སློང་གིས་ཆེད་དུ་བྱ་བའི་བདག་པོ་ཡོད་པ་ཉན་ཐོས་ཀྱི་དགེ་འདུན་གྱི་ཕྱིར་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་། ཆེན་པོ་ཚད་དང་སྦྱིན་བྱ་གཉིས་ལས་འདིར་ཕྱི་མ་སྟེ། འདི་ལ་ལས་ངན་པ་ལ་དགའ་བའི་ཉེས་པ་མེད་དེ་དགེ་བའི་ཕྱོགས་ཡིན་པའོ། །རྩིག་ཏུ་འཇུག་ན་སྟེ། གཞི་དང་ཡོ་བྱད་བཙལ་རུང་མ་བཙལ་རུང་། ཚད་ངེས་པ་མེད། གང་ཟག་ཁྱིམ་པའམ་རབ་བྱུང་བཞི་ཡན་ཆད་ཀྱི་དོན་དུའོ། །ཡན་ལག་གཞན་ཐམས་ཅད་གོང་མ་བཞིན་ནོ། །གཉིས་པ་གནོད་པས་ཀུན་ནས་སླང་བ་ལ་དྲུག་ལས། གཞི་མེད་ཀྱི་སྐུར་འདེབས་ལ་གླེང་གཞི་ནི་ཡུལ་རྒྱལ་ཁབ། གང་ཟག་འཛའ་བོ་ས་ལ་སྐྱེས། ཉོན་མོངས་མི་བཟོད་པ། ཉེས་པ་སྐུར་འདེབས་སོ། །ཡང་གང་ཟག་དགེ་སློང་གང་བསམ་པ་ཁོང་ཁྲོས་འཁྲུགས་ཤིང་མི་དགའ་བས་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དགེ་སློང་གི་ཚུལ་དང་བྲལ་ལོ་སྙམ་ནས། ཡུལ་དགེ་སློང་དག་པ་སྐུར་པ་གདབ་བྱའི་ཉེས་པ་དེ་མེད་པས་ལྟུང་བ་མེད་པ་མཐོང་ཐོས་དོགས་པའི་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱི་སྒྲས་བརྗོད་པ་བཞི་པོ་གང་རུང་གིས་སྨྲ་ཤེས་དོན་གོ་བའི་མི་བསམ་པ་རང་བཞིན་དུ་གནས་པ་ལ་སྦྱོར་བ་ངག་མཚན་ཉིད་ལྡན་པས་སྐུར་པ་བཏབ་པ་ལས་དེ་དུས་གཞན་ཞིག་ན་གཞན་གྱིས་དྲིས་ཀྱང་རུང་། མ་དྲིས་པར་རང་འགྱོད་པས་སྨྲས་ཀྱང་རུང་། རྩོད་པ་བཞི་ལས་འདིར་ལྟུང་བའི་ཕྱིར་རྩོད་པ་དེ་ཡང་གཞི་གསུམ་མེད་པའམ་ཡོད་པ་བརྗེད་པས་ཡིན་ལ། དགེ་སློང་ཡང་སྐུར་པ་འདེབས་པར་འདོད་པའི་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེས་ན་དོན་གོ་བ་ན་ལྷག་མའོ། །རང་ལས་གཞན་པའི་དགེ་སློང་ཕ་མ་ལ་ཕམ་པ་བྱུང་ངམ་མ་བྱུང་ཀྱང་རུང་། གཞི་མེད་པར་དེ་ཉིད་དམ་གཞན་ལ་མིང་དང་སྦྱར་ཏེ་གསལ་པོར་བརྗོད་ཅིང་གོ་བ་ན་དངོས་གཞིའོ། །གཉིས་པ་ཆ་མ་ཡིན་པ་དང་མཐུན་པ་བག་ཙམ་གྱི་གླེང་གཞི་སྔ་མ་བཞིན་ལས་ཉེས་པ་བག་ཙམ་གྱིས་སྐུར་པའོ། །གཞན་ནི་མྱ་ངན་ལས་འདས་པ་དེའི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པ་བཞིའོ། །བག་ཙམ་ལས་བསམ་པ་རི་དྭགས་ཕོ་མོའི་ཆོས་དང་དེ་ལྟ་བུས་བསྙད་པ་ཙམ་གྱིས་ཆོས་མ་ཡིན་པ་འགའ་ཞིག་བླངས་ཏེ་བཟུང་བར་གྱུར་ལ་སྟེ་གྱུར་ཅིང་ངོ་། །ལྷག་མ་རྣམས་སྔ་མ་བཞིན་ནོ། །གསུམ་པ་དབྱེན་བྱེད་ལ་གླེང་གཞི་ནི། ཡུལ་རྒྱལ་ཁབ། གང་ཟག་ལྷ་སྦྱིན། ཉོན་མོངས་རྙེད་བཀུར་འདོད་པ། ཉེས་པ་དབྱེན་བྱེད་དོ། །ཡང་གང་ཟག་དགེ་སློང་གང་། བསམ་པ་སྟོན་པའི་ཉན་ཐོས་ཀྱི་དགེ་འདུན། རོ་གཅིག་བྱ་བ་གཅིག་ལམ་གཅིག་ཏུ་ཞུགས་པས་མཐུན་པ་གཉིས་སུ་དབྱེ་བའི་ཕྱིར། སྦྱོར་བ་བརྟུལ་བ་རྩོམ་པར་བྱེད་ཅིང་། ཀོ་ཀ་ལི་ཀ་ལྟ་བུ་དང་འགྲོགས་པ་དང་། མ་སྐྱེས་དགྲའི་ཟས་ལ་ལོངས་སྤྱོད་པ་ལྟ་བུའི་རྒྱུས་དབྱེན་བྱེད་པར་འགྱུར་བའི་རྩོད་པ་འཁྲུག་ལོང་དེ་ལ་དམིགས་ཏེ་ཡང་དག་པར་བླངས་ནས་དམ་ཏུ་རབ་ཏུ་བཟུང་སྟེ་འདུག་ན། བཟློག་པའི་ཕྱིར་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་དགེ་འདུན་རྣམས་ཀྱིས་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་རྟགས་དང་ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་དྲུག་མཐུན་པ་དེ་མི་མཐུན་པར་དབྱེ་བའི་ཕྱིར་བརྟུལ་བ་འབད་རྩོལ་མ་བྱེད་ཅིག་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག ཚེ་དང་ལྡན་པ། དགེ་འདུན་ཚུལ་ཁྲིམས་ལྟ་བ་འཚོ་བ་སྤྱོད་པ་མཐུན་པར་གྱིས་ཤིག མཐུན་པའི་ཕན་ཡོན་ཅི་ཡོད་ཅེ་ན། དགེ་འདུན་མཐུན་པ་བྱ་བ་དང་ལམ་གཅིག་པ་ཟང་ཟིང་གི་ལོངས་སྤྱོད་མི་བྱེད་པའི་འདྲེས་ཤིང་བར་དུ་མ་ཆོད་པ། ཕན་ཚུན་ཡོན་ཏན་བརྗོད་པའི་དགེ་ཕྱོགས་འཕེལ་བས་ཀུན་ཏུ་དགའ་ལྟ་སྤྱོད་ལ་མ་རྩོད། མཆོག་རྣམ་པར་གྲོལ་བ་ལ་སྦྱོར་བ་དང་འབྲས་བུ་མྱང་འདས་གཅིག གསུང་རབ་ཡན་ལག་བཅུ་གཉིས་སམ་གསོ་སྦྱོང་མཐུན་པས་འདོན་པ་གཅིག་གཞན་གྱིས་བཀྲིར་མི་བཏུབ་པས་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་བཞིན་དུ་གྱུར་ནས་དགག་དབྱེ་སོགས་ལས་མཐུན་པར་གྱུར་པ་ལ། སྟོན་པའི་བསྟན་པ་དུག་གསུམ་འདུལ་བའི་སྡེ་སྣོད་གསུམ་ཡང་ལུང་འབོག་པ་དང་ཀློག་པ་དང་ཁ་ཏོན་བྱེད་པས་གསལ་བར་བྱེད་ན་ཚེ་འདིར་བསམ་གཏན་གྱི་བདེ་བ་དང་རིམ་གྱིས་བདེན་བཞི་མཐོང་སྟེ་འབྲས་བུ་བཞི་ལ་རེག་པར་གནས་པ་ཐོབ་པར་འགྱུར་གྱི་དེས་ན་ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བཞམས་ཏེ་བསྒོ་བར་བྱའོ། །དེ་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བཞམས་ཏེ་བསྒོ་བ་ན། གལ་ཏེ་གཞི་ལྟ་བ་དེ་གཏོང་ན་ལེགས་ཏེ་བཟང་། རྩོམ་པའི་ཉེས་བྱས་གཅིག་བྱུང་གི སྦོམ་པོ་ཡང་མ་བྱུང་ངོ་། །གལ་ཏེ་མི་གཏོང་ན་སྦོམ་པོ་གཅིག་བྱུང་ཡང་གཞི་དེ་གཏང་བར་བྱ་བའི་ཕྱིར་གསོལ་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་བཟློག་པའི་ཕྱིར་ཡང་དག་པར་བསྒོ་བར་བྱ་སྟེ། འདི་འདྲ་བྱེད་ཕོད་དམ་སྲིད་དམ་ཞེས་འདྲི། ཡང་དག་པར་བསྟན་པ་སྟེ་མ་བྱེད་ཅིག་ཅེས་བཟློག་པར་བྱའོ། །བསྒོ་བ་དང་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ལ་རྩེགས་ཏེ་ལྷག་མ་དངོས་མ་བྱུང་། གསོལ་བའི་མཐའ་དང་བརྗོད་པ་རེ་རེའི་མཐར་མི་གཏོང་ན་སྦོམ་པོ་རེ་རེ། མཇུག་སྡུད་རྫོགས་ནས་ལྷག་མའོ། །སྔ་རབས་བརྗོད་པ་གསུམ་པའི་མཐར་སྦོམ་པོ་གཅིག་ཉིད་འདོད། རྩིས་ཉག་ལྷག་མ་དངོས་མཇུག་སྡུད་ཀྱི་འབྲས་བུར་འདོད། མི་བརྗེད་དྲན་བྱེད་དུ་བཞམ་པའི་མཐར་ཉེས་བྱས། གསོལ་བ་དང་བརྗོད་པ་དང་པོ་གཉིས་ལ་སྦོམ་པོ་རེ་རེ་སྟེ་སྦོམ་པོ་གསུམ་འབྱུང་བར་བཤད་དོ། །འདིར་བསྒོ་གྱུར་བཞི་ཀའང་། བཟློག་ཚུལ་བཞམ་བསྒོས་བཟློག་པ་ན་བྱ་བ་དེ་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན། དང་པོར་སྦྱོར་བའི་ཉེས་བྱས་གཅིག་དང་བཞམ་པའི་མཐའ་དང་། གསོལ་བ་དང་། བརྗོད་པ་གཉིས་པོའི་མཐར་སྦོམ་པོ་རེ་རེ་བསྐྱེད་པར་རྗེས་སུ་མཐུན་ནོ། །མཚམས་མེད་ཀྱི་དབྱེན་ནི། སྟོན་པ་བཞུགས་པའི་ཚེ་ཕྱེ་ཞིང་། སྟོན་པ་གཞན་དང་ལམ་གཞན་བཟོད་ཅིང་འདོད་པར་གྱུར་ན་མཐར་ཐུག་གོ །ལས་ཀྱི་དབྱེན་ནི་མཚམས་གཅིག་གི་ནང་དུ་དགེ་འདུན་མཐུན་པ་ལས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བྱེད་འདོད་པས་རང་མ་གཏོགས་ཕན་ཚུན་བཞི་བཞིར་ལོངས་པ་ཕྱེ་བ་ལས་འབྱུང་ངོ་། །མཚམས་མེད་དབྱེན་ནི་ཞག་ཏུ་མི་གནས་ཤིང་ལས་དབྱེན་ནི་མ་ངེས་སོ། །སྦྱོར་བ་ཚུལ་ཤིང་འགྲིམ་པ་སོགས་ཀྱིས་འབྱེད་པའོ། །བམ་པོ་ལྔ་བཅུ་པ་དང་གཞུང་འགྲེལ་དུ། སྟོན་པ་མི་བཞུགས་ན་དབྱེན་གྱི་ལྷག་མ་དངོས་གཞི་མེད་པར་བཤད་པ་འདྲའོ། །བཞི་པ་རྗེས་ཕྱོགས་ཀྱི་གླེང་གཞི། གང་ཟག་ཀོ་ཀ་ལི་ཀ་སོགས་བཞི། ཉེས་པ་ནི་རྗེས་ཕྱོགས་སོ། །ཡང་གང་ཟག་དགེ་སློང་དབྱེན་བྱེད་དེའི་གྲོགས་བྱེད་ལྟ་བ་དང་འདོད་པ་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་ཕྱོགས་པ་ལྟ་བ་དང་བསམ་པ་དེ་དང་ལྡན་པ་གཅིག་གམ་གཉིས་སམ་དེ་ལས་མང་པོ་དག་ཡོད་ཅིང་། གལ་ཏེ་རྗེས་སུ་ཕྱོགས་ཤིང་གྲོགས་བྱེད་པ་དེ་དག་ཆོས་འདི་པའི་དགེ་སློང་རྣམས་ལ་སྦྱོར་བ་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་དག ཁྱེད་ཅག་ཕན་པར་འདོད་པས་དགེ་བ་ལ་སྦྱོར་ཡང་རུང་། མི་ཕན་པར་འདོད་པས་སྡིག་པ་ལ་སྦྱོར་ཡང་རུང་དགེ་སློང་འདི་ལ་ཅི་ཡང་ཅུང་ཟད་ཀྱང་མ་སྨྲ་ཞིག དེ་ཅིའི་ཕྱིར་དགེ་སློང་འདི་ནི་ཡི་གེ་ཕུན་སུམ་ཚོགས་པའམ་རིགས་པའི་ཆོས་སྨྲ་བ། དོན་ཕུན་སུམ་ཚོགས་པའམ་ལུང་གི་རྗེས་སུ་འབྲང་བའི་འདུལ་བ་སྨྲ་བ། ཡང་ན་འཕགས་ལམ་ཡན་ལག་བརྒྱད་ལས་ལྔ་ནི་ཆོས། ངག་ལས་མཐའ་འཚོ་བ་གསུམ་འདུལ་བ། ཡང་ན་ཆོས་དོན་དང་ལྡན་པ། འདུལ་བ་འཇམ་ཞིང་མཛེས་པའོ། །རྗེས་ཕྱོགས་པས་བསྔགས་པ་ཙམ་དུ་ཟད་ཀྱི། དེ་དང་ལྡན་པ་ནི་མ་ཡིན་ནོ། །དགེ་སློང་འདི་ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་དགེ་སློང་འདི་ནི་དོན་རྟོགས་ནས་ཤེས་བཞིན་དུ་སྨྲ་བ་ཡིན་གྱི་དོན་མ་རྟོགས་པར་མི་ཤེས་བཞིན་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གཞི་གང་ལ་ཡིད་དང་མཐུན་པས་འདོད་ཅིང་རིགས་པས་རྟོགས་ནས་བཟོད་པ་དེ་ལ་བདག་ཀྱང་འདོད་ཅིང་བཟོད་དོ་ཞེས་བློ་གཅིག་པར་བསྟན་ནོ། །གཞུང་ལྷག་མ་རྣམས་སྔ་མ་བཞིན་བཤད་ཅིང་ཡན་ལག་ཀྱང་དབྱེན་གྱི་གྲོགས་བྱེད་པ་ཞེས་པ་ལས་གཞན་སྔ་མ་བཞིན་སྦྱར་རོ། །ལྔ་པ་ཁྱིམ་སུན་འབྱིན་པའི་གླེང་གཞི་ལ་ཡུལ་ནི་མཉན་ཡོད། གང་ཟག་ནམ་སོ་འགྲོ་མགྱོགས། ཉོན་མོངས་བསྐྲོད་པའི་དགེ་འདུན་ལ་མི་བཟོད་པ། ཉེས་པ་ཁྱིམ་སུན་འབྱིན་པའོ། །གང་ཟག་དགེ་སློང་གང་། གཉིས་ལས་ལྷག་པ་རབ་ཏུ་མང་པོ་དག །ཚོང་ཁང་དང་རྭ་བས་བསྐོར་བའི་གྲོང་ངམ་རྭ་བས་མ་བསྐོར་བའི་གྲོང་བརྡལ་ཞིག་ན་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཉེ་བར་བསྟེན་ཅིང་གནས་པར་གྱུར་ལ་དེ་དག་ཀྱང་བྲམ་ཟེ་ལ་སོགས་པ་ཁྱིམ་པ་རྣམས་བུད་མེད་དང་ལྷན་ཅིག་ཟ་འཐུང་སྣོད་གཅིག་ཏུ་ཟ་བ་སོགས་འགྲོགས་པ་དང་། ཟས་གོས་སོ་ཤིང་སོགས་ལོངས་སྤྱོད་པ་སུན་འབྱིན་པ་སྡིག་པའི་ཆོས་གནས་ངན་ལེན་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་བདག་གི་ཁྱིམ་དག་སུན་ཕྱུང་བར་མིག་ཤེས་ཀྱིས་མཐོང་ངམ། རྣ་བས་ཐོས་སམ། དེ་ལས་གཞན་པའི་ཤེས་པས་རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ཐོས་ཤེས་ན། དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་རིགས་དང་ཁྱིམ་སུན་འབྱིན་པའི་སྡིག་པའི་ཆོས་ཁ་ན་མ་ཐོ་བ་སྤྱོད་པ་དག་ཡིན་ཏེ། ཁྱོད་ཀྱིས་ཁྱིམ་སུན་ཕྱུང་བ་སྡིག་པའི་ཆོས་སྤྱོད་པར་མཐོང་ཐོས་ཞེས་པས་གཞི་གསུམ་ཡོད་པར་བསྟན། ཚེ་དང་ལྡན་པ་དག་ཁྱེད་ཅག་འདི་ན་གནས་པས་གནས་པ་མཆོག་གི་གནས་འདི་ནས་དེངས་ཤིག་ཅེས་ཚིག་འཇམ་པོས་བསྒོ་བར་བྱའོ། །གལ་ཏེ་དེ་སྐད་བསྒོ་བ་ན་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག ངེད་ཅག་སྐྲོད་པར་བྱེད་པ་འདི་དག་ན་ཁ་ཅིག་མ་བསྐྲད་པ་ལ་ཆགས་པའི་འདུན་པས་འགྲོ་བ། བསྐྲད་པ་ལ་སྡང་བའི་ཞེ་སྡང་གིས་འགྲོ་བ། མ་བསྐྲད་པ་དེ་དག་གིས་ཁྱིམ་སུན་ཕྱུང་བར་མ་ཤེས་པས་གཏི་མུག་གིས་འགྲོ་བ། མ་བསྐྲད་པ་དེ་ལ་འཇིགས་པས་སྐྲོད་པར་མི་བྱེད་པའི་ཕྱིར་འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ཁྱིམ་སུན་ཕྱུང་བའི་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་སྐྲོད་པར་བྱེད་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་བརྫུན་དེ་སྐད་ཟེར་ན། སུན་འབྱིན་པའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་མ་ཟེར་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་མ་ཡིན་གྱི་འདི་ལྟར་ཁྱོད་ཉིད་ཀྱི་སྤྱོད་པ་རབ་ཏུ་ཤེས་པའི་ཕྱིར་ཏེ། བརྫུན་ཚིག་གིས་སྐུར་པ་འདེབས་པའི་ལས་ཀྱི་ལམ་འདི་ཐོང་ཤིག ཅེས་འཇམ་པོས་བསྒོ་བར་བྱའོ། །དེ་སྐད་འཇམ་པོས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ལེགས་ཏེ་བཟང་བ་ཡིན། ཉེས་བྱས་གཅིག་བྱུང་བར་ཟད། སྦོམ་པོ་ཡང་མ་བྱུང་། གལ་ཏེ་མི་གཏོང་ན་གསོལ་བ་བྱ་བ་སོགས་དབྱེན་གྱི་སྐབས་བཞིན་ཤེས་པར་བྱའོ། །ཡུལ་རང་སྐྲོད་པའི་དགེ་འདུན་འགྲོ་བ་བཞི་བྲལ་ལ། ཀུན་སློང་འགྲོ་བ་བཞི་བྲལ་དུ་ཤེས་བཞིན་དུ་འགྲོ་བ་བཞིས་སྐུར་པ་འདེབས་འདོད་ཀྱིས་སྦྱོར་བ་རང་ངམ་བསྐོས་པའི་ངག་གིས་བརྫུན་དུ་སྨྲས་ཏེ། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་པའོ། །དྲུག་པ་བཀའ་བློ་མི་བདེ་བ་ལ་གླེང་གཞི་ནི། ཡུལ་ཀཽ་ཤམ་བྷི། གང་ཟག་འདུན་པ། ཉོན་མོངས་གླེང་བ་མི་བཟོད་པ། ཉེས་པ་བཀའ་བློ་མི་བདེ་བའོ། །གླེང་དྲན་བྱེད་པའི་སྐབས་འདི་ནི། གང་ཟག་དགེ་སློང་ཁ་ཅིག རྗེས་སུ་མཐུན་པ། ཚུལ་དང་མཐུན་པ། དྲང་པོར་འཇུག་པའི་ཚིག་ལ་མི་མཐུན་པར་འཛིན་ཅིང་མི་བཟོད་པས་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་པ། དེ་ལ་ཆོས་ཕྱོགས་པའི་དགེ་སློང་རྣམས་ཀྱིས་ཟླ་བ་ཕྱེད་ཅིང་འདོན་པར་གཏོགས་པ་སོ་སོར་ཐར་པའི་བསླབ་པའི་གཞི་རྩོད་པ་ཞི་བར་བྱེད་པའི་བར་རྣམས་དང་། བདེ་བར་གཤེགས་པའི་མདོ་ཡང་དག་པར་སྦྱོར་བ་གཞུང་འབུམ་པ་དུམ་བུ་བཞིར་གཏོགས་པ་རྣམས་ཀྱི་ཆོས་མདོ་སྡེ་དང་མ་མོ་དང་མཐུན་པ་དང་། འདུལ་བ་ཉིད་དང་མཐུན་པའམ་ཡང་ན་ཆོས་མཐོང་ཐོས་དོགས་གསུམ། འདུལ་བ་དུས་སུ་དོན་དང་ལྡན་པར་འཇམ་པོར་སྨྲས་པ་ན། སྦྱོར་བ་ངག་གིས་འདི་སྐད་ཅེས་ཁྱེད་ཀྱང་བདག་ལ་མི་སྨྲ་ཞིག བདག་ཀྱང་ཁྱེད་ལ་མི་སྨྲའོ། །ཁྱེད་ཅག་ལ་ཡང་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་གླེང་པའི་ཚིག་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འཇོག་པར་བྱེད་ནའོ། །གླེང་པར་འོས་པ་སུ་ཡང་རུང་བས་གླེང་པ་ནི་ཕྱོགས་གཅིག་ཙམ། དྲན་པ་ནི་ཡོངས་སུ་རྫོགས་པར། བཞམ་པ་ནི་གྲོས་གདབ་པ། བསྒོ་བ་ནི་བཟློག་པའི་ཕྱིར་ལས་བྱེད་པའོ། །དྲན་ཤེས་བཞིན་དུ་མི་ལྡན་པ་དང་། མི་དབེན་པ་དང་། སྐབས་མ་ཕྱེ་བ་དང་། གཞི་མེད་པ་དང་། མངོན་ཤེས་ཀྱིས་གླེང་བ་ནི་མི་བྱའོ། །གླེང་དྲན་བྱས་ནས་མི་གཏོང་ན། བརྗོད་བཅས། མི་གདམས་པ། མི་སྨྲ་བ། གསོ་སྦྱོང་བཞག་པ། དགག་དབྱེ་བཞག་པ། ཕུར་བཅས་རྣམས་རིམ་བཞིན་བྱས་ནས་མི་གཏོང་ན་བཞམ་བསྒོའི་ལས་བྱེད་པར་གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པར་བཤད། རྒྱ་འདུལ་འཛིན་ཡང་བཞེད་དོ། །གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་ན་ཕན་ཡོན་ནི། ཡོན་ཏན་ཐོབ་པ་མི་ཉམས་པའི་ཕྱིར་འདོམས་ཤིང་གསར་དུ་བསྐྱེད་པའི་ཕྱིར་རྗེས་སུ་སྟོན་ཅིང་སློབ་པ་དང་། ལྟུང་བ་ལས་སློང་ཞིང་སྦྱོང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་སངས་རྒྱས་དེའི་དགེ་འདུན་གྱི་འཁོར་འདི་སྔོན་ཆད་འཕེལ་བར་གྱུར་པ་ཡིན་གྱི་བརྗོད་བྱ་མ་ཡིན་པ་འདི་ཐོང་ཞིག་ཅེས་བསྒོ་བར་བྱ། བཏང་ན་ལེགས་སོ་གཞུང་ལྷག་མ་སྔར་བཞིན་ནོ། །ཡུལ་དགེ་སློང་ཆོས་ལྡན་གྱིས་གླེང་བ་ལ། ཀུན་སློང་ཤེས་བཞིན་དུ་བཀའ་བཞིན་མི་བྱེད་ཅིང་མི་ཉན་པར་འདོད་པས། མཐར་ཐུག་བརྗོད་པ་གསུམ་པའི་མཐར་མ་བཏང་ན་ལྷག་མའོ། །གསུམ་པ་མཇུག་སྡུད་ནི་ཕྱིར་བཅོས་པ་དང་བཅས་པ་སྟེ། ཚེ་དང་ལྡན་པ་དག་ཅེས་བོས་ནས་འདོན་པ་བདག་གིས་ཕྱིར་བཅོས་དགེ་འདུན་ལ་རག་ལས་པའི་ལྟུང་བ་ཕམ་པ་ལྟར་ལྷག་མེད་མ་ཡིན་པས་ལྷག་མའི་མཚན་ཉིད་འཛིན་པའི་ཆོས་བཅུ་གསུམ་བསྟན་ཟིན་ཏོ། །མཚན་ཉིད་ནི། ཕྱིར་བཅོས་དགེ་འདུན་ལ་རག་ལས་ཤིང་། ལྟུང་བ་རང་གི་ངོ་བོ་ལྷག་མའི་མིང་གིས་ཕྱིར་བཅོས་ན་འདག་རུང་ངོ་། །བཅུ་གསུམ་པོ་དེ་དག་ལས་དང་པོ་དགུ་ནི་ལྟུང་བར་འགྱུར་བ་དང་པོ་དག་ཉིད་ཀྱིས་སོ་སྟེ་བཞམ་བསྒོས་བཟློག་པ་མེད་དོ། །ཕྱི་མ་བཞི་ནི་བརྗོད་པ་ལན་གསུམ་མཇུག་སྡུད་དང་བཅས་པ་རྫོགས་པའི་མཐར་དངོས་གཞིར་འགྱུར་རོ། །ལྟུང་བ་འབྱིན་པའི་དགེ་སློང་གིས་བཅུ་གསུམ་པོ་དེ་དག་ལས་ལྷག་མའི་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ། དུས་ཇི་སྲིད་དུ་བདག་ལ་ལྟུང་བ་དེ་བྱུང་བར་ཤེས་བཞིན་དུ་འཆབ་ཅིང་སྦེད་ལ་མི་མཐོལ་བར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བའི་ལས་བྱ་སྟེ། རང་བཞིན་དུ་གནས་པའི་ས་ནས་དག་པའི་སར་སྤོ་བ་འདི་བཅས་པའི་ཉེས་པ་སྦྱང་བའི་ཆད་ལས་སོ། །སྤོ་བ་བྱས་ནས་དེའི་འོག་ཏུ་ལྷག་མའི་ཉེས་པ་སྦྱང་བའི་ཕྱིར། མཚམས་ནང་གི་དགེ་འདུན་ལ་སྒོ་གསུམ་གྱི་སྤྱོད་པ་དང་ཆོས་དང་ཟང་ཟིང་གིས་ཞག་དྲུག་གི་བར་དུ་དགེ་འདུན་ཐམས་ཅད་ཐུགས་མཉེས་ཤིང་མགུ་བར་བྱ་བའི་ལས་སྦྱར་བར་བྱའོ། །མགུ་བ་སྤྱད་ནས་དབྱུང་བ་ལ་ཐོགས་ཏེ། དབྱུང་བའི་ཕྱིར་དགེ་འདུན་འདུག་ཅིང་མཐུན་པར་བྱ་བ་ལ་སོགས་ཆོས་དང་མཐུན་པར་བྱས་ལ། མཆིལ་ལྷམ་ཕུད། ཕྱག་བྱས་ཙོག་པུར་ཐལ་མོ་སྦྱར་གསོལ་བ་བཏབ་པས་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་ཞིང་ཡི་རང་བར་བྱས་ནས། གནས་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་མགུ་ལྡན་དེ་ལྷག་མའི་ལྟུང་བ་ལས་དབྱུང་བའི་ལས་བྱའོ། །དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བ་བཅུ་དགུའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་འབྱིན་པར་བྱེད་ན། མགུ་ལྡན་དགེ་སློང་དེ་ཡང་རང་བཞིན་གྱི་སར་མ་ཕྱིན་ལ། འབྱིན་བྱེད་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་འགལ་ཚབས་ཅན་ཡིན་ཏེ་ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ལྷག་མ་ཕྱིར་འཆོས་པ་དང་དབྱུང་བའི་ལས་དེ་ལ་ཇི་སྐད་བཤད་པ་དེ་ནི་ཆོ་ག་ཡིན་ནོ། །སྤོ་བ་སྤྱོད་པས། དགེ་སློང་རང་བཞིན་དུ་གནས་པའི་བཀུར་བསྟི་བདག་གིར་མི་བྱ། གནས་གཅིག་ཏུ་མི་ཉལ། ལས་ཀྱི་གྲལ་དུ་མི་འདུ། དགེ་སློང་མ་ལ་ཆོས་མི་བསྟན། གསར་བུ་ལ་འཇམ་པའི་བྱ་བ་ཕྱག་དར་ལ་སོགས་པ་བྱ་བ་སོགས་ཁྱད་པར་ཅན་གྱི་སྦྱོར་བ་སྦྱར། སྨད་ཅིང་དམན་པའི་སྤྱོད་པ་ཆོས་དང་ལྡན་པ་དག་བྱ་སྟེ་རྒྱས་པར་གཞན་དུ་བལྟའོ། །ཡང་སྤོ་བ་དང་གཞི་ནས་སྤོ་བ་དང་། ཡང་མགུ་བ་དང་གཞི་ནས་མགུ་སོགས་རྒྱ་ཆེར་སྦྱར་བར་བྱའོ། །ལྔ་པ་མ་ངེས་པའི་སྡེ་ལ། དངོས་དང་མཇུག་སྡུད་གཉིས་ལས། དང་པོ་ཕམ་ལྷག་ལྟུང་བྱེད་གང་ཡིན་མ་ངེས་པ་དང་ལྷག་མ་དང་ལྟུང་བྱེད་གང་བྱུང་མ་ངེས་པ་གཉིས་གླེང་གཞིའི་དབང་གིས་བཞག་གི འདིར་སྔ་མ་ལྷག་མ་དང་ཕྱི་མ་ལྟུང་བྱེད་དུ་འདུས་སོ། །སྔ་མའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་འཆར་ཀ ཉོན་མོངས་འདོད་ཆགས། ཉེས་པ་མ་ངེས་པའོ། །ཚེ་དང་ལྡན་པ་དག་ལྟུང་བའི་གང་བྱུང་མ་ངེས་ཤིང་གཏོལ་མེད་པར་གྱུར་པའི་ཆོས་གཉིས་པོ་འདི་ཟླ་ཕྱེད་ན་འབྱུང་ངོ་། །ཡང་དགེ་སློང་གང་འཁྲིག་པ་བསྟེན་དུ་རུང་བའི་བུད་མེད་དང་ལྷན་ཅིག དགེ་སློང་གཅིག་པུ་བུད་མེད་གཅིག་དང་། ཁྲིམས་གྲོགས་དང་བྲལ་ཞིང་སྐྱེ་བོ་རྒྱུན་བླུགས་མེད་པའི་དབེན་པ། རྩིག་པ་རིབ་མ་ཐིབས་པོ་མུན་པའི་སྐྱབས་ལྔ་གང་རུང་ཡོད་པར་འདོད་པ་མི་ཚངས་སྤྱོད་བྱར་རུང་ཐག་ཉེ་བར་འདོམ་གང་གི་ནང་དུ་ཁྲི་གདན་གཅིག་ལ་རྐུབ་ཚོས་བཞག་སྟེ་འདུག་པར་བྱེད་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ས་ག་ལྟ་བུ། དཀོན་མཆོག་གསུམ་ལ་དད་ཅིང་བདེན་པ་མཐོང་བ། སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བས་ཡིད་ཆེས་པའི་ཚིག་གི་བྱ་བ་དང་ལྡན་པས་ཆོས་གསུམ་ཕམ་ལྷག་ལྟུང་བྱེད་གང་ཡང་རུང་བས་སྨྲས་པར་གྱུར་ལ། སམ་ཞེས་པ་མ་ངེས་པ་རྣམ་པར་བརྟག་པའི་དོན་ནོ། །དགེ་སློང་གིས་འདུག་པར་ཁས་དྲང་པོར་བླངས་ན། ཆོས་གསུམ་གང་རུང་ཁས་བླངས་པས་ཕྱིར་བཅོས་བྱེད་དུ་གཞུག་ཅིང་། གླེང་བྱེད་དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་གང་དང་གང་གིས་སྨྲས་པར་གྱུར་པ་དེ་དང་དེ་གླེང་བྱ་དགེ་སློང་དེ་ཁས་བླངས་པ་དེ་དང་དེ་གླེང་བྱེད་དགེ་སློང་དེས་གླེང་བྱ་དགེ་སློང་དེ་ཕྱིར་བཅོས་བྱེད་དུ་གཞུག་པར་བྱ་སྟེ། དགེ་བསྙེན་མ་དེ་ལྟུང་བའི་ཀུན་སློང་དང་ངོ་བོ་དང་སྦྱོར་བ་དང་ཕྱིར་བཅོས་སོགས་ལ་མི་མཁས་པའི་ཕྱིར་རོ། །མ་ངེས་པ་ཕྱི་མའི་གླེང་གཞི་ལ་ཡུལ་རྒྱལ་ཁབ། གང་ཟག་ཤི་རི་ཀ ཉོན་མོངས་ཤེས་བཞིན་མ་ཡིན་པ། ཉེས་པ་མ་ངེས་པའོ། །ཡང་དགེ་སློང་ཤི་རི་ཀ་ལྟ་བུ་གང་། འཁྲིག་པ་སྤྱད་རུང་གི་བུད་མེད་ཀྱི་ཡུལ་དང་ལྷན་གཅིག འདོད་པ་བྱར་མི་རུང་འདོམ་གང་བས་ཐག་རིང་བར་སྟན་ལ་རྐུབ་ཚོས་བཞག་ནས་འདུག་པར་བྱེད་ཅིང་། གཞུང་ལྷག་མ་སྔར་བཞིན་ནོ། །གཉིས་པ་མཇུག་སྡུད་ཚེ་དང་ལྡན་པ་དག་ཅེས་སོགས། དྲུག་པ་རིལ་གྱིས་གདོན་པ་ལ། སྤང་ལྟུང་། ལྟུང་བྱེད་འབའ་ཞིག་པ། སོ་སོར་བཤགས་པ། བསླབ་བྱ། རྩོད་པ་ཞི་བྱེད་དང་ལྔ་ལས་དང་པོ་ལ་མདོར་བསྟན། རྒྱས་བཤད། མཇུག་སྡུད་གསུམ་གྱི་དང་པོ་ནི། ལྟུང་བ་འདི་དག་བྱུང་ན་ཡོ་བྱད་སེམས་ཀྱིས་སྤངས་ཤིང་། ཞག་གཅིག་འབྲལ་བའི་ཆད་པས་ཕྱིར་བཅོས་པར་བྱ་བས་ན་སྤང་ལྟུང་ངོ་། །ཉིན་མཚན་གྱི་དང་པོ་མ་ཡིན་པ་མཐའི་སྐད་གཅིག་ཐ་མ་སྟེ། ཐ་མ་དེ་མ་ཡིན་པ་དེའི་མདུན་རོལ་གྱི་དུས་རྣམས་ནི་མེད་པ་སྟེ་ཞག་ཏུ་མི་བརྩིའོ། །དེས་ན་སྐྱ་རེངས་འཆར་ཁའི་སྐད་ཅིག་ཐ་མ་དེ་ལ་ཉིན་མཚན་དང་ཞག་གི་མིང་ཐོབ་བོ། །དེའི་མདུན་རོལ་དུ་གནས་ན་ཞག་གིས་བསྐྱེད་པའི་ལྟུང་བ་ཐམས་ཅད་ལ་སྦྱོར་བའི་ཉེས་བྱས་བསྐྱེད་པའི་སྣོད་ཡིན་ནོ། །གསོ་སྦྱོང་དགག་དབྱེ་ལྟ་བུ་ཚེས་གྲངས་དང་འབྲེལ་པ་འགའ་ཞིག་སྐྱ་རེངས་ཤར་ཟིན་ཀྱང་། ཉི་མ་ཤར་བ་ཉིད་མཚམས་སུ་བཟུང་དུ་རུང་བ་ཡོད་དོ། །སོ་སོར་བཤད་པ་ལ་བཅུ་ཚན་གསུམ་ལས། དང་པོ་ལ་བཅུ་ལས་གོས་འཆང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དགེ་སློང་མང་པོ། ཉོན་མོངས་གོས་ལ་གདུ་བ། ཉེས་པ་འཆང་ཞིང་བྱ་བ་ཤོར་བའོ། །ཆོས་འདི་པའི་དགེ་སློང་ཆོས་གོས་བཀྲུ་བ་དང་དྲ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་ཟིན་པས། རྐྱེན་སྲ་བརྐྱང་ཕྱུང་ན་སྟེ། སྲ་བརྐྱང་བཏིང་ཆགས་ལ་འཆང་འབྲལ་འཇོག་པའི་ལྟུང་བ་བག་ཡངས་སུ་གནང་བས་སོ། །ཞག་བཅུའི་བར་དུ་སྟེ། མཚན་མོའི་མཐའ་བཅུར་བྱིན་གྱིས་བརླབས་པར་བྱ་བ་དེ་ལས་ལྷག་པ་རྣམས་བསྔོས་པ་དང་། རུང་བར་བྱ་བ་སོགས་རྣམ་པར་མ་བརྟགས་པར་བདག་གིར་བཅང་དུ་རུང་ཞིང་བྱའོ། །དེ་ལས་ཞག་ལྷག་པོར་འདས་པར་འཆང་བ། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་ལྟུང་ངོ་། །བྱིན་གྱིས་མ་བརླབས་པའི་གོས་འཁོར་གསུམ་ཁེབས་པ་ཞག་ལས་འདས་སམ། སྔ་ཕྱིར་རྙེད་པ་སྔ་མ་བྱིན་གྱིས་མ་བརླབས་པས་ཞག་འདས་སམ་མཉམ་དུ་རྙེད་པའི་གང་རུང་བྱིན་གྱིས་མ་བརླབས་པར་འདས་སམ། ཕྱི་མ་བྱིན་གྱིས་མ་བརླབས་པར་འདས་ན། བྱིན་གྱིས་བརླབས་པ་དེ་ཞག་ལོན་རུང་མ་ལོན་རུང་། སྤང་དགོས་སུ་འགྱུར་རོ། །འགྲེལ་ཆེན་གཉིས་སུ་ཡོ་བྱད་ཕྱིས་རྙེད་རིགས་མཐུན་མི་མཐུན་ཀུན་སྤང་དགོས་ཀྱི་སྔར་ཡོད་སྤོང་བར་བཤད་པ་མི་འདུག་གོ །རྙེད་པ་ཉུང་བ་དང་། ནད་པ་དང་། ཤིག་སྲོ་མང་བ་དང་། ཞལ་ཏ་བྱེད་པ་དང་། ལྷ་ལས་འཕོས་པ་གོས་ཡིད་དུ་འོང་བར་འདོད་པ་ལ་སོགས་པས་གོས་ལྷག་པ་འཆང་ན། མཁན་པོ་དང་སློབ་དཔོན་དང་གྲོགས་ལ་ཡིད་བརྟན་ནས་འཆང་བ་དང་། སྦྱིན་བདག་དང་། ཞལ་ཏ་བ་བདག་པོར་མོས་པ་དང་། རབ་བྱུང་ལ་སོགས་པའི་ཕྱིར་བསྔོས་ན་ལྟུང་བ་མེད་དོ། །དང་པོ་ཉིད་ནས་ཞག་ལྷག་པོར་འཆང་འདོད་ན་དང་པོ་ནས་སྦྱོར་ལྟུང་འབྱུང་ལ། ཞག་འདས་ན་དངོས་སུ་འགྱུར་རོ། །ཡིད་བརྟན་པའི་མཁན་པོ་ལ་སོགས་པ་རྒྱ་མཚོ་ཆེན་པོའི་ཕ་རོལ་ན་གནས་ཀྱང་རུང་ངོ་། །ཤི་བ་ཐོས་ན་རུང་བ་ཉམས་པས་གཞན་ལ་རུང་བར་བྱའོ། །ཧ་ཅང་ཚོལ་བ་དང་ཧ་ཅང་འཕོངས་པའི་ཉོན་མོངས་སྤངས་པའི་ཕྱིར་བརྟག་པའི་རུང་བ་གསུངས་སོ། །རྫས་འབྲལ་བ་ནི། དགེ་སློང་རང་བཞིན་དུ་གནས་པ། ལྟུང་བ་མིང་རིས་སུ་མི་མཐུན་པ། མཚམས་ནང་དེའམ་གཞན་ན་འདུག་ཀྱང་རུང་སྟེ་དེ་ལ་ཞག་གཅིག་བཏང་སྟེ། བྱིན་གྱིས་བརླབ་རུང་ཅིའང་མེད་པར་བྱའོ། །ངོ་ཚ་ཤེས་ཤིང་སྡེ་སྣོད་གསུམ་འཛིན་པ། མང་པོ་ཤེས་པས་ནི་སྤང་མི་དགོས་ཏེ། བསམ་པས་ལྡང་བས་བཤགས་པས་ཆོག་སྟེ་ལྷག་མ་བཞིན་ནོ། །གཉིས་པ་འབྲལ་བའི་གླེང་གཞི་ལ། ཡུལ་མཉན་ཡོད། གང་ཟག་མང་པོ། ཉོན་མོངས་གོས་བསྟོད་གཡོགས་སྨད་གཡོགས་ཙམ་གྱིས་ལྗོངས་རྒྱུ་བ། ཉེས་པ་ལུས་མ་སྦས་ཤིང་གཞན་གྱི་བྱ་བ་ཤོར་བའོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་མ་བཏིང་པའམ། བཏིང་ཡང་ཕྱུང་ནས། གལ་ཏེ་ནུབ་གཅིག་གི་མཐར་ཡང་ཆོས་གོས་སྣམ་སྦྱར་བླ་གོས་མཐང་གོས་གསུམ་ལས་གང་ཡང་རུང་བ་རང་ངམ་ཆོས་གོས་གནས་པའི་མཚམས་ཀྱི་ཕྱི་རོལ་དུ་འབྲལ་ཞིང་སྐྱ་རེངས་འཆར་བར་བྱེད་ན། དགེ་འདུན་གྱིས་མི་འབྲལ་བའི་གནང་བ་བྱིན་པ་མ་གཏོགས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གནང་བ་མ་ཐོབ་པ་དང་། བྱིན་གྱིས་བརླབས་པ་དང་། ཆོས་གོས་དངོས་རུང་བ་དང་། གནས་ཉེ་འཁོར་ཅན་དང་། ཞག་གཅིག་བྲལ་བ་ལས་དངོས་གཞིར་འགྱུར་རོ། །ཆོས་གོས་གསུམ་ལས་གཞན་བྱིན་བརླབས་ཅན་བྲལ་བ་དང་། རྒྱུར་བྱིན་གྱིས་བརླབས་པ་དང་བྲལ་ན་ཉེས་བྱས་སོ། །གནས་མཚམས་བཅད་པ་ལ་མཚམས་ཉེ་འཁོར་དང་བཅས་པ་དང་། གཞན་ལ་རང་རང་གི་ཉེ་འཁོར་འདོམ་གང་སོགས་པ། ཐང་སྟོང་ལ་ཡན་ལག་གིས་སླེབ་པ་དང་། ནོར་དང་ལྟ་བ་ཐ་མི་དད་པའི་གནས་དང་། དགེ་འདུན་གྱི་བཀད་ས་དང་སྒོ་ཁང་སོགས་ཐུན་མོང་བ་ལ་མི་འབྲལ། གཞན་དུ་འབྲལ་བ་སོགས་ཞིབ་ཏུ་ཤེས་པར་བྱའོ། །གདོང་ཕྱིས་ཆུ་ཚགས་སྟན་འཇམ་དྲི་རྔོག་སོགས་ཡོ་བྱད་ཀྱི་གོས་ལ་ན་སྨད་མེད། བི་མ་ལ་དང་གཞུང་འགྲེལ་དུ་བཤད། གསུམ་པ་ཟླ་འཇོག་ལ་གླེང་གཞི་ཡུལ་མཉན་ཡོད། གང་ཟག་རབ་ཏུ་མང་པོ། ཉོན་མོངས་ཟང་ཟིང་ལ་གདུ་བ། ཉེས་པ་ཁ་སོགས་ཀྱི་གོས་འཇོག་པའོ། །ཆོས་འདི་པའི་དགེ་སློང་ཆོས་གོས་ཟིན་པ་སྲ་བརྐྱང་ཕྱུང་ན། སྲ་བརྐྱང་ཕྱུང་ཟིན་པ་ནི་དུས་མ་ཡིན་པ་སྟེ། དེའི་ཚེ་ཁ་སོགས་ཀྱི་གོས་ཤིག་རྙེད་ལ་ཆོས་གོས་བྱེད་པས་ལེན་པར་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །གལ་ཏེ་ཆོས་གོས་ཀྱི་ཚད་དུ་ལོངས་ཤིང་ཆོག་ན་མྱུར་བ་ཁོ་ནར་ཞག་བཅུའི་ནང་དུ་གོས་སུ་བྱས་ཏེ་བྱིན་གྱིས་བརླབས་ལ་བཅང་བར་བྱའོ། །གལ་ཏེ་མ་ལོངས་ན། ཁ་མ་ལོངས་པ་ཁ་བསྐང་པའི་གོས་ལ་རེ་བ་ཡོད་ན་ཏེ་ཕུ་ནུ་སོགས་དང་དུས་སྟོན་ལ་སྒུག་ན་དགེ་སློང་དེས་ཁ་བསྐང་རེ་བའི་གོས་དེ་ཟླ་བ་གཅིག་གི་མཐའ་སྐྱ་རེངས་སུམ་ཅུ་རྩ་གཅིག་མ་ཤར་ཚུན་ཆད་བཞག་པར་བྱའོ། །དེ་ལས་འདས་ཏེ་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཁ་བསྐང་ལ་རེ་བ་མེད་དམ། ཆོས་གོས་གསུམ་བྱིན་གྱིས་བརླབ་རུང་ཡོད་ན། ཆུང་བ་ཁྲུ་གང་ལའང་ཞག་བཅུའི་ལྟུང་བར་འགྱུར་གྱི་ཁ་བསྐང་མི་གནང་ངོ་། །ཁ་བསྐང་ནམ་རྙེད་པ་ནས་ཞག་བཅུ་པ་དེའི་ནང་དུ་མ་ཟིན་ན། ལྟུང་བའི་རིས་ལོག་ཏེ་ཞག་བཅུ་པར་འགྱུར་ཏེ། ཞག་བཅུ་གཅིག་པ་ལ་ཁ་འགེངས་རྙེད་ན། ཞག་ཉི་ཤུ་པའི་ནང་དུ་གྲུབ་པ་དགོས། ཞག་བཅུ་པ་དང་བཅུ་བཞི་པ་ལ་སོགས་ལའང་འདྲ། ཞག་ཉེར་དགུ་པ་ལ་ཁ་འགེངས་རྙེད་ན་ཞག་སུམ་ཅུ་པའི་ཞག་གཅིག་པོ་ལ་ཟིན་པར་བྱ། བྱིན་གྱིས་བརླབ་པར་བྱ། རྒྱུ་དང་ཁ་དོག་མི་མཐུན་ན་རྙེད་པ་མ་ཡིན། དཀར་པོ་རྙེད་ན་རྙེད་པའོ། །བཞི་པ་འཁྲུར་འཇུག་གི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་འཆར་ཀ ཉོན་མོངས་འདོད་ཆགས། ཉེས་པ་འཁྲུར་འཇུག་གོ །འཆར་ཀ་བྲམ་ཟེའི་རིགས་ཡིན་པར་བཤད་འདུག ཡང་དགེ་སློང་གང་། ཆོས་འདི་པའི་དགེ་སློང་མ་ཕ་མའི་ཉེ་དུ་བདུན་བརྒྱུད་ཚུན་ཆད་མ་ཡིན་པ། ལུས་འཁྲིག་པ་བསྟེན་རུང་ལ། རང་གི་གོས་མི་གཙང་བས་གོས་པའམ་དྲི་མ་ཅན་བལ་གོས་དང་ཤ་ན་སོགས་རྙིང་པ་དུས་ཚིགས་སུ་སྤྱད་པ་གང་རུང་ཆུར་ཉུག་པས་འཁྲུར་འཇུག་གམ། ཁ་བསྒྱུར་བའི་ཕྱིར་འཚེད་དུ་འཇུག་གམ་ཚོན་དུ་ཉུག་པ་ཙམ་དང་། ཐ་ན་ཐལ་མོ་བརྡབས་པ་ཙམ་གྱིས་འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །དྲན་བྱེད་དུ། སྤྲིང་ཡིག་དང་བརྒྱུད་པས་བཅོལ་བ་ལ་ཉེས་མེད་བཤད་དོ། །ལྔ་པ་ལེན་པའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་ཉེར་དགའ། ཉོན་མོངས་འདོད་ཞེན། ཉེས་པ་གོས་ལེན་པའོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་རུང་བ་ཁྲུ་གང་དུ་ལོངས་པ་ལེན་ན་སྟེ་ལག་ཏུ་འོངས་སམ། ཐོབ་པའི་ཉེ་འཁོར་དུ་བལྟར་སྣང་བར་བྱུང་བ་བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །འདི་བྱིན་པ་ལེན་པ་ཡིན་ལ། ཉེ་དུ་ཡིན་མ་ཡིན་ལ་འདུ་ཤེས་མུ་བཞི་སྟེ། མ་ཡིན་པ་ལ་མ་ཡིན་པར་ཤེས་ན་དངོས་གཞི། ཡིན་པ་ལ་མ་ཡིན་པར་ཤེས་ན་ཉེས་བྱས། མ་ཡིན་པ་ལ་ཡིན་པར་ཤེས་པ་ལའང་འདུ་ཤེས་ཀྱི་ཆ་ནས་ལྟུང་མེད། ཉེས་བྱས་བཤད་པའང་སྣང་། ཡིན་པ་ལ་ཡིན་པར་ངོ་ཤེས་ན་ལྟུང་མེད་དོ། །འདུ་ཤེས་གཙོ་བོ་ཕལ་ཆེར་ལ་སྦྱར་བར་བྱའོ། །ཉེ་དུ་ནི་དེ་ལས་འཕྲོས་པ་བདུན་བརྒྱུད་ཀྱང་ཡིན་ལ་ཆུང་མ་ནི་ཉེ་དུར་མི་བགྲང་ངོ་། །དགེ་སློང་མའི་གོས་རིན་པོ་ཆེ་བརྗེ་བའི་ཕྱིར་ལེན་པ་དང་རིན་སྦྱིན་ནམ་དགེ་སློང་གི་གོས་བཟང་པོ་དང་བརྗེ་བ་ཡིན་ཡང་ལྟུང་བ་བསྐྱེད་པར་མ་གཏོགས་སོ། །དྲུག་པ་སློང་བའི་གླེང་གཞི་ལ་ཡུལ་སོགས་སྔ་མ་བཞིན་ཉེས་པ་གོས་སློང་བའོ། །ཡང་དགེ་སློང་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ། ཉེ་དུ་བདུན་བརྒྱུད་ནང་ཚན་གྱི་འཕྲོས་དང་བཅས་པ་མ་ཡིན་པའི་གན་དུ་སོང་སྟེ། བལ་གོས་རས་གོས་ཤ་ན་སོགས་རུང་བ་སློང་ན། གང་བླངས་པའི་རིན་ཐང་ཁ་དོག་ཚད་དེ་ཐོབ་ན་སྤང་བའི་ལྟུང་བྱེད་དོ། །སློང་དུ་གནང་བའི་དུས་ལྟུང་བའི་རྒྱུར་མ་གཏོགས་སོ། །དགེ་སློང་གི་གོས་གཞན་གྱིས་ཕྲོགས་སམ། བརླག་པ་སྟེ་སྟོར་བ་དང་སྲོག་ཆགས་ཀྱིས་ཟོས་པ་རུལ་བ་སོགས་སམ། མེས་ཚིག་གམ། རླུང་དང་ཆུས་ཁྱེར་རམ། ཆོས་གོས་བྱིན་གྱིས་བརླབ་པར་བྱ་བ་མེད་པ་དེ་ནི་སློང་བའི་དུས་ཡིན་ནོ། །དུས་དེར་གོས་བླང་བར་བྱ་སྟེ་ལྟུང་བ་མེད་པའོ། །བདུན་པ་སློང་བར་རིགས་པའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་ཕྲེང་བ་ཅན་པ་བཞི་བཅུ་དང་དྲུག་སྟེ། ཉོན་མོངས་འདོད་ཞེན། ཉེས་པ་ལེན་པའི་དྲོད་མི་ཤེས་པའོ། །གལ་ཏེ་དེ་ལ་བྲམ་ཟེའམ་ཁྱིམ་བདག་དད་པ་ལྡན་པ་ཞིག་གིས་གནང་བའི་དུས་ཀྱིས་བླངས་པའི་ཚེ་གོས་མང་པོ་སྟོབས་ལ་འདོད་ན་དགེ་སློང་དེས་ཚོད་ཟིན་པར་བྱ་སྟེ། ཁྱིམ་པའི་སྟོད་གཡོགས་ཞེང་ཁྲུ་གསུམ་དཀྱུས་ཁྲུ་བཅུ་གཉིས་པ་དང་སྨད་གཡོགས་ཞེང་ཁྲུ་དོ། དཀྱུས་ཁྲུ་བདུན་པ་དགེ་སློང་གི་སྣམ་སྦྱར་སོགས་གྲས་དྲུབས་དང་ལྷན་ཐབས་སོགས་གང་བྱེད་པ་དེར་ལངས་པ་ཙམ། དེའི་མཐར་ཐུག་པ་དེ་ཙམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །འདི་ལ་ཁྱིམ་པའི་གོས་ཚད་སློང་ན་ལྷག་པ་སླར་སྦྱིན་མི་དགོས་ཤིང་མ་ལངས་པ་བླང་དུའང་མི་རུང་ངོ་། །དགེ་སློང་གི་གོས་ཚད་སློང་ན། མ་ལངས་པ་བླང་དུ་རུང་ཞིང་། ལྷག་པ་སླར་མ་བྱིན་ན་སྤང་ལྟུང་དུ་འགྱུར་རོ། །གོས་ཕྲུགས་བཅུ་གསུམ་ཐམས་ཅད་དམ་གང་བྱིན་གྱིས་བརླབས་པར་བྱ་བ་མེད་པ་དེ་སློང་བ་རིགས་སོ། །མི་རིགས་པ་སློང་ན་ལྟུང་བ་སྔ་མར་འགྱུར་ལ། རིགས་པ་སློང་ན་ལྷག་པ་ལ་ལྟུང་བར་འགྱུར་ཏེ། ལྟུང་བ་འདི་གཉིས་ཀྱི་ཁྱད་པར་དེ་ཉིད་ཡིན་ནོ། །བརྒྱད་པ་སྤགས་པ་སློང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་ཉེར་དགའ། ཉོན་མོངས་འདོད་ཞེན། ཉེས་པ་སྤགས་པ་སློང་བའོ། །ཤཱཀྱའི་བུ་ཉེར་དགའ་ལྟ་བུའི་དགེ་སློང་གང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་འཕྲོས་དང་བཅས་པའི་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པས། གོས་ཀྱི་རིན་གསེར་དངུལ་ལ་སོགས་དག་སྤགས་ནས་ཏེ་སྟ་གོན་བྱས་ནས་བདག་གིས་གོས་ཀྱི་རིན་འདི་དག་གིས་གོས་ཤ་ན་དང་ཟར་མ་སོགས་ཀྱི་རས་ཁྲུ་ཚད་ཁ་དོག་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་ར་བལ་ལ་སོགས་མ་ཡིན་པ་གོས་རུང་བ་ལོངས་སྤྱད་བཟོད་པ་ལེན་དུ་གནང་བའི་དུས་སུ་བསྐོན་ནོ་སྙམ་སྟ་གོན་བྱས་པ་ལས། དེ་ནི་གལ་ཏེ་དགེ་སློང་དེ་ལ་སྔར་མ་སྟབས་ཤིང་འགྲོན་དུ་མ་བོས་པར་བསྙེན་བཀུར་འདོད་པའམ་ཚོལ་བའི་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། བཟང་པོ་རབ་དང་མཆོག་འདོད་པའི་ཕྱིར། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དྲུང་དུ་སོང་ནས། ཚིག་འདི་སྐད་ཅེས་བདག་གི་ཕྱིར་གོས་ཀྱི་རིན་སྤགས་ཤིང་སྟ་གོན་བྱས་པ་དེས་གོས་འདི་ལྟ་བུ་ཞིག་ཉོས་ལ་རྒྱུ་དང་ཁ་དོག་རུང་བ་ལེན་དུ་གནང་བའི་དུས་སུ་བསྐོན་ཞིག་ཅེས་སྨྲ་སྟེ་གོས་རུང་བ་ཐོབ་ཅིང་དོན་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །སྤགས་ཤིང་མ་ཕུལ་བ་ཤེས་ནས་སློང་བ་འདིར་འགྱུར་ལ། སྤགས་རུང་མ་སྤགས་རུང་མི་ཤེས་པར་སློང་བ་ནི་སྔ་མར་འགྱུར་རོ། །སློང་དུ་གནང་བ་དང་ཉེ་དུ་ལ་ལྟུང་མེད་སོགས་ཤེས་པར་བྱའོ། །དགུ་པ་སོ་སོ་ནས་སྤགས་པ་སློང་བའི་གླེང་གཞི་སྔ་མ་བཞིན་ལས་ཉེས་པ་སོ་སོ་ནས་སྤགས་པ་སློང་བའོ། །སོ་སོ་བ་དག་ཅེས་པ་ཁྱིམ་བདག་ཕོ་མོས་ཐ་དད་དུ་སྤགས་པ་ཡིན་ལ། ཁྱིམ་གཅིག་ནས་ཁྱིམ་བདག་ཕོ་མོས་ཐ་དད་དུ་ཚམ་ཚོམ་མེད་པར་གོས་ཀྱི་རིན་སྦྱིན་པར་སྤགས་པ་ནི་འདིའི་ཁྱད་པར་རོ། །སྦྱིན་པར་བྱེད་པ་སྦུངས་ཆེ་བ་འདི་སྤགས་པར་མི་ཤེས་ན། སློང་བའི་སྤང་བར་འགྱུར་རོ། །གཞུང་ནི་སྔ་མ་བཞིན་བཤད་པར་བྱའོ། །བཅུ་པ་བསྐུར་བའི་སྤང་བ་ལ་གླེང་གཞི་ནི་ཡུལ་མཉན་ཡོད། གང་ཟག་ཉེར་དགའ། ཉོན་མོངས་ནོར་དད་ཆེ། ཉེས་པ་མི་མཛེས་པའོ། །དགེ་སློང་ཤཱཀྱའི་བུ་ཉེར་དགའ་ལྟ་བུའི་ཕྱིར། རྒྱལ་པོར་དབང་བསྐུར་བའམ། དེ་དང་གསང་ཚིག་མཐུན་པས་འཚོ་བའི་བློན་པོའམ། གཙང་སྦྲ་ཅན་བྲམ་ཟེའམ། ཁྱིམ་བདག་ཕྱུག་པོའམ། ཕོ་བྲང་འཁོར་གྱི་གྲོང་ཁྱེར་གྲོང་བརྡལ་གྱི་མིའམ། དེ་མ་ཡིན་པ་ཡུལ་གྱི་གྲུའི་མིའམ། ནོར་གྱི་རིགས་བྱེ་བས་ཕྱུག་པའི་ནོར་ཅན་ནམ། ཅོད་པན་བཅིངས་པའི་ཚོང་དཔོན་ནམ། རྒྱ་མཚོ་ལས་འགྲོན་པ་མང་པོ་བསྒྲལ་བའི་དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་གསེར་དངུལ་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ཏེ་འོངས་ནས་དགེ་སློང་དེ་ཡོད་པའི་ས་ཕྱོགས་ག་ལ་བ་དེར་སོང་ཏེ། དགེ་སློང་གི་དྲུང་དུ་ཕྱིན་ནས་འདི་དག་བཞེས་ཤིག་ཅེས་ཕྲིན་དེ་སྐད་ཟེར་ན། དགེ་སློང་དེས་ཕོ་ཉ་དེ་ལ་ཕོ་ཉ་བ་ཞེས་བོས་ནས་དགེ་སློང་དག་ནི་གོས་ཀྱི་རིན་མི་རུང་བ་གསེར་དངུལ་རུང་བ་མ་བྱས་པ་འདི་དག་ལེན་དུ་མི་རུང་སྟེ། བདག་ཅག་རིན་འདིས་གོས་རུང་བ་དུས་སུ་རྙེད་ན་ལེན་ཏོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་འཕགས་པ་རྣམས་ཀྱི་ཞལ་ཏའི་ལས་ཉམས་སུ་ལེན་པ་ཞེས་ལན་གཉིས་སྨོས་པ་ནི་ངེས་བཟུང་གི་ཚིག་བསྣན་པ་སྟེ། རུང་བར་བྱེད་པའི་གང་ཟག་གང་ལགས་པ་ལྷ་འབངས་སོགས་འགའ་མཆིས་སམ། ཡོད་ན་དེ་ལ་གཉེར་རོ་ཞེས་ཟེར་ན། དགེ་སློང་གོས་འདོད་པས་འདི་ནི་ཞལ་ཏ་བ་ཞེས་མདོར་བསྟན་ནས། ཀུན་དགའ་ར་བ་པ་རུང་བར་བྱེད་པའི་རྩེ་རྒོད་དམ། གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་གཞི་ལྔ་འཛིན་པ་དགེ་སློང་གི་འཁོར་དུ་གཏོགས་པ་དགེ་བསྙེན་རུང་བའི་ཞལ་ཏ་བྱེད་པ་དེ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་དེ་ལ་ཁྱོད་ཀྱིས་གོས་ཀྱི་རིན་འདི་གོས་རུང་བ་རྒྱུ་འདི་དང་རིན་ཐང་ཁྲུ་ཚད་ཁ་དོག་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་འདི་ལ་བསྐོན་ཞིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་ལུས་ངག་གིས་བསྒོ་ཞིང་། ནན་ཏན་དུ་ཡང་དག་པར་རྗེས་སུ་བསྟན་ནས། ཕོ་ཉ་དེས་དགེ་སློང་ག་ལ་བར་ཕྱིན་ནས། ཞལ་ཏ་བྱེད་པ་ཁྱེད་རང་གིས་བསྟན་པ་དེ་ལ་བདག་གིས་བསྟན་ལགས་ཀྱི། དེའི་གམ་དུ་བཞུད་ཅིག གོས་བསྐོན་པར་འགྱུར་རོ་ཞེས་བརྗོད་དོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པ་ལན་གཅིག་གམ་གཉིས་སམ་གསུམ་དུ་བདག་གོས་འདོད་དོ་ཞེས་བསྐུལ་བར་བྱ། སྔར་གཏམས་པ་དྲན་པར་བྱ་གོས་གྲུབ་ན་ལེགས། མ་གྲུབ་ན་སྔར་གྱི་བསྐུལ་བ་གསུམ་གྱི་སྟེང་དུ་བསྣན་པས་བསྡད་པ་ལན་བཞིའམ་ལྔའམ་དྲུག་གི་བར་དུ་ཞལ་ཏ་བྱེད་པ་དེས་གོ་བར་འགྱུར་བའི་འབོད་པའི་ཕྱོགས་རྫ་མཁན་འདྲེག་མཁན་གྱི་གནང་། ཁྱིམ་གྱི་ཕྱོགས་ཁྱིམ་ཉིད་དམ་ཆུ་བཞག་པའི་གནས། ལས་མཐའི་ཕྱོགས་བུར་ཤིང་དང་སཱ་ལུ་དང་ལན་ཚྭའི་ལས། ལས་ཀྱི་ཕྱོགས་ཚོང་ཁང་དང་ཚོང་བརྡལ་དུ། བསྐུལ་བའི་སྒོ་དྲུག་གིས་ཅང་མི་སྨྲ་བར་བསྡད་པར་བྱའོ། །སྒོ་དྲུག་ནི། ཁྱོད་འོངས་སམ། འོངས་པ་ལེགས་སོ། །བསྟན་ལ་འདུག་ཤིག རྐང་པ་ཁྲུས་ཤིག བཟའ་བཅའ་ཟོ་ཞིག བཏུང་བ་འཐུང་ཞིག་ཅེས་ཟེར་བ་ལ་དེའི་ཕྱིར་རོ་ཞེས་པའོ། །ཧ་ཅང་སྨྲ་བ་མྱུར་ཏེ་ཕ་རོལ་གྱི་གཏམ་གྱི་གོས་སྐབས་མེད་པར་བྱེད་ན་སྨྲ་བ་མ་རྫོགས་པ་ཡིན་པས་བསྐུལ་བ་མ་རྫོགས་པའོ། །དེ་ལྟར་བསྐུལ་གཏད་དྲུག་བྱས་པས་གོས་དེ་གྲུབ་ན་ལེགས་ཏེ་དགེ་སློང་ལ་ལྟུང་བ་ཡང་མ་བྱུང་། ཕོ་ཉ་དང་སྦྱིན་བདག་དང་ཞལ་ཏ་བ་ལའང་བཏང་བ་དང་ལོངས་སྤྱད་པའི་བསོད་ནམས་འཕེན་པའི་ཕྱིར་རོ། །ལན་དྲུག་རྫོགས་པའི་འོག་ཏུ་གོས་སྒྲུབ་པའི་ཕྱིར་འཇིག་རྟེན་དང་འདུལ་བ་དང་འགལ་བའི་འཛེམས་པ་སྤངས་པས་འབད་སྩོལ་ཆེན་པོས་བརྩལ་ཏེ་གོས་སྤང་བའི་ལྟུང་བྱེད་དོ། །ཆོས་བཞིན་བསྒྲུབ་པའི་ཆོ་ག་ནི། གལ་ཏེ་གོས་མ་གྲུབ་ན། ཕྱོགས་གང་ནས་གོས་ཀྱི་རིན་དག་འོངས་པའི་སྦྱིན་བདག་ཡོད་པའི་ཕྱོགས་དེར་དགེ་སློང་བདག་ཉིད་འགྲོ་བར་བྱའོ་སྟེ་བརྡ་སྤྲད་པའི་ཕྱིར་དུའོ། །ཡང་ཡིད་བརྟན་པའི་ཕོ་ཉ་ལ་ཆུད་མ་གསོན་ཅིག་ཅེས་པའི་བར་ཕྲིན་དུ་སྤྲིང་བར་བྱ་སྟེ། སྐབས་དེ་ལ་ཐབས་དེ་ནི། འཇིག་རྟེན་དང་འདུལ་བ་དང་མི་འགལ་བར་རྗེས་སུ་མཐུན་པའི་ཆོ་ག་ཡིན་ནོ། །འདིར་ཡུལ་གསུམ་མི་ཉིད་དང་ཁྱིམ་པ་ཉིད་ཡིན་པ་དང་། གོས་རིན་རུང་བ་མ་ཡིན་པ་སྤངས་པ་ལ། བསྐུལ་བ་གསུམ་དང་བསྡད་པ་གསུམ་ལས་ལྷག་གམ། དྲུག་རྫོགས་ནས་ཞལ་ཏ་བས་སྦྱིན་བདག་གི་སེམས་སྲུང་བར་ཁས་མ་བླངས་པའམ། སྦྱིན་བདག་ལ་མ་སྦྲན་པར་བླངས་ན་དངོས་གཞིའོ། །བཅུ་ཚན་གཉིས་པ་ལ་བཅུ་ལས། སྲིན་བལ་གྱི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དགེ་སློང་མང་པོ། ཉོན་མོངས་འདོད་ཞེན། ཉེས་པ་སྲིན་བལ་སྟན་བྱེད་དོ། །གང་ཟག་དགེ་སློང་གང་། དངོས་པོ་དར་སྲིན་ལས་བྱུང་བའི་བལ་གྱི་སྟན་ནང་ཚངས་ཅན་དང་གླེངས་པ་གང་རུང་། ཁྱད་པར་བཤེས་གཉེན་ནི། འདི་བཏགས་པའི་སྟན་ནང་ཚངས་ཅན་ཡིན། ཕྱི་མ་གླིངས་པའི་སྟན་ཏེ། ཕྱིང་པའི་མིང་གི་རྣམ་གྲངས་སོ། །ཞེས་གསུངས་སོ། །འགྲེལ་ཆེན་གཉིས་སུའང་འབྱུང་བས་ཕྱི་མ་རྣམས་གླིངས་པ་ཁོ་ནའོ། །སར་པ་ལས་སྦྱོར་བ་རང་ངམ་བསྐོས་པས་བྱེད་ན། མཐར་ཐུག་བཀྲམ་པ་ཉིད་ན་སྤང་བའི་ལྟུང་བྱེད་དོ། །སྲིན་བལ་དང་རིན་མཉམ་པའི་རྫས་བསྲེས་པ་ལ་ན་སྨད་མེད་དོ། །ཁ་ཅིག་གདིང་བ་སྟན་དུ་འདོད་པ་ནི་ནོར་ཏེ། གདིང་བ་ཕྲག་ལ་འགེལ་སྟན་མཆན་ཁུང་དུ་འཁུར་གྱི་ཕྲག་ལ་བཀལ་ན་ཉེས་པར་འགྱུར་བས་སོ། །གཉིས་པ་འབའ་ཞིག་པའི་སྤང་ལྟུང་གི་གླེང་གཞི་ལ་ཡུལ་ལ་སོགས་འདྲ། ཉེས་པ་བལ་ནག་འབའ་ཞིག་སྟན་བྱེད་དོ། །ཡང་གང་ཟག་དགེ་སློང་གང་། དངོས་པོ་ལུག་གི་བལ་ཁ་དོག་ནག་པོ་གནག་པ་དང་སྔོ་བ་དང་འདམ་ཁ་དང་ཁང་པ་རྣམས་ལས་གང་ཡང་རུང་བས་གླིངས་པའི་སྟན་སར་པ་སྦྱོར་བ་བྱེད་དམ་བྱེད་དུ་འཇུག་ན། བལ་བཀྲམ་པའི་ཚེ་སྤང་བའི་ལྟུང་བྱེད་དོ། །ཡུལ་གང་ན་ནག་པོ་མེད་ཅིང་རིན་ཆུང་ལ་དཀར་པོ་དཀོན་ཞིང་རིན་ཆེན་དཀར་པོ་ལ་ལྟུང་བར་འགྱུར་རོ། །ཁ་ཅིག་ན་རེ་ཇི་ལྟར་བཅས་པ་བཞིན་བྱ་ཟེར། གསུམ་པ་ཆ་གཉིས་ཀྱི་སྤང་པ་ལ་གླེང་གཞི་སྔར་བཞིན་ལས་ཉེས་པ་བལ་ནག་ཤས་ཆེའི་སྟན་བྱེད་དོ། །བསླབ་བྱ་ནི། དགེ་སློང་གིས་སྟན་སར་པ་རྫས་སར་པས་བྱེད་པ་སྟེ། རྙེད་པས་སར་པ་ལ་མི་རྩིའོ། །རང་ངམ་བསྐོས་པས་བྱེད་ན་ཆ་བཞི་ལས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་གཞུག་པར་བྱ། ཆ་གསུམ་པ་ནི་དཀར་པོ་གློ་དང་རྒྱབ་དང་གཉའ་བར་སྐྱེས་པའི་བཟང་པོ་ལས་སོ། །ཆ་བཞི་པ་ནི་འཁོབ་རྐང་པ་དང་མགོ་དང་ལྟོ་བར་སྐྱེས་པའི་བལ་ངན་པ་གཞུག་ཅིང་བསྲེ་བར་བྱའོ། །གལ་ཏེ་གང་ཟག་དགེ་སློང་གིས། བཞི་ཆ་བཞིར་བགོས་པའི་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་སྟེ། དེ་ལས་སྲང་ཕྱེད་ཀྱིས་ལྷག་པར་བསྲེས་སམ། ཆ་གསུམ་པ་དཀར་པོ་ལས་དང་། ཆ་བཞི་པ་འཁོབ་བལ་ལས་མ་བཅུག་པར་དེ་ལས་ཉུང་བར་བསྲེས་པའི་སྟན་སར་པ་སྦྱོར་བ་བྱེད་པར་རྩོམ། མཐར་ཐུག་བཀྲམ་ན་སྤང་བའི་ལྟུང་བྱེད་དོ། །སྟན་ཆེན་པོ་སྲིད་ཁྲུ་ཕྱེད་དང་ལྔ། ཆུང་ངུ་ཁྲུ་ཕྱེད་དང་གསུམ། འབྲིང་པོ་དེའི་བར་ལ། ཞེང་ཁྲུ་དོ་སོར་དྲུག་སྟེ་རྒྱུའི་བལ་ཇི་ཙམ་གྱིས་བྱེད་པ་དེའི་ཆ་ཤས་བརྩི་བར་བྱའོ། །བཞི་པ་ལོ་དྲུག་གི་སྤང་ལྟུང་གི་གླེང་གཞི་ལ་སྔར་བཞིན་ལས་ཉེས་པ་ལོ་དྲུག་མ་ལོན་པར་སྟན་བྱེད་དོ། །དགེ་སློང་གིས་གླིངས་པའི་སྟན་རྒྱུ་སར་པ་ལས་བྱེད་ན་མི་འདོད་བཞིན་དུ་སྟེ་འཆང་བར་མི་འདོད་ཀྱང་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་གང་ཟག་དགེ་སློང་གིས་སྟན་དེ་ཉིད་ཀྱི་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་གང་ཡོད་པ་དེ་སྤངས་ཤིང་མེད་ཀྱང་རུང་། མ་སྤངས་ཤིང་ཡོད་ཀྱང་རུང་། སྟན་སར་པ་གཞན་གཉིས་པ་བྱེད་ན། ལག་གི་བླ་པ་ལ་དགེ་འདུན་གྱིས་ལོ་དྲུག་མ་ལོན་པར་སྟན་བྱེད་ཀྱི་གནང་བ་བྱིན་པ་ལྟ་བུ་དེ་ལྟུང་བའི་བྱེད་པར་མ་གཏོགས་པས་དེ་བཞག་སྟེ། སྦྱོར་བ་ནི་ཇི་སྲིད་སྟན་བྱེད་པར་རྩོམ་པ་ཉིད་ནས་ཉེས་བྱས་སུ་འགྱུར་ལ། མཐར་ཐུག་སྟན་བྱ་བའི་ཕྱིར་དང་པོར་བཀྲམ་པ་ཉིད་ན་སྤང་བའི་ལྟུང་བྱེད་དོ། །སྟན་སྔ་མ་ལ་ལྟུང་བ་མེད་དོ། །ལྔ་པ་མཐོ་གང་གི་སྤང་བའི་ཡུལ་དང་གང་ཟག་སྔར་བཞིན། ཉོན་མོངས་དྲོད་མི་ཤེས་ཤིང་སོ་སོར་མི་རྟོག་པ། ཉེས་པ་གདིང་བ་རྙིང་བ་ལས་མ་གླན་པའོ། །དགེ་སློང་གིས་སོ་སོར་གདིང་བ་རྒྱུ་གསར་པ་ལ་བྱེད་ན། གསར་པ་ཁ་དོག་མི་སྡུག་ཅིང་སྲ་བར་བྱ་བའི་ཕྱིར། གདིང་བ་རྙིང་པ་དེ་ལས་བསྡུས་ཤིང་བཅོས་པས་ཀྱང་རུང་བདེ་བར་གཤེགས་པའི་མཐོ་གང་ནི་ཐ་མལ་གྱི་མཐོ་གསུམ་སྟེ་དེས་འཁོར་བས་གླན་ཞིང་སྦྱར་བར་བྱའོ། །གལ་ཏེ་དགེ་སློང་གིས་མ་གླན་པར་གདིང་བ་གསར་པ་ལོངས་སྤྱོད་ན། སྤྱད་པར་རྩོམ་པའི་ཕྱིར་བཀྲམ་པ་ཉིད་ན་སྤང་བའི་ལྟུང་བྱེད་དོ། །རྙིང་པ་ལས་གླན་པར་བྱ་བ་དེ་མེད་ན་ཉེས་པ་མེད་པའོ། །དྲུག་པ་བལ་ཐོགས་པའི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དྲུག་སྡེ། ཉོན་མོངས་འདོད་ཞེན་ངོ་ཚ་མེད། ཉེས་པ་བལ་ཁུར་བའོ། །དགེ་སློང་དགོན་པའི་ལམ་དུ་ཞུགས་པས་ལུག་གི་བལ་དག་གཞན་ལས་རྙེད་ལ། དགོས་ཤིང་དོན་དུ་གཉེར་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་རུང་བར་བྱེད་པའི་འཁྱེར་བ་མེད་ན། ཕྲ་རབ་དང་ཕྲ་མོ་དང་ཆུ་དང་ལྕགས་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་ཤིག་དང་ནས་དང་སོར་མོ་སྔ་མ་དྲུག་ལ་ཕྱི་མ་རེ། སོར་ཉི་ཤུ་བཞི་ལ་ཁྲུ་གང་། དེ་བཞི་གཞུ་གང་། དེ་ལྔ་བརྒྱ་རྒྱང་གྲགས། དེ་བརྒྱད་དཔག་ཚད་དོ། །མངོན་པར་རྡུལ་རྣམས་བདུན་འགྱུར་བཤད། དཔག་ཚད་གསུམ་གྱི་མཐའི་བར་ཚུན་ཆད་དུ་བདག་ཉིད་ཀྱིས་བསྐུར་བར་བྱའོ། །དེ་ལས་འདས་ཤིང་ཐལ་བར་ཁྱེར་བ་ན་སྤང་བའི་ལྟུང་བྱེད་དོ། །ཁྱེར་བ་མེད་ན་བདག་ཉིད་ཀྱི་དཔག་ཚད་གསུམ་འདས་ནས་རྒྱང་གྲགས་ཕྱེད་ལ་ཉེས་བྱས། གཅིག་ལ་དངོས་གཞིའོ། །རང་གིས་ཁྱེར་བ་ཞེས་སྨོས་པས་གཞན་ལ་བསྐུར་བ་ལ་ཉེས་པ་མེད། ཞྭ་དང་སྟོད་སྐོར་དང་སྐ་རགས་ཀྱི་རྒྱུའི་ཚད་ཙམ་ལ་ཉེས་པ་མེད། ལུག་བལ་མ་ཡིན་པ་དང་། མི་རུང་བའི་རྭ་དང་རྔ་མོའི་བལ་སོགས་ལ་ཉེས་བྱས་ཙམ་འབྱུང་ངོ་། །བདུན་པ་བལ་རྨེལ་དུ་འཇུག་པའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་འཆར་ཁ། ཉོན་མོངས་ཚུལ་མ་ཡིན་པའི་འདོད་ཞེན། ཉེས་པ་བལ་རྨེལ་དུ་བཅུག་པའོ། །ཡང་གང་ཟག་དགེ་སློང་གང་ཡུལ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ། འདུ་ཤེས་དེ་ལྟར་ཤེས་བཞིན་དུ་ཀུན་སློང་རྨེལ་དུ་འཇུག་པར་འདོད་པས་དངོས་པོ་ལུག་བལ། སྦྱོར་བ་ལུས་ངག་གིས་ཐ་ན་ཆུར་སྨྱུག་ཙམ་འཁྲུར་བཅུག་གམ། འཚེད་པ་སྟེ་ཁ་དོག་བསྒྱུར་བའི་ཕྱིར་ཚོན་དུ་ལན་གཅིག་ཙམ་འཇུག་གམ། སྒེག་པའི་ཕྱིར་ནི་ཅུང་ཟད་ཁ་བསྒྱུར་བ་ཙམ་ཡང་ནམ་དུའང་མི་བྱའོ། །རྨེལ་བ་ཅུང་ཟད་འདའ་བ་བྱེད་དུ་འཇུག་ན་མཐའ་དེའི་ཚེ་སྤང་བའི་ལྟུང་བྱེད་དོ། །བརྒྱད་པ་གསེར་དངུལ་གྱི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དྲུག་སྡེ། ཉོན་མོངས་ཚུལ་མིན་གྱི་འདོད་པ། ཉེས་པ་གསེར་དངུལ་ལེན་པའོ། །ཡང་གང་ཟག་དགེ་སློང་གང་རང་གི་ལག་གམ་དེ་དང་འབྲེལ་པ་དག་གིས། དངོས་པོ་གསེར་དང་དངུལ་དབྱིག་ལེན་པར་འདོད་ཅིང་རྩོམ་པས་ལེན་ནམ། གཞན་ལ་བསྒོ་བས་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ནོར་བུ་མུ་ཏིག་བྱི་རུ་གཡས་འཁྱིལ་སོགས་རིན་པོ་ཆེ་རུང་བ་མ་བྱས་པ་ཐོབ་པ་ལྕོགས་པའི་ས་ན་འདུག་པར་བདག་གིར་བྱེད་དམ། སྒོ་གསུམ་གྱི་རྣམ་པར་རིག་བྱེད་ཀྱིས་བདག་གིར་བྱས་པ་ལ་ན་སྨད་མེད་དོ། །རིན་པོ་ཆེར་མ་གྲགས་ཤིང་རྩིས་མེད་པ་དང་། ས་རྡོ་ལས་བྱས་པའི་གཟུགས་བརྙན་ལ་ཉེས་བྱས་སོ། །འདི་འདི་ནས་འདི་ཙམ་ལོང་གསུམ། ཁྱེར་ཤོག་གསུམ། ཞོག་ཅིག་གསུམ། དེ་དེ་ནས་དེ་ཙམ་ལ་དགུ་སྟེ་དེ་ལྟར་སྦྱོར་བ་བཅོ་བརྒྱད་ལ་ཉེས་བྱས། དངོས་གཞི་ལ་སྤང་ལྟུང་ངོ་། །དགུ་པ་མངོན་མཚན་ཅན་གྱི་སྤང་བའི་གླེང་གཞི་ལ་ཡུལ་སོགས་སྔར་བཞིན། ཉེས་པ་མངོན་ཚན་གྱི་སྤྱོད་པའོ། །ཡང་གང་ཟག་དགེ་སློང་གང་ཀུན་སློང་འདི་དང་ཕྱི་མ་གཉིས་ཀ་ལ་རང་གི་དོན་དུ་ཁེ་སྤོགས་འདོད་པས། དངོས་པོ་རིན་པོ་ཆེ་མངོན་མཚན་ཅན་གྱི་སྤྱོད་པ་བུན་དང་སྐྱེད་འཕེལ་སྣ་ཚོགས་བྱེད་ན་སྦྱོར་བ་དེས་སྐྱེད་བྱིན་ན་སྤང་བའི་ལྟུང་བྱེད་དོ། །ཁྱད་པར་བཤེས་གཉེན་ནི་འབྲས་བུ་དང་གོས་ལ་སོགས་པ་ལས་ཀྱང་དངོས་གཞིར་བཞེད་དོ། །འདི་དང་ཕྱི་མར་ཁེ་འདོད་པར་མཚུངས་ཀྱང་ཕྱི་མ་ཉོ་ཚོང་བྱེད་པ་ཡིན་ལ་འདི་སྐྱེད་འཕེལ་བྱེད་པ་ཡིན་ནོ། །བཅུ་པ་ཉོ་ཚོང་གི་སྤང་བའི་གླེང་གཞི་སྔར་བཞིན་ལས་ཉེས་པ་ནི་ཉོ་ཚོང་བྱེད་པའོ། །ཡང་གང་ཟག་དགེ་སློང་གང་དངོས་པོ་རིན་པོ་ཆེ་ལས་གཞན་འབྲུ་གོས་རྟ་ཕྱུགས་དང་གཞན་བླུགས་སོགས་སམ། སྦྱོར་བ་ཁེ་སྤོགས་ལ་སོགས་ལས་གཞན་ཉོ་ཚོང་རྣམ་པ་བསྒྱུར་བ་དང་མོད་པའི་ཡུལ་དུས་ན་ཉོ་བ་དང་། དཀོན་པའི་ཡུལ་དུས་དེར་འཚོང་བ་སོགས་སྣ་ཚོགས་བྱེད་ན་སྐྱེད་ཕྱིན་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །ཡང་ན་ཀུན་སློང་ཁེ་སྤོགས་ཀྱིས་སྐྱེད་འདོད་པ་ལས་གཞན་ཉོ་ཚོང་གིས་སྐྱེད་འདོད་པ་ལས་ལྟུང་བ་འདིར་འགྱུར་ཏེ། ཕྱིར་འཆོས་ན་སྐྱེད་ཀྱི་ཆ་གཏན་ནས་སྤངས་ལ་བཅོས་དགོས་སོ། །དཀོན་མཆོག་གསུམ་དང་ཡུལ་ཁྱད་པར་ཅན་གྱི་དོན་དུ་བསོད་ནམས་འདོད་པའི་བློས་སྐྱེད་པ་ལ་ཉེས་པ་མེད་དོ། །བཅུ་ཚན་གསུམ་པ་ལ་བཅུ་ལས་དང་པོ་ལྷུང་བཟེད་འཆང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དྲུག་སྡེའམ་ཉེར་དགའ། ཉོན་མོངས་འདོད་ཞེན། ཉེས་པ་ལྷུང་བཟེད་ལྷག་པ་བཅངས་པའོ། །གང་ཟག་དགེ་སློང་གིས་དངོས་པོ་ལྷུང་བཟེད་ལྷག་པ་བྱིན་བརླབས་ཅན་ལས་གཞན། བྱིན་གྱིས་བརླབ་ཏུ་རུང་བ་ཞག་བཅུའི་མཐའི་བར་དུ་བཅང་བར་བྱའོ་སྟེ་རུང་ཞིང་བདག་གིར་བྱའོ། །དུས་དེ་ལས་འདས་པར་བཅུ་གཅིག་པའི་སྐྱ་རེངས་ཤར་བར་འཆང་ན་སྤང་བའི་ལྟུང་བྱེད་དོ། །སྔར་གོས་འཆང་བའི་སྐབས་བཞིན་སྦྱར་བར་བྱའོ། །གཉིས་པ་ཚོལ་བའི་སྤང་བའི་གླེང་གཞི་ལ་གང་ཟག་ཉེར་དགའ། ཉེས་པ་ལྷུང་བཟེད་ཚོལ་བའོ། །ཡང་གང་ཟག་དགེ་སློང་གང་། དངོས་པོ་ལྷུང་བཟེད་ལྷན་པ་ལྔ་མེད་པ་ཟས་ལ་ལོངས་སྤྱད་པའི་སྣོད་དུ་བཟོད་ཅིང་རུང་བ་རང་དབང་བར་ཡོད་བཞིན་དུ། བཟང་པོ་མཆོག་ཏུ་གྱུར་པ་འདོད་པའི་ཕྱིར། གཞུང་ཁ་ཅིག་ཏུ་འདོད་པས་ཉེ་བར་བཟུང་བའི་ཕྱིར་ཞེས་འབྱུང་བ་ནི་ཆགས་སེམས་ཀྱིས་བཟུང་བའོ། །ལྷུང་བཟེད་རྫས་དང་རྙེད་པ་གཉིས་ཀྱིས་གསར་པ་གཞན་གཉིས་པ་ཚོལ་བར་བྱེད་ཅིང་བཙལ་བའི་དོན་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གླེང་གཞིར་གཏོགས་པའི་བསླབ་བྱ་ནི། ལྷུང་བཟེད་ལྷག་པ་འཆང་བའི་དགེ་སློང་དེས་བྱིན་བརླབས་དང་འབྲེལ་བ་མེད་པའམ། ལྷུང་བཟེད་དེ་ལ་དགེ་སློང་དེ་འབྲེལ་པ་ནི་རང་དབང་མེད་པས་ལྷུང་བཟེད་འབྲེལ་བ་མེད་པ་སྟེ། དགེ་སློང་གི་འཁོར་གང་དག་འཁོད་པ་ལ་དབུལ་བར་བྱའོ། །རིམ་གྱིས་བྲིམས་པའི་ཐམས་ཅད་ཀྱི་ཐ་མ་སྙིགས་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་གཏད་དེ། ཁྱོད་ཀྱིས་ལྷུང་བཟེད་འབྲེལ་མེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཞན་ལ་གཏང་བར་མི་བྱ། སྦྱིན་པར་མི་བྱ་བར་ཇི་སྲིད་ཆག་ཅིང་ཟད་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་པོས་སྤྱད་པར་བྱའོ་ཞེས་པ། ལྷུང་བཟེད་བྱིན་བརླབས་ཅན་ལས་ཐོག་མར་བྱི་དོར་བྱེད་སྣོད་གསར་པར་འཇུག གནས་མཐོ་བར་འཇོག ཟས་སྐམ་པོ་ལྡུགས་པ་སོགས་གཅེས་སྤྲས་བྱེད་པའོ། །ལྷུང་བཟེད་འཆང་བ་ཕྱིར་འཆོས་པ་དེ་ལ་འབྲེལ་མེད་འབྲིམ་པ་འདི་ནི་ཆད་ལས་ཀྱི་ཆོ་གའོ། །ལྷུང་བཟེད་དུ་མ་ཡོད་ན་ཐམས་ཅད་སྤངས་ཏེ་ཕྱིར་འཆོས་དགོས་སོ། །ལྷུང་བཟེད་རྒྱུ་རུང་བ་སའམ་ལྕགས་ལས་བྱས་པ། དབྱིབས་རུང་བ་ཟླུམ་ཞིང་མཛེས་པ་ཁ་དོག་གནག་པ། ཚད་རུང་བ་མ་ག་ཏའི་བྲེ་ཆུང་ཕྱེད་དང་ལྔ་ཤོང་བ་ཆུང་ངུ་། དེ་ཉིས་འགྱུར་ཆེན་པོ། འབྲིང་དེའི་བར་མའོ། །མཁས་པ་ཁ་ཅིག་བྲེ་ཆུང་བརྒྱད་ཤོང་བ་དང་བཅུ་ཤོང་པ་ཆེ་ཚད་དུ་བཞེད། བྲེ་ཆུང་རེ་ལ་བོད་ཀྱི་བྲེ་ཚད་མའི་དྲུག་ཕུལ་དོའོ། །སྤྱད་དུ་རུང་བ་ལྷན་པ་བཞི་ཚུན་ཆད། བུག་པ་གཅིག་ལས་མེད་ཀྱང་ཧ་ཅང་ཆེ་ན་སྤྱད་མི་རུང་བའོ། །མི་རུང་བ་ཚོལ་བ་དང་འཆང་བ་ལ་ཉེས་བྱས་སོ། །གསུམ་པ་འཐག་ཏུ་འཇུག་པའི་གླེང་གཞི་ལ་ཉེས་པ་འཐག་ཏུ་འཇུག་པའོ། །ཡང་དགེ་སློང་གང་རང་གིས་འདུན་པས་སྲང་ཕྱེད་དང་ཞོ་གཅིག་ལ་སོགས་བླངས་པའི་སྲིན་བལ་དང་རས་ལ་སོགས་པའི་དོག་པ་ཡུལ་ཐ་ག་བ་ཉེ་དུ་མ་ཡིན་པ་གོས་བལ་ཤ་ན་ཟར་མ་དུ་གུ་ལ་རས་བལ་ཀོ་ཏམ་པ་ཉི་འོག་གི་སྟེ་བདུན་པོ་གང་རུང་འཐག་ཏུ་འཇུག་ན་རིན་མེད་པར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་འཐག་པ་བསྐྱེད་པའི་གླེང་གཞི་ལ་ཉེས་པ་འཐག་པ་བསྐྱེད་པའོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཕྲུགས་བདུན་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པས་ཐ་ག་པ་ཐགས་མཁན་ཉེ་དུ་མ་ཡིན་པ་ལ་གོས་རུང་བ་བདུན་གང་རུང་འཐག་ཏུ་བཅུག་པ་ལས་དེས་གལ་ཏེ་དགེ་སློང་དེ་ལ་དངོས་སུ་སྡར་མ་བཏབ་པར་གཞན་གྱིས་སྨྲས་པས་རྣམ་པར་རྟོག་པ་འདི་ལྟ་བུ་འགའ་ཞིག་བྱུང་ནས། ཐ་ག་པ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག ཁྱོད་ཀྱིས་འཐག་པའི་གོས་འདི་དགེ་སློང་ཁོ་བོའི་ཕྱིར་དུ་འཐག་ཏུ་བཅུག་པ་ཡིན་གྱི་ཞེས་བདག་ཉིད་ཉེ་བར་བསྟན་ནས། ཚེ་དང་ལྡན་པ་ཞེས་སྙན་ཚིག་དང་། ཐ་ག་བ་ཞེས་བོས་ནས་གོས་འདི་རྒྱར་ཞེང་ཆེ་བ་དང་། མཆུར་ཁྲུན་རིང་བ་དང་། ཕྲ་ཞིང་འཇུར་མདུད་མེད་པ་ཐར་གྱི་ཞག་པ་དང་། འཇམ་ཞིང་དབྱེར་ཟུག་སྙོམས་པ་སང་སེང་མེད་པས་ཐགས་རན་བཟང་བ་ལག་བྱད་ཤད་པ་དང་བརྒྱང་བ་སོགས་ལེགས་པར་གྱིས་ཤིག ཁོ་བོས་བླ་རྔན་བཟའ་བ་ལྔའམ། བཅའ་བ་ལྔ་དང་བཅས་པ། བཟའ་བ་ཙམ་བཅའ་བ་ལྔའམ། འབྲས་རྗེན་པ། བཟའ་རྒྱུ་རིན་ཅུང་ཟད་ཅིག་བྱིན་ནོ་ཞེས་སྨྲས་ཤིང་ཁས་བླངས་ནས། སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །སྦྱིན་བདག་གི་དོག་པ་ཟད་པའམ། ཁས་བླངས་པའི་རྔན་པ་མ་བྱིན་པར་གྲུབ་པ་ལས་དངོས་གཞིར་འགྱུར་རོ། །ལྔ་པ་བྱིན་ཕྲོགས་ཀྱི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དགའ་བོ། །ཉོན་མོངས་མི་བཟོད་པ། ཉེས་པ་བྱིན་ཕྲོགས་སོ། །ཡང་གང་ཟག་དགེ་སློང་གང་། ཡུལ་དགེ་སློང་ལ་གོས་རུང་བ་རྒྱུའམ་དངོས་གང་རུང་ཕྱིར་མི་བླང་བར་བྱིན་ནས། བྱིན་ཟིན་པ་དེའི་འོག་ཏུ་ཕྱི་ཞིག་ནས་ལུས་ཁྲོས་པར་སྟོན། ཡིད་འཁྲུགས་པའི་འདུ་ཤེས་དང་། ངག་གིས་ཁྲོས་ཚིག་རྔམས་པ་སྨྲ་བར་གྱུར་ཏེ། ཡིད་མ་རངས་པ་བཞིན་འགྱུར་ཞིང་གནོད་པའི་མཚན་མ་སྟོན་པར་གྱུར་ནས་རང་གིས་འཕྲོག་གམ་གཞན་འཕྲོག་ཏུ་འཇུག་ཅིང་། དེ་ལས་འདི་སྐད་ཅེས་དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱི། ང་རང་ལ་ཕྱིར་བྱིན་ཅིག་ཅེས་ཟེར་ན་འཕྲོག་བྱེད་དགེ་སློང་དེས། དབྲོག་བྱ་གོས་ལོངས་སྤྱད་པའི་ལྷག་མ་ཅི་ཡོད་པ་དེ་ཕྱིར་དགེ་སློང་དེ་ལ་སྦྱིན་པར་བྱ་ཞིང་ཕྱིར་འཆོས་དགོས་སོ། །མཐར་ཐུག་བཏང་ཞིང་ལུས་དང་བྲལ་ན་སྤང་བའི་ལྟུང་བྱེད་དོ། །དབྲོག་བྱ་དགེ་སློང་གི་ཡོ་བྱད་གང་ཡང་རུང་བ། རང་གི་ཡིན་པས་ལེན་ནོ་བསམ་པའི་བློས་འཕྲོག་ཅིང་ལུས་ངག་གཉིས་ཀའམ་གང་རུང་གིས་ལུས་དང་ཕྲལ་ན་དངོས་གཞིའོ། །རེ་ཞིག་ཅོ་འདྲི་ཞིང་མི་དགའ་བར་བྱ། སླར་གཏོད་བསམ་པའི་བློ་གྲོས་ངན་པས་བྱས་ན་ཉེས་བྱས། ཕན་པའི་བསམ་པས་དགེ་བ་ལ་སྦྱོར་བ་སོགས་ཀྱི་ཕྱིར་ཉེས་མེད་དོ། །དྲུག་པ་བརྟད་པའི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་དྲུག་སྡེ། ཉོན་མོངས་རྙེད་པ་ལ་གདུ་བ། ཉེས་པ་དབྱར་རྙེད་དབྱར་ནང་དུ་བགོས་པའོ། །དགེ་སློང་གིས་སྟོན་ཟླ་ཐ་ཆུང་ཉའི་ཉིན་དགག་དབྱེ་འབྱུང་བ་དེར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ཆེད་དུ་བརྟད་པ་ལས་བྱུང་བ། ནད་པ་དང་། ཤི་བ་དང་། འགྲོ་བར་ཆས་པ་དང་། ཆོམ་རྐུན་དང་ཆུ་ལ་སོགས་པས་ཁྱེར་དོགས་པ་དང་། བགོ་སྐལ་ལ་གཏོགས་པ་ཤི་དོགས་པའི་ཕྱིར། དགག་དབྱེའི་དུས་སུ་སྦྱིན་བྱ། དུས་མིན་སྔ་ནུར་དུ་བྱིན་པ་ལས་བྱུང་བའི་གོས་ཤིག་རྙེད་ཅིང་ཐོབ་པ། ལེན་འདོད་ཅིང་དོན་དུ་གཉེར་ན་དགེ་སློང་དེས་བལ་གོས་སོགས་རུང་བ་དེ་བླང་བར་བྱའོ། །བླངས་ནས་གོས་སྦྱིན་ཞིང་བགོད་པའི་དུས་དགག་དབྱེ་བྱུང་གི་བར་དུའམ། སྲ་བརྐྱང་འདིངས་ན་དཔྱིད་འབྲིང་ཉའི་བར་ཟླ་བ་ལྔར་གོས་སྦེད་པ་བསྐོས་ཏེ་བཅང་བར་བྱའོ། །དབྱར་སྔ་མ་མ་ཡིན་ན་ཟླ་གཅིག་སྔར་ནུར་བའོ། །དབྱར་རྙེད་དབྱར་ནང་དུ་བགོས་སམ། སྦེད་པ་མེད་པར་དགག་དབྱེའི་ཕྱི་དེ་ཉིན་མ་བགོས་པར། དེ་ལས་འདས་པར་འཆང་ན་སྔས་པ་དང་འཕྱིས་པའི་སྤང་བའི་ལྟུང་བྱེད་དོ། །བརྟད་པ་ལས་བྱུང་བ་ཡིན་ན་བདག་གིར་བྱར་རུང་ལ་བགོར་མི་རུང་བ་ཡིན་ནོ། །བདུན་པ་དགོན་པའི་འབྲལ་བ་ལ་གླེང་གཞི་ཡུལ་གང་ཟག་འདྲ། ཉོན་མོངས་རང་ཉམས་སུ་བྱེད་པ། ཉེས་པ་ཞག་བདུན་བྲལ་བའོ། །དགེ་སློང་གཉིས་ཡན་ཆད་རབ་ཏུ་མང་པོ་དག་གནས་མལ་གཙུག་ལག་ཁང་། གྲོང་ལས་རྒྱང་གྲགས་ཀྱིས་རིང་བའི་དགོན་པ་ཆོམ་རྐུན་གྱི་འཇིགས་པའི་དོགས་པ་དང་བཅས་པར་གྲགས་པ། སྟག་དང་སེང་གེ་སོགས་ཀྱི་འཇིགས་པའམ། སྔར་ཆོམ་རྐུན་ལན་གཅིག་བྱུང་ཞིང་དེའང་མི་རྣམས་སྐྲག་ཅིང་འབྲོས་པའི་འཇིགས་པ་དང་བཅས་པར་གྲགས་པ། ཆོམ་རྐུན་ལན་མང་དུ་བྱུང་བས་འཇིགས་པ་ཐ་དད་པ། གཅན་ཟན་དང་མི་མ་ཡིན་པས་འཇིགས་སུ་རུང་པའམ། སྦྲང་བུ་དང་རླུང་ཉི་མ་སྡིག་སྦྲུལ་སོགས་དང་བཅས་པ་དག་ཏུ། གླེང་གཞིའི་དབང་གིས་དབྱར་ཕྱི་མར་ཁས་བླངས་པར་གྱུར་པ་ཞེས་གསུངས་ཀྱི་སྔ་ཕྱི་ཁྱད་པར་མེད་དོ། །དགེ་སློང་དགོན་པ་བས་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ། སུམ་མདོ་བཞི་མདོ་ལམ་ཆེན་ཡོད་པའི་ཁྱིམ་གཞན་དུ་གོས་བྱིན་བརླབས་ཅན་དེ་བཞག་པར་བྱའོ། །གལ་ཏེ་དགེ་སློང་དགོན་པ་བ་ལ་དགོན་པའི་གཙུག་ལག་ཁང་ཉེ་འཁོར་དང་བཅས་པའི་མཚམས་ཀྱི་ཕྱི་རོལ་དུ་འདས་ཏེ་འགྲོ་དགོས་པའི་ཆོས་ལྡན་གྱི་བྱ་བ་མཆོད་རྟེན་དགེ་འདུན་ནམ་གང་ཟག་གི་ཕྱིར་དེ་ལྟ་བུ་བྱུང་ན། དགོན་པ་བ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་ཆོས་གོས་ཡོད་པའི་གནས་ལས་གཞན་དུ་འབྲལ་བར་བྱའི། དེ་ལས་དུས་འདས་པར་བདུན་པའི་སྐྱ་རེངས་ཤར་བར་འབྲལ་ན་སྤང་བའི་ལྟུང་བྱེད་དོ། །དགོན་པར་གནས་ན་དབྱར་རིལ་པོར་འབྲལ་དུ་གནང་བ་ཡིན་གྱི་གཞན་དུ་མ་གནང་བའོ། །ཁྱད་པར་བཤེས་གཉེན་ནི་དབྱར་ཕྱི་མ་ངེས་པ་ཅན་དུ་བཞེད་ཅིང་གནའི་མཆན་དུའང་འབྱུང་ངོ་། །བརྒྱད་པ་རས་ཆེན་གྱི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་མང་པོ། ཉོན་མོངས་འདོད་ཞེན། ཉེས་པ་རས་ཆེན་བཙལ་སྔས་པ་དང་ཡུན་རིང་དུ་བཅངས་པའོ། །དགེ་སློང་གིས་དབྱར་སྔ་མའི་དབང་དུ་བྱས་ནས་སོ་ག་རྣམས་ཀྱི་དུས་ཟླ་གཅིག་འདས་ཟླ་གཅིག་ལུས་པ་ན། དབྱར་གྱི་གོས་ཆར་ཁེབ་ཀྱི་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་ཕྱེད་བཅང་བར་བྱའོ། །ཟླ་གཅིག་ན་དབྱར་ཉེ་བར་བསྒྲུབ་བར་འགྱུར་བའི་དུས་དེའི་སྔོན་རོལ་དུ་དབྱར་གྱི་ཆར་པའི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་པ་དགག་དབྱེ་བྱས་ནས་ཟླ་ཕྱེད་ལས་འདས་ཤིང་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །སྔར་བཙལ་བ་སྔར་གྲུབ་ནས་རྙིང་པ་མ་ཡིན་ཞིང་རུང་ན་དངོས་གཞིའོ། །དབྱར་སྔ་ཕྱི་ལ་ཁྱད་པར་མེད་ཅིང་། བཙལ་སྔས་བཞག་གཉིས་ཕྱིས་ཀྱི་ལྟུང་བ་རིས་གཉིས་ཡོད་དོ། །ཁྱད་པར་བཤེས་གཉེན་ནི་གོས་འདི་དབྱར་གྱི་ཁྲུས་གོས་ཡིན་པས་ཆུ་རླུང་དུ་ཁྲུས་བྱེད་པའི་སར་དགོས། ཁྲོན་པར་ཁྲུས་བྱེད་པའི་སར་མི་དགོས་ཟེར་རོ། །དགུ་པ་བསྔོས་བསྒྱུར་གྱི་སྤང་བའི་གླེང་གཞི་ལ་ཡུལ་མཉན་ཡོད། གང་ཟག་ཉེར་དགའ། ཉོན་མོངས་བསྣབ་སེམས། ཉེས་པ་གཞན་ལ་བསྔོས་པ་བསྒྱུར་བའོ། །ཡང་གང་ཟག་དགེ་སློང་གང་ཡུལ་དེ་བཞིན་གཤེགས་པའི་དགེ་འདུན་ལ་བསྔོས་པ་སྟེ་བཟས་ཤིང་བརྩམས་པའམ། ངེས་ཤིང་གྲུབ་པའི་རྙེད་པ་ཟས་གོས་གཉིས་ལས་གོས་རང་གིས་རིག་པའམ་གཞན་གྱིས་བརྗོད་པས་བསྔོས་པར་ཤེས་བཞིན་དུ། སྦྱོར་བ་གང་ཟག་བདག་ཉིད་ལ་བསྒྱུར་ཏེ་འབུལ་དུ་འཇུག་ན། ཐོབ་པའི་ཚེ་སྤང་བའི་ལྟུང་བྱེད་དོ། །གཞན་གྱི་གང་ཟག་གམ་དགེ་འདུན་གཞན་ལ་བསྔོས་པའི་གོས་རུང་བ་རང་ལ་བསྒྱུར་བའོ། །གཞན་གཞན་དུ་བསྒྱུར་བ་ལ་ཉེས་བྱས་འབྱུང་། མི་བརྗེད་དྲན་བྱེད་དུ། ཕྲིན་སྤྲིང་ཡིག་བརྒྱུད་པ་སོགས་ལ་ཉེས་བྱས་ཞེས་ལྟུང་བ་མང་པོ་ལ་སྦྱར་སྣང་ངོ་། །ཁ་ཅིག་སྣོད་སྤྱད་ཟས་གོས་གང་ཡང་རུང་བ་བསྒྱུར་བ་ལ་ཁྱད་མེད་ཟེར་རོ། །གསོག་འཇོག་གི་སྤང་བའི་གླེང་གཞི་ལ་ཡུལ་རྒྱལ་ཁབ། གང་ཟག་པི་ལིན་ཏའི་བུའི་ཉེ་གནས། ཉོན་མོངས་ལྟོ་འདུན། ཉེས་པ་གསོག་འཇོག་གོ །དྲན་བྱེད་དུ་པི་ལིན་ཏ་སྲུང་བ་པོར་བསྒྱུར་སྣང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་དགེ་སློང་ནད་ཀྱིས་བཏབ་པ་རྣམས་ལ་ཕན་པ་རྗེས་སུ་མཐུན་པ་སོ་སོར་རུང་བ་ཁ་ནས་ཟ་བ་བརྟན་པར་བྱ་བའི་སྨན་གང་དག་བཀའ་སྩལ་ཞིང་བསྟན་པ་འདི་ལྟ་སྟེ་དུས་རུང་དང་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་སྟེ། སྨན་གྱི་བྱ་བ་བྱེད་རུང་མི་བྱེད་རུང་སྨན་དུ་བཞག་ཅིང་། ནད་པའང་ལྷན་ཅིག་སྐྱེས་པ་དང་གློ་བུར་བ་གཉིས་ལས། བདག་ཉིད་ལྷན་ཅིག་སྐྱེས་པའི་ནད་པ་ལས་མ་འདས་པས་བཀྲེས་པ་ཞི་བའི་ཕྱིར་ནད་པའི་འདུ་ཤེས་ཀྱིས་ཟའོ། །གང་གི་ཤ་རུང་བ་བ་དང་ལུག་ལ་སོགས་པའི་མར་བཞུ་བའི་ཞུན་མར་དང་། ཉུངས་དཀར་དང་ཏིལ་ལ་སོགས་པའི་འབྲུ་མར་དང་། སྦྲང་བུས་བསགས་པའི་རྩི་བཅུད་དང་། བུ་རམ་གྱི་དབུ་བ་བུ་རམ་ཉིད་དེ། དེ་དག་ལས་དགེ་སློང་ནད་ཀྱིས་བཏབ་པས་འདོད་ན་རང་གིས་ལག་པ་བཀྲུས་ཞིང་བྱིན་ལེན་བྱས་ནས་ཞག་བདུན་ཚུན་ཆད་ཇི་ཙམ་འོས་པར་བྱིན་གྱིས་བརླབས་ཏེ། གསོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པར་འོས་པ་ཡིན་པས་རང་གིས་བླངས་ཏེ་ཡོངས་སུ་ལོངས་སྤྱད་པར་བྱའོ། །དུས་དེ་ལས་འདས་པར་ཡོངས་སུ་ལོངས་སྤྱད་ན་སྤང་བའི་ལྟུང་བྱེད་དོ། །རོ་དང་སླ་བ་གཞན་དུ་གྱུར་ན་ཞག་མ་འདས་ཀྱང་གསོག་འཇོག་ཏུ་འགྱུར། ཞག་བདུན་པ་འདི་ལ་སྨན་རིགས་མཐུན་གཞན་རྙེད་པ་ཞག་འདས་ན་སྤང་བའི་ལྟུང་བར་འགྱུར། ཞུན་མར་དང་རིགས་མི་མཐུན་པ་འབྲུ་མར་ལྟ་བུ་ལ་མི་འབྱུང་། བདུད་རྩི་ཞུན་མར་དུ་བསྡུ། ཞག་འཁྱགས་པ་འབྲུ་མར་གྱི་ཁོངས་སུ་གཏོགས། སྔོན་གྱི་འདུལ་འཛིན་ཆོས་ཀྱི་བཤེས་གཉེན་དང་། མི་བརྗེད་དྲན་བྱེད་དུ་སྨན་བཞི་ཀ་ལ་དངོས་གཞི་རྩིས། བར་གྱི་འདུལ་འཛིན་ཀཱ་ལྱ་མི་ཏྲ་དང་བི་མ་ལ་མི་ཏྲ་འདི་ཞག་བདུན་པ་ཁོ་ན་ལ་རྩིས། མི་རུང་བ་དང་སྨན་གཞན་ལ་ཉེས་བྱས་སུ་བཞེད། སོ་ཐར། རྣམ་འབྱེད། བླ་མ། མདོ་རྩ་རྣམས་ཁུངས་སུ་བྱེད་དོ། །དགའ་སྐྱེད་དུ་ལོངས་སྤྱད་ན་སྤང་ལྟུང་ངོ་ཞེས་པའི་དོན་འཆང་ན་ཞེས་བྱ་བའི་དོན་ཡིན་གྱིས་ཟ་ན་ཞེས་བྱ་བ་མ་ཡིན་ཏེ། ཟ་བ་ལ་སྤང་བ་མི་སྲིད་པའི་ཕྱིར་ཞེས་བཤད་དེ་བྱིན་བརླབས་ཀྱང་སྨན་གསུམ་ལ་བྱེད་ཀྱི་དུས་རུང་ལ་འབྲས་བུ་མེད་པའི་ཕྱིར་མི་བྱེད་དེ། གསོག་འཇོག་གི་ཉེས་པ་དགག་པའི་ཕྱིར་བྱིན་གྱིས་རློབ་པ་ཡིན་ན། དུས་རུང་རང་གི་དུས་ལས་འདས་པ་ཉིད་ན་གསོག་འཇོག་ཏུ་གྱུར་པའི་ཕྱིར་ཞེས་ཀྱང་བཤད་དོ། །བྱིན་ལེན་ཞིག་ན་གསོག་འཇོག་ཏུ་མི་འགྱུར་རོ། །ཞག་བདུན་པའི་ཉི་མ་འདས་འབྱུང་དགེ་སློང་ལ་བརྗོད་དགོས་སོ། །གསུམ་པ་མཇུག་སྡུད་ནི་ཚེ་དང་ལྡན་པ་དག་ཅེས་སོགས་སོ། །སུམ་ཅུ་པོ་འདིའི་ཕྱིར་བཅོས་ནི་གཏན་སྤངས་དམིགས་ཀྱིས་བསྟན་པ་མ་གཏོགས་ཞག་གཅིག་སྤངས་ནས་བཤགས་པར་བྱའོ། །མར་སྐུ་མཉེའི་ཕྱིར་རུང་བས་གཏན་སྤངས་སུ་མ་ངེས་སོ། །མཚན་ཉིད་ནི་ལྟུང་བའི་གཞི་སྤངས་ནས་བཅོས་དགོས་ཀྱི་རིགས་སྤང་ལྟུང་གི་མིང་གིས་ཕྱིར་བཅོས་ན་འདག་རུང་གི་ཉེས་པའོ། །གཉིས་པ་ལ་སྤྱི་སྡོམ་བསྟན། སོ་སོར་བཤད། མཇུག་བསྡུ་བའོ། །དང་པོ་ནི་སྡོམ་གསུམ་ལས། སྡོམ་ཚན་རེ་རེའི་སྤྱི་བསྡུས་ཤིང་བླངས་ནས་སྦྱིན་པར་བྱེད་པས་སྤྱི་སྡོམ་ཡིན་ལ། འོག་ནས་བཅུ་ཕུང་དགུ་འབྱུང་བའི་དང་པོ་རྣམས་གོང་དུ་བླངས་ནས་གོ་རིམ་མི་འཁྲུལ་བའི་ཕྱིར་སྦྱིན་པ་སྟེ། བརྫུན་སྐྱོན་ཕྲ་མ་དགེ་སློང་དང་། ཞེས་པའི་བཅུ་པ་དང་པོ་དེའི་ནང་ནས་ཤེས་བཞིན་རྫུན་དུ་སྨྲ་བའི་མིང་དང་པོ་ཤེས་བཞིན་དང་ནི་ཞེས་པ་ལ་སོགས་པའོ། །རྣམ་སྨིན་ངན་སོང་དུ་ལྟུང་ཞིང་འཁྲིད་པར་བྱེད་པས་སྲེག་པར་བྱེད་པས་ལྟུང་བྱེད་དེ། སྤྱི་མིང་བྱེ་བྲག་ལ་བཏགས་ཤིང་། གཞན་གཅོད་པའི་ཕྱིར་འབའ་ཞིག་ལ་ཞེས་པའི་མིང་ཐོབ་བོ། །གཉིས་པ་ལ་བཅུ་ཕྲག་དགུ་ལས། དང་པོ་ལ་བཅུའི་བརྫུན་སྨྲའི་གླེང་གཞི་ཡུལ་མཉན་ཡོད། གང་ཟག་ཤཱཀྱ་ལག་བརྒྱུད། ཉོན་མོངས་ཐོ་འཚམ། ཉེས་པ་བརྫུན་སྨྲས་པའོ། །འདི་ལ་རྣམ་པ་མང་པོ་ཞིག་བཤད་ཀྱང་། ཕམ་པ་ལྷག་མ་སྦོམ་པོ་ལྟུང་བྱེད་ཉེས་བྱས་སུ་འགྱུར་བ་ལྔ་ལས། གསོ་སྦྱོང་གི་ཚེ་བསམ་བཞིན་དུ་ཆོས་མ་ཡིན་པ་འདོན་པ་དབྱེན་གྱི་སྦོམ་པོ། ཉེས་བྱས་སུ་འགྱུར་བ་མ་དག་བཞིན་དུ་ཅང་མི་སྨྲ་བའོ། །འདིར་ལས་དང་པོ་མ་ཡིན་པའི་དགེ་སློང་ཤེས་པ་རང་བཞིན་དུ་གནས་པས། རང་ལས་གཞན་པའི་མི་སྨྲ་ཤེས་དོན་གོ་ཤེས་པ་མ་འཁྲུལ་བ་ལ། འདུ་ཤེས་བསྒྱུར་ཏེ་རྣམ་པར་དཔྱད་ནས་དོན་ཤེས་བཞིན་དུ། ཕམ་སོགས་ཀྱི་བརྫུན་ལས་གཞན་པ་སྦྱོར་བ་ངག་གི་རིག་བྱེད་ཀྱིས་གསལ་པོར་སྨྲས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བྱེད་དོ། །གཉིས་པ་སྐྱོན་སྨྲ་ནི། མཉན་ཡོད། དྲུག་སྡེ། མ་གདམས་པ། སྐྱོན་སྨྲས་སོ། །རང་ལས་གཞན་པའི་མིའི་རིགས་ལུས་ཡོན་ཏན་གྱི་སྐྱོན་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་ལ་རིགས་ངན། མགོ་བོ་ཆེ། སྡོམ་ཉམས་ཞེས་སོགས་སྨྲས་པའོ། །མི་བདེན་ན་བརྫུན་སྨྲ་དང་ལྟུང་བ་གཉིས་འབྱུང་ངོ་། །སྐྱོན་བརྗོད་པར་འདོད་པ་མེད་ན་ལྟུང་བ་མེད་དོ། །གསུམ་པ་ཕྲ་མ་ལ་ཡུལ་གང་ཟག་འདྲ། འབྱེད་འདོད། ཕྲ་མ་བྱས་པའོ། །དགེ་སློང་མཐུན་པ་འབྱེད་པར་འདོད་པས་ཁྱོད་ལ་འདི་སྐད་ཟེར་རོ་ཞེས་བདེན་པའམ་བརྫུན་པས་ཕྲ་མ་བྱེད་ན། དོན་གོ་བའི་ཚེ་ཕྱེ་རུང་མ་ཕྱེ་རུང་ལྟུང་བྱེད་དོ། །སྡིག་གྲོགས་དང་དབྲལ་བའི་ཕྱིར་སེམས་དག་ན་ཉེས་པ་མེད་དོ། །དགེ་སློང་མ་སོགས་འབྱེད་ན་ཉེས་བྱས་སོ། །བཞི་པ་སྐྱོར་རྔོག་ལ་རྩོད་པ་ལ་དགའ་བ། སྐྱོར་རྔོགས་བྱས་པའོ། །ཡང་དགེ་སློང་གང་དགེ་འདུན་བློ་མཐུན་པས་ཆོས་དང་འདུལ་བ་བཞིན་དུ་ལས་བྱ་བར་འོས་པ་བྱས་པས། འགྱེད་ཕྱིར་མི་གདམ་ཕྱིར་ལྟུང་ཕྱིར་བྱ་ཕྱིར་གྱི་རྩོད་པ་བཞི་པོ་གང་རུང་སྦྱངས་ཤིང་ཆོས་ཕྱོགས་སུ་ཞི་བར་རང་ངམ་གཞན་གྱིས་སྨྲས་པའི་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོར་ཏེ་རྔོག་ཅིང་རྩོད་པ་སྦྱོར་བར་བྱེད་ན་ལྟུང་བྱེད་དོ། །ཆོས་བཞིན་ཞི་བར་མ་བྱས་པ་ལ་ཉེས་པ་མེད་དོ། །གློ་བུར་དུ་འོངས་པ་དང་འདུན་པ་མ་ཕུལ་ལས་ལ་མ་འདུས་པས་བྱེད་ན་ཉེས་བྱས་སོ། །ལྔ་པ་སྟོན་པ་ལ། འཆར་ཁ། སྲེད་པ། བུ་མེད་ལ་ཆོས་བསྟན་པའོ། །ཡང་དགེ་སློང་གང་བུད་མེད་ཁྱིམ་པ་མོའམ་གཞོན་ནུ་མ་འཁྲིག་པ་བསྟེན་རུང་གི་ཡུལ་ལ་སངས་རྒྱས་སམ་ཉན་ཐོས་ཀྱིས་གསུངས་པའི་ཚིག་ལྔ་པ་གཟུགས་མི་རྟག་ཅེས་པ་འཕྲོས་དང་བཅས་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མི་རྟག་ཅེས་པ་ལྔའམ། ཕུང་པོ་ལྔ་ནི་གཟུགས་དང་ཞེས་སོགས་མདོར་བསྟན་གཅིག་དང་དྲུག་གམ། བསྟན་བྱ་མིག་སོགས་དབང་པོ་དྲུག་གམ། བསྟན་བྱ་ལྔ་བསྟན་པ་དེ་ལས་ལྷག་པར་ཚིག་དྲུག་པ་བུད་མེད་ཀྱི་རིགས་དང་མཛེས་པ་དང་གཞོན་ཤ་དང་ཕྲད་ན་དགའ་བ་སོགས་གླེང་གཞི་སྟོན་པ་སྟེ། ཆོས་ཞེས་པ་བསྟན་བྱ་དང་དེ་བས་ལྷག་པ་ལའང་འཇུག་གོ །ཡང་ན་མིག་སོགས་དྲུག་བསྟན་ནས་ལྷག་པར་གཟུགས་སོགས་སྟོན་ན། རིག་པའི་སྐྱེས་པ་ཁྲིམས་གྲོགས་ཡོད་པ་མ་གཏོགས་མེད་པར་གནས་གཅིག་ཏུ་བསྟན་ན་ལྟུང་བྱེད་དོ། །ཁྲིམས་གྲོགས་སྐྱེས་པ་ཡོད་ན་ལྟུང་མེད། ཤེས་རབ་ཆེ་བས་རྒྱ་ཆེར་དྲིས་པ་དང་། ཚིག་མྱུར་ཆེས་ནས་ཐལ་བ་ལའང་ཉེས་མེད། ཁྲིམས་གྲོགས་ཟ་མ་མ་ནིང་། ཡུལ་རབ་བྱུང་མ། སྐད་བརྡ་མི་ཕྲད་པ་སོགས་ཉེས་བྱས་སོ། །དྲུག་པ་འདོན་པའི་ལྟུང་བྱེད་ལ་དྲུག་སྟེ། མ་ཞི་བ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དགེ་ཚུལ་ལྟ་བ་དང་མཚན་མཐུན་པ་དང་ལྷན་ཅིག་ཚིག་གིས་སམ། ཡི་གེས་མཉམ་པའམ་སྔར་ཆོས་སངས་རྒྱས་དང་དེའི་ཉན་ཐོས་ཀྱིས་བསྟན་པ་འདོན་ན་ལྟུང་བྱེད་དོ། །ཆོས་སྡིག་པ་ཅི་ཡང་མི་བྱེད་སོགས། ཡི་གེ་ཨ་ཨཱ་སོགས་སོ། །ལུང་དངོས་མ་ཡིན་པར་ལུང་ལས་བཏུས་པ་འདོན་པ་དང་། ལུང་ནོད་པའི་ཕྱིར་མ་ཡིན་པ་དང་། མཚན་དང་ལྟ་བ་མི་མཐུན་པ་སོགས་ཉེས་བྱས། མི་འདོད་བཞིན་གྲུབ་པ་དང་སློབ་གཉེར་བསོད་པ་དང་ཁ་འདོན་ཞུ་བ་སོགས་ཉེས་མེད་དོ། །བདུན་པ་གནས་ངན་ལེན་བརྗོད་པའི་གླེང་གཞི། ཕྲག་དོག གནས་ངན་ལེན་བརྗོད་པའོ། །ཡང་གང་ཟག་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་ཀྱང་། ཡུལ་གང་ཟག་བསྙེན་པར་མ་རྫོགས་པ་རབ་བྱུང་ངམ་ཁྱིམ་པ་སྔར་གནས་ངན་ལེན་མི་ཤེས་པ་ལ། དགེ་སློང་ཉམས་པའམ་མ་ཉམས་པའི་གནས་ངན་ལེན་ཕམ་ལྷག་གི་ལྟུང་བའམ། ཡང་ན་འཁྲིག་པའི་ཆོས་བརྗོད་ན་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་བསྐོས་ཤིང་གནང་བ་མ་གཏོགས་ཏེ། མཐར་དོན་གོ་ན་ལྟུང་བྱེད་དོ། །བདེན་པ་མཐོང་བ་ལ་བརྗོད་ན་ཉེས་མེད་དོ། །བརྒྱད་པ་ཆོས་བླ་མ་བརྗོད་པའི་གླེང་གཞི་ཡངས་པ་ཅན། དགེ་སློང་ལྔ་བརྒྱ། མ་བརྟགས་པ། ཆོས་བླ་མ་བརྗོད་པའོ། །ཡང་གང་ཟག་དགེ་སློང་གང་། གང་ཟག་བསྙེན་པར་མ་རྫོགས་ཤིང་བདེན་པ་མ་མཐོང་བའི་སྨྲ་ཤེས་དོན་གོ་ལ། མིའི་ཆོས་མྱ་ངན་ལས་འདས་པའམ། སྒྲིབ་པ་ལྔ་སྤངས་པའི་ཡོན་ཏན་ཐོབ་པ། དོན་བདེན་པར་སྨྲས་ན་མཐར་ཐུག་དོན་གོ་བ་ན་ལྟུང་བྱེད་དོ། །དགུ་པ་སྐུར་འདེབས་ལ་གླེང་གཞི་རྒྱལ་ཁབ། འཛའ་བོ་ས་ལ་སྐྱེས། མི་བཟོད་པ། སྐུར་འདེབས་སོ། །ཡང་གང་ཟག་དགེ་སློང་གང་། སྔར་དགེ་འདུན་གྱི་གོས་གང་ཟག་ལ་སྟེར་བ་ལ་དད་པས་ཕུལ་ཞིང་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་དུས་གཞན་གྱི་ཚེ། འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་མཁན་སློབ་དང་ཉེ་གནས་དང་འཛའ་བོ་ལ་སོགས་པའི་བཤེས་ངོར་བྱས་ཏེ། སྦྱིན་བདག་གིས་དགེ་འདུན་གྱི་ཕྱིར་རྙེད་པར་བསྔོས་པའི་གོས། བདག་གི་དོན་དུ་གང་ཟག་ལ་བསྔོས་སོ་ཞེས་ཟེར་ཞིང་། སྐུར་བ་གདབ་བྱ་དེའམ་གཞན་གྱི་མདུན་དུ་སྐུར་པ་འདེབས་ན་ལྟུང་བྱེད་དོ། །ཟས་ལ་ཉེས་བྱས་སོ། །བཅུ་པ་ཁྱད་དུ་གསོད་པ་ལ་མཉན་ཡོད། དྲུག་སྡེ། བག་མེད་བསླབ་པ་ཁྱད་གསོད་དོ། །ཡང་གང་ཟག་དགེ་སློང་གང་། དུས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ན། འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཚིག་གི་ལམ་གང་དག་གིས་དགེ་སློང་རྣམས་ཐོག་མར་འགྱོད་ཅིང་མངོན་པར་མི་དགའ་བ་དང་། ཕྱིས་ཡིད་ལ་གཅགས་པ་གདུལ་བར་བྱེད་པ་དང་། གནོད་པ་ཡིད་གཉིས་ཀུན་ནས་སློང་བར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་སྤང་བའི་ལྟུང་བྱེད་དང་རབ་ཏུ་ཕྲ་བ་ལྟུང་བྱེད་འབའ་ཞིག་པ་སོགས་འདི་དག་གིས། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞོག་ཅིག་ཅེས་ཟེར་ཞིང་སྟོན་པས་བཅས་པའི་བསླབ་པ་ཁྱད་དུ་གསོད་པའི་བསམ་པས་ངག་གི་རྣམ་པར་རིག་བྱེད་བརྗོད་ན་ལྟུང་བྱེད་དོ། །དུས་གཞན་དང་། མདོ་སྡེ་དང་ལྡན་པ་ལ་ཉེས་བྱས་སོ། །བཅུ་ཚན་གཉིས་པ་ལ་བཅུ་ལས་དང་པོ་ལ། ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་པའོ། །དགེ་སློང་གིས་རྩ་བ་བཏབ་པས་རྩ་བ་སྐྱེ་བ་རྩ་བའི་ས་བོན་ཤུ་དག་སོགས་དང་། སྡོང་བུ་བཏབ་པས་གདོང་བུ་སྐྱེ་བ་ནྱ་གྲོ་ད་དང་། མ་ལྕང་སོགས་སྡོང་བུའི་ས་བོན་དང་། ཐོག་གུ་བཏབ་པས་ཐོག་གུ་སྐྱེ་བ་བུ་རམ་ཤིང་གི་དང་ཏར་དགའ་སོགས་ཐོག་གུའི་ས་བོན་དང་། འགས་པ་ལས་འགས་པ་སྐྱེ་བ་འགས་པའི་ས་བོན་ཨརྫ་ཀ་སོགས་དང་། ས་བོན་ལས་ས་བོན་སྐྱེ་བ། འབྲས་ས་ལུ་དང་ནས་ལ་སོགས་པ་ས་བོན་དུ་རུང་ཞིང་མ་ཉམས་པའི་ས་བོན་གྱི་ཚོགས་དང་། འབྱུང་པོ་ལས་ལས་འབྱུང་ཞིང་སྐྱེ་བས་གྲོག་སྦུར་དང་ཕྱེ་མ་ལེབ་དང་སྦྲུལ་ལ་སོགས་པའི་གནས་ལྗོན་ཤིང་དང་། རྩ་སྔོན་པོ་མ་ཉམས་ཤིང་སྐྱེ་བཞིན་པ་དག་འབྱིན་པ་དང་། སྙོལ་བ་དང་འདྲུ་བ་དང་འཚེད་པ་ལ་སོགས་པས་རང་གིས་འཇིག་གམ། བསྐོས་པས་གཞན་འཇིག་ཏུ་འཇུག་ན་ངན་སོང་གསུམ་དུ་སྲེག་འཚེད་ལྟུང་བར་བྱེད་པའི་ལྟུང་བྱེད་དོ། །འབྲས་བུ་སྨིན་པ་དྲུལ་དུ་ཆ་བ་དང་། མེ་ཏོག་ཁ་བྱེ་བ་འདབ་མ་བོག་ཏུ་ཉེ་བ་དང་། སྐྱེ་བ་ཉམས་ཤིང་སྐམ་དུ་ཉེ་བ་ལ་ཉེས་བྱས་སོ། །ས་བོན་མེས་རུང་བར་བྱས་པ་ས་བོན་མ་ཡིན་པར་མ་གྱུར་ཀྱང་ཉེས་པ་མེད་དོ། །གཉིས་པ་འཕྱ་བ་ནི། རྒྱལ་ཁབ། འཛའ་བོ་ས་ལ་སྐྱེས། མི་བཟོད་པ། འཕྱ་བའོ། །དགེ་སློང་གིས་དགེ་སློང་ཞལ་ཏ་བ་དགེ་འདུན་གྱིས་བསྐོས་སམ་མ་བསྐོས་སམ། ལས་བྱེད་བཞིན་པའི་བྱས་ཟིན་པ་ཡང་རུང་། ཆོས་བཞིན་བྱས་པ་ལ་ཀུན་སློང་མི་བཟོད་པའི་སེམས་ཀྱིས་གྱད་བུའི་ནོར་འདིས་ཉེ་རིང་བྱས་ཏེ་བདག་ཅག་མནར་ཏོ་ཞེས་འཕྱའམ། གྱད་བུའི་ནོར་རམ་ཁ་གཅིག་བཞིན་དུ་ཁོ་བོ་ཅག་ལ་ཐོ་འཚམ་པར་འགྱུར་རོ་ཞེས་དངོས་སམ། གཞན་གྱི་དྲུང་དུ་བཞོགས་འཕྱས་བྱེད་ན་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་འཕྱ་བའི་གྲངས་སུ་གཞུག་ཅིང་མ་ལོག་པར་འཕྱ་ན་དོན་གོ་བའི་ཚེ་ལྟུང་བྱེད་དོ། །མཚན་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་དང་། གཞན་དོན་དུ་དང་། རང་གྲངས་སུ་མ་བཅུག་ན་ཉེས་བྱས་སོ། །གསུམ་པ་བགོ་བ་རྣ་ལ་གཟོ་བ་ནི། ཀཽ་ཤམ་བྷི། འདུན་པ། ལོག་ཐབས། རྣ་ལ་གཟོན་པའོ། །དགེ་སློང་ལ་དགེ་སློང་གིས་ལྟུང་བ་བྱུང་བ་ཆོས་བཞིན་ཕྱིར་ཤོགས་ཤིག་ཅེའམ། ལམ་འདིར་དགེ་སློང་མའམ་ཁྱིམ་པ་མོ་གོས་གསར་པ་གྱོན་པའི་མཚན་མ་ཅན་གྱི། ཆེ་གེ་ཞིག་སོང་ངམ་ཞེས་དྲིས་ན། སུ་ལྟུང་བ་བྱུང་བ་དེ་ཁོ་བོའི་དྲུང་དུ་བཤགས་པ་གྱིས་ཤིག་ཅེས་དང་། མཚན་མ་དེ་འདྲ་ནི་མ་ཡིན། རྐང་པས་འགྲོ་བ་ཞིག་མཐོང་ཞེས་པ་ལྟ་བུའམ། ཅང་མི་སྨྲ་བས་བསྒོ་བའི་ཚིག་དེ་ལས་འགལ་བར་བྱེད་པས། རྣ་ལ་གཟོན་བ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་གི་ལས་ཀྱི་རྣ་ལ་གཟོན་པའི་གྲངས་སུ་གཞུག་ཅིང་མ་བཟློག་པར་སྨྲ་བའམ་མི་སྨྲ་བས་སླར་གཟོན་ན་ལྟུང་བྱེད་དོ། །ཁ་གཅིག་ལྟུང་བ་གླེང་བ་ལྟ་བུ་ལ་ཡིན་གྱི་ཚིག་གཞན་རྣ་ལ་གཟོན་ན་ཉེས་བྱས་སོ་ཞེས་ཟེར་ཡང་གང་ཡང་རུང་བའི་དྲི་བ་རྣ་ལ་གཟོན་པ་ལ་ལྟུང་བྱེད་འབྱུང་བར་འགྲེལ་པ་ལྔ་ཞལ་མཐུན་དུ་བཤད་དོ། །ལྟུང་བ་འདི་གཉིས་ཀྱི་གྲངས་སུ་འཇུག་པའི་ལས་ལ། དྲི་མེད་བཤེས་གཉེན་ནི་གསོལ་བ་འབའ་ཞིག་པ་དང་། ཁྱད་པར་བཤེས་གཉེན་དང་མི་བརྗེད་དྲན་བྱེད་དུ་གསོལ་བ་གཉིས་བྱེད་དོ། །བཞི་པ་གནས་མལ་གྱི་ལྟུང་བྱེད་ལ་མཉན་ཡོད། རབ་ཏུ་མང་པོ། ཏྲོན་མི་ཤེས་པ། གནས་མལ་ཡལ་དོར་ཏེ། ཡང་གང་ཟག་དགེ་སློང་གང་དགེ་འདུན་གྱི་མལ་སྟན་ཆེ་མཐོ་ལས་གཞན་པའི་ཁྲིའམ་རྐང་རྟེན་དང་རྒྱབ་རྟེན་དུ་བཅས་པའི་ཁྲིའུ་འམ། ཡང་ན་ཉལ་བའི་ཁྲིའམ། འདུག་པའི་ཁྲིའུ་འམ། སྟན་ཤིང་བལ་གྱི་ནང་ཚངས་ཅན་ནམ། པར་ཐང་དང་བྲེའུ་ཕྲུག་གི་ལ་བའམ། ཟས་མི་འཇུ་བ་དག་གི་ཕྱིར་གནང་བ་སྔས་སུ་གཞུག་པར་བྱ་བའི་སྔས་སམ། གོར་བུ་སྟན་ཟླུམ་མམ་གྲུ་བཞི་པ་བླ་གབ་མེད་པ་སྟེང་མ་གཡོགས་པར་རང་གིས་བཏིང་ངམ་གཞན་གདིངས་སུ་བཅུག་ནས་རང་གིས་མ་བསྡུས་སམ། གཞན་ལ་བཅོལ་ཏེ་སྡུད་དུ་མ་བཅུག་གམ། དེར་དགེ་སློང་གང་འཁོད་འདུག་པ་དེ་ལ་ཆུད་ཟ་བའི་རྐྱེན་རླུང་དང་ཆར་པ་སོགས་བྱུང་ན་བསྡུས་ཤིག་ཅེས་མ་བཅོལ་བར་གཙུག་ལག་ཁང་དང་གནས་མལ་འདི་རེ་ལྟོས་ཤིག་ཅེས་སམ། ལྡེ་མིག་གཏད་དེ་མ་བཅོལ་བར་དང་དགེ་སློང་མེད་ན་དགེ་ཚུལ་སོགས་ལའང་མ་སྨྲས་པར། ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་འདས་ཤིང་སོང་ན། སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་འབྱུང་བ་སོགས་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གནས་དེ་ཉིད་དུ་འདུག་ནས་རླུང་གིས་རིམ་པ་གཉིས་སུ་བཟློག་གམ་ཆར་གྱིས་རིམ་པ་གཉིས་བངས་པ་སོགས་ལའང་དངོས་གཞིའོ། །རྒྱུ་མི་རུང་བ་ལ་ཉེས་བྱས། རིན་པོ་ཆེ་ལ་བྱས་པ་ལ་ལྟུང་མེད་དོ། །ལྔ་པ་གདིང་བའི་ལྟུང་བྱེད་ལ་མཉན་ཡོད། ལྷོ་ཕྱོགས་ཀྱི་དགེ་སློང་གཉིས། མ་བརྟགས་པ། གདིང་བ་མ་བསྡུས་པའོ། །ཡང་དགེ་སློང་གང་གནས་དགེ་འདུན་གྱི་གཙུག་ལག་ཁང་དུ་མུན་ཛ་དང་དར་བྷ་སོགས་རྩའི་གདིང་བའམ། ཨརྐའི་ལོ་མ་སོགས་ཀྱི་གདིང་བ་རང་གི་ཕྱིར་གདིང་དུ་བཅུག་ནས་མ་བསྡུས་ན་ལྟུང་བྱེད་དོ། །གཙུག་ལག་ཁང་དགེ་འདུན་གྱི་ཡིན་པ་དང་། རྡོ་བ་དང་བྱེ་མའི་གཞི་ལྟ་བུ་མ་ཡིན་པ་སྣུམ་ཤིང་སྲོག་ཆགས་སྐྱེ་སླ་བ་ལ་དངོས་གཞིའོ། །འདི་དང་སྔ་མ་ལ་ལངས་འཕྱི་བ་དང་གཞོན་པ་ལ་དངོས་གཞི། ལངས་སྔ་བ་དང་དགེ་སློང་རྒན་པ་ལ་ཉེས་བྱས་སོ། །དྲུག་པ་སྐྲོད་པ་ལ་མཉན་ཡོད། འཆར་ཁ། གནོད་སེམས། སྐྲོད་པའོ། །ཡང་གང་ཟག་དགེ་སློང་གང་ཀུན་སློང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡི་མ་རང་ནས། གནས་དགེ་འདུན་གྱི་གཙུག་ལག་ཁང་ནས་ཡུལ་དགེ་སློང་རང་གིས་སྐྲོད་དམ། གཞན་ཞིག་སྐྲོད་དུ་འཇུག་ན། སྲོག་ལ་གནོད་པ་བཟློག་པ་ལ་སོགས་དེ་དང་འདྲ་བའི་རྐྱེན་བྱུང་ན་མ་གཏོགས་ལྟུང་བྱེད་དོ། །དགེ་འདུན་གྱི་གནས་མ་ཡིན་པ་དང་། དགེ་སློང་མ་ཡིན་ན་ཉེས་བྱས་སོ། །བདུན་པ་ཕྱིས་གནོན་ལ། ཉེས་པ་ཕྱིས་གནོན་ནོ། །ཡང་དགེ་སློང་གང་གཙུག་ལག་ཁང་ན། ཆོས་འདི་པའི་དགེ་སློང་དག་སྔ་ནས་འོངས་ཤིང་འཁོད་པར་ཤེས་བཞིན་དུ། བདག་ཉིད་ཕྱིས་འོངས་ནས་དགེ་སློང་སུ་ཡང་རུང་བ་ལ་མི་ནུས་བཞིན་ཕྱག་དང་བསྙེན་བཀུར་དང་ཁ་ཏོན་སོགས་བྱེད་དུ་འཇུག་པས་གནོད་ཅིང་བདེ་བ་ལ་མི་རེག་པས་དེ་དེ་ནས་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་རྒྱུ་མཚན་དུ་བྱས་ཏེ་མཐུའི་གནོད་པས་ཟིལ་གྱིས་གནོན་པའི་ཕྱིས་གནོན་བྱས་ན། སྟན་ལ་འདུག་གམ། ལུས་ཀྱིས་ཉལ་ལམ། རྐུབ་ཚོས་བཞག་ཏེ་འདུག་ན། ཕན་པའི་རྐྱེན་མ་གཏོགས་ལྟུང་བྱེད་དོ། །འདི་ལ་རྒན་རིམ་མེད་དེ་སྔར་གང་འོངས་པའི་རིམ་པའོ། །གནས་དང་གང་ཟག་སྔ་མ་བཞིན་ནོ། །བརྒྱད་པ་ཁྲི་རྩ་བ་འབྱུང་བ་ལ་འདུག་པ་ནི། ཉེར་དགའ། ཐོ་འཚམ། རྩ་བ་འབྱུང་བ་ལ་འདུག་པའོ། །ཡང་དགེ་སློང་གང་། གནས་ཕྱོགས་བཞིའི་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ། རྩ་དང་ལོ་མས་གཡོགས་པའི་ཐོག་བོར་བར་དེའི་སྟེང་དུ་ཁྲིའམ་ཁྲིའུ། རྩ་བ་དབྱིབས་ཕུར་བུ་ལྟ་བུ། གཟེར་བུས་མ་བསྡམས་པར་ཐལ་བྱུང་དུ་འབྱུང་བ་ལ་དེ་ལྟར་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་པ་སྟེ་མཐུ་མནན་སྟེ་རྐུབ་ཀྱིས་བཅིར་ནས་དེར་འདུག་གམ་ཉལ་ན་ལྟུང་བྱེད་དོ། །དགེ་འདུན་གྱི་གནས་མ་ཡིན་པ་དང་། རྩ་བ་མི་འབྱུང་བ་ལ་ཉེས་བྱས། སྟེང་ཐོག་མ་ཡིན་པ་དང་། རྒྱ་ཕུགས་ལྟར་ཐོག་བྱིན་གྱིས་གཞོལ་བ་དང་། རྐང་རྟེན་སྤང་ལེབ་སོགས་བཅུག་པ་དང་། ཁྲི་ཕྱིར་བཀན་ནས་རྐང་པ་གྱེན་དུ་ལྟབ་པ་སོགས་ལ་ཉེས་མེད་དོ། །དགུ་པ་ཆུ་སྲོག་ཆགས་ཅན་འདེབས་པ་ནི། ཀཽ་ཤམ་བྷི། འདུན་པ། རྩེ་བྲལ། བག་མེད། འདེབས་པའོ། །ཡང་དགེ་སློང་གང་འདུ་ཤེས་ཆུ་སྲོག་ཆགས་ཅན་དུ་ཤེས་བཞིན་དུ་ཐ་མལ་གྱི་མིག་གིས་མཐོང་བ་དང་ཆུ་ཚགས་ཀྱིས་ཟིན་པའི་སྲོག་ཆགས་དང་བཅས་པའི་ཆུ། གཡོགས་ཀྱི་དོན་དུ་རྩའམ། བརྐྱང་ནུལ་གྱི་ཕྱིར་ལྕི་བའམ། ས་ལ་རང་གིས་འདེབས་སམ། གཞན་འདེབས་སུ་འཇུག་ན། མཐར་སྲོག་ཆགས་ཇི་སྙེད་ཤི་བ་དེའི་ཚེ་དེ་སྙེད་ཀྱི་ལྟུང་བྱེད་དོ། །འདི་ནི་རང་སྤྱོད་པའི་ཕྱིར་མ་ཡིན་ལ། འོག་ནས་འབྱུང་བ་ནི་རང་ལོངས་སྤྱོད་པའི་ཕྱིར་ཏེ་ཁྱད་པར་རོ། །བཅུ་པ་རིམ་པ་ལྷག་པར་རྩིག་པ་ནི། ཀཽ་ཤམ། དྲུག་སྡེ། ལས་ངན་ལ་རྩིག་པ་རིམ་པ་ལྷག་པའོ། །དགེ་སློང་གིས་གཙུག་ལག་ཁང་སྦྱིན་པར་བྱ་བ་ཆེད་དུ་བྱས་པའི་བདག་པོ་དང་། ཚད་གཉིས་ཀས་སམ་སྦྱིན་བྱས་ཆེན་པོ་ཞིག་བརྩིག་ཏུ་འཇུག་ན། སྒོའི་སྦུབ་ས་སྒོ་ཁང་གི་ཕྱོགས་གང་དུ་སྒོ་སྐྱེས་ཀྱིས་བསྐོར་བའི་གནས་དང་། སྒོ་ལོགས་གཅིག་ཏུ་དཔྱིས་གཞུག་པའམ། འཕྲེད་གཏན་གཞུག་པའི་གནས་དང་། ཡང་ན་སྒོའི་སྦུབས་སྒོ་སྐྱེས་དང་སྒོ་གླེགས་ལ་སྒོ་གཏན་ཞེས་ཟེར། སྒོ་ཆ་གོང་མ་དང་སྒོ་ཁང་དང་སྒོ་སྦུབས་ཞེས་པ་དང་སྒོ་སྐྱེས་རྣམས་རྣམ་གྲངས་སུ་སེམས། སྒོའི་སྦུབས་དང་བསྟན་པའི་གནས་ནི་སྒོའི་ཞེས་ཀྱང་འབྱུང་ངོ་། །སྒོ་སྐྱེས་དང་གཏན་པའི་གནས་སྔར་ནས་གཏོད་པའམ་གཞུག་པར་བྱ་བ་དང་། སྣང་བའི་གནས་སྐར་ཁུང་ཆུ་ཁུང་ཇི་ཙམ་གདོད་པར་བྱ་བའི་འདུ་ཤེས་ཀྱིས་ས་བརྟགས་ཤིང་རྨང་འདིངས་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་གཤེར་བ་དང་བཅས་པའི་རྩེག་མ་གཉིས་སམ་གསུམ་རྩིག་པར་བྱའོ། །ཉི་མ་གཅིག་ལ་དེ་ལས་རིམ་པ་ལྷག་པར་རྩིག་གམ། ཆུ་ཁུང་མ་གཏོད་དམ། རྡོ་བའི་གཞི་ལྟ་བུ་གཏན་པ་མ་ཡིན་པར་བརྐོས་ཏེ་རྨང་མ་བཙུགས་སམ། སྒོ་ཆ་གོང་མ་འདེགས་ཀྱི་ཤིང་དང་སྒོ་སྐྱེས་བརྟན་པོ་མ་བཅུག་གམ། ཆར་ཆུའི་གཡོགས་མེད་དམ། ཉི་མ་གཞན་ལ་འཇིམ་པ་མེད་པར་རིམ་པ་གསུམ་བརྩིགས་ན་ཐམས་ཅད་ལ་ལྟུང་བྱེད་དོ། ཡོན་བདག་གིས་མྱུར་བར་རྩིགས་ཤིག་ཅེས་སྨྲའམ། རྡོ་ཤིང་སོ་ཕག་ལས་རྩིག་པ་དང་འཇིག་པའི་ཉེན་མེད་ན་ལྷག་ཀྱང་ཉེས་པ་མེད་དོ། །དགའ་སྐྱེད་དུ་སྒོ་སྦུབས་དང་གཏན་པ་དང་སྣང་བའི་གནས་མ་བཞག་པ་དང་ཕྲིན་གྱིས་རྩིག་ན་ཉེས་བྱས་སུ་བཤད་དོ། །བཅུ་ཕུང་གསུམ་པ་ལའང་བཅུ་ལས། དང་པོ་མ་བསྐོས་ཆོས་སྟོན་ལ། མཉན་ཡོད། དྲུག་སྡེ་གཏོགས་འདོད། མ་བསྐོས་པ་སྟོན་པའོ། །ཡང་དགེ་སློང་གང་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་མ་བསྐོས་པར་ཡུལ་དགེ་སློང་མ་ལ། ལྕི་ཆོས་བརྒྱད་ལྟ་བུའམ། བསླབ་པ་གསུམ་སྟོན་ན། འཕགས་པ་ལམ་ཕྲན་པའི་ཡོན་ཏན་གྱི་ཆོས་གཉིས་ཀའི་ཆའི་རྣམ་གྲོལ་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཕམ་པ་མ་བྱུང་། སྡེ་སྣོད་ཤེས། རྫོགས་ནས་ཉི་ཤུ་ལོན། ཐར་པའི་གྲོང་ཁྱེར་བའི་སྐད་རིག་གྲོལ་སྨྲ་རེག་ལྷག་མ་བྱུང་བ་དེ་གསོ་སྦྱོང་གི་ཚེ་བསྐོ་བར་བྱའོ། །བསྐོས་པ་ཆོས་གང་དང་ཡང་མི་ལྡན་པ་དང་། ལྡན་པ་མ་བསྐོས་པས་སྟོན་ན་དངོས་གཞིའོ། །མང་ཐོས་དང་མི་ལྡན་ན་སྲིང་མོ་དག་བག་ཡོད་པར་སྒྲུབས་ཤིག་ཅེས་པ་སྟོན་ནུས་ནའང་རུང་སྟེ། བག་ཡོད་དུ་བསྟན་བྱ་ཇི་སྙེད་པ་ཐམས་ཅད་འདུས་པའི་ཕྱིར་རོ། །གཉིས་པ་ཉི་མ་ནུབ་ཀྱི་བར་སྟོན་པ་ལ། མཉན་ཡོད། དགའ་བྱེད། མ་བརྟགས་པ། ཉི་མ་ནུབ་ནས་སྟོན་པའོ། །དགེ་སློང་གང་ཆོས་ལྔ་ལྡན་དགེ་འདུན་གྱིས་བསྐོས་ཀྱང་རང་གནས་པའི་གླིང་གི་ཉི་མ་ནུབ་པའི་དུས་དེ་ལ་ཐུག་གི་བར་དུ་ཧ་ཅང་ཡུན་རིང་བར་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །དགེ་སློང་དགའ་དབྱེའི་དུས་སུ་མཚན་ཐོག་ཐག་ཆོས་སྟོན་པ་དང་། དགེ་སློང་གི་གཙུག་ལག་ཁང་གི་སྒོ་མདུན་ན་དགེ་སློང་མའི་དབྱར་ཁང་ཡོད་པས་མྱུར་དུ་ཐོགས་མེད་དུ་ཞུགས་པས་ཆོག་པ་ལ་ཉེས་མེད་དགེ་ཚུལ་མ་དང་ལུང་མ་ཡིན་པའི་ཆོས་ལ་ཉེས་བྱས་སོ། །གསུམ་པ་ཟས་ཅུང་ཟད་ཀྱི་ཕྱིར་སྟོན་པ་ལ། མཉན་ཡོད། ཉེར་དགའ། ཕྲག་དོག འཕྱར་ཁའོ། །ཡང་དགེ་སློང་གང་དགེ་སློང་ཆོས་སྟོན་པ་རྣམས་ལ་ཟས་ཅུང་ཟད་ཀྱི་ཕྱིར་སྟོན་པ་མ་ཡིན་བཞིན་དུ། སྐུར་བའི་ཚིག་འདི་སྐད་ཅེས། དགེ་སློང་དག་ཟན་དྲོན་སོགས་བཟའ་བ་ལྔ་དང་། རྩ་བ་སོགས་བཅའ་བ་ལྔ་སྟེ་ཁ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཞེས་དེ་ཉིད་དམ་གཞན་ལ་ཐོས་པར་ཟེར་ན། དོན་གོ་ན་ལྟུང་བྱེད་དོ། །བཞི་པ་གོས་སྦྱིན་པ་ལ་མཉན་ཡོད། ཚོང་དཔོན་ལས་རབ་བྱུང་སྲེད་པ། གོས་སྦྱིན་པའོ། །ཡང་དགེ་སློང་གང་དགེ་སློང་མ་བདུན་པ་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་བལ་གོས་སོགས་རུང་བ་བདུན་བསབ་མི་དགོས་པར་སྦྱིན་ན་ལྟུང་བྱེད་དོ། །བོར་བརླག་བྱུང་ངམ། བརྗེ་འམ། ལེགས་པར་སྨྲ་བ་ལ་ལྟུང་བ་མེད་དོ། །ལྔ་པ་གོས་བྱེད་པ་ལ། མཉན་ཡོད། འཆར་ཀ འདོད་ཆགས། གོས་བྱེད་པའོ། །ཡང་དགེ་སློང་གང་ཆོས་འདི་པའི་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་རུང་ཚད་ལྡན་པ་བཟོ་བྱེད་ན་སྟེ། འཁྲུད་དྲས་སྡེབ་འཚེམ་གང་བྱེད་ཀྱང་ཟིན་ན་ལྟུང་བྱེད་དོ། །བོར་བརླག་བྱུང་བ་དང་བསྙེན་པར་རྫོགས་པ་སོགས་ལ་ཉེས་པ་མེད་དོ། །དྲུག་པ་ལམ་དུ་འཇུག་པ་ལ་མཉན་ཡོད། དྲུག་སྡེ། འདོད་ཞེན། ལམ་དུ་འགྲོ་བའོ། །ཡང་དགེ་སློང་གང་། ཆོས་འདི་པའི་དགེ་སློང་མའི་དོན་མཐུན་ལྷན་ཅིག་འགྲོགས་པ་དང་། ཚུར་ཤོག་ལྷན་ཅིག་འདོང་ངོ་ཞེས་འཐམས་ཤིང་བརྡ་བྱས་ནས། དགོན་པའི་ཚད་ཀྱི་ལམ་དུ་འཇུག་ཅིང་འགྲོ་ན། འཇིགས་པ་དང་བཅས་ཤིང་དོན་མཐུན་གྱིས་བགྲོད་དགོས་པའི་དུས་ཡིན་ན་མ་གཏོགས་གཞན་དུ་ལྟུང་བྱེད་དོ། །ཆོམ་རྐུན་སོགས་དོགས་པ་དང་བཅས། གཅན་ཟན་གྱི་འཇིགས་པ་དང་བཅས། སྦྲང་བུ་སྡིག་སྦྲུལ་སོགས་འཇིགས་པ་ཐ་དད་འཇིགས་རུང་དང་བཅས་པ་ནི་གནང་བའི་དུས་སོ། །རྒྱང་གྲགས་ཕྱེད་ན་ཉེས་བྱས་སོ། བདུན་པ་གྲུར་འཇུག་པ་ལ། ཉེས་པ་གྲུ་གཅིག་ཏུ་འཇུག་པའོ། །ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་གཅིག་འཐམས་ནས་ཤོ་གམ་དང་། ལ་བ་ཅན་དང་། གྲུ་བཅས་གཅིག་པར་འཇུག་ཅིང་ཞོན་ནས། ཆུ་ཀླུང་གི་རྒྱུན་ལས་བཟློག་སྟེ་གྱེན་དུ་འགྲོའམ། རྒྱུན་ཕྱོགས་ཐུར་དུ་འགྲོ་ན། ཆུ་ངོགས་ཀྱི་འགྲམ་ཐད་ཀར་ཆུ་རྒལ་ཏེ་ཕ་རོལ་དུ་འགྲོ་བ་མ་གཏོགས་གཞན་རྒྱང་གྲགས་འདས་ན་ལྟུང་བྱེད་དོ། །དུས་དང་ལྡན་པ་དང་མི་འདོད་བཞིན་ཁྱེར་བ་ལ་ཉེས་པ་མེད། བརྒྱད་པ་གཅིག་ཏུ་དབེན་པར་འདུག་པ་ནི། གཉན་ཡོད། འཆར་ཁ། འདོད་ཆགས། དབེན་པར་འདུག་པའོ། །ཡང་དགེ་སློང་གང་ཡུལ་བུད་མེད་འདོད་པ་བསྟེན་རུང་དང་ལྷན་གཅིག དགེ་སློང་གཅིག་པུ་བུད་མེད་གཅིག་དང་ལྷན་ཅིག་ཁྲིམས་གྲོགས་སྐྱེས་པ་བུད་མེད་མ་ནིང་གང་ཡང་མེད་པས་དབེན་པ། རྩིག་པ་སོགས་སྐྱབས་ལྔ་གང་ཡང་རུང་བ་ཡོད་ན་སྟན་ཏེ་གཞི་ལ་འདོམ་གང་གི་ནང་དུ་གཉིས་ཀ་འདུག་ན་ལྟུང་བྱེད་དོ། །དགུ་པ་འགྲེང་བའི་ལྟུང་བ་ནི། ཉེས་པ་འགྲེང་བའོ། །ཡང་དགེ་སློང་གང་། དགེ་སློང་མ་དང་ལྷན་ཅིག་འགྲེང་ན་ལྟུང་བྱེད་དོ། །བཅུ་པ་སྦྱོར་བཅུག་གི་ཉེས་པ་སྦྱོར་དུ་བཅུག་པ་ཟ་བའོ། །ཡང་དགེ་སློང་གང་དགེ་སློང་མ་སྦྱོར་དུ་བཅུག་པར་ཤེས་བཞིན་དུ་སྦྱིན་བདག་གི་འགྲོན་དུ་བོས་སམ་མ་བོས་ཀྱང་རུང་། ཚུལ་ཁྲིམས་དང་མང་དུ་ཐོས་པའི་ཡོན་ཏན་ཡང་དག་པ་མ་ཡིན་པ་བརྗོད་དེ་དགེ་སློང་མ་ཉེ་དུ་ཡིན་མིན་གང་ཡང་རུང་བས་སྦྱོར་དུ་བཅུག་པའི་ཟས་བཟའ་བ་ལྔ་དང་བཅའ་བ་ལྔ་གང་རུང་ཟ་ན་སྟེ་བཟོས་ཤིང་མིད་ན་སྔར་སྦྱོར་མ་བཅུག་གོང་ཁྱིམ་དུ་བོས་པ་ཟ་བ་མ་གཏོགས་ལྟུང་བྱེད་དོ། །བཅུ་ཚན་བཞི་པ་ལའང་འཁྲུགས་ཚུལ་དུ། སྡོམ་ཚིག་ཏུ་གཅིག་ཞེས་པ་སྟན་གཅིག་གི་དང་། ཕྱེ་དང་བཅས་ཞེས་པ་དོ་གསུམ་ལས་ལྷག་པའོ། །བཅུ་ལས། དང་པོ་ཡང་ཡང་ཟ་བ་ལ། སྤོང་བྱེད། དྲུག་སྡེ། ཟས་ལ་གདུ་བ། ཡང་ཡང་ཟོས་པའོ། །དགེ་སློང་གིས་ཉི་མ་གཅིག་ལ་སྦྱིན་བདག་ཐ་དད་པས་འགྲོན་དུ་བོས་པ་དུས་གཅིག་གམ་སྔ་ཕྱི་ཡང་རུང་གོས་ཀྱི་རྙེད་པ་མེད་པའི་ཟས་བཟའ་བ་ལྔ་གང་རུང་གཉིས་པ་རྙེད་དེ་ཟས་ཡང་ཡང་ཟ་ན་ལྟུང་བྱེད་དོ། །གནང་བ་ནི་ཟས་གཅིག་གིས་མཚོ་མི་ནུས་ཏེ་ན་བ་དང་། མཆོད་རྟེན་ནམ་དགེ་འདུན་གྱི་ཕྱག་དར་རམ་ཞལ་བ་ལ་སོགས་ལས་ཅུང་ཟད་བྱས་སམ། ལམ་དཔག་ཚད་ཕྱེད་ཙམ་རྒྱང་གྲགས་སུ་སོང་ཏེ་ལོག་གམ། གོས་ཁྲུ་གང་ཙམ་གྱི་རྙེད་པ་བྱིན་པ་ཡོད་ན་འགྲོན་དུ་བོས་པ་གཉིས་པ་བདག་གིར་བྱེད་པའི་དུས་ཏེ། ལྟུང་བ་བསྐྱེད་པར་མ་གཏོགས་སོ། །གཉིས་པ་ལ་མཉན་ཡོད། དྲུག་སྡེ། འཐབ་ཀྲོལ། འདུག་གནས་སུ་ཟ་བའོ། །མུ་སྟེགས་ཀྱི་འདུག་གནས་གཅིག་ཏུ་ཞག་ལོན་པར་བསྡད་པའི་དགེ་སློང་མི་ན་བ་དང་། ཡོན་བདག་གི་ཅི་བདེར་མ་སྟབས་པར་ནི་བསོད་སྙོམས་ལན་གཅིག་བཟའ་བར་བྱའམ། དེ་ལས་ལྷག་པར་གཉིས་པ་ཟོས་ན་ལྟུང་བྱེད་དོ། །ཆོས་འདི་པ་མ་ཡིན་པ་དང་། ཁྱིམ་པ་ཉེ་དུ་མ་ཡིན་པའོ། །གསུམ་པ་ལྷུང་བཟེད་དོ་གསུམ་ལས་ལྷག་པ་ནི། ལྟོ་འདུན། ལྷག་པོར་ལེན་པའོ། །དགེ་སློང་རབ་ཏུ་མང་པོ་དག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་བསོད་སྙོམས་ཀྱི་ཕྱིར་དོང་པ་ལས། གལ་ཏེ་དགེ་སློང་དེ་དག་ལ་དད་པ་ཅན་དེ་དག་གིས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ཕྱེད་དང་ལྡེ་གུ་དག་དང་། འཁུར་བ་བག་ཆོས་དག་དུས་ཀྱིས་ཏེ་ཡང་ཡང་སྟོབས་པར་གྱུར་ལ། ལེན་འདོད་ཅིང་དོན་དུ་གཉེར་ན། ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །འབྲས་ཐུག་པོ་ཆེ་གྲུས་པ་སྐམ་མ་ག་དྷའི་བྲེ་གང་ལ་བོད་ཀྱི་སྲང་སུམ་བཅུ་རྩ་གཉིས་ཡོད། ཕུལ་དུ་རྩིས་ན་བདུན་ཕུལ་དོ་དང་ཁྱོར་གང་ཡོད། བཙོས་ན་སུམ་འགྱུར་ཡིན། ཚོད་མ་དེའི་བཞི་ཆའམ་སུམ་ཆ། དེའི་སྟེང་དུ་ཁའི་ཆ་ཁའི་ཟུར་ནས་མཆུས་འདྲེན་ཅིང་རྔུབ་པའི་ཆ་དེར་མཐེ་བོང་གི་ཟུར་ནས་ཟུར་གྱི་ལྟོའི་ཆ་ཙམ་མ་གང་བ་དེ་ལྷུང་བཟེད་ཆུང་ཚད། འབྲས་དང་ཚོད་མའི་ཆ་དེ་ཉིས་འགྱུར་ཆེ་ཚད། འབྲིང་བར་མ་སྟེ། འདིར་བླང་དུ་གནང་བ་ནི་འབྲིང་ཚད་གསུམ་ལ་བྲེ་ཕྱེད་དང་ལྔ། དེའི་བྱ་ན་དང་ཚོད་མ་དང་བཅས་པའོ། །ཆེ་ཚད་གསུམ་བླངས་ན་ལྟུང་བར་འགྱུར་རོ། །ཆུང་ཚད་འདི་དགེ་སློང་མའི་ལྷུང་བཟེད་ཆེ་ཚད་ཡིན། ཆུང་ཚད་འགྲངས་ཙམ་ཤོང་བ་ཡིན་ནོ། །འདིར་འབྲས་བྲེའུ་ཆུང་ཕྱེད་དང་ལྔ་ཞེས་འབྱུང་བ་དེ་འབྲས་སྐམ་པོ་ཡིན་ཏེ། བི་མ་ལ་མི་ཏྲས་ལྷུང་བཟེད་འབྲིང་པོ་གསུམ་གྱི་ཚད་ཀྱི་འབྲས་ཆན་བྲེ་ཕྱེད་དང་ལྔ་ལ་ནི་འབྲས་ཐུག་པོ་ཆེ་གྲུས་པ་སྐམ་མ་གྷ་དྷའི་བྲེའུ་ཆུང་ཕྱེད་ལྔ་ཡོད་དོ། །དེ་མན་ཆད་ཅི་འདོད་པ་བླང་བར་བྱ་ཡི་དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དུ་འགྱུར་ཏེ་འདིར་གཞུང་ནི་དགེ་སློང་གིས་ཇི་ཙམ་དུ་བྲེའུ་ཆུང་ཕྱེད་དང་ལྔ་ལས་ལྷག་པའི་བསོད་སྙོམས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དོ། །ཞེས་གསུངས་པ་ཡིན་ཏེ། དེ་ནི་འབྲས་སྐམ་པོའི་ཚད་ལ་དགོངས་པ་ཡིན་ནོ། །ཞེས་པ་དང་། སྐམ་མ་ག་དྷའི་བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པའི་ཆན། བོད་ཀྱི་བྲེ་ཕྱེད་དང་ལྔ་ཞེས་དང་དྲན་བྱེད་དུའང་ལྷུང་བཟེད་ཆུང་ངུ་ནི་ཡུལ་མཉམ་དགའི་འབྲས་དྲུག་ཕུལ་གང་གི་ཆན་དང་ཚོད་མ་ཤོང་བའོ། །འབྲས་སྐམ་དྲུག་ཕུལ་ཕྱེད་དང་ལྔའི་ཆན་ལས་ཅུང་ཟད་ཅིག་ལྷག་པར་བླངས་ནའང་ཐམས་ཅད་དུ་ལྟུང་བར་འགྱུར་རོ་ཞེས་སོ། །ཚད་དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ཚད་འདི་ཙམ་ལོང་ཞིག་ཅེས་སམ། ཅི་འདོད་འདོད་ལོང་ཞིག་ཅེས་ཟེར་ན་ཉེས་པ་མེད། བསླབ་བྱ་ནི། བསོད་སྙོམས་ལྷུང་བཟེད་གང་བ་ཆེ་ཚད་གཉིས་སམ། འབྲིང་ཚད་གསུམ་བླངས་ནས་གྲོང་ལས་ཕྱི་རོལ་དགེ་སློང་གི་ཀུན་དགའ་ར་བར་སོང་ལ། དགེ་སློང་འཁོད་པ་དག་ལས་བཟའ་བྱ་མང་ན་བགོ་བཤའ་བྱ། བདག་ཀྱང་བཟའ་བར་བྱ་སྟེ། བསོད་སྙོམས་ལྷག་པར་བླངས་པ་དེ་ལ་དེ་ནི་ལོངས་སྤྱད་པའི་ཆོ་ག་ཡིན་ནོ། །བཞི་པ་སྟན་གཅིག་པའི་ཟས་ལ། མ་གུས་པ། སྤངས་ནས་ཟ་བའོ། །དགེ་སློང་གང་ཟས་ཟོས་ཟིན་ཅིང་ཞེས་པ་སེམས་ཀྱིས་བཏང་ཞིང་ཚིག་གིས་སྤངས་ནས་མི་ཟ་བའི་མཐར་ཐུག་པར་བྱས་ཏེ་སྤངས་ཟིན་པ་ལས། ཡང་ཟ་བ་དེ་ལ་ལྷག་མར་བྱས་ཤིང་བོར་བའི་ཆོ་ག་མ་བྱས་པར། བཅའ་བ་ལྔའམ། བཟའ་བ་འབྲས་ཆན། ཟན་དྲོན། ཤ། སྣུམ་འཁུར། ལྡི་གུ་ལྔ་ལས་བཅའ་བ་འཆའམ། བཟའ་བ་ཟ་ན། མགུལ་དུ་མིད་ན་ལྟུང་བྱེད་དོ། །ཟས་རུང་བ་སྟོབས་པ་བྱིན་ལེན་བྱས་ཤིང་། ཆོག་གོ་ཞེས་གོ་བར་བྱས་ནས། འདུག་པའི་སྟན་ལས་ལངས་ཏེ་སྤྱོད་ལམ་ཉམས་པ་ནི་སྤངས་པའོ། །རེ་ཤིག་ཆོག་གོ་ཞེས་བརྗོད་ན་སྤངས་པ་མ་ཡིན་ནོ། །བཅའ་བ་སྤངས་པས་བཟའ་བ་སྤངས་པ་མ་ཡིན། བཟའ་བ་སྤངས་ན་བཅའ་བ་སྤངས་པ་ཡིན་ནོ། །ཡང་ཟས་རུང་བ་ཟ་འདོད་ན་ལྷག་པོར་བྱ། ཟས་ཤིན་ཏུ་དཀོན་པ་དང་ཡང་ཡང་ཟ་དགོས་པའི་ནད་ཅན་ལ་ཉེས་མེད། ཐ་ན་ལན་ཚྭ་ཡན་ཆད་བཟའ་བའི་ཕྱིར་བྱིན་ལེན་བྱས་ནས་སྟན་ལས་ལྡང་བར་མི་བྱའོ། །ལྔ་པ་སྟོབས་པའི་ལྟུང་བྱེད་ལ། མཉན་ཡོད། རྒན་ཞུགས། ཉེས་རྩོམ། སྤངས་པ་ལ་སྟོབས་པའོ། །ཡང་དགེ་སློང་གང་ཟས་སྤངས་པར་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་ཀླན་ཀའི་སྐབས་ཚོལ་ཞིང་དེ་ཇི་ལྟར་ཞེ་ན། ཅི་ནས་ཀྱང་དགེ་སློང་འདི་ལ་ཉེས་པ་དང་ལྟུང་བ་འབྱུང་བར་བྱ། ལྟུང་བ་དེ་འཆགས་སུའང་གཞུག་གོ་སྙམ་པ་དེ་ཉིད་རྐྱེན་ཀུན་སློང་དུ་བྱས་ནས་ཚེ་དང་ལྡན་པ་བཅའ་བ་འདི་འཆོས་ཤིག བཟའ་བ་འདི་ཟོ་ཤིག ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་ཏེ་ཡང་ཡང་སྟོབས་པར་བྱེད་ན་ལྟུང་བྱེད་དོ། །དུས་རུང་མ་ཡིན་པའི་ཟས་ལ་ལྟུང་བ་སྔ་ཕྱི་གཉིས་ཀ་མེད་དོ། །དྲུག་པ་འདུས་ཟ་ལ་རྒྱལ་ཁབ། ལྷ་སྦྱིན་འཁོར་བཅས། མི་མཐུན་པར་འདོད་པ། འདུས་ཟའོ། །དགེ་སློང་ན་བ་དང་། ལམ་དུ་སོང་བ་དང་། ལས་བྱས་པ་གྲུར་ཞུགས་པ་མ་གཏོགས་པས། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དང་། དུས་སྟོན་འདུས་པ་ཆེན་པོ་ཕྱི་ནང་གི་རབ་བྱུང་མང་པོ་འདུས་ཤིང་ཟ་བ་ལས་གཞན་པའི་ཚེ་ཟས་ཕན་ཚུན་མ་སྲུལ་བར་མཚམས་ནང་གཅིག་ཏུ། དགེ་འདུན་གྱི་བཀོད་པ་ལས་ལོགས་ཤིག་ཏུ་མི་མཐུན་པར་བཞིར་འདུས་ཤིང་ཟོས་ན་དུས་གནང་བ་རྣམས་མ་གཏོགས་ཏེ་ལྟུང་བྱེད་དོ། །གནས་གང་དུ་ཟས་ཐ་དད་དུ་ངེས་པ་ནི་སོ་སོར་ངེས་པ། གཙུག་ཕུད་དང་ལོ་ལྔའི་དུས་སྟོན་ལ་སོགས་པ་འདུས་པ་ཆེན་པོའི་ཚེ་ལ་ལས་བཞི་ལ་སྦྱིན། ལ་ལས་བཅུ་ལ་སྦྱིན་པ་ལྟ་བུའམ་རང་རང་གི་སྐལ་པ་བླངས་ནས། འདུས་པའི་གནས་དེ་ལས་ལོགས་ཤིག་ཏུ་བཞི་དང་ལྔ་དང་བཅུ་ལ་སོགས་པ་ཚོམ་བུར་འདུས་ནས་ཟ་བ་དང་། འདུས་པའི་ནང་ནས་སྦྱིན་བདག་འགའ་ཞིག་གིས་བཞིའམ་བཅུའམ་ཉི་ཤུ་རྩ་ལྔ་སོགས་མགྲོན་དུ་བོས་པ་དགེ་སྦྱོང་གི་ཟས་ཞེས་བྱ་བ་འདི་རྣམས་ལ་ཉེས་མེད་དོ། །གནས་གཅིག་ཏུ་སྦྱིན་བདག་གཅིག་གིས་ཟན་གཅིག་ནས་སྦྱིན་པ་ལ་ཉེས་པར་འགྱུར་རོ། །དུས་རུང་མ་ཡིན་པ་ལ་མི་འབྱུང་ངོ་། །བདུན་པ་དུས་ཆེན་ཟ་བ་ལ། མཉན་ཡོད། བཅུ་བདུན་སྡེ། བཀྲེས་པ་མི་བཟོད་པ། དུས་མིན་ཟོས་པའོ། །ཡང་དགེ་སློང་གང་ཉི་མ་ཕྱེད་ཡོལ་ཞིང་སྐྱ་རེངས་མ་ཤར་བར་དུ་སངས་རྒྱས་པ་དག་ཟས་ཟ་བའི་དུས་མ་ཡིན་པར། བཅའ་བ་དང་བཟའ་བ་དུས་རུང་གི་སྨན་ནད་པ་མ་ཡིན་པས་ཟོས་ཤིང་མགུལ་དུ་མིད་པ་ན་ལྟུང་བྱེད་དོ། །རང་གང་དུ་ཟས་ཟ་བའི་གླིང་དེ་ཉིད་ཀྱི་དུས་ལ་འདུ་ཤེས་གཙོ་བོ་ཡིན་ནོ། །བརྒྱད་པ་གསོག་འཇོག་ཟ་བ་ལ། ནག་པོ། བག་ཆགས་མ་བྱང་བས་མ་བརྟགས་པ། གསོག་འཇོག་ཅན་ཟ་བའོ། །ཡང་དགེ་སློང་གང་བཅའ་བའམ་བཟའ་བ་སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོར་འཇོག་པའམ། ཕྱི་དྲོ་བྱིན་ལེན་བྱས་པའི་བུར་ཆུ་ལྟ་བུ་ཉིན་མོའི་ཐུན་གྱི་མཐའ་ལས་འདས་པར་བཞག་པས་གསོག་འཇོག་བྱས་པ་འཆའ་འམ་ཟོས་ན་ལྟུང་བྱེད་དོ། །ཟས་དཀོན་པའི་དུས་སུ་ཉེས་མེད། དགེ་སློང་ཕ་མ་ཕན་ཚུན་གསོག་འཇོག་མེད། བྱིན་ལེན་མེད་ནའང་གསོག་འཇོག་མེད། འདིར་གཞུང་འགྲེལ་དང་བི་མ་ལ་མི་ཏྲ་ནི་དུས་རུང་གི་ཟས་ལ་དངོས་གཞིར་འགྱུར། སྨན་གཞན་གསུམ་ལ་ཉེས་བྱས་སུ་བཞེད། གཞན་དག་ནི་སྨན་བཞི་ཀ་ལ་དངོས་གཞི་འབྱུང་བར་བཞེད་དོ། །མཚམས་བཙོས། ཞག་ལོན། ལག་ཉ། དགེ་སློང་གིས་བཙོས་པ། བརྗེན་ཟས་རྣམས་ཀྱང་བཟའ་བར་མི་བྱའོ། །དགུ་པ་བྱིན་ལེན་མ་བྱས་པ་ནི། མཉན་ཡོད། དྲུག་སྡེ། བསླབ་པ་ལ་གཡེལ་བ། བྱིན་ལེན་མ་བྱས་པར་ཟ་བའོ། །ཡང་དགེ་སློང་གང་བར་དུ་ཆོད་པ་དང་། མི་འཐོབ་པའི་ཕྱོགས་དང་། གློ་དང་རྒྱབ་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་མི་འཐོབ་པར་བྱས་པའམ། ཞིག་པའམ། གཏན་ནས་མ་བྱས་པས། མ་བྱིན་པའི་ཟས་རུང་བ་ལུས་ལ་བསྐུ་བ་ལྟ་བུའི་ཕྱིར་མ་ཡིན་པས། ཁ་ནས་མིད་པའི་ཟས་བཅའ་བ་དང་བཟའ་བ་སོགས་ཟོས་ཤིང་མིད་ན་ལྟུང་བྱེད་དོ། །བྱིན་ལེན་བྱེད་པ་གཏན་མེད་ན་ཉེས་མེད། ཡུལ་མི་འགའ་ཞིག་སྨད་པར་བྱེད་པ་ཡོད་པས་དེ་ལ་མདུན་གྱི་དཀྱིལ་འཁོར་འདིར་ཤོག་ཅིག་ཅེས་བརྗོད་དེ་བཞག་པ་དེ་སྒྲ་མི་སྙན་པའི་དུས་བྱིན་གྱིས་བརླབས་ཏེ་ཟ་བ་ལ་ཉེས་མེད། ཟས་ཀྱི་རང་བ་འདི་དག་ཕལ་ཆེ་སྒྲ་མི་སྙན་ན་མེད་ཅེས་དྲན་བྱེད་དུ་བཤད། མི་རུང་བའི་ཟས་ལ་ཉེས་བྱས་སོ། །གཞན་གྱི་སྐལ་བ་སྟན་ལས་མ་ལངས་པར་ཇི་ཙམ་ལེན་ནུས་པ་བླང་། འདྲིལ་ན་མ་ལངས་པར་སྙེགས་ན་མ་ཞིག བྱི་བས་རེག་པ་དང་འདྲའོ། །ཆུ་གཙང་མ་དང་པོ་ཤིང་ནི་བྱིན་ལེན་མ་བྱས་པར་ཟོས་ཀྱང་ལྟུང་བ་མེད་པས་ཉེས་པའི་གཞིར་མ་གཏོགས་སོ། །ཁ་གཅིག་བཟའ་བའི་ཕྱིར་དུ་བྱིན་ལེན་དགོས་ཟེར་རོ། །བཅུ་པ་བསོད་པ་སློང་བ་ནི། སེར་སྐྱ། དྲུག་སྡེ། ལྟོ་འདུན། བསོད་པ་ཟ་བའོ། །བཅོམ་ལྡན་འདས་ཀྱིས་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་ཟས་བསོད་པ་བཟང་པོ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་། ཁྱད་པར་ཤ་སྐམ་པོ་དག་སྟེ། ཡང་དགེ་སློང་གང་རླུང་ནད་སོགས་མི་ན་བར་བདག་ཉིད་བཟའ་བའི་ཕྱིར་ཟས་བསོད་པ་བཟང་པོ་དེ་ལྟ་བུ་དག་གམ། ཉེ་དུ་ལས་གཞན་གྱི་ཁྱིམ་ནས་བླངས་ཏེ། སོ་ཡིས་འཆའ་ཞིང་མགུལ་དུ་མིད་དེ་ཟོས་ན་ལྟུང་བྱེད་དོ། །ཅི་བདེར་བྱས་ན་ཉེས་པ་མེད། བཅུ་ཕུང་ལྔ་པ་ལའང་བཅུ་ལས། དང་པོ་ཆུ་ལ་སྤྱོད་པ་ནི། ཀཽ་ཤམ་བྷི། བདུན་པ། བག་མེད། ཆུ་ལ་སྤྱོད་པའོ། །ཡང་དགེ་སློང་གང་ཆུ་སྲོག་ཆགས་ཅན་དུ་ཤེས་བཞིན་དུ། སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང་འཐུང་བ་སོགས་ནང་གི་དང་། ལྷུང་བཟེད་དང་ཆོས་གོས་བཀྲུ་བ་དང་། འཆག་སོགས་ཕྱི་རོལ་ཏུ་སྤྱོད་ན་ཇི་སྲིད་མ་གཤགས་ན་དགེ་ཚོགས་སྒྲིབ་པས་ལྟུང་བྱེད་དོ། །འདིར་རང་དོན་དུ་སྤྱོད་པའོ། །ཁྱད་པར་བཤེས་གཉེན་ནི། སྔ་མ་མཁར་ལན་བྱེད་སོགས་ཕྱིའི་དང་། འདི་ནི་ཁྲུས་དང་འཐུང་བ་དང་ཟས་ཀྱི་ཕྱིར་ནང་དུ་ལོངས་སྤྱད་པ་ལ་བཞེད་དོ། །ཆུ་ཚགས་དང་མི་ལྡན་ན་བར་མ་རབ་བྱུང་ལའང་ཁས་བླངས་ལས་འདས་པའི་ཉེས་པར་འགྱུར་རོ། །གཉིས་པ་ཉལ་ཤོམ་ཁྱིམ་ན་འདུག་པ་ནི། མཉན་ཡོད་འཆར་ཁ་འདོད་ཆགས་ཀྱི་ཀུན་སྦྱོར། ཁྱིམ་དུ་འདུག་པའོ། །ཡང་དགེ་སློང་གང་ཉལ་པོ་བྱེད་པར་ཤེས་བཞིན་དུ། ཉལ་པོ་འཁྲིག་པ་བྱེད་པར་ཤོམ་པའི་ཁྱིམ་བདག་རང་གི་ཁྱིམ་དུ། ཕྱིས་གློ་བུར་དུ་འོང་སྟེ་སྟོབས་ཀྱིས་གནོན་པ་བྱས་ཏེ། མངོན་སུམ་དུ་སྣང་བས་སྟན་ཏེ་གཞི་ལ་རྐུབ་ཚོས་བཞག་ནས་འདུག་ན་ལྟུང་བྱེད་དོ། །འཇིགས་པའི་དབང་གིས་མ་བསམ་པར་ཞུགས་པ་དང་། དགེ་སློང་གི་གནས་སུ་ཉེས་མེད། གསུམ་པ་ཁྱིམ་ན་འགྲེང་བ་ནི། སྤྱོད་ལམ་འགྲེང་བས་སོ། །སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་པ་ཤོམ་པའི་རང་གི་ཁྱིམ་དུ། གཞན་གེགས་བྱེད་མེད་པས་དབེན་པ། སྐྱབས་ལྔ་གང་རུང་ཡོད་པར་འདོམ་གང་གི་ནང་དུ་འགྲེང་ན་ལྟུང་བྱེད་དོ། །ཆེད་དུ་མ་བསམ་པར་གྲུབ་པ་ཙམ་ལ་ཉེས་མེད། བཞི་པ་ཟན་བྱིན་པ་ནི། མཉན་ཡོད། ཀུན་དགའ་བོ། །མ་བཏགས་པ་གཅེར་བུ་ལ་ཟན་བྱིན་པའོ། །ཡང་དགེ་སློང་ཆོས་འདི་པ་གང་ཡུལ་གོས་མེད་པའི་གཅེར་བུ་སྐྱེས་པའམ། གཅེར་བུ་མའམ། གོས་དང་བཅས་པའི་ཀུན་ཏུ་རྒྱུ་མུ་སྟེགས་ཅན་ནང་པའི་རྟགས་མེད་ཅིང་རབ་ཏུ་མ་བྱུང་བ་ལ། རང་གི་ལག་པ་ནས་ལག་པར་བཅའ་བ་དང་བཟའ་བ་བྱིན་ན་ལྟུང་བྱེད་དོ། །ཉེ་དུ་དང་ནད་པ་དང་། རབ་ཏུ་འབྱུང་འདོད་པ་དང་། ལྟ་བ་དང་དབྲལ་བའི་ཕྱིར་ཉེས་པ་མེད་དོ། །ལྔ་པ་དམག་ལ་ལྟ་བ་ནི། དྲུག་སྡེ། མ་དུལ་བ། དམག་བཤམས་པ་ལ་བལྟས་པའོ། །ཡང་དགེ་སློང་གང་དམག་གི་ཡན་ལག་གླང་པོ་ཆེ། ཤིང་རྟ། རྟ་པ། དཔུང་བུ་ཆུང་དང་བཞི་པོ་འདུས་པའམ་གང་རུང་གཡུལ་ལ་དགའ་བས་འཐབ་པའི་ཕྱིར་ཆས་པ་ལ་ལྟད་མོ་ལྟ་བའི་ཕྱིར་འགྲོ་ན། རྒྱལ་པོ་དང་དམག་དཔོན་ལ་སོགས་པས་བཀུག་པ་དང་། སྲོག་གི་བར་ཆད་བསྲུང་བ་ལ་སོགས་པའི་ཕྱིར་མ་ཡིན་པར། གཙུག་ལག་ཁང་གི་ཉེ་འཁོར་ལས་འཕགས་ཏེ་མཐོང་ན་ལྟུང་བྱེད་དོ། །དྲུག་པ་དམག་ནང་དུ་གནས་པ་ནི། ཉེས་པ་གནས་པའོ། །དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན། རྒྱལ་པོ་བཙུན་མོ་གཞོན་ནུ། ཞང་བློན་ཁྲོམ་གྱི་རུ་སྣ་གྲོང་དང་ལྗོངས་ཀྱི་མིས་བཀུག་པ་ལྟ་བུ་ཞིག་བྱུང་ན། རྐྱེན་ལྡན་དགེ་སློང་དེས་དམག་ཆས་པ་དེའི་ནང་དུ་ཞག་གཉིས་ཀྱི་མཐའ་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་འདས་ཏེ་གནས་སམ། དགོས་པ་མེད་ན་ཞག་གཅིག་གམ་གཉིས་གནས་ནའང་ལྟུང་བྱེད་དོ། །ལྷག་པར་གནས་པའི་རྐྱེན་ངེས་པར་བྱུང་ན་ལྷག་ཀྱང་ལྟུང་མེད་ཡོད་དོ། །བདུན་པ་བཤམས་དཀྲུག་ནི། དཔུང་བཤམས་པ་ཉམས་སུ་མྱོང་བས་སོ། །དགེ་སློང་ཞག་གཉིས་དམག་བཤམས་པ་དེའི་ནང་དུ་གནས་ཤིང་འདུག་པ་དེའི་ཚེའང་། གལ་ཏེ་དམག་ཡུལ་དུ་ཆས་ཤིང་བཤམས་པ་དེ་དཀྲུག་ཏུ་འགྲོའམ། ཁྱུ་མཆོག་དང་ཆུ་སྲིན་དང་སེང་གེ་དང་ཀླུའི་རྒྱལ་མཚན་གྱི་མཆོག་གང་སྔོན་དུ་འགྲོ་བའམ། དཔུང་བཞིའི་མཆོག་གང་ཐོག་མར་འགྲོའམ། གཡུལ་འབྲུའི་རྣམ་པ་དང་། ཤིང་རྟ་དང་། ཟླ་གམ་དང་། མཁའ་ལྡིང་གི་འདབ་མ་ལྟ་བུར་བཤམས་པ་བཞི་པོ་གང་ཡང་རུང་བའི་དམག་ལ་དངོས་ཀྱིས་རེག་པའམ། དཀྲུག་གམ། ལྟ་བའི་ཕྱིར་འཕགས་ཤིང་མཐོང་ངམ་ཉམས་སུ་མྱོང་ན་ལྟུང་བྱེད་དོ། །གོ་མ་བསྐོན་ཅིང་མ་བཤམས་པ་དཀྲུག་ན་ཉེས་བྱས། བར་ཆད་ཀྱི་དབང་གིས་ཉེས་མེད། བརྒྱད་པ་བརྡེག་པ་ནི། མཉན་ཡོད། འཆར་ཁ། ཞེ་སྡང་། བརྡེག་པའོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར། ཡི་མ་རངས་ནས་ཡུལ་དགེ་སློང་ལ་རྙོག་ཅན་གྱི་སེམས་དེས་ཀུན་ནས་བསླངས་ཏེ། ལུས་སམ་ལུས་དང་འབྲེལ་པས་ཐ་ན་ཉུང་འབྲུ་ཙམ་བརྡེག་ནའང་། ལུས་ལ་ཕོག་ན་རྫས་ཇི་སྙེད་པའི་ལྟུང་བྱེད་དོ། །བསད་པའི་ཕྱིར་ནི་མ་ཡིན་ནོ། །ནད་ལ་ཕན་པ་དང་ཐོགས་པ་སེལ་བ་སོགས་ཉེས་མེད། ཁྱད་པར་བཤེས་གཉེན་ནི། དགེ་སློང་གི་རྟགས་འཆང་ན་དགེ་སློང་ཡིན་རུང་མ་ཡིན་རུང་དེ་ལ་དངོས་གཞིར་བཞེད་དོ། །དགུ་པ་བཟས་པ་ནི། བརྡེག་པར་བཟས་པའོ། །སྔ་མ་བཞིན་ལས་ཁྱད་པར་བཟས་པར་འདོད་པས་ཐ་ན་ཐལ་མོས་ཀྱང་བཟས་ན་ལྟུང་བྱེད་དོ། །བཅུ་པ་འཆབ་པ་ནི། མཉན་ཡོད། ཉེར་དགའ། ཉེས་རྩོམ། འཆབ་པའོ། །ཡང་དགེ་སློང་གང་། ཡུལ་དགེ་སློང་ཕ་རོལ་གྱི་ངོ་བོ་དང་ཀུན་སློང་གིས་གནས་ངན་ལེན་ཕམ་ལྷག་གི་ལྟུང་བ་ཤེས་བཞིན་དུ་འཆབ་ན། དགེ་འདུན་འཁྲུག་ཏུ་དོགས་པ་སོགས་མ་ཡིན་པར་ལྟུང་བྱེད་དོ། །སྐྱ་རེངས་མ་ཤར་ན་ཉེས་བྱས། བརྗོད་པའི་ཡུལ་མེད་ན་ཉེས་མེད། འདི་ལྟར་ཕན་ཚུན་འཆབ་རེས་བྱས་ན། ཐམས་ཅད་རུལ་ཞིང་མྱགས་པར་འགྱུར་བའི་ཕྱིར་འདི་བཅས་སོ། །བཅུ་པ་དྲུག་པ་ལའང་བཅུ་ལས་དང་པོ་བདེ་བ་ལ་མི་རེག་པའི་ཕྱིར་ཟན་གཅོད་པ་ནི། ཞེ་སྡང་། ཟན་བཅད་པའོ། །ཡང་དགེ་སློང་གང་། ཀླན་ཀ་ཚོལ་བ་སྟེ་ཐོ་འཚམ་ཞིང་། ཅི་ནས་ཀྱང་དགེ་སློང་འདི་ལ་ཟན་བཅད་པས་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པའི་རྒྱུད་དང་ཀུན་སློང་དེ་ཉིད་རྐྱེན་རྒྱུ་མཚན་དུ་བྱས་ནས། སྔ་དྲོ་དང་པོ་དགེ་སློང་དེ་ལ་ཚིག་འདི་སྐད་ཅེས་བཅམ་བུའི་ཚིག་གིས་ཚེ་དང་ལྡན་པ་ཚུར་ཤོག་བྲམ་ཟེ་ལ་སོགས་པའི་ཁྱིམ་དག་ཏུ་འདོང་དང་། དེར་ཁྱེད་ལ་བཅྭའ་བ་ལྔ་དང་བཟའ་བ་ལྔ་བསོད་པ་བཟང་པོ་ཅི་ཙམ་ལེན་ཅིང་ཟ་བར་འདོད་པ་དེ། ཁོ་བོས་སྦྱིན་དུ་འཇུག་གོ་ཞེས་སྨྲས་ནས། དེས་དེ་ལ་སྦྱིན་དུ་མ་བཅུག་པར་དུས་ཡོལ་བ་དེའི་འོག་ཏུ་སླར་འདི་སྐད་ཅེས་ཚེ་དང་ལྡན་པ། ཁོ་བོ་ལ་ཁྱོད་དང་ལྷན་ཅིག་ངག་སྨྲ་བ་དང་། ལུས་འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་ཁྱོད་དང་བྲལ་བའི་གཅིག་པུ་ཁོ་ན་སྨྲའམ། འཇུག་པ་བདེ་ཡི་ཁྱོད་སོང་ཤིག་ཅེས་ཟེར་ཞིང་། སྔ་དྲོ་དུས་རུང་གི་ཟས་བཅད་ཀྱི་ཐག་གཅོད་ན་ལྟུང་བྱེད་དོ། །ནད་ལ་ཕན་པའི་ཕྱིར་ཉེས་པ་མེད། གཉིས་པ་མེ་རེག་ནི། རྒྱལ་ཁབ། དྲུག་སྡེ། འགྲན་རྩེ་དགའ་བ་མེ་ལ་རེག་པའོ། །ཡང་དགེ་སློང་གང་ནང་གསོ་བའི་ཕྱིར་མེ་བསྟེན་པ་ལ་ཉེས་པ་མེད་པར་གནང་བས་མི་ན་བར་རོ། །དཀོན་མཆོག་དང་དགེ་འདུན་དང་མཁན་སློབ་ལ་སོགས་པའི་ཕྱིར་ཆོས་ལྡན་ལ་དུས་ཡུན་ཇི་སྲིད་པར་བྱིན་གྱིས་བརླབས་ཏེ་རེག་ཏུ་སྣང་བས་ན། བདག་ཉིད་ཀྱི་ཕྱིར་དུ། མེ་ཉིད་དམ། མེ་མཆེད་པའི་བུད་ཤིང་བསྐུལ་བ་ལ་སོགས་ལ་རང་གིས་རེག་གམ། གཞན་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །མེ་ལྕེའི་རྩེ་མོ་དང་། མེ་མ་མུར་ཐལ་བ་ཤིང་དུ་ཚ་བ་ལ་རེག་ན་ཉེས་བྱས་སོ། །རང་བཞིན་གྱི་ཉེས་པ་དང་ཆང་འཐུང་བ་ལྟ་བུ་གནང་བ་ཡེ་མེད་ལ་དུས་དྲན་མི་འཆགས། ཆུ་གཙང་འཐུང་བ་དང་རྩ་སྐམ་གཅོད་པ་ལྟ་བུ་བཀག་པ་མེད་པ་ལ་དུས་དྲན་མི་དགོས། བཀག་པ་རྐྱེན་གྱིས་གནང་བ་མེ་རེག་ལྟ་བུ་ལ་དུས་དྲན་བྱ་བར་གསུངས་སོ། །དགེ་འདུན་གྱི་སྨན་ཆུད་ཟ་བ་སྤངས་པའི་སྐབས་ནས། བུད་ཤིང་དབྲི་བ་དང་མེ་བསད་པ་ལ་སོགས་པས་མ་གྲུབ་ན། སྨན་བསྐྱམ་པ་དང་དབོག་པ་དང་བཟར་བུའི་ལས་བྱའོ་ཞེས་ལག་ཉའི་ངོར་མེ་རེག་གནང་བ་ལ་བྱ་འདུལ་འཛིན་འདིའི་རྒྱུ་མཚན་བསམ་པར་མི་ནུས་ཞེས་གསུང་། དེ་ལ་ཁ་ཅིག་དཀོན་མཆོག་དང་དགེ་འདུན་གྱི་ཕྱིར་གནང་བ་དེ་ཡིན་ཞེས་ཟེར་བ་ནི་མ་བརྟགས་པའི་བབ་ཅོལ་སྨྲ་བ་སྟེ། དེ་མེ་ལ་རེག་ཏུ་གནང་བ་ཡིན་མོད་ཀྱི། ལག་ཉའི་ངོར་གནང་བ་མ་ཡིན་པའི་ཕྱིར་རོ། །དེས་ན་མེ་རེག་ལྟུང་བྱེད་ཡིན་ལ། ལག་ཉ་ཉེས་བྱས་ཡིན་པས། ཉེས་བྱས་ཀྱི་ངོར་ལྟུང་བྱེད་གནང་བའི་རྒྱུ་མཚན་ཤེས་པར་མི་ནུས་པ་ཡིན་ནོ། །ཁ་ཅིག་མེ་རེག་དགེ་སློང་གཅིག་པུ་ཡིན་ལ། ལག་ཉ་དགེ་སློང་མང་པོ་ལ་འབྱུང་བས་ཞེས་ཟེར་བའང་མ་ངེས་ཏེ། མང་པོ་ལ་དགེ་སློང་གིས་བཙོས་པའང་མི་རུང་ངོ་། །བཙོ་བའི་ཕྱིར་མེ་ལ་རེག་པ་མ་ཡིན་ཞེ་ན། བཟའ་བའི་ཕྱིར་སྨན་ལ་རེག་པའང་མ་ཡིན་ནོ། །འོན་ཀྱང་འདི་ལ་ཅུང་ཟད་བསམ་པར་བྱའོ། །མེ་ནི་འཇིག་རྟེན་ན་གྲགས་པ་སྟེ། དྲོ་བ་དང་ཚ་བ་སོགས་མཚན་ཉིད་ལས་མ་ཡིན་ནོ། །གསུམ་པ་འདུན་པ་ཕྱིར་ལོག་ནི། མཉན་ཡོད། དགའ་བོ། ལས་སྤོང་བའི་ཆོས་སུ་བྱེད་འདོད་པ། ཕྱིར་བསྒྱུར་བའོ། །ཡང་དགེ་སློང་གང་དགེ་འདུན་བྱ་བ་ཆོས་ལྡན་ཆད་པས་བཅད་པ་ལ་གླེང་དྲན་བཞམ་བསྒོ་བྱས་ཤིང་ཆགས་པ་ལྟ་བུའི་ལས་ལ་ཆོས་འདི་པའི་དགེ་སློང་ལ་འདུན་པ་ཕུལ་ནས། དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་ཡི་མ་རངས་ནས་སྤོང་བ་སྟེ་བསྙོན་ཏོལ་གྱི་ཆོས་སུ་བྱེད་པའམ། འདུན་པ་ཕུལ་བ་ལ་རྩོད་ཅིང་སླར་ལེན་པའོ། །འདི་ནི་རང་གིས་ཕུལ་བའི་འདུན་པ་ཙམ་ལ་རྩོད་པ་ཡིན་ལ་སྐྱོར་རྔོག་ནི། སླར་རྩོད་པ་སྦར་བར་འདོད་པས་ཡིན་ནོ། །འདི་སྐད་ཅེས་དགེ་སློང་ང་རང་གིས་ཕུལ་བའི་འདུན་པ་དེ་བདག་ཉིད་ལ་ཕྱིར་བྱིན་ཅིག ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །ལས་ཆོས་ལྡན་མ་ཡིན་ན་ཉེས་བྱས། རང་ལ་མི་མཐུན་པའི་ལས་བྱེད་པ་ཡིན་ན། སྐབས་འདིའི་ཉེས་མེད། བཞི་པ་མ་རྫོགས་པ་དང་ཉལ་བ་ནི། ཉེར་དགའ། འདོད་ཆགས་ཀྱི་ཆ། ཉལ་བའོ། །ཡང་དགེ་སློང་གང་། གང་ཟག་ཁྱིམ་པའམ་རབ་བྱུང་མཚན་གང་རུང་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་སྟེ། ཕན་ཚུན་བར་འདོམ་རེ་རེའི་ནང་ཚུན་ཆད་དུ། ནུབ་གཉིས་ལྷག་པར་ནུབ་གསུམ་པའི་སྐྱ་རེངས་དང་པོ་ཤར་བར། གནས་ཐམས་ཅད་གཡོགས་ཤིང་བསྐོར་བའམ། སྟེང་ཐམས་ཅད་གཡོགས་ཤིང་ངོས་གསུམ་གཉིས་བསྐོར་བའམ། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ། སྟེང་གི་དབུས་སུ་མཐོངས་སུམ་ཆ་བཏོད་པ་དང་། ཕལ་ཆེར་གཡོགས་ཤིང་བསྐོར་བ་ངོས་གཅིག་གི་ཐོག་དང་ངོས་མེད་པའི་གནས་བཞི་པོ་དེ་གང་རུང་། སྒོའི་ངོས་དང་འབྲེལ་བའི་ཉེ་འཁོར་གནས་སུ་གྱུར་པ་གཅིག་དང་། ཁྱེར་གཞན་བར་དུ་མ་ཆོད་པ། སྒོ་གཅིག་པ། ནང་གཅིག་ཏུ་རྒྱུ་ཞིང་གནས་གཞན་ཡོད་པ་གཡོགས་གཅིག་པ། རང་གི་ཆར་གཏོགས་ཀྱི་སྒོ་བཅད་པ་སྟེ། གཅིག་པ་བཞི་གང་རུང་གིས་གཅིག་པའི་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་ཉལ་ཞིང་གཉིད་ལོག་ན་ལྟུང་བྱེད་དོ། །དགེ་སློང་སྡིག་ཅན་ཡོད་པ་ལ་སོགས་པའམ། ནད་གཡོག་ལ་སོགས་པའི་རྐྱེན་ཆོས་ལྡན་ལ་ཉེས་པ་མེད། ཉི་ཟླ་ལས་གཞན་པའི་སྣང་བ་དང་བཅས་པར་ནད་གཡོག་དང་ནད་པའི་དབང་མ་གཏོགས་དགེ་སློང་གིས་ཉལ་བར་མི་བྱའོ། །རྔུར་སྒྲ་ཅན་ནི་བཅག་པའམ་གཞན་འགྲོ་བར་བྱའོ། །སྣང་བ་དང་བཅས་པ་ནི་ལྷན་ཅིག་ཉལ་བའི་ལྟུང་བའི་ཡན་ལག་མ་ཡིན་ཞིང་། ལྟུང་བྱེད་བསྐྱེད་པའང་མ་ཡིན་ཏེ། གླེང་གཞི་འཁོར་གཏོགས་ཀྱི་བསླབ་བྱའོ། །ལྔ་པ་ལྟ་བ་མི་གཏོང་བ་ནི། མཉན་ཡོད། འཆི་ལྟས། ལྟ་བའི་ཀུན་སྦྱོར། ལྟ་བ་འཛིན་པའོ། །ཡང་དགེ་སློང་གང་། ཚིག་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་ཕམ་ལྷག་སོགས་སྡེ་ལྔ་པོ་དག་ལྷག་པར་སྤྱད་ཅིང་བསྟེན་ཀྱང་དགེ་སྦྱོང་གི་ཚུལ་དྲི་མ་མེད་པའི་ལམ་གྱི་བར་དུ་གཅོད་པར་མི་འགྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་དང་དེའི་ཉན་ཐོས་ཀྱིས་གསུངས་པའི་ཆོས་འདུལ་བ་བསྟན་པའི་དོན། སྟོན་པ་རྫུན་གསུངས་པའམ་མ་མཁྱེན་པའམ། དགོངས་པ་ཅན་ཡིན་པར་བདག་ཨ་རིསྟ་ལྟ་བུས་ཤེས་སོ། །ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་ཆོས་འདི་པ་རྣམས་ཀྱིས་དེ་སྐད་མ་ཟེར་ཅིག བཅོམ་ལྡན་འདས་ལ་རྫུན་གསུང་ངོ་ཞེས་སྐུར་པ་མ་འདེབས་ཤིག སྐུར་པ་བཏབ་པས་ལེགས་པ་དང་མཛེས་པ་དང་བདེ་བ་དང་ཕུན་སུམ་ཚོགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །བར་དུ་གཅོད་པའི་ཆོས་ཉེས་པ་རྣམས་ནི། མངོན་མཐོ་དང་ཐར་པའི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་རྒྱུ་མཚན་དུ་མ་དང་བཅས་པར་གསུངས་ཏེ། ཕམ་པ་སོགས་དེ་དག་བསྟེན་ན་དགེ་སྦྱོང་གི་ཚུལ་ལ་བར་དུ་གཅོད་པར་འགྱུར་གྱི། སྡིག་པ་ཡུན་དུ་གནོད་པ་བྱེད་པ་ཅན་གྱི་ལྟ་བ་བློ་གྲོས་ངན་པའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་ཞིང་གྲོས་གདབ་པར་བྱའོ། །དགེ་སློང་ཨ་རིསྟ་ལྟ་བུ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བཞམས་ཤིང་བསྒོ་བ་ན། གལ་ཏེ་བསྒོ་བའི་གཞིའམ། ལྟ་བའི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། ཉེས་བྱས་ཙམ་ལས་མ་བྱུང་། གལ་ཏེ་གཞི་དེ་མི་གཏོང་ན། ལན་གཉིས་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་སྟེ། གསོལ་བ་བྱས་ཏེ་ཐོང་ཤིག་ཅེས་དང་། བརྗོད་པ་དང་པོ་བྱས་ཐོང་ཤིག་གཉིས་པ་བྱས་ཐོང་ཤིག་ཅེས་བསྒོ་བར་བྱ་སྟེ་གཏོང་ན་ལེགས་བཟང་སྟེ་ཉེས་བྱས་རེ་རེ་ལས་མ་བྱུང་། གལ་ཏེ་མི་གཏོང་ན་བརྗོད་པ་གསུམ་པའི་མཐར་ལྟུང་བྱེད་དོ། །ལྟུང་བྱེད་བྱུང་མ་ཐག་མཐོལ་བཤགས་མི་བྱེད་ན་གནས་དབྱུང་དང་སྨད་པ་ལྷན་ཅིག་ཏུ་བྱའོ། །དྲུག་པ་རྗེས་ཕྱོགས་ནི། ཉེ་དགའ། སྡིག་པ་འདོད་པ། རྗེས་སུ་ཕྱོགས་པའོ། །ཡང་དགེ་སློང་གང་དགེ་སློང་སྡིག་ལྟ་མི་གཏོང་པ་དེ་གནས་ནས་ཕྱུང་བར་ཤེས་བཞིན་དུ་སྡིག་ལྟའི་ཚིག་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་དགེ་འདུན་ལ་བཟོད་པར་གསོལ་བ་མ་བྱས་པ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་འདྲི་ཞིང་ལུང་འབོགས་པས་གཏམ་འདྲེས་པར་བྱེད། བག་ཕེབས་པར་ཡང་དག་པར་བརྗོད་ཅིང་དམིགས་ཀྱིས་འདྲི་བས་སྨྲ་བར་བྱེད། ཀུན་ཏུ་གནས་སྦྱིན་པས་གནས་པར་བྱེད། རྙེད་བཀུར་བདག་གིར་བྱེད་པས་ཀུན་ཏུ་ལོངས་སྤྱོད་པར་བྱེད། དེ་དང་ལྷན་ཅིག་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་ཉལ་ན། སྐྱ་རེངས་ཤར་བའི་ཞག་རེ་རེ་ལ་དང་། ལུང་འབོགས་སོགས་གང་རུང་ལ་ལྟུང་བྱེད་དོ། །ན་བ་དང་ལྟ་བ་དང་དབྲལ་བའི་ཕྱིར་ལ་ཉེས་མེད། བདུན་པ་བསྙིལ་བ་སྡུད་པ་ནི། དགེ་ཚུལ་བསྙིལ་བ་སྡུད་པའོ། །དགེ་ཚུལ་འགའ་ཡང་འདི་སྐད་ཅེས་ཇི་སྐད་བཅོམ་ལྡན་འདས་ཀྱིས་འདོད་པའི་ཡོན་ཏན་ལྔ་པོ་དག་ནི་དགེ་སྦྱོང་ཚུལ་གྱི་བར་དུ་གཅོད་པའི་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་ཞེས་སོགས་གཞུང་རྣམས་གོང་བཞིན་བཤད་དོ། །དེང་ཕྱིན་ཆད་དགེ་ཚུལ་སྡིག་ལྟ་འཛིན་པ་ཁྱོད། བཅོམ་ལྡན་འདས་སངས་རྒྱས་ལ་སྟོན་པའོ་བདག་དེའི་ཉན་ཐོས་སོ་ཞེས་མ་ཟེར་གཅིག ཚངས་པ་མྱ་ངན་ལས་འདས་པའི་ཕྱིར་བསླབ་པ་མཚུངས་པར་སྤྱོད་པ། སྡེ་སྣོད་གསུམ་ལ་མཁས་པ་ལྔ་ཕྲུགས་ཀྱི་ཡོན་ཏན་དང་ལྡན་པ་བླ་མའི་གནས་ལྟ་བུའི་རྣམ་པ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་འབྲངས་ཏེ་མ་འགྲོ་ཞིག དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་འདོམ་གང་གི་ནང་དུ་ནུབ་གཉིས་ཚུན་ཆད་གཅིག་པ་བཞིས་གཅིག་པའི་གནས་གཅིག་ཏུ་ཉལ་དུ་གནང་བ་གང་ཡིན་པ་དེ་ཡང་དེ་ཕྱིན་ཆད་ཁྱེད་ལ་ལྷན་ཅིག་ཉལ་དུ་མེད་དེ་ཕན་པ་དང་བདེ་བའི་ཕྱིར་ལེགས་པར་སྨྲས་པ་མི་ཤེས་པས་མི་གཏི་མུག་ཅན་ཁྱོད་བསྙིལ་བ་སྟེ། ཕྱུང་ཞིང་ཐ་དད་དུ་བྱས་ཀྱི། མཚམས་ནང་འདི་ནས་སྤྱོད་ཡུལ་གྱི་གནས་གཞན་དུ་སོང་ཞིག་ཅེས་བསྙིལ་བ་གོ་བར་བྱེད་པ་བསྒོ་བར་བྱའོ། །ལྟུང་བའི་རྣམ་གཞག་དངོས་ནི། ཡང་དགེ་སློང་གང་དགེ་ཚུལ་སྡིག་ལྟ་འཛིན་པ་བསྙིལ་ཞིང་དགེ་ཚུལ་དགེ་འདུན་ལ་བཟོད་པར་གསོལ་བ་མ་བྱས་པར་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་གནས་སྦྱིན་པས་ཉེ་བར་འཇོག་པར་བྱེད་དམ། ལུང་དང་ཁ་འདོན་དང་དམིགས་ཀྱིས་འདྲི་བ་ཉེ་བར་སྟོན་པ་དང་། ལྷུང་བཟེད་སོགས་སྦྱིན་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །དགེ་སློང་དང་དགེ་ཚུལ་གྱི་ཁྱད་པར་མ་གཏོགས་གོང་མ་བཞིན་ནོ། །སྔ་ཕྱི་འདི་གཉིས་ནི། དགེ་འདུན་ཐུགས་རྩེ་བས་བྱས་པའི་ལས་ཆུད་ཟ་བར་བྱེད་པས་མི་གུས་པ་དང་། གང་ཟག་དེ་ཉེས་པ་ལས་མི་ཟློག་ཅིང་། དུལ་བར་མི་འགྱུར་བས་བཅས་སོ། །བརྒྱད་པ་ཁ་མ་བསྒྱུར་བ་གྱོན་པ་ནི། རྒྱལ་ཁབ། དྲུག་སྡེ། མི་བཟོད་ཅིང་རྙེད་པ་འདོད་པ་མ་བསྒྱུར་བ་གྱོན་པའོ། །བསླབ་བྱ་ནི། དགེ་སློང་གི་གོས་རྒྱུ་རུང་བ་གསར་དུ་བྱུང་བ་ཞིག་རྙེད་ཅིང་ཐོབ་ན། རས་སམ་སྔོན་པོའམ། སྐྱེ་བའི་ཚོན་སྔོན་པོ་གཞན་ཡང་བསྡུ། ཁ་ཅིག་ཨ་རུ་རའི་སྐྱོ་མ་ལྕགས་ཀྱི་སྣོད་དུ་བཞག་པའོ་ཟེར། བཙག་གི་དམར་པོའམ་ཤིང་ཤུན་དང་རྩ་བ་ལ་སོགས་པས་ངུར་སྨྲིག་སེར་པོ་གང་ཡང་རུང་བར་ཁ་བསྒྱུར་བར་བྱའོ། །གལ་ཏེ་ཁ་མ་བསྒྱུར་བར་གྱོན་ཞིང་སྤྱོད་ན་ལྟུང་བྱེད་དོ། །ཐ་ན་ལྷུང་བཟེད་ཀྱི་གཡོགས་དང་རྐང་པའི་འབོབ་ལའང་དངོས་གཞིའོ། །གཞན་གྱི་གོས་ཁ་མ་བསྒྱུར་བ་གྱོན་པ་དང་། ཚོས་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བ་དང་། ཁྱིམ་པའི་གོས་གྱོན་ན་ཉེས་བྱས་སོ། །ཆུ་ཚགས་ཁ་བསྒྱུར་དུ་མི་རུང་བར་སྣང་ཞེས་གསུངས་འདུག ཁ་ཅིག་ཆུ་ཚགས་དང་གཞན་གྱི་གོས་ལའང་དངོས་གཞིའོ་ཟེར། ལི་ཁྲི། འཐིང་ཤིང་། རྒྱ་སྐྱགས། མཚལ། གུར་གུམ། རྩོད། རྨ་ཤིང་། ལེབ་རྒན་རྩི་ནི་ཚོས་ཆེན་བརྒྱད་དོ། །དགུ་པ་ལོངས་པའི་གླེང་གཞི། ཡངས་པ་ཅན། དྲུག་སྡེ། ལོངས་པར་གཏོགས་པ་རིན་ཆེན་ལ་རེག་པའོ། །ཡང་དགེ་སློང་གང་ནོར་བུ་དང་མུ་ཏིག་གསེར་དངུལ་སོགས་རིན་པོ་ཆེ་དང་། རལ་གྲི་དང་མདའ་མདུང་གཞུ་ལྕགས་ཀྱུ་སོགས་མཚོན་ཆ་དོན་བྱེད་ནུས་སུ་གྲུབ་པ་དང་། རྔ་དང་དུང་དང་པི་ཝང་དང་རྫ་རྔ་སོགས་རོལ་མོའི་བྱ་བ་བྱེད་ནུས་རྣམས་རིན་པོ་ཆེར་སྨོས་པ་སྟེ། དེ་དག་རང་གི་ལས་སྤང་བར་འགྱུར་བས་རང་གི་མ་ཡིན་པ་ལ་རང་གི་ལག་གིས་ལེན་ནམ། གཞན་ལེན་ཏུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ཉེ་འཁོར་དང་བཅས་པ་དང་གནས་ཁང་དུ་གཏོགས་པ་ཉེ་འཁོར་དང་བཅས་པ་ན་འདུག་པ་ཆུད་ཟ་བ་སྤང་བའི་ཕྱིར་ལེན་པ་མ་གཏོགས་པ་ལ་ལྟུང་བྱེད་དོ། །དགེ་སློང་གི་ཀུན་དགའ་ར་བ་གཙུག་ལག་ཁང་གི་ནང་དུ་གཏོགས་པའམ། གནས་ཁང་ནང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ། རྫས་འདི་བདག་པོ་སུའི་ཡིན་པ་དེས་སླར་ལེན་པར་འགྱུར་འདྲ། བདག་གིས་ཆུད་མི་ཟ་བའི་ཕྱིར་རེ་ཤིག་བླང་ངོ་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱས་ན་ཉེས་པ་མེད་དེ། རིན་པོ་ཆེ་བོར་ཏེ་འདུག་པ་དེ་ལ་ཆུད་ཟ་བ་སྤོང་བའི་ཕྱིར་བདག་གིར་བྱ་བ་མེད་པར་ལེན་པ་དེ་ནི། ཉེས་མེད་རུང་བར་བྱེད་པའི་ཆོ་ག་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་ལ་སྟོན་པའི་འདུ་ཤེས་ཀྱིས་རེག་ན་ཉེས་པ་མེད། མཆོད་པའི་ཡོ་བྱད་རིན་པོ་ཆེ་ལའང་མཆོད་པ་བྱ་བའི་ཕྱིར་རེག་པ་ལ་ཉེས་པ་མེད་དམ་བསམ། ཁྱིམ་པ་དག་གི་བསོད་ནམས་ཀྱི་བློས་བཤམས་པའི་ཁྲི་ལ་སོགས་པ་རིན་པོ་ཆེ་ལས་བྱས་པ་ལ་ནི་མི་རྟག་པས་ཉེན་པར་འགྱུར་བའི་ཡིད་ཀྱིས་སྤྱད་པར་བྱའོ། །གལ་ཏེ་མ་སྤྱད་ན་མུ་སྟེགས་བྱེད་དང་འདྲ་བར་འགྱུར་རོ། །བཅུ་པ་ཁྲུས་བྱེད་པ་ནི། རྒྱལ་ཁབ། དྲུག་སྡེ། ཐོ་འཚམ། ཁྲུས་བྱེད་པའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་དུས་འདུམས་པ་སྔ་རོལ་དུ་ཁྲུས་བྱེད་ན་གནང་བའི་དུས་མ་གཏོགས་གཞན་དུ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་གཉིས་ན་དབྱར་ཁས་ལེན་པ་ཉེ་བར་སྒྲུབ་པ་དང་། དབྱར་གནས་པ་ཟླ་གསུམ་གྱི་དང་པོ་ཟླ་གཅིག་དང་། བསྡོམས་པས་ཟླ་བ་ཕྱེད་དང་གསུམ་ནི་ཚ་བའི་དུས་སོ། །དབྱར་ཟླ་ར་བའི་ཚེས་གཅིག་ནས་དབྱར་ཟླ་འབྲིང་པོ་ཉའི་བར་ཟླ་བ་ཕྱེད་དང་གཉིས། དེ་ནས་དབྱར་ཟླ་ཐ་ཆུང་ཉའི་བར་ཟླ་གཅིག་སྟེ། དབྱར་སྔ་མ་དང་སྦྱར་བའོ། །དུས་དེར་མ་གཏོགས་པའི་ལྷག་མ་ཁྲུས་མ་བྱས་པར་འཚོ་མི་ནུས་པའི་ན་བ་ཁྲུས་བྱ་བའི་དུས་སོ། །དགེ་འདུན་ནམ་མཆོད་རྟེན་གྱི་ལས་བྱེད་པ་དུས་སོ། །ལམ་དཔག་ཚད་དུ་ཕྱིན་ནམ་དཔག་ཚད་ཕྱེད་དུ་ཕྱིན་ཏེ་ལོག་པ་དུས་སོ། །ཐ་ན་རླུང་གིས་གོས་ཀྱི་གྲ་འགུལ་བ་ཙམ་ལུས་ལ་ཕོག་ན་དུས་སོ། །ཆར་ཐིགས་པ་གཉིས་གསུམ་ཙམ་ལུས་ལ་བབ་ན་དུས་སོ། །རྫི་རླུང་དང་ཆར་གཉིས་ཀ་བྱུང་བ་དུས་སོ། །བསླབ་པ་བཅས་པ་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །ཚ་བའི་དུས་དང་། ཡུལ་ཨསྨ་པ་རན་ཏར་ཉིན་རེ་བཞིན་ཁྲུས་བྱེད་པ་ལ་ཉེས་པ་མེད་དོ། །སྤྱི་བོ་ནས་བླུགས་སམ། ཆུ་ནང་དུ་ཞུགས་ཀྱང་རུང་ལྟེ་བར་སོན་ན་དངོས་གཞིའོ། །བཅུ་ཕྲག་བདུན་པ་ལའང་བཅུ་ལས་དང་པོ་དུད་འགྲོ་གསོད་པ་ནི། མཉན་ཡོད། འཆར་ཁ། ངན་སེམས། གསོད་པའོ། །ཡང་དགེ་སློང་གང་ཀུན་སློང་ཆེད་དུ་བསམ་བཞིན་དུ། གཞི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བྱ་རོག་ལ་སོགས་པའི་སྲོག་འཚོ་བ་བཅད་དེ་གསོད་ན་ལྟུང་བྱེད་དོ། །མི་དང་དུད་འགྲོ་ལས་གཞན་པའི་འགྲོ་བ་བསད་ན་སྦོམ་པོའོ། །གཉིས་པ་འགྱོད་པ་བསྐྱེད་པ་ནི། ཕྲག་དོག འགྱོད་དུ་འཇུག་པའོ། །ཡང་དགེ་སློང་གང་། རྣམ་པར་བརྟགས་ནས་བསམ་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་ཡིད་མི་དགའ་ཞིང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་ལ་བསྙེན་པར་རྫོགས་པའི་ལས་མ་ཆགས་སོ་ཞེའམ། ཕམ་པ་བྱུང་ངོ་ཞེས་དགེ་སློང་མ་ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ན། དོན་གོ་བའི་ཚེ་འགྱོད་རུང་མི་འགྱོད་རུང་། བཞད་གད་ཀྱི་ཕྱིར་ཙམ་ལའམ་ལྟུང་བྱེད་དོ། །འདི་དང་སྐྱོན་ནས་སྨྲ་བའི་ཁྱད་པར་འདུ་ཤེས་ཀྱིས་བཞག་གོ །ཁ་ཅིག་ཕམ་པར་གྱུར་པ་ལ་འགྱོད་པ་བསྐྱེད་ནའང་དངོས་གཞིའོ་ཟེར་རོ། །གསུམ་པ་ག་ག་ཚིལ་ནི་བཅུ་བདུན་སྡེ། བག་མེད། སྐྱི་གཡའ་བར་བྱས་པའོ། །དགེ་སློང་གིས་དགེ་སློང་ལ་སོར་མོས་མཚོན་པ། གཉིས་ཀའི་ལུས་དབང་མ་ཉམས་པ་གོས་ལ་སོགས་པས་བར་དུ་མ་ཆོད་པར་སྐྱི་གཡའ་བའི་བསམ་པས་རེག་ན་རེག་བྱེད་དུ་མ་ཡིན་ཡང་ཡུལ་གཅིག་ལ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་གཅིག་ཏུ་འགྱུར། ཆགས་སེམས་དང་གནོད་སེམས་ཀྱིས་རེག་ན་སྐབས་འདིའི་ལྟུང་བ་མེད། སྦྲང་བུ་དང་ཤ་མཚན་བསྟན་པ་དང་གཡན་པ་ཕྲུག་པ་སོགས་ལ་ཉེས་མེད། བཞི་པ་ཆུ་ལ་རྩེ་བ་ནི། མ་དུལ་བ། ཆུ་ལ་རྩེས་པའོ། །དགེ་སློང་གིས་གཞི་ཆུ་ལ་རྒོད་བག་གི་བསམ་པས་ཕར་ཚུར་རྒལ་བ། སྲོལ་འདྲེན་པ། རྡོ་བ་དང་བསེག་མ་འཕེན་པ། སྒྲ་འབྱིན་པ། འཐོར་བ་སོགས་ལུས་ཀྱིས་བྱེད་ཅིང་རྩེ་ན་ལྟུང་བྱེད་དོ། །རྐྱལ་སློབ་པ་དང་། སིམ་པར་འདོད་པ་དང་རྒལ་བར་འདོད་པ་ལྟུང་བ་མེད། ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བ་ནི། མཉན་ཡོད། མ་འགགས་པ། བག་ཆགས་མ་བྱང་བ་ཉལ་བའོ། །ཡང་དགེ་སློང་གང་བུད་མེད་གཞོན་ནུ་མའི་ཚངས་སྤྱོད་འཁྲིག་པ་བསྟེན་དུ་རུང་བ་དང་ལྷན་ཅིག་བཞི་པོ་གང་རུང་གིས་གཅིག་པའི་གནས་གཅིག་ཏུ་སྐས་བསྡུ་བ་དང་རང་གི་སྒོ་བཅད་པ་ལ་སོགས་མ་བྱས་པར་ཉལ་ཞིང་གཉིད་ལོག་ན་སྐྱ་རེངས་ཤར་དུས་ལྟུང་བྱེད་དོ། །ཁྱིམ་ཐབ་ཀྱིས་བསྲུངས་པ་དང་། དགེ་སློང་གིས་བསྲུངས་པ་དང་། སེག་དང་རེ་ལྡེས་ཆོད་པ་སོགས་ལ་ལྟུང་མེད། བུད་མེད་ཆུང་ངུ་ཡན་ལག་ཐམས་ཅད་ནས་བཟུང་དུ་རུང་བ་ཙམ་ལའང་དངོས་གཞིར་འགྱུར་བའང་བཤད་དོ། །དྲུག་པ་རྔངས་བྱེད་ལ། འཆར་ཁ། ཕྲག་དོག་ཐོ་འཚམ། འཇིགས་པར་བྱེད་པའོ། །ཡང་དགེ་སློང་གང་ཡུལ་དགེ་སློང་ལ་འཇིགས་པ་བསྐྱེད་པའི་ཕྱིར་ཡི་དྭགས་དང་སེང་གེ་སོགས་གཟུགས་སྒྲ་དྲི་མི་སྡུག་པས་རྔངས་སྐྲག་བསྐྱེད་པ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་ན། འཇིགས་པ་སྐྱེས་སམ་མ་སྐྱེས་ཀྱང་རུང་བཞད་གད་ཀུ་རེ་ཙམ་གྱི་ཕྱིར་བྱེད་ནའང་དོན་གོ་བ་ན་ལྟུང་བྱེད་དོ། །སྐྱོ་བར་བྱ་བ་ལ་སོགས་ཕན་པའི་ཕྱིར་ཉེས་མེད། བདུན་པ་སྦེད་པ་ནི། མཉན་ཡོད། དྲུག་སྡེ་ཐོ་འཚམ། སྦེད་པའོ། །ཡང་དགེ་སློང་གང་། དགེ་སློང་ངམ་དགེ་སློང་མའམ། དགེ་སློབ་མ་ནི་དགེ་ཚུལ་མའི་རྟེན་ལ། གཅིག་པུ་ལམ་དུ་འགྲོ་བ། ཆུའི་ཕ་རོལ་དུ་རྒལ་བ། སྐྱེས་པ་ལ་རེག་པ། སྐྱེས་པ་དང་དབེན་པར་འདུག་པ། སྨྱན་བྱེད་པ། གྲོགས་མོའི་ཁ་ན་མ་ཐོ་བ་འཆབ་པ་སྟེ་ཆོས་དྲུག་དང་། གསེར་ལེན་པ། འདོམས་ཀྱི་སྤུ་འབྲེག་པ། ས་བརྐོ་བ། སྐྱེ་བ་གཅོད་པ། བྱིན་ལེན་མ་བྱས་པར་ཟ་བ་སྟེ། རྗེས་མཐུན་ཆོས་དྲུག་སྤོང་བར་ཁས་བླངས་པ་དང་། དགེ་ཚུལ་དང་དགེ་ཚུལ་མ་སྟེ། རབ་བྱུང་སྡེ་ལྔའི་ལྷུང་བཟེད་རུང་བ་དང་། ཆོས་གོས་རུང་བ་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྨོས་པ་དེ་དག་ལས་གཞན། གདིང་བ་དང་ཆུ་ཚགས་དང་རྔུལ་གཟན་དང་སྟན་ལ་སོགས་པ་གང་ཡང་རུང་བ་རང་གིས་སྦེད་དམ། གཞན་སྦེད་དུ་འཇུག་ན་སྦེད་དུ་གནང་བའི་རྐྱེན་ཆུད་ཟ་བ་སྤོང་བ་དང་། ཉེས་པ་ལས་བཟློག་པ་སོགས་ཕན་པར་འདོད་པས་སྦེད་པ་མ་གཏོགས་གཞན་ལ་ལྟུང་བྱེད་དོ། །ལུང་ཞུ་བར་མཚན་མི་མཐུན་པ་དང་། བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སུ་གསུངས་ཏེ། བྱིན་ཕྲོགས་དང་ཚུལ་མཐུན་པར་འཚང་ཆུང་བ་ལ་དགོངས་སོ། །བརྒྱད་པ་གདེང་མེད་སྤྱོད་པ་ནི་ཉེར་དགའ། ཐུགས་ཐུབ། ཤེད་མ་སྲིས་པར་སྤྱོད་པའོ། །ཡང་དགེ་སློང་གང་། ཆོས་འདི་པའི་དགེ་སློང་ལ་སྣམ་སྦྱར་བླ་གོས་མཐང་གོས་གསུམ་གང་རུང་ཕྱིར་བླང་བ་མེད་པར་བྱིན་ནས། དེའི་འོག་ཏུ་དུས་གཞན་ན། གདེང་མེད་པ་སྟེ་བརྙས་པ་དང་ཅི་བདེར་སྤྱོད་ཅིག་ཅེས་པ་མེད་པར་ལུས་ལ་གྱོན་ཅིང་། རྐུ་སེམས་དང་ཡིད་གཅུགས་ལས་གཞན་པའི་སེམས་ཀྱིས་སྤྱོད་ན་ལྟུང་བྱེད་དོ། །གོས་ལས་གཞན་པའི་ཡོ་བྱད་ལ་ཉེས་བྱས། འདི་ལ་ཁ་ཅིག་གོས་ཕྲུགས་བཅུ་གསུམ་པ་གང་རུང་རང་གིས་བྱིན་པ་མ་ཡིན་པ་ལའང་ལྟུང་བྱེད་བསྐྱེད་ཟེར། དགུ་པ་ལྷག་མས་བསྐུར་འདེབས་ནི། འཛའ་བོ་ས་ལ་སྐྱེས། འཁོན་འཛིན། འཕྱར་ཁ་གཏོང་བའོ། །ཡང་དགེ་སློང་གང་། དགེ་སློང་སེམས་འཁྲུགས་ཤིང་ཁྲོས་ཡིད་མི་དགའ་བས་ཞེ་སྡང་བར་གྱུར་ནས་དགེ་སློང་དག་པ་མཐོང་ཐོས་དོགས་པའི་གཞི་མེད་པ་གླེང་བའི་གཞི་ལྷག་མའི་ལྟུང་བ་མེད་པས་གཞི་མེད་པ་སྟེ་མི་བདེན་པས་དགེ་འདུན་ལྷག་མའི་ལྟུང་བ་གང་ཡང་རུང་བའི་ཆོས་ཀྱིས་སྐུར་བ་བཏབ་ན་ལྟུང་བྱེད་དོ། །ཡུལ་ཉན་པ་པོ་ཐ་སྙད་གསུམ་ལྡན་གྱིས་ཐོས་ཞིང་གོ་བ་ན་མཐར་ཐུག་གོ །བཅུ་པ་བུད་མེད་དང་ལམ་དུ་འགྲོ་བ་ནི། ཆོས་འདི་པའི་དགེ་སློང་། ཤེས་བཞིན་མ་ཡིན་པ། ལམ་དུ་འགྲོ་བའོ། །ཡང་དགེ་སློང་གང་། འགྲོགས་ཟླ་སྐྱེས་པ་མེད་པར་བུད་མེད་འཁྲིག་པ་བསྟེན་རུང་དང་ལྷན་ཅིག་སྔ་ཕྱི་མ་ཡིན་པར་འགྲོན་ལམ་ཐ་མི་དད་པ་གཅིག་ཏུ་རྒྱང་གྲགས་རེ་འགྲོ་ན་ཐ་ན་གྲོང་བར་ཡང་རུང་ཞེས་བྱ་སྟེ་ལྟུང་བྱེད་དོ། །རྒྱང་གྲགས་ཕྱེད་དུ་ཉེས་བྱས་སོ། །ལམ་སེལ་བྱེད་པ་དང་མི་ནུས་པ་ཁྲིད་པ་སོགས་ཉེས་མེད། བཅུ་ཚོགས་བརྒྱད་པ་ལའང་བཅུ་ལས་དང་པོ་རྐུན་མ་དང་ལམ་དུ་འགྲོགས་པ་ནི། དགེ་སློང་ཆོས་འདི་པ། ཤེས་བཞིན་མ་ཡིན་པ། ལམ་དུ་ཕྱིན་པའོ། །ཡང་དགེ་སློང་གང་། འགྲོགས་ཟླའི་དོན་མཐུན་གྲོང་འཇོམས་པ་དང་ཤོ་གམ་འདྲལ་བའི་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་ནང་རྒྱང་གྲགས་ཙམ་ཕྱིན་ཡང་རུང་ལྟུང་བྱེད་དོ། །རྐུན་མར་མ་ཤེས་པ་དང་། ལམ་དུ་འཇུག་པ་དང་རབ་བྱུང་གི་ཆ་ལུགས་ཅན་ལ་ཉེས་མེད། གཉིས་པ་ཉི་ཤུ་མ་ལོན་པར་རྫོགས་པ་ལ། མཉན་ཡོད། མཽའུ་འགལ་གྱི་བུ་ཆེན་པོ། སོ་སོར་མ་བརྟགས་པ། རྫོགས་པར་བྱས་པའོ། །ཡང་བསྙེན་རྫོགས་ཀྱི་མཁན་པོ་བྱེད་པའི་དགེ་སློང་གང་། རྫོགས་པར་འདོད་པའི་གང་ཟག བར་ཆད་གཞན་དང་བྲལ་བ་ལ་ཉི་ཤུ་མ་ལོན་པ་ཤེས་སམ་ཐེ་ཚོམ་ཟ་བས་དགེ་སློང་གི་དངོས་པོར་སྒྲུབ་པའི་བསྙེན་པར་རྫོགས་པའི་ཆོ་ག་བྱེད་ན་ལྟུང་བྱེད་དོ། །ལོ་མ་ཚང་ན་གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མ་གྱུར་ལ། མཁན་པོ་ལ་ལྟུང་བྱེད། དགེ་སློང་གི་དགེ་འདུན་འདུས་པ་དེ་དག་ཀྱང་སྨད་པ་ཉེས་བྱས་དང་བཅས་པར་འགྱུར་ཏེ། བསླབ་པ་བཅས་པ་དེ་ལ་སྨད་པར་འགྱུར་བ་དེ་ནི་ངེས་པར་ལོ་ཚང་དགོས་པའི་རྗེས་མཐུན་གྱི་ཆོ་ག་ཡིན་ནོ། །ལོ་ཉི་ཤུ་མ་ལོན་པ་དང་། མ་ལོན་པར་འདུ་ཤེས་པ་ནི་རྫོགས་པར་མི་འགྱུར། ལོན་པ་དང་ལོན་པར་ཤེས་པ་ནི་རྫོགས་པར་འགྱུར། རྫོགས་ནས་མངལ་ཤོལ་དང་བཅས་པ་རྩིས་ཀྱང་མ་ཚང་བ་ཤེས་ན་ཞིག་པར་འགྱུར་རོ། །བསྙེན་རྫོགས་བྱེད་ཁར་མངལ་ཤོལ་རྩི་བ་མ་ཡིན་གྱི། རྫོགས་ཟིན་ནས་མ་ལོན་པར་ཤེས་སམ་ཡིད་གཉིས་ཟ་ན་རྩི་བ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་ཉི་ཤུ་ལོན་ན། ཡིད་གཉིས་ཟ་ཡང་འཆགས་སོ། །གསུམ་པ་ས་བརྐོ་བ་ནི། དྲུག་སྡེ། ཚུལ་མིན། ས་བརྐོས་པའོ། །ཡང་དགེ་སློང་གང་རང་གི་ལག་གིས་སམ་གཞན་བརྐོར་བཅུག་ནས། སྲ་ཞིང་འཐས་པའི་རང་བཞིན་ཅན་གྱི་ས་དང་རྩིག་པ་དང་ཡང་ཐོག་དང་ཞལ་བ་སོགས་བརྐོ་བར་འདོད་པས་སེན་མོ་གང་ཙམ་བརྐོས་ནའང་ལན་རེ་ལ་ལྟུང་བྱེད་དོ། །ཁ་ཅིག་སོར་བཞི་ཙམ་བརྐོས་ན་དངོས་གཞི་ཟེར། ས་མ་འཐས་པ་དང་བྱེ་མ་དང་ཐལ་བ་སོགས་ལ་ཉེས་བྱས། ཁང་པའི་ལག་དཔོན་གྱི་རྒྱུ་སྐར་གྱི་སྦྱོར་བས་ཕུར་པ་སོར་བཞི་ཙམ་འཛུགས་པ་ཉེས་མེད། བཞི་པ་འགྲོན་གཉེར་རིང་འདུག་ནི། སེར་སྐྱ། དྲུག་སྡེ། ལྟོ་འདུན། ཧ་ཅང་སློང་བའོ། །གནང་བ་ནི། དགེ་སློང་གིས་ཡུན་ཟླ་བ་བཞི་ཚུན་ཆད་དུ་བསྟབས་ཤིང་འགྲོན་དུ་བོས་པ་བདག་གིར་ཁས་བླང་བར་བྱའོ། །སོ་སོ་ཐ་དད་དུ་དགེ་སློང་རེ་རེ་ནས་བསོད་སྙོམས་སྟབས་པ་དང་། ཡང་དང་ཡང་དུ་འགྲོན་དུ་བོས་པ་དང་། དུས་ཀྱིས་ཏེ་ལྷག་པར་ནན་གྱིས་འགྲོན་དུ་བོས་པ་དང་། ཟླ་བ་བཞི་ལས་ལྷག་པར་རྟག་ཏུ་དུས་གཏན་གྱི་འགྲོན་དུ་བོས་པ་ནི། ལྟུང་བ་བསྐྱེད་པར་མ་གཏོགས་ཏེ་བཅས་པ་དེ་ལ་མ་གཏོགས་པ་དེ་དག་ནི་གནང་བའི་རྗེས་མཐུན་གྱི་དུས་ཡིན་ནོ། །ཟླ་བཞི་འགྲོན་དུ་བོས་པ་ལ་ཟླ་བཞི་དེ་ལས་ལྷག་པར་ཁྱིམ་པ་ཉེ་དུ་མ་ཡིན་པའི་བསོད་སྙོམས་བདག་གིར་བྱེད་ན་ལྟུང་བྱེད་དོ། །ལྔ་པ་བསླབ་པ་ཉེར་འཇོག་སྤོང་བ་ནི། རྒྱལ་ཁབ། དྲུག་སྡེ། མ་གུས་པ། བསླབ་པ་ཉེར་འཇོག་སྤོང་བའི་ཚིག་བརྗོད་པའོ། །ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པའི་གཞི་ཐུན་མོང་དུ་བཅས་པའི་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། བསྒོ་བར་བྱེད་པ་དེ་དག་ལ། བསླབ་པ་ལ་མི་གུས་པའི་དགེ་སློང་དེས་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་མཐའ་དག་འཛིན་པ་དང་། འདུལ་བ་མཐའ་དག་འཛིན་པ་དང་། མོ་མོ་ཞེས་པ་སྟེ་སྡེ་སྣོད་མཐའ་དག་གི་གཞིར་གྱུར་པ་མངོན་པ་མཐའ་དག་འཛིན་པ་རྣམས་ལ་འདྲི་བའི་བར་དུ་བྱེད་ཀྱི། ཉེས་པར་སེམས་སྨྲ་ལས་བྱེད་པའི་བྱིས་པ། སྡེ་སྣོད་གསུམ་མི་ཤེས་པའི་རྨོངས་པ། སྡེ་སྣོད་ཀྱི་དོན་སེམས་ལ་མི་གསལ་བ། སྡེ་སྣོད་གསུམ་གཏན་ལ་འབེབས་པར་མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། །བསླབ་བྱ་ནི། དགེ་སློང་ཀུན་ཤེས་པའི་དགྲ་བཅོམ་པའམ། སྡེ་སྣོད་ཀུན་ནམ། བསླབ་པའི་གཞི་ཀུན་ཤེས་པར་འདོད་པས་བསླབ་པ་འདི་ལ་བསླབ་པར་བྱའོ། །དགེ་སློང་ཐེ་ཚོམ་སེལ་བའི་མདོ་སྡེ་དང་། མཐའ་གཉིས་སྤོང་བའི་འདུལ་བ་དང་། བདག་ལྟ་མཆོག་འཛིན་སྤོང་བའི་མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། བཅས་པ་དེ་ལ་འདི་ནི་རྗེས་སུ་མཐུན་པའི་ཆོ་ག་ཡིན་ནོ། །འདུལ་བ་སྤོང་བ་ལ་ལྟུང་བྱེད། མདོ་དང་མངོན་པར་གཏོགས་པ་ལ་ཉེས་བྱས་སོ། །དྲུག་པ་ཉན་རྣ་ནི་མཉན་ཡོད། ཉེར་དགའ། ཤ་འཁོན་ཐོ་འཚམ། ལྐོག་ཉན་བྱས་པའོ། །ཁ་ཅིག་བཅུ་བདུན་སྡེ་ལ་བཅས་ཟེར་བ་ནོར་བའོ། །ཡང་དགེ་སློང་གང་། ཆོས་འདི་པའི་དགེ་སློང་རྣམས་འཁྲུགས་ནས་སྨྲ་བ་དང་སླར་སྨྲ་བ་འཐབ་པར་འགྱུར། ཕན་ཚུན་ཉེས་པ་བརྗོད་པ་འཚང་འདྲུ་བར་འགྱུར། མི་བཟོད་པས་མི་མཐུན་པར་འགྱུར། བདག་ཕྱོགས་དང་གཞན་ཕྱོགས་ཐ་དད་དུ་འཁོད་ཅིང་མི་འཕྲོད་པ་སྨྲ་བས་རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱ་བ་སྔོན་དུ་བསམས་ལ། ཕ་རོལ་ཟིལ་གྱིས་གནོན་པའི་སྦྱོར་བ་བྱའོ་སྙམ་པ་དེ་ཉིད་ལས་གཞན་མ་ཡིན་པའི་རྒྱུ་མཚན་ནམ་ཀུན་སློང་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་ཞིང་མ་ཚོར་བར་བཞབས་ཏེ་ཉན་རྣས་རྣ་བ་གཏོད་འདུག་ན་དོན་གོ་བ་ན་ལྟུང་བྱེད་དོ། །རྩོད་པ་ཞི་བར་འདོད་པ་དང་ཆེད་དུ་མ་བསམས་པར་ལམ་ནོར་བ་ལ་ཉེས་མེད། ཤེས་བཞིན་དུ་རྐང་པ་དང་ལུད་པའི་སྒྲ་སོགས་མི་བྱེད་པར་ཉན་ན་དུས་ཀྱི་ཀུན་སློང་གིས་བསྐྱེད་པའི་དངོས་གཞིའོ། །དགེ་སློང་གཉིས་ཡན་ཆད་གྲོས་བྱེད་པ་ལ་རྩོད་པ་སྦར་བའི་བསམ་པ་མེད་པར་ཉན་ན་ཉེས་བྱས་སོ། །བདུན་པ་མི་སྨྲ་བར་འགྲོ་བ་ནི། མཉན་ཡོད། དགའ་བོ། མི་མཐུན་པར་འདོད་པ། ཅང་མི་སྨྲ་བར་འགྲོ་བའོ། །ཡང་དགེ་སློང་གང་དགེ་འདུན་མཐུན་པའི་ཆོས་དང་ལྡན་པའི་གཏམ། གསོལ་བའི་ལས་སམ་གསོལ་བ་དང་གཉིས་སམ། གསོལ་བཞིའི་ལས་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན། ཅང་མི་སྨྲ་བར་འདུག་པའམ་སྟན་ལས་ལངས་ཏེ། ཐོས་པའི་ཉེ་འཁོར་ལས་འདས་པར་འགྲོ་ཞིང་། དྲུང་ན་དགེ་སློང་སུ་འདུག་པ་ལ་མི་སྨྲ་བར་སོང་ན། བཤང་བ་དང་གཅི་བའི་ནད་ཅན་དང་། ལྷུང་བཟེད་སོགས་ཆུད་ཟ་བར་འགྱུར་སོགས་དེ་འདྲ་གནང་བའི་རྐྱེན་མ་གཏོགས། གསོལ་བའི་ལས་ཙམ་ཡང་མ་བྱས་པ་དང་། འདུ་བར་འོས་པ་ཡིན་ན་ལྟུང་བྱེད་དོ། །ཐོས་པའི་ཉེ་འཁོར་ལས་མ་འདས་ན་ཉེས་བྱས་ཙམ་མོ། །བརྒྱད་པ་མ་གུས་པ་ལ། རྒྱལ་ཁབ། གླང་ཆེན་ལྷས་ཀྱི་བུ་ནག་པོ། འགྱུར་ཁ་གཅིག་ཏུ་བ་ལང་ཉལ་གྱི་བུ་ཞེས་འབྱུང་། ང་རྒྱལ། མ་གུས་པའོ། །དགེ་སློང་གང་དགེ་འདུན་ནམ་དགེ་འདུན་གྱི་ཐ་སྙད་པའི་ཚིག་སོང་ཞིག་ཅེས་པ་ལ་འདུག་པའམ། མ་ལེན་ཞིག་ཅེས་པ་ལ་ལེན་པའམ། བྱོས་ཤིག་ཅེས་པ་ལ་མི་བྱེད་པ་ལྟ་བུ་དང་། དེ་བཞིན་གཤེགས་པའི་བཀའ་དང་། དགེ་སློང་གཞན་ཆོས་དང་ལྡན་པའི་གཏམ་གཏན་ལ་འབེབས་པས་གློ་བུར་དུ་གཏམ་ཟེར་བས་བར་ཆད་བྱེད་པས་གུས་པར་མི་བྱེད་ན་དེ་ལས་ལྟུང་བྱེད་དོ། །མཁན་པོ་དང་སློབ་དཔོན་དང་། དགྲ་བཅོམ་པ་དང་། གནས་བརྟན་དང་། རྒྱལ་པོའི་ཚིག་དང་། དགེ་འདུན་གྱི་ཆོས་དང་མི་ལྡན་པ་བགོ་བ་མི་ཉན་ན་ཉེས་བྱས་སོ། །དགུ་པ་ཆང་འཐུང་བ་ནི། མཉན་ཡོད། ལེགས་འོངས། བག་ཆགས་མ་བྱང་བ། མྱོས་འགྱུར་འཐུང་བའོ། །དགེ་སློང་གིས་འབྲུའི་ཆང་ཆན་དང་ཕྱེ་དང་ཕབས་ཀྱིས་བཏབ་ཅིང་བསྲེས་པའི་ཆང་དང་། རྩ་བ་གདོང་བུ་འདབ་མ་མེ་ཏོག་འབྲས་བུ་སྨིན་པའི་ཆང་ངམ་དེ་གཉིས་བསྲེས་བཅོས་པའི་ཆང་འཐུངས་པས་མྱོས་པར་འགྱུར་བ་དེ་མགུལ་དུ་མིད་ཅིང་འཐུངས་ན་ལྟུང་བྱེད་དོ། །མེ་ཏོག་སོགས་མྱོས་པར་འགྱུར་བའི་ནུས་པ་ཅན་དང་། འབྲུ་ཆང་གི་སྦང་མ་དང་། བཅོས་ཆང་གི་ཚིགས་མ་ནུས་པ་ཉམས་པ་དང་། ཕབས་ཀྱི་ཆང་བུ་ལ་ཉེས་བྱས། ཆང་བསྐོལ་ནས་དྲངས་པས་ཉེས་པ་མེད་པ་ལ། ཁ་ཅིག་ཏུ་ཉེས་མེད། ཁ་ཅིག་ལས་ཉེས་བྱས་སུ་བཤད་འདུག སྦང་མ་དང་ཚིགས་མ་མྱོས་པར་འགྱུར་བ་ལ་ནི་དངོས་གཞིར་འགྱུར་རོ། །ནད་ལ་ཕན་པའི་ཕྱིར་ལུས་ལ་བསྐུད་པ་དང་། མི་མིད་ཅིང་འཁུར་བར་སྲོལ་བ་ཙམ་ལ་ཉེས་པ་མེད། ཆང་མགུལ་དུ་མིད་པ་ནི་སྲོག་གི་ཕྱིར་དུའང་མ་གནང་ཞིང་། ནད་པའང་ཆང་མ་གཏོགས་བཅས་པ་དུ་མ་བག་ཡངས་སུ་བྱས་ཏེ་བསྐྱང་བར་གསུངས་སོ། །དགེ་སློང་དག་ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་མི་སྦྱིན་ཞིང་མི་བཏུང་མི་བསླང་ངོ་ཞེས་ནན་ཏན་ཆེར་མཛད་ཅིང་། མདོ་དག་ཏུའང་། སྨྱོན་པར་འགྱུར་བ་དང་བླུན་པ་དང་གཉིད་ཆེ་བར་སྐྱེ་བ་དང་། དམྱལ་བ་ངུ་འབོད་སྐྱེ་བ་སོགས་ཉེས་དམིགས་མང་དུ་འབྱུང་ལ། ཆང་དང་ཤ་སྦྱིན་པར་གཏོང་བ་ནི་སྦྱིན་བདག་ཆེན་པོར་གྲགས་ཀྱང་སྦྱིན་པ་ནི་ཅུང་ཟད་ཀྱང་མ་བྱིན་པར་གསུངས་པས་ཆུད་ཟོས་པ་ཁོ་ནའོ། །བྱང་ཆུབ་སེམས་དཔའ་ལ་མ་དད་པ་ཆེན་པོ་སྐྱེ་བ་སྤངས་པའི་ཕྱིར་ཆང་ཅུང་ཟད་སྦྱིན་པར་གསུངས་པ་དེ་ཡང་དྲང་བའི་དོན་ཏོ། །དེས་ན་ཐེག་པ་ཆེ་ཆུང་གི་གསུང་རབ་རྣམ་དག་གང་ནའང་ཆང་གནང་འདུག་པ་མ་མཐོང་ངོ་། །བཅུ་པ་ཕྱི་དྲོ་གྲོང་འཇུག་ནི། འཕགས་པ་འཆར་ཁ། བག་ཆགས་མ་བྱང་བ། དུས་མིན་གྲོང་དུ་ཞུགས་པའོ། །ཡང་དགེ་སློང་གང་དུས་མིན་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་ཐ་མ་མ་ཤར་བར་སྲང་དང་བཞི་མདོ་གསུམ་མདོ་ཡོད་པའི་ཁྱིམ་པའི་གྲོང་དུ་འཇུག་ཅིང་འགྲོ་ན། དགེ་སློང་ཕ་མ། དགེ་ཚུལ། དགེ་སློབ་མ། དགེ་ཚུལ་མ་རྣམས་སྔ་མ་མེད་ན་ཕྱི་མ་ལ་མི་སྨྲ་ཞིང་གོ་བར་མ་བྱས་ན། ཆོས་གོས་དང་ལྷུང་བཟེད་བརླག་པ་སོགས་དེ་འདྲ་བ་གནང་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །དགོན་པར་འགྲོ་བའི་ལམ་ན་གྲོང་ཡོད་པ་དང་། ལམ་དུ་ཞུགས་པའི་གནས་བཙལ་བ་དང་། སྲ་བརྐྱང་བཏིང་བ་དང་། གྲོང་གི་དབུས་ན་གཙུག་ལག་ཁང་ཡོད་པ་སོགས་ཉེས་མེད། བཅུ་ཚན་དགུ་པ་ལའང་བཅུ་ལས་དང་པོ་གྲོང་དུ་རྒྱུ་བ་ནི། ཉེར་དགའ། རང་ཉམས་ཀྱི་སྤྱོད་པ། སྔ་དྲོ་ཕྱི་དྲོ་གྲོང་དུ་རྒྱུས་པའོ། །ཡང་དགེ་སློང་གང་ཟས་དང་བཅས་པའི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་རང་གི་ཚིག་གི་དགེ་འདུན་བསོད་སྙོམས་ལ་འགྲོན་དུ་བོས་ནས་སྔ་དྲོ་ཟས་ཀྱི་གོང་རོལ་དུ། སྦྱིན་བདག་ལ་བྲིམ་པ་ཡོལ་བར་མ་བྱེད་ཅིག་ཅེས་ཁྱིམ་པ་འདུག་པ་ལ་མི་བསྒོ་བར་ཁྱིམ་གཞན་གཉིས་ལས་ལྷག་པ་གསུམ་པར་རྒྱུ་ཞིང་འགྲོ་བ་དང་། ཕྱི་དྲོ་ཟས་ཀྱི་འོག་རོལ་ཏུ་དགེ་སློང་འཁོད་པ་ལ་མ་སྨྲས་པར་ཁྱིམ་གསུམ་ལས་ལྷག་པ་བཞི་པར་རྒྱུ་ཞིང་འགྲོ་ན། གཏད་པའི་བྱ་བ་ནད་གཡོག་བྱེད་པའམ། ཆོས་གོས་བོར་བརླག་འབྱུང་བ་སོགས་དེ་འདྲའི་རྐྱེན་མ་གཏོགས་ལྟུང་བྱེད་དོ། །དགེ་སློང་ལ་སྨྲས་ཀྱང་། གཏད་པའི་རྐྱེན་མེད་ན་དངོས་གཞིའོ། །འདི་ལ་དུས་ཀྱི་བྱེ་བྲག་གིས་ལྟུང་བ་གཉིས་སོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ནི། མཉན་ཡོད། འཆར་ཁ། དུས་མི་ཤེས་པ། དུས་མིན་དུ་འགྲོ་བའོ། །ཡང་ནམ་མ་ལངས་ཤིང་མཚན་མོའི་ཆར་གཏོགས་པ་སྐྱ་རེངས་དང་པོ་སྔོ་གཉིས་པ་སེར་གསུམ་པ་དམར་བ་ལས་སྐྱ་རེངས་ཐ་མ་དམར་པོ་མ་ཤར་བར། ནོར་བུ་དང་མུ་ཏིག་སོགས་རིན་པོ་ཆེའམ། རིན་པོ་ཆེར་སྨྲོས་པ་གཡུལ་ངོར་སྤྱད་པའི་མཚོན་ཆ་དང་། རོལ་མོར་སྤྱད་པའི་ལག་ཆ་དག་མ་བསྡུས་མ་སྦས་པར། རྒྱལ་པོ་རྒྱལ་རིགས་སམ། གང་ཡང་རུང་བ་རྒྱལ་པོའི་སར་སྤྱི་བོ་ནས་དབང་བསྐུར་ཞིང་བསྐོས་པའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་དེའི་དྲུང་དུའོ། །དེ་ལས་འདས་ཤིང་འགྲོ་བར་བྱེད་ན། རྒྱལ་པོ་དང་བཙུན་མོ་ལ་སོགས་པས་བོས་སམ། གདུལ་བྱའི་དོན་དང་། བར་ཆད་བྱུང་བའམ་བྱུང་བར་དོགས་པ་སོགས་དེ་འདྲའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །སྒོ་གཏན་གསུམ་སྟེ། རྒྱལ་པོའི་ཕོ་བྲང་གི་དང་། བཙུན་མོའི་འཁོར་གྱི་དང་གྲོང་ཁྱེར་གྱི་ལས་དང་པོ་གཉིས་ལ་ལྟུང་བྱེད། ཕྱི་མ་ནི་དང་པོ་གཉིས་སུ་འགྲོ་བའི་ཕྱིར་ལ་སྦྱོར་བའི་ཉེས་བྱས། དེ་ཉིད་དུ་འགྲོ་བའི་ཕྱིར་ཡིན་ན་གོང་བཤད་པའི་ཕྱི་དྲོ་གྲོང་རྒྱུའི་ལྟུང་བྱེད་དུ་འགྱུར། སྒོ་བཅད་པ་ལ། འོབས་ལ་སོགས་པའི་ནང་རོལ། སྒོ་དྲུང་དུ་སྒོ་གཏན་གྱིས་སླེབ་པ་ཙམ་གྱི་སར་དངོས་གཞི། སྒོ་མ་བཅད་པ་ལ། སྒོ་འཕར་གྱི་ནང་དུ་སྒོ་གཏན་ཉིས་འགྱུར་ཙམ་དུ་སོང་བ་ན་དངོས་གཞི། དེའི་སྔ་རོལ་དུ་ཉེས་བྱས་སོ། །ཉི་མ་ནུབ་ནས་འོད་དམར་པོ་འབྱུང་བས། དེ་ཡལ་བ་ནི་མཚན་མོའི་དང་པོ། སྐྱེ་རེངས་ཐ་མ་ཤར་དུ་འོད་དམར་པོ་བྱུང་བ་མཚན་མོའི་ཐ་མ་སྟེ། འདིར་ལྟུང་བ་འབྱུང་བ་སྐྱ་རེངས་ཤར་བ་ལ་མི་ལྟོས་ཀྱི། མཚན་མོ་ཡང་ཡང་འཇུག་ན་ཡང་ལྟུང་བ་ཐ་དད་པ་རེ་རེ་འབྱུང་ངོ་། །བཙུན་མོའི་མངལ་བཟུང་བ་དང་རིན་པོ་ཆེ་གཏོར་བ་དང་། གཞོན་ནུ་དང་རྒྱལ་པོ་གསོད་པ་དང་། བློན་པོ་ཕབ་པ་དང་། ཡུལ་འཁོར་མ་རུང་བར་བྱས་པ་སོགས་ལ་དོགས་པ་དང་འཕྱར་ཁ་འབྱུང་བའི་ཉེས་པ་ཡོད་པས་བཅས་སོ། །ཁྱད་པར་བཤེས་གཉེན་ནི་བཙུན་མོའི་འཁོར་དུ་དངོས་གཞི་དང་། རྒྱལ་པོའི་ཕོ་བྲང་ལ་ཉེས་བྱས་སུ་བཞེད་དོ། །གསུམ་པ་བསླབ་པ་ཁྱད་གསོད་ནི། དྲུག་སྡེ། སྒྱུ་ཐབས། ཁྱད་གསོད་དོ། །ཡང་དགེ་སློང་གང་། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ནི། ཕམ་པ་དང་ལྷག་མ་ལྟུང་བྱེད་ཉེས་བྱས་རྩོད་པ་ཞི་བྱེད་རྣམས་འདོན་ཞིང་བསྒྲག་པའི་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་སོ་སོར་ཐར་པ་འདི་ཡང་། མདོ་ལུང་སྡེ་བཞིའི་ནང་དུ་གཏོགས། སྡེ་སྣོད་གསུམ་གྱི་མདོའི་ནང་དུ་འདུས། ཡང་ན། ཕམ་པ་སོགས་སྟོན་པའི་ཆོས་འདི་ཡང་སོ་སོར་ཐར་པའི་མདོའི་ནང་དུ་བརྗོད་བྱར་གཏོགས། མདོའི་རྗོད་བྱེད་ཚིག་གི་ནང་དུ་འདུས་པ་བདག་གིས་སྔར་མ་ཤེས་པ་ལས་ད་གདོད་ཤེས་སོ་ཞེས་ཟེར་ལ། དེ་ལ་གལ་ཏེ་དེར་འཁོད་པའི་དགེ་སློང་རྣམས་ཀྱིས་ཀྱང་། ཚེ་དང་ལྡན་པ་འདི། སྔོན་གསོ་སྦྱོང་གི་ལས་ལ་སོ་སོར་ཐར་པ་ལན་གཉིས་སམ་གསུམ་ཐོས་ཤིང་། དེ་ཉིད་ཀྱི་ཚེ་འདུག་པར་ཡང་ཤེས་ཤིང་། ལན་མང་དུ་འདུག་པར་ཤེས་པ་ལྟ་ཅི་སྨོས། ཚེ་དང་ལྡན་པ་དེ་གུས་པར་མ་ཉན་པས་མ་ཤེས། མི་ཤེས་པས་ལྟུང་བ་ལས་མི་གྲོལ་ཞིང་ཐར་པ་མི་ཐོབ་པས། དེ་ལྟུང་བ་གང་བྱུང་བ་ལྟུང་བྱེད་དེ་ཆོས་བཞིན་དུ་འཆགས་པའི་ཕྱིར་བཅོས་བྱེད་དུ་གཞུག དེའི་སྟེང་དུ། ཁྱེད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་བྱ་བ་འདོན་པར་བྱེད་པའི་ཚེ། དོན་དུ་གཉེར་བའི་སྒོ་ནས་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད་ཅེས་མདོར་བསྟན་ནས། སོ་སོར་ཐར་པ་དང་དེ་སྟོན་པ་ལ་མ་དད་པས་བླ་མར་བྱས་ཏེ་ཆོས་ཉན་པར་མི་བྱེད། རིམ་གྲོ་མེད་པས་རུ་ཤིང་ལྟར་བྱས་ཏེ་སྙིང་པོར་མི་བྱེད། རིམ་གྲོ་མེད་པས་མ་མོས་པས་ན་ཡིད་ལ་བྱས་ཏེ་མི་བྱེད། སེམས་ཕྱིར་གཡེངས་པས་ན་རྩེ་གཅིག་ཏུ་མི་བྱེད། ནང་དུ་མ་བསྡུས་པས་ན་རྣ་བ་བླགས་ཏེ་མི་བྱེད། ཉན་པ་ལ་སྐྱོ་བས་ན་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པ་དང་། ཚེ་དང་ལྡན་པ་ཁྱོད་ཀྱིས་ཆོས་ཀྱི་དོན་མ་རྙེད་དེ། འདོད་པའི་འབྲས་བུ་རྙེད་པ་མ་ཡིན་ཞིང་། ཉེས་པ་ལྟུང་བ་དང་སྡུག་བསྔལ་རྙེད་དེ། ལེགས་པ་དགེ་བ་དང་བདེ་བ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་དུ་གཞུག་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བའི་ཆོ་ག་ནི་དེ་ཡིན་ཏེ། ཕྱིས་སྡོམ་དུ་གཞུག་པར་བྱའོ། །དགེ་སློང་བསམ་པ་རང་བཞིན་དུ་གནས་པས་སྔར་གསོ་སྦྱོང་ལན་གཉིས་ཉམས་སུ་མྱོང་ཞིང་། ཟླ་ཕྱེད་ཀྱི་གསོ་སྦྱོང་གི་དུས་སུ་འདུལ་བར་གཏོགས་པའི་བསླབ་གཞི་ཁྱད་དུ་གསོད་པས་ཐ་ན་བཞད་གད་ཙམ་གྱིས་ཀྱང་གདོད་ཤེས་སོ་ཞེས་སོགས་མ་གུས་ཤིང་ཁྱད་དུ་གསོད་པའི་ཚིག་བརྗོད་ན་ལྟུང་བྱེད་དོ། །དུས་གཞན་དང་སྡེ་སྣོད་གཞན་གྱི་ལ་ཉེས་བྱས་སོ། །བཞི་པ་ཁབ་རལ་འཆོས་པ་ནི། མཉན་ཡོད། དགེ་སློང་མང་པོ། འདོད་ཞེན། ཁབ་ཤུབ་བཅོས་པའོ། །ཡང་དགེ་སློང་གང་དངོས་པོ་བ་སོའམ། །མ་ཧེ་ལ་སོགས་པའི་རུས་པའམ། རྭ་དང་ལྕགས་ཀྱི་ཁབ་རལ་སྦུ་གུ་ཅན་དང་། ཆང་བ་ལྟ་བུ་རང་གིས་བྱས་སམ་གཞན་བྱེད་དུ་འཇུག་ན། སྔར་ནས་བྱས་ཟིན་པ་རྙེད་པ་དང་། དེ་ལ་ལོངས་སྤྱོད་པ་མ་གཏོགས་པར་ལྟུང་བྱེད་དོ། །བཅག་ནས་ལྟུང་བ་ཕྱིར་བཅོས་པར་བྱ་ཞིང་། ཡུལ་གྱིས་ཀྱང་བཅག་གམ་ཞེས་དྲི་བར་བྱའོ། །རིན་ཆེན་ལས་བྱས་པ་ནི་མི་རུང་ངོ་། །ལྔ་པ་ཁྲི་རྐང་འཆོས་པ་ནི། དྲུག་སྡེ་ལྷག་པ་ཚོལ་བ། ཁྲི་མཐོན་པོ་བྱས་པའོ། །དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་རང་ངམ་གཞན་བྱེད་དུ་འཇུག་ན། རྩ་བ་ཁྲི་རྐང་གི་ངོས་ཁྲི་ཤིང་གི་བུ་གར་ཞུགས་པའི་ཆ་དེ་མ་གཏོགས་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དང་། ཐ་མལ་པའི་ཁྲུ་གང་ཙམ་དུ་བྱེད་ན་བྱེད་དུ་གཞུག་པར་བྱའོ། །དེ་ལས་སོར་ཕྱེད་ཀྱིས་ལྷག་པར་རང་ངམ་གཞན་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ལྷག་པ་བཅད་དེ་གཤག་པར་བྱའོ། །རིན་ཆེན་དང་བ་སོ་སོགས་མི་རུང་ངོ་། །དྲུག་པ་ཤིང་བལ་གྱིས་གོས་པར་བྱས་པ་ནི། ཉེར་དགའ། ཞེ་གདུག ཤིང་བལ་བརྡལ་བའོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ། གོས་དང་ལུས་མ་རུང་བར་བྱེད་པའི་ཤིང་བལ། ཨརྐའི་དང་། ཀ་ཤའི་དང་། སྤྲ་བའི་དང་། ཤལ་མ་ལིའི་དང་། ཨེ་ར་ཀའི་གང་ཡང་རུང་བ་རང་གིས་བརྡལ་ལམ་གཞན་བརྡལ་དུ་འཇུག་ན་ལྟུང་བྱེད་དོ། །སྤྲ་བ་ལ་རས་བལ་ཞེས་དང་། ཨེ་ར་ཀ་ལ་ན་མེ་རུ་ཀ་ཞེས་དང་། གནའ་མཆན་དུ་ལྕང་མའི་ཞེས་འབྱུང་ངོ་། །ཤིང་བལ་ལེགས་པར་བསྡུས་ནས་གཤག་པར་བྱའོ། །བདུན་པ་གདིང་བ་ནི། དགེ་སློང་མང་པོ། ཚད་མི་ཤེས་པས། གདིང་བ་ཚད་ལྷག་བྱས་པའོ། །དགེ་སློང་གིས་གདིང་བ་རང་ངམ་གཞན་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཅིག དེ་ལས་སྟན་གྱི་སྟེང་དུ་གདིང་བར་བྱ་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་མཆུར་བདེ་བར་གཤེགས་པའི་མཐོ་དོ་ནི་ཚེ་དང་ལྡན་པའི་ཁྲུ་གསུམ། ཞེང་དུ་སྟོན་པའི་མཐོ་ཕྱེད་དང་དོ་ནི་རྒྱར་ཁྲུ་དོ་སོར་དྲུག གལ་ཏེ་ལུས་ཆེ་བས་གནས་མལ་མ་ཁེབས་ན། སྲིད་དུ་སྟོན་པའི་མཐོ་གང་གིས་བསྲིངས་ཤིག ཚད་དེ་ལས་ལྷག་པ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ལྷག་པ་བཅད་དེ་གཤག་པར་བྱའོ། །རྒྱུ་མི་རུང་བ་ལས་བྱས་ན་ཉེས་བྱས་སོ། །ཚད་ལས་ཆུང་བ་དང་། དུམ་བུ་གཅིག་པ་ལ་བྱིན་བརླབས་མི་བྱའོ། །བརྒྱད་པ་གཡན་དགབ་ནི། གླེང་གཞི་འདྲ། དགེ་སློང་གཡན་པའི་ནད་ཅན་གྱིས་གཡན་དགབ་ཚད་བཞིན་བྱེད་དུ་ཆུག་ཅིག སྲིད་དུ་མཐོ་བཞི་ཁྲུ་དྲུག ཞེང་དུ་མཐོ་དོ་ནི་ཁྲུ་གསུམ་མོ། །དེ་ལས་ལྷག་ན་ལྟུང་བྱེད་དོ། །ལྷག་པ་བཅད་དེ་གཤག་གོ །དགུ་པ་རས་ཆེན་ནི། གླེང་གཞི་འདྲ། དགེ་སློང་གིས་ཆར་སྐྱོབ་པ་དང་། ཁྲུས་བྱེད་དུས་དཀྲི་བའི་དབྱར་གྱི་གོས་རས་ཆེན་ཚད་བཞིན་བྱེད་དུ་ཆུག སྲིད་མཐོ་དྲུག་ནི་ཁྲུ་དགུ། ཞེང་དུ་མཐོ་ཕྱེད་དང་གསུམ་ནི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །ལྷག་ན་ལྟུང་བྱེད་དོ། །ལྷག་པ་བཅད་ནས་གཤག་གོ །བདེ་གཤེགས་ཆོས་གོས་ནི། ཉེ་དགའ། བླ་མ་ལྟར་འཆོས་པ། སྟོན་པའི་ཚད་ཀྱི་གོས་བྱས་པའོ། །ཡང་དགེ་སློང་གང་བདེ་བར་གཤེགས་པའི་ལུས་ཚད་ཙམ་མེད་པ་དེའི་ཆོས་གོས་ཀྱི་ཚད་ཀྱིས་རང་ངམ་བསྐོས་པ་བྱེད་དུ་འཇུག དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །སྟོན་པའི་ཆོས་གོས་སྲིད་དུ་མཐོ་བཅུ། ཞེང་དུ་མཐོ་དྲུག་སྟེ། ཁྲུ་བཅོ་ལྔ་དང་། ཁྲུ་དགུ་ལ་ཚད་ལྡན་གྱི་ཆོས་གོས་དགུ་འགྱུར་རོ། །སྟོན་པའི་ཚད་དུ་མ་ལོངས་ཤིང་རང་གི་ཚད་ལས་ལྷག་པ་ལ་བྱིན་གྱིས་བརླབས་ན་མི་འཆགས་ལ་ཉེས་བྱས་སོ། །གསུམ་པ་མཇུག་བསྡུ་བ་ནི་ཚེ་དང་ལྡན་པ་དག་བདག་གིས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་འདོན་པར་དམ་བཅས་པའི་ཆོས་དགུ་བཅུ་པོ་དག་ཚང་བར་བསྟན་ཟིན་ཏོ་ཞེས་འཇུག་བསྡུ་བ་དང་ཉན་པ་པོ་སྤྲོ་བར་བྱ་བའི་ཕྱིར་རོ། །བསྙེན་པར་རྫོགས་པའི་རྟེན་ལ་འབྱུང་བའི་ཉེས་པ་ཡིན་ཞིང་། ངོ་བོའི་སྒོ་ནས་ལྟུང་བྱེད་འབའ་ཞིག་པའི་མིང་གིས་བཅོས་ན་འདག་ཏུ་རུང་བ་ནི་མཚན་ཉིད་དོ། །ཕྱིར་བཅོས་ནི་དགེ་སློང་རྣམ་དག་ལྟུང་བ་མིང་རིས་མཐུན་པ་མ་བྱུང་པའི་མདུན་དུ། ལྟུང་བའི་མིང་རིས་བརྗོད་དེ་ལན་གསུམ་བཤགས་ཤིང་བསྡམ་པར་བྱའོ། །གསུམ་ལྔ་བདུན་ཡན་ཆད་ལ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་སྟེ་ཉེས་པ་དང་། གྲངས་མི་ཤེས་པ་ལ་དཔག་ཏུ་མེད་པ་བྱུང་ཞེས་དང་། རིས་མི་མཐུན་པ་ལ། ཆང་འཐུང་བ་དང་ཕྱི་དྲོ་ཟ་བ་དང་མེ་ལ་རེག་པ་དང་། ས་བརྐོ་བའི་ལྟུང་བ་བྱུང་སྟེ་ཞེས་སོགས་བརྗོད་པར་བྱའོ། །གསུམ་པ་སོ་སོར་བཤག་པ་འདོན་པ་ལ་སྤྱིར་བསྟན། སོ་སོར་བཤད། མཇུག་བསྡུ་བའོ། །དང་པོ་ནི། སྨྲེ་སྔགས་འདོན་པའི་རྣམ་པས་ལན་གཅིག་མཐོལ་བར་བྱ་བའི་ཉེས་བྱས་ནི་སོ་སོར་བཤག་པར་བྱ་བའོ། །དགེ་སློང་གི་རྟེན་ལ་བྱུང་བའི་ཉེས་པ། སོ་སོར་བཤགས་པའི་མིང་གིས་མཐོལ་བྱ་ནི་མཚན་ཉིད་དོ། །གཉིས་པ་ལ་རང་ལས་དང་པོ་ཟས་ལེན་པ་ནི། རྒྱལ་ཁབ། ཉེར་དགའ། ཐོ་འཚམ། དགེ་སློང་མ་ལ་ཟས་སློངས་པའོ། །ཡང་དགེ་སློང་ཉེར་དགའ་ལྟ་བུ་གང་། དགེ་སློང་མ་ཉེ་དུ་མ་ཡིན་པ་ལུས་རྟེན་རུང་ལ། ལམ་པོ་ཆེ་སྲང་སུམ་མདོ་དང་བཞི་མདོ་ན་འདུག་པ། བསོད་སྙོམས་སླང་བའི་ཕྱིར་ཁྱིམ་པའི་གྲོང་གི་ལམ་སྲང་དུ་འགྲོ་བ་ལས། བཅའ་བ་ལྔ་དང་བཟའ་བ་ལྔ་གཞན་ལེན་དུ་མི་འཇུག་པར་རང་གི་ལག་གིས་བྱིན་ལེན་སྟོབས་སུ་བཅུག་ནས་བླངས་ཏེ། མགུལ་དུ་མིད་པའོ་དོན་དུ་འཆའ་འམ་ཟོས་ན་ཉེས་པའོ། །ཁྱད་པར་བཤེས་གཉེན་ནི་བཟའ་བའི་ཕྱིར་བླངས་པ་ན་དངོས་གཞིར་བཞེད་དོ། །སོ་སོར་བཤགས་པའི་ཚུལ་ནི། དགེ་སློང་དེས་གྲོང་ལས་ཕྱི་རོལ་དགེ་འདུན་གྱི་ཀུན་དགའ་ར་བར་སོང་སྟེ་ཞེས་པས་གྲོང་ན་དགེ་སློང་ཡོད་ཀྱང་དེར་བསྒྲག་པར་མི་བྱའོ། །འདི་ལ་དགེ་སློང་གྲངས་ངེས་པ་མེད་པས་གཙུག་ལག་ཁང་དེར་དགེ་སློང་གང་དག་འཁོད་པ་རྣམས་ལ། ཚིག་འདི་སྐད་དུ། ཚེ་དང་ལྡན་པ་དག་བདག་ལ་སྨད་པར་བྱ་བའི་གནས་དེ་བཞིན་གཤེགས་པས་བཀག་པ། དགེ་སློང་གི་ཚུལ་དང་རྗེས་སུ་མི་མཐུན་པས་མི་རིགས་པ། སྨྲེ་སྔགས་འདོན་པའི་རྣམ་པས་སོ་སོར་བཤགས་པར་བྱ་བ་བྱུང་གི་ཞེས་ལྟུང་བའི་མིང་བསྒྲགས་ནས། ཆོས་མ་ཡིན་པ་དེ་སོ་སོར་འཆགས་སོ་སྟེ་མཐོལ་ལོ་ཞེས་སོ་སོར་བཤག་པར་བྱ་སྟེ། མཐོལ་བ་ལ་བཤགས་པའི་མིང་གིས་བཏགས་ཤིང་། ལྟུང་བ་གཞན་ཡང་བཤག་པར་བྱ་བ་ཡིན་མོད་ཀྱི་འདི་འཆབ་པ་མེད་བཤགས་པ་བྱེད་པ་ཁྱད་པར་དུ་གསལ་བར་བྱེད་པ་དང་། དེ་མ་ཐག་སྨྲེ་སྔགས་འདོན་པ་ལྟར་བྱེད་པས་བཅབ་པར་མི་བྱ་བས་ཆོས་འདི་ནི་སོ་སོར་བཤགས་པ་བྱ་བ་དང་པོའོ། །དགེ་སློང་དང་དགེ་སློང་མ་གཉིས་ཀ་གྲོང་ལམ་ན་འདུག་ཅིང་། རང་ཟ་བའི་ཕྱིར་བསླངས་པའི་ཟས་ལག་ནས་ལག་གིས་དངོས་སུ་ལེན་པ་ལ་དངོས་གཞིར་འགྱུར་རོ། །གཉིས་པ་གྲལ་རིམ་དུ་མ་ཕེབས་པར་ལེན་པ་ནི། མཉན་ཡོད། དྲུག་སྡེ། ལྟོ་འདུན་དང་ངོ་མི་བཟློག་པ། མི་བཟློག་པར་ཟོས་པའོ། །དགེ་སློང་གཉིས་ལས་ལྷག་པ་རབ་ཏུ་མང་པོ་ཁྱིམ་གཞན་རྣམས་སུ་ཟས་ལ་འགྲོན་དུ་བོས་ནས་ཟན་བཅའ་བ་དང་བཟའ་བ་ཟ་བའི་ཚེ། དེ་ན་གལ་ཏེ་དགེ་སློང་མ་དེ་ཚིག་གམ། དེའི་དུས་སྤྱན་དྲངས་པ་མ་ཡིན་པ་ཞིག་གིས་དགེ་སློང་འདི་ལ་བཅའ་བ་མང་དུ་བྱིན་ཅིག འདི་ལ་འབྲས་ཆན་མང་དུ་བྱིན་ཅིག འདི་ལ་ཡང་བསྣན་ཏེ་ལྷག་པོར་བྱིན་ཅིག འདི་ལ་ཟས་བཟང་བ་ནས་བྱིན་ཅིག་ཅེས་བསྒོ་ཞིང་ཟེར་བ་འདུག་ན། དེ་ལ་དགེ་སློང་རྣམས་ཀྱིས་ཟློག་པའི་ཕྱིར་འདི་སྐད་ཅེས་བསྒོ་བར་བྱ་སྟེ། སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཤིག་ཡུད་ཙམ་ཁ་རོག་པར་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གསར་བུ་ཡིན་ཡང་རུང་གང་ཡང་རུང་བ་ཅིག་གིས་ཀྱང་དེ་སྐད་ཅེས་སྨྲ་མ་སྤོབས་ངོ་མ་བཟློག་ན་ལྟུང་བར་འགྱུར་རོ། །གྲལ་རིམ་བཞིན་འདིར་བྲིམས་ཤིག་ཅེས་དབྱུག་རིས་སྟོན་པ་དང་། མ་ཐོབ་པའི་སྐལ་པ་སྦྱིན་དུ་འཇུག་པ་དང་། སྒོ་བའི་ཚིག་ཉེ་བར་གདགས་སུ་མི་རུང་བའི་ཐག་རིང་པོ་ན་འདུག་པ་ལ་ཉེས་པ་མེད། དྲི་མེད་བཤེས་གཉེན་ནི་གཙུག་ལག་ཁང་དུའང་ཁྱིམ་བདག་གིས་ཟས་སྦྱར་བ་ལ་དངོས་གཞིར་བཞེད། ཁྱད་པར་བཤེས་གཉེན་ནི། ཁྱིམ་གཞན་དུ་ཞེས་པས་གཙུག་ལག་ཁང་དུ་ཉེས་མེད་བཞེད། གསུམ་པ་བསླབ་པ་དྲལ་བ་ནི། ཡངས་པ་ཅན་དྲུག་སྡེ། འདྲན་འདོད། སྡོམ་པ་དྲལ་ཏེ་འཇུག་པའོ། །སྦྱིན་བདག་སློབ་པ་རྒྱུན་ཞུགས་སོགས་དག་གི་ཁྱིམ་གང་དག་ལོངས་སྤྱོད་སྲབ་པར་གྱུར་པ་དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བསླབ་པའི་སྡོམ་པ་བྱིན་ནས་བསོད་སྙོམས་ལ་མི་འཇུག་པར་ཁྲིམས་བཅས་ཏེ་བསྡམས་པར་གྱུར་པ་ལ། ཡང་དགེ་སློང་གང་སློབ་པ་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ། མ་བསྡམས་པའི་སྔར་ནས་དམིགས་ཀྱིས་འགྲོན་དུ་མ་བོས་པར་སོང་སྟེ། རང་གི་ལག་གིས། ག་གོན་དང་ལ་ཕུག་དང་ལྡུམ་མོད་པ་མ་གཏོགས་བཟའ་བ་དང་བཅའ་བ་བླངས་ནས་འཆའ་འམ་ཟོས་ན་ལྟུང་བའོ། །ཁྱད་པར་བཤེས་གཉེན་ནི་བཟའ་བའི་ཕྱིར་བླངས་མ་ཐག་ལྟུང་བར་བཞེད། སྦྱིན་བདག་འབྱོར་པ་རྒྱས་ཏེ། སྡོམ་པ་གཞིག་པར་གསོལ་བ་ལན་གསུམ་བཏབ་པ་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཞིང་མཐོང་བའི་ཉེ་འཁོར་དུ་འདུག་པ་ལ་གསོལ་བའི་ལས་ཀྱིས་བསླབ་པ་ཞིག་པ་བྱིན་པའི་འོག་ཏུ་ཉེས་པ་མེད། བཞི་པ་ནགས་མ་ཉུལ་བར་ཟ་བ་ནི། སེར་སྐྱ། དྲུག་སྡེ། རང་ཟ་ཞིང་དགེ་འདུན་ཡལ་བར་དོར་བའི་ལྟོ་འདུན། འཇིགས་པ་དང་བཅས་པར་ཟོས་པའོ། །དགེ་འདུན་གྱི་གནས་མལ་གྲོང་ལས་རྒྱང་གྲགས་ཀྱི་རིང་བའི་དགོན་པ་གང་དག་རྐུན་པོ་དང་གཡོ་ཅན་གྱི་དོགས་པ་དང་བཅས་པར་གྲགས་པ་སྟག་དང་སེང་གེ་སོགས་འཇིགས་པ་དང་བཅས་པར་གྲགས་པ། ཤ་སྦྲང་དང་སྦྲང་བུ་མཆུ་རིང་སོགས་དང་ཚ་གྲང་གི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ་ཤེས་ཤིང་དེ་ལྟ་བུ་དག་ཏུ་ཟས་ལེན་པའི་སྔར་ནགས་ཉུལ་བའི་དགེ་སློང་གཅིག་གམ་གཉིས་ལ་སོགས་པ་དགེ་འདུན་གྱི་གསོལ་གཉིས་ཀྱིས་བསྐོས་ཤིང་ནགས་ལེགས་པ་བརྟག་པ་དང་ཉུལ་བ་མ་བྱས་པས་མ་བྱུལ་ཞིང་འཇིགས་པ་དང་བཅས་པར་ཀུན་དགའ་ར་བ་དགེ་འདུན་འདུག་པའི་གཙུག་ལག་ཁང་གི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་རང་ངམ་བསྐོས་པའི་སྤྲིང་ཡིག་སོགས་ཀྱིས་བླངས་ཏེ་ཟོས་ཤིང་མིད་ན་ལྟུང་བའོ། །ཁ་ཅིག་འཇིགས་པ་དང་བཅས་པའི་གནས་སུ་ཤེས་བཞིན་དུ་ཞུགས་མ་ཐག་ཏུ་ལྟུང་བར་འགྱུར་ཟེར། གསུམ་པ་མཇུག་བསྡུ་བ་ནི་དམ་བཅའ་མཐར་ཕྱིན་པ་དང་ཉན་པ་པོ་སྤྲོ་བ་བསྐྱེད་པའོ། །ཕྱིར་བཅོས་ནི་ལྟུང་བྱེད་འབའ་ཞིག་པ་གཞན་དུ་ཚུལ་བསྒྲེའོ། །བཞི་པ་བསླབ་པར་བྱ་བ་ལ། མདོར་བསྟན། སོ་སོར་བཤད། མཇུག་བསྡུ་བའོ། །དང་པོ་ལ་སྤྱི་སྡོམ་རྐང་པ་བཅུ་གཞུང་ཁ་ཅིག་ཏུ་བྲིས་པ་ནི། མདོ་དང་འགྲེལ་པ་ཕལ་ཆེ་བར་མ་བྱུང་བས་རང་དགར་སེམས་སོ། །གྲངས་ལ་སྒྲོ་སྐུར་སྤང་བའི་ཕྱིར་སྡོམ་དུ་བསྡུས་པ་ནི་སྡོམ་ལ་ཞེས་བརྒྱ་རྩ་བཅུ་གཉིས་སུ་བསྟན་ཏོ། །ལུང་ལ་གུས་པ་བསྐྱེད་པའི་ཕྱིར་ལུང་དབོག་པ་ནི། ཚེ་དང་ལྡན་པ་དག་འདུལ་བ་དང་འཇིག་རྟེན་དང་མི་འགལ་ཞིང་། ངེས་འབྱུང་ཚུལ་ཁྲིམས་དང་མཐུན་པར་བསླབ་པར་བྱ་བའི་ཆོས་མང་པོ་ལུང་བཞི་དང་ཕྲན་ཚེགས་དང་བླ་མ་ལས་འབྱུང་བ་རྔ་བརྡུང་བར་མི་བྱ། དཀོན་མཆོག་ལ་མཆོད་པ་བྱ། བྱུག་རིས་གསུམ་མི་བྱ། ཆུ་དང་མེ་ལོང་གིས་བཞིན་མི་བལྟ། སྐྲ་དཀར་སྙེར་མ་བརྟག་པ་མ་གཏོགས་སོ། །སོ་མང་གིས་སྐྲ་མི་ཤད། འཐབ་མོ་དང་རྩེད་མོའི་ནང་དུ་མི་འགྲོ། སྐྲ་སོར་གཉིས་ལས་ལྷག་པ་མི་བཞག སྒྲ་བརྡ་མ་བྱས་པར་མཆིལ་སྣབས་བཤང་གཅི་མི་འདོར། སྣམ་སྦྱར་དང་བླ་གོས་གྱོན་ནས་མི་གཙང་བའི་སྐྱབས་སུ་མི་འཇུག ས་རྗེན་པ་ལ་མི་བཞག་པ་ལ་སོགས་པ་དག་ཀྱང་འདིར་བསྡུས་པ་ཡིན་མོད་ཀྱི། འོན་ཀྱང་དངོས་སུ་རྣམ་འབྱེད་ལས་འབྱུང་བའི་མང་པོ་དག་འོག་ནས་འཆད་པ་བརྒྱ་རྩ་བཅུ་གཉིས་པོ་འདི་དག་ནི་དུས་ཡར་ངོ་མར་ངོའི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ན། འདུལ་བ་འཛིན་པའི་ཁ་ལས་འབྱུང་ངོ་། །ལུས་ངག་བསླབ་བྱ་དང་མཐུན་པར་ལེགས་པར་མ་བྱས་ཤིང་། མི་མཐུན་པར་ཉེས་པར་བྱས་པས་བཤག་བྱའི་ཉེས་བྱས་སོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་ཤིན་ཏུ་ཕྲ་བས་ཡིད་ཀྱི་བསྡམ་བྱའོ། །མཚན་ཉིད་ནི་ལྟུང་བའི་ངོ་བོའི་ཆ་ནས་བསླབ་བྱ་དང་འགལ་བའི་ཉེས་བྱས་རང་མིང་གིས་བཤགས་ན་འདག་ཏུ་རུང་བའོ། །ལུས་ངག་ཏུ་གྲུབ་ན་བཤག་དགོས་ཤིང་། འདི་ལ་སྦྱོར་བ་དང་སྦྱོར་བའི་སྦྱོར་བ་མི་རྩི་ཞེས་ཀྱང་འགའ་ཞིག་གསུང་ངོ་། །གཉིས་པ་ལ་དགུ་ལས་གོས་བསྒོ་བའི་བསླབ་བྱ་ལ་བྱུང་བའི་གླེང་གཞི་ནི། ཡུལ་འཁོར་མོ་འཇིག་གི་དྲང་སྲོང་སྨྲ་བའི་ནགས། གང་ཟག་རྟ་ཐུལ། བཟང་ལྡན། བརླངས་པ། མིང་ཆེན། ཀུན་ཤེས་ཀུའུ་དི་ནྱ་སྟེ་ལྔ་སྡེ་བཟང་པོ། ཉོན་མོངས་སྔོན་མ་གོམས་ཤིང་བག་ཆགས་མ་བྱང་བ་ཉེས་པ་ནི་ཁྱིམ་པ་བཞིན་གྱོན་པའོ། །བཅས་པའི་རྣམ་གཞག་ནི་སྨད་ཀྱི་ནང་དུ་མཐང་ལ་སྦྱར་ཏེ་གྱོན་པའི་ཤམ་ཐབས་དང་མཐང་གོས་ཅི་ནས་ཀྱང་ཟླུམ་པོ་མ་མཐའི་ཁ་མཉམ་པར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བསླབ་པར་བྱའོ། །བསླབ་བྱ་སུམ་ཅུ་པོ་ཡན་ཆད་ཡུལ་སེར་སྐྱ། གང་ཟག་དགའ་བོ། ཉེར་དགའ། འཆར་ཁ། འདུན་པ། ནམ་སོ། འགྲོ་མགྱོགས་ཏེ་དྲུག་སྡེའོ། །སྒྲུབ་པའི་ཚུལ་གྱིས་ཟླུམ་པོར་བགོ་བས་མདོར་བསྟན། དགག་པའི་ཚུལ་གྱིས་ལྷག་མ་དྲུག་རྒྱས་བཤད་ཧ་ཅང་བརྩེངས་པ་པུས་མོ་ལས་གོང་དུ་ཐལ་བ་མ་ཡིན་པ་དང་། ཧ་ཅང་འཛོལ་བ་ལོང་བུའི་ཚིགས་ལ་རེག་པ་མ་ཡིན་པ་ལོང་བུ་ལས་གོང་དུ་སོར་བཞི་བོར་བ་དང་། ཁ་ཚར་ཕུན་ཚར་བཅད་པའི་གྲའམ་མདུན་ནས་འཕྱང་བ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་སྟེང་གི་ཁ་ལོགས་ལྟེ་བའི་གོང་དུ་སྟེབ་པ་དང་། མེ་ཏོག་ལྟར་ཆ་མང་པོར་བྱས་པ་མ་ཡིན་པ་དང་། ཁྱིམ་པ་མོ་བཞིན་དུ་གློ་ནས་རྟ་ཟུར་གྱི་སྟེང་དུ་ཕྱི་རོལ་ཏུ་བསྡུས་ཏེ་བཞག་པ་འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། ཤམ་ཐབས་ཀྱི་ནང་གི་ཁ་ཕྱིར་བཟློག་སྟེ་དེའི་འོག་ཏུ་སླར་དགུག་པ་སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་ཟླུམ་པོར་བགོ་བ་ལ་བསླབ་པར་བྱ་བ་བདུན་ནོ། །ཆོས་གོས་ཅི་ནས་མ་མཐའ་མཉམ་པའི་ཟླུམ་པོར་བགོ་བར་བསླབ་པར་བྱ་མདོར་བསྟན། ཆོས་གོས་བླ་གོས་དང་སྣམ་སྦྱར་མཆན་ཁུང་དུ་བཅངས་ཤིང་པུས་མོ་ལས་མཐོ་བའམ་ལྟེ་བ་སྣང་བའི་ཧ་ཅང་བཙེངས་པ་མ་ཡིན་པ་དང་། ལོང་བུའི་ཚིག་ལ་རེག་པའམ། ཤམ་ཐབས་ལས་དམའ་བའི་ཧ་ཅང་འཛོལ་བ་མ་ཡིན་པར་ཟླུམ་པོར་བགོ་བ་ལ་བསླབ་པར་བྱ་བ་གསུམ་མོ། །གཉིས་པ་ལམ་དུ་འཇུག་པའི་བསླབ་པ་ནི། ལག་པ་གཡོབ་པ་སོགས་མི་བྱེད་པར་དྲན་པ་མཉམ་པར་བཞག་པ་ཤིན་ཏུ་བསྡམས་པ་དང་ཞེས་མདོར་བསྟན། གོས་ཀྱིས་གཡོག་པར་བྱ་བའི་ལུས་མཉམ་པར་གཡོགས་ཤིང་འཕང་དུ་མི་བསྡུ་བ་ལེགས་པར་བགོ་བ་དང་། ཐ་མལ་གྱི་ང་རོ་ཅ་ཅོའི་སྒྲ་དག་བསྐྱུང་བ་དང་། མིག་གྱེན་དུ་གཡེངས་ཤིང་འཁྲུལ་པར་མི་བྱ་བ་དང་། གཉའ་ཤིང་གང་ཁྲུ་བཞི་ཙམ་དུ་ལྟ་ཞིང་ཁྱིམ་གཞན་དུ་འགྲོ་བ་ལ་བསླབ་པར་བྱ་བ་ལྔའོ་དང་ཞེས་གོང་འོག་ཏུ་སྨོས་པ་རྣམས་མཐའི་ཚིག་སྡུད་པར་བྱེད་ཅིང་འདྲེན་པ་ཡིན་ཏེ། སྒྲ་བསྐྱུང་ཞིང་ཁྱིམ་དུ་འགྲོ་བར་བྱ་ཞེས་པ་ལྟ་བུར་སྦྱར་ལ་བཤད་དོ། །བག་སར་བཞིན་རས་ལ་སོགས་པས་མགོ་མི་གཡོག་པ་དང་། ཤམ་ཐབས་འདོམས་ཀྱི་ཕྱོགས་སྣང་བ་མི་བརྫེ་བ་དང་། ཆོས་གོས་ཕྲག་པའི་སྟེང་དུ་མི་བཟར་བ་དང་། ལག་པ་གཉིས་མདུན་ནས་བཏང་སྟེ། ཕྲག་པའམ་གཉའ་བར་བཞག་པ་གཉའ་གོང་དུ་མི་སྣོལ་བའམ་ཆོས་གོས་གཉའ་གོང་དུ་མི་སྣོལ་བ་དང་། ལག་པ་བརྐྱངས་ཏེ་ལྟག་པར་ཕན་ཚུན་སྣོལ་བའམ། ཆོས་གོས་ཕྲག་པ་གཉིས་ཀ་ལ་བཟར་ཏེ་ལྷག་པར་མི་སྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་ལྔའོ། །མི་མཆོང་བ་སྟེ་ཤིང་ཐགས་དང་རྭ་བ་སོགས་ལ་མཆོང་པའམ། མཆོང་ཞིང་བ་ཤིན་ཏུ་བསྡམས་པ་དང་སྒྱིད་པ་བརྐུམ་ཞིང་སླར་རྐང་པ་མདུན་དུ་བརྐྱང་པ་ཤིན་ཏུ་བསྡམས་ཤིང་མི་བརྐྱང་བར་དང་། པུས་མོ་གཉིས་བཤིབས་ཏེ་གྱེན་དུ་འགྲེང་བའི་ཙོག་པུས་འགྲོ་བ་མ་ཡིན་པ་དང་། རྟིང་པ་བཏེགས་ཏེ་རྐང་པའི་བྲང་བས་འགྲོ་བ་མ་ཡིན་པ་དང་། ལག་པ་གཉིས་སྐེད་པར་བརྟེན་ནས་གྲུ་མོའི་ཕྱོགས་སྨྱུང་སྨྱུང་པོར་བྱས་པའི་དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱ་བ་ལྔའོ། །གཟུགས་ཚོང་མ་བཞིན་ལུས་ཀྱི་བྱ་བ་བསྒྱུར་ཞིང་འགྲོ་བ་བསྡམས་ཏེ་མི་བསྒྱུར་བ་དང་ལག་པའི་བྱ་བ་བསྐྱོག་ཅིང་འགྲོ་བ་བསྡམས་ཏེ་མི་སྐྱོག་པ་དང་། རྩངས་པ་ལྟར་མགོའི་བྱ་བ་མི་བསྒྱུར་བ་དང་། གཞན་དག་དང་ཕྲག་པ་དང་ཕྲག་པར་མི་སྤྲད་ཅིང་ཕར་ཚུར་ཕུལ་བར་མི་བྱ་བ་དང་། གཞན་དང་ཟུང་དུ་ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བ་ལ་བསླབ་པར་བྱ་བ་ལྔའོ། །གསུམ་པ་སྟན་ལ་འདུག་པའི་བསླབ་བྱ་ནི། དང་པོ་གཉིས་མཉན་ཡོད། ཉེར་དགའ་དང་འཆར་ཁ་ལ། ཕྱི་མ་བདུན་སེར་སྐྱར་དང་པོ་འཆར་ཁ། གཞན་རྣམས་དྲུག་སྡེ་ལ་བཅས་སོ། །ཁྱིམ་གཞན་དུ་ཁྱིམ་བདག་གིས་མ་བསྒོ་བར་སྟན་ལ་རང་དགར་མི་འདུག་པ་ལ་བསླབ་པར་བྱའོ་ཞེས་མདོར་བསྟན། ཁྱིམ་གཞན་དུ་སྟན་བཤམས་པ་འདི་ལ་འདུག་དུ་རུང་ངམ་མི་རུང་མ་བརྟགས་པར་དང་། ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཐིགས་ཞེས་མ་དབབ་པར་དང་། རྐང་པ་བྱིན་པའི་སྟེང་དུ་བྱིན་པ་བཞག་སྟེ་མི་བསྣོལ་བར་དང་། བརླའི་སྟེང་དུ་བརླ་བཞག་སྟེ་མི་བསྣོལ་བར་དང་། རྐང་པའི་ལོང་བུའི་ཚིགས་ཀྱི་སྟེང་དུ་ལོང་བུ་མི་བཞག་པར་དང་། རྐང་པ་བརླ་གཉིས་བཤིབས་ཏེ། རྐང་པ་ཁྲི་འོག་གི་འགབ་ཁུང་དུ་མི་དགུག་པར་དང་། རྐང་པ་བརླ་གཉིས་བཤིབས་ཏེ། བྱིན་པ་དང་རྐང་པ་གཉིས་ཐག་རིང་པོ་སོ་སོར་བྲལ་བར་མི་གདང་བར་དང་། བརླའམ་བྱིན་པ་ཐད་ཀར་གདངས་ཏེ་འདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་བྱ་དགུའོ། །བཞི་པ་ཟས་ལེན་པའི་བསླབ་བྱ་ནི། དང་པོ་བཞི་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་དྲུག་སྡེ་ལ་བཅས་སོ། །གྲོང་ངམ་གཞན་དུའང་རུང་ལེགས་པར་ཟས་ཀྱི་བྱིན་ལེན་བླང་བར་བྱའོ་ཞེས་མདོར་བསྟན། ལྷུང་བཟེད་ཀྱི་ཁའི་མུ་དང་ཁ་ད་ཆད་དུ་ཟས་ཀྱིས་གང་བ་མ་ཡིན་པ་དང་། ཚོད་མའམ་བྱ་ན་གང་གིས་ཟས་རྡེགས་པ་དེ་ཙམ་ལས་ཚོད་མ་དང་མཉམ་པའམ་ལྷག་པོར་ལེན་པ་མ་ཡིན་པར་དང་རྒན་རིམ་མམ་གཞོན་རིམ་ཡང་རུང་། སྟན་ལ་འདུག་པའི་རིམ་པ་བཞིན་མཐར་ཆགས་སུ་དང་། འདི་མན་ཆད་དམིགས་གསལ་མེད་པ་རྣམས་མཉན་ཡོད་དུ་དྲུག་སྡེ་ལའོ། །འདི་རྒན་ཞུགས་ལ་བཅས་ཏེ། ལྷུང་བཟེད་ལ་ཡིད་དང་མིག་གིས་བལྟ་བ་དང་། བཅའ་བ་དང་བཟའ་བ་འབྲིམ་པ་མངོན་དུ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་དང་། ཡང་གང་ཞིམ་པ་དེ་ལྷག་པར་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མའི་སྟེང་དུ་མི་དགབ། ཚོད་མས་འབྲས་ཆན་མི་མཐོང་བར་བྱས་ཏེ་མི་དགབ་པར་དང་། བྲིམ་པར་བྱ་བའི་ཟས་བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་དང་ཕོར་བུ་མི་བཟུང་བར་ཟས་བླང་བར་བསླབ་པར་བྱ་བ་བརྒྱད་དོ། །ལྔ་པ་ཟས་ཟ་བའི་བསླབ་བྱ་ནི། གྲོང་ངམ་གཙུག་ལག་ཁང་དུའང་རུང་ལེགས་པར་ཟས་བཟའ་བར་བསླབ་པར་བྱའོ། །ཞེས་མདོར་བསྟན། ཁར་ཁམ་ཚད་དུ་བྱས་ཏེ་གཞུག་པར་བྱ་བའི་ཚད་ལས་ཧ་ཅང་ཆུང་བ་ཡང་མ་ཡིན་པ་དང་། ཚད་ལས་ཧ་ཅང་ཆེན་པོར་ཡང་མ་ཡིན་པར་དང་། ཆེ་ཆུང་སྤེལ་བ་མ་ཡིན་པའམ། རང་དང་འཇིག་རྟེན་དང་མཐུན་པའི་ཁམ་རན་པར་དང་། ཁམ་མ་བཟས་པར་རམ། ཁའི་སྒོར་ཉེ་བར་མ་འོངས་པར་ཁ་མི་གདང་བར་དང་། འདི་རྒན་ཞུགས་ལའོ། །ཁ་ཁམ་ཟས་ཀྱིས་བཀང་སྟེ་ཟ་བཞིན་དུ་མི་སྨྲ་བར་བསླབ་པར་བྱ་བ་དྲུག་གོ །ཏེ་པོར་སྐྱུར་ཆེས་པར་སྟོན་པ་ཙུག་ཙུག་ཟེར་བ་མི་བྱ་བར་དང་། ཏེ་པོར་མངར་བར་སྟོན་པ་ཅག་ཅག་མི་བྱ་བར་དང་། ཧ་ཅང་གྲང་བར་སྟོན་པ་ཧུ་ཧུ་མི་བྱ་བར་དང་། ཧ་ཅང་ཚ་བར་སྟོན་པའི་ཕུ་ཕུ་མི་བྱ་བར་དང་། ཟ་བའི་ཚེ་ལྕེ་ཁའི་ཕྱིར་རོལ་ཏུ་ཕྱུང་ཞིང་ཕྱུང་ཞིང་མཆུ་ལྷག་ཅིང་ཟ་བ་སྟེ་དེ་ལྟར་ཟས་མི་ཟ་བར་བསླབ་པར་བྱ་བ་ལྔའོ། །ཟས་གང་ལ་འབྲུ་ཐ་དད་ཡོད་པ་དེ་འབྲུ་ནས་འབྲས་ཆན་དང་སྲན་མ་ལ་སོགས་ཐ་དད་པ་རེ་རེ་ནས་བཏུས་ཤིང་ཟ་བར་མི་བྱ་བ་དང་། ཟས་ལ་འཕྱས་སྨོད་མི་གདགས་པར་གང་རྙེད་པ་དེས་ཆོག་པར་བྱ་བ་དང་། ཟས་འཁུར་བ་གཡས་གཡོན་མི་སྤོང་བར་དང་། ལྕེས་རྐན་སྒྲ་མི་གཏོགས་པར་དང་། ཁམ་ཚད་འཕྲོར་སོས་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱ་བ་ལྔའོ། །ཟས་གང་ལག་པ་ལྷག་པ་ཡོད་པའམ། ལག་པས་མི་ལྷག་པ་དང་། ལྷུང་བཟེད་དང་ཕུར་བུ་སོར་མོས་མི་བྱོག་པ་དང་། ལག་པས་ལྕེའི་སྟེང་དུ་མི་སྤྲུག་པའམ། ལག་པ་ལ་ཟས་གོས་པ་ཕྱིར་མི་སྤྲུག་པར་དང་། ལྷུང་བཟེད་དུ་ཟས་བླུགས་ཏེ་མི་བསྐྱམ་ཞིང་ལྕི་ཡང་ཅི་ཡོད་ཅེས་སྲང་ལ་མི་གཞལ་བར་དང་། ཟས་ལ་མཆོད་རྟེན་གྱི་དབྱིབས་འདྲ་བར་བྱས་ཏེ་བཅོམ་ཏེ་ཟས་མི་བཟའ་བར་བསླབ་པར་བྱ་བ་ལྔའོ། །དྲུག་པ་ལྷུང་བཟེད་དང་འབྲེལ་བའི་བསླབ་བྱ་ནི། རང་གི་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་བལྟས་ཏེ་མང་དུ་ཟའོ་ཞེས་སོགས་འཕྱས་གདགས་པའི་ཕྱིར་མི་བལྟ་བར་དང་། ལག་པ་ཟས་ཀྱིས་གོས་པ་དང་འབགས་པས་རིལ་བ་སོགས་ཆུ་སྣོད་ལ་མི་བཟུང་བར་དང་། དྲུང་ན་འདུག་པའི་དགེ་སློང་དང་དགེ་ཚུལ་སོགས་ལའང་གོས་ཆུད་ཟ་བ་དང་ཐོ་འཚམ་པའི་ཕྱིར་ཟས་དང་འབགས་པའི་ཆུས་མི་གཏོར་བར་དང་། ཁྱིམ་པ་འདུག་པ་ལ་འདིར་དབོ་འམ་མི་དབོ་ཞེས་མ་དྲིས་མ་བརྟགས་པར་ཆུ་དང་ཟས་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱ་བ་བཞིའོ། །ལྷུང་བཟེད་མིག་བཞིན་དུ་བསྐྱང་ངོ་ཞེས་གསུངས་པས། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་དང་ངན་པ་དང་མི་གཙང་བ་བླུགས་ཏེ་མི་དོར་བར་དང་། འོག་གཞིའི་སྟེགས་མེད་པའི་ས་རྗེན་པའི་ཕྱོགས་སུ་ལྷུང་བཟེད་མི་བཞག་པ་དང་། ས་མི་བདེ་བ་དོས་ཆད་པའི་གད་ཁ་མ་ཡིན་པ་དང་། གཡང་ས་བྱིན་གྱིས་གཞོལ་བ་དང་ཉེ་བ་མ་ཡིན་པ་དང་། འདྲིལ་ཏེ་འགྲོ་བའི་རྐན་གཟར་པོ་བང་རིམ་བཞི་ལྟ་བུ་མ་ཡིན་པར་བཞག་པར་བྱ་བ་དང་། འགྲེང་སྟེ་ལྷུང་བཟེད་མི་དབྱུང་མི་བཀྲུ་བ་དང་། གད་ཁ་གཡང་ས། རྐན་གཟར་པོར་མ་ཡིན་པར་ལྷུང་བཟེད་བཀྲུ་བ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་ལྷུང་བཟེད་ཀྱི་ཁ་ཡར་བཟློག་ཏེ་ཆུ་མི་གཅུ་བ་ལ་བསླབ་པར་བྱ་བ་བཅུའོ། །བདུན་པ་ཆོས་འཆད་པའི་བསླབ་བྱ་ནི། ཉན་པ་པོ་མི་ན་བར་འདུག་པ་ལ་འཆད་པ་པོ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བ་འདི་སྒུར་མཆོག་ལ་བཅས་སོ། །ནད་པ་ནི་སྤྱོད་ལམ་ཅི་བདེ་བར་གནས་ཀྱང་ཉེས་པ་མེད་དོ། །གློས་ཕབ་སྟེ་ཉལ་བ་ལ་ཙོག་པུར་འདུག་སྟེ་དང་། སྟན་མཐོ་ཞིང་བཟང་པོ་ལ་འདུག་པ་ལ། དམན་ཞིང་ངན་པ་ལ་འདུག་སྟེ་དང་། མདུན་དུ་འགྲོ་བ་དང་འདུག་པ་ལ་རྒྱབ་ཕྱི་ངོས་ནས་འགྲོ་བའམ་འདུག་པས་དང་། ལམ་དྲང་པོ་ནས་འགྲོ་བ་ལམ་གྱི་འགྲམ་མི་བདེ་བ་ནས་འགྲོ་ཞིང་མི་བཤད་པ་ལྔའོ། །མི་ན་བར་མགོ་གོས་ཀྱིས་གཡོགས་པ་དང་། སྐྲའམ་གོས་བརྫེས་པ་དང་། ཕྲག་པ་ཟླུམ་པོ་མ་ཡིན་པས་བཟར་བ་དང་། གོས་དང་ལག་པ་གཉའ་གོང་དུ་བསྣོལ་བ་དང་ལྷག་པར་བསྣོལ་བ་ལ་ཆོས་མི་བཤད་པ་ལྔའོ། །མི་ན་བར་སྐྲ་དོ་ཀེར་ཅན་སྤྱི་བོར་བཅིངས་པ་ལྟ་བུ་དང་། ཞྭ་གྱོན་པ་དང་། བ་དན་དང་ནོར་བུ་ལ་སོགས་པའི་ཅོད་པན་སྤྱི་བོར་ཐོགས་པ་ཅན་དང་། ཕྲེང་པ་ཐོགས་པ་ཅན་དང་། མགོ་ཐོད་ལ་སོགས་པས་དཀྲིས་པ་ཅན་ལ་ཆོས་མི་བཤད་པ་ལྔའོ། །ཉན་པ་པོ་མི་ན་བར་གླང་པོ་ཆེ་ཞོན་པ་དང་། རྟ་ལ་ཞོན་པ་དང་། འདོ་ལེ་ལ་སོགས་ཁྱོགས་ལ་འདུག་པ་དང་། དེ་དག་ལས་གཞན་པའི་བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་མཐོན་པོ་གྱོན་པ་ལ་ཆོས་མི་བཤད་པ་ལྔའོ། །ལག་ན་ཁར་བ་ཐོགས་བཞིན་པ་དང་། ལག་ན་གདུགས་ཐོགས་ཤིང་ཕུབ་པ་དང་། འཁོར་ལོ་སོགས་མཚོན་ཆ་ཐོགས་པ་དང་། རལ་གྲི་ཐོགས་པ་དང་། མདའ་ལ་སོགས་པའི་དགྲ་ཆ་ཐོགས་པ་དང་། ཡ་ལད་དང་ཕུབ་པ་སོགས་པ་གོ་ཆ་གྱོན་བཞིན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱ་བ་དྲུག་གོ །འདི་དག་ནི་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པར་བསྒྲུབས་པའི་འབྲས་བུ་དམ་པའི་ཆོས་ལ་མ་གུས་པ་སྤང་བར་བྱ་བའི་ཕྱིར་རོ། །བརྒྱད་པ་བཤང་གཅི་དང་འབྲེལ་བའི་བསླབ་བྱ་ནི། ཉེར་དགའ་ལས་ཏེ། དགེ་སློང་མི་ན་བར་ལུས་འགྲེང་སྟེ་བཤང་གཅི་མི་འདོར་བར་བསླབ་པར་བྱའོ། །ལོངས་སྤྱོད་དུ་རུང་བའི་ཆུ་གཙང་མའི་ནང་དུ་བཤང་གཅི་དང་། འཆིལ་མ་དང་སྣབས་དང་། ཡར་སྐྱུགས་པ་དང་། མར་བླུགས་པ་མི་འདོར་བ་དང་། རྩྭ་སྔོན་པོ་དང་ལྗོན་ཤིང་མཛེས་པ་ལོངས་སྤྱད་དུ་རུང་བ་ཡོད་པ་དང་། སྐྱེ་བོ་འདུ་བའི་ཕྱོགས་དང་ལམ་སྲང་དག་ཏུའང་དེ་དག་དང་པོར་མི་བྱ། བྱས་ཟིན་པ་དོར་བར་མི་བྱ། ཕྱོགས་ཐམས་ཅད་ཆུ་དང་ཙས་ཁྱབ་པ་ནི་མ་གཏོགས་ཏེ། འཇིག་རྟེན་དག་གིས་མི་སྨད་ཅིང་ཡ་རབས་ཀྱི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་རོ། །དགུ་པ་རྒྱུ་བའི་བསླབ་བྱ་ནི། ཆོས་འདི་པའི་དགེ་སློང་གིས་ཤིང་ལ་འཛེགས་པ་ལས་བཅས་ཏེ། གོས་སྐམ་པ་ལ་སོགས་པའི་ཕྱིར་ཤིང་ལ་མི་གང་ཙམ་འཛེག་ཏུ་སྣང་གི དེ་བས་མཐོར་མི་འཛེག་པར་བསླབ་པར་བྱའོ། །སྟག་དང་སེང་གེ་ལ་སོགས་པའི་གནོད་པ་བྱུང་ན་ཇི་ཙམ་ཐར་བར་འཛེག་པ་ནི་མ་གཏོགས་ཏེ་ཉེས་པ་མེད་དོ། །གསུམ་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་ཅེས་བོས་ནས། འདོན་པ་བདག་གིས་འཇིག་རྟེན་དང་འདུལ་བ་དང་མི་འགལ་བར་བསླབ་པར་བྱ་བའི་ཆོས་མང་པོ་བརྒྱ་རྩ་བཅུ་གཉིས་པོ་དག་ལེགས་པར་བསྟན་ཟིན་ཏོ། །ཞེས་སོགས་སོ། །དེ་ལྟར་ཕམ་པ་དང་ལྷག་མ་དང་། མ་ངེས་པ་དང་། ལྟུང་བྱེད། ཉེས་བྱས་ཀྱི་སྡེ་སྟེ་ལྔ། ལུང་ལྟར་ན། ཕམ་པ་ལྷག་མ་ལྟུང་བྱེད་སོར་བཤགས་བསླབ་བྱའི་སྡེ་དང་ལྔ་པོ་ཐམས་ཅད་ཀྱི་རྟེན་ནི། དགེ་སློང་གི་སྡོམ་པ་དང་ལྡན་པ། གསོ་བ་ལ་ཞུགས་པ་བསླབ་བྱིན་ཡན་ཆད་བསླབ་རྒྱུན་གཅིག་ལ་གྲུབ་པ། ལས་དང་པོ་པ་དང་། སྨྱོ་བ་དང་ཚོར་བ་དྲག་པོས་གཟིར་ཏེ་སེམས་རང་བཞིན་དུ་མི་གནས་པ་མ་ཡིན་པ། བཅས་པ་འགའ་ཞིག་ལ་ཡུལ་དུས་གང་ཟག་གི་དབང་གིས་གནང་བའི་སྐབས་མ་གཏོགས་པའོ། །གཞི་ནི། འབྱུང་བ་དང་། འབྱུང་འགྱུར་དང་སེམས་ཅན་ལ་བརྟེན་པ་ལས་ཕྱི་མ་ལ་མི་དང་། མི་མིན་དང་། དུད་འགྲོ་ལ་བརྟེན་པའོ། །དང་པོ་ནི་མ་བྱིན་ལེན་གྱི་རྫས་བདག་དང་གསོད་པའི་ཕམ་པའི་གསད་བྱ་ལྟ་བུ། རང་ལས་ཐ་དད། མི་ཡིན་པ། གོ་བྱའི་ཡུལ་ཕལ་ཆེར་ལ། སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས། མ་ནིང་མ་ཡིན་པ། ཁྱིམ་པ་མོ་དང་དགེ་སློང་མ་ལུས་རྟེན་རུང་། རྫུ་འཕྲུལ་ཅན་མ་ཡིན་པ། ཉེ་དུ་མ་ཡིན་པ། དགེ་སློང་མའི་སྡོམ་ལྡན། རབ་བྱུང་སྤྱིས་སྐྱེད་ལ་སྡེ་ལྔའི་སྡོམ་པ་གསོ་བ་ལ་ཞུགས་པ་ཡན་ཆད་དོ། །གོས་ཀྱིས་བསྐྱེད་པ་ལ་རུང་བ་ཁྲུ་གང་ཡན་ཆད་ཚད་ལྡན། ཟས་ཀྱིས་བསྐྱེད་པ་ལ། ཟས་རུང་ཚད་ལྡན། གནས་ཀྱིས་བསྐྱེད་པ་ལ་ཕལ་ཆེར་གཡོགས་ཤིང་གནས་ཀྱི་མཚན་ཉིད་དུ་གྲུབ་པ་སོགས་འབྱུང་གྱུར་དང་། འཇིག་རྟེན་ན་གྲགས་པའི་མེ་དང་ཆུ་དང་ས་ནི་འབྱུང་བའོ། །འདུ་ཤེས་ནི་ཕལ་ཆེར་ལ་གཞི་དེ་ལ་དེར་མ་འཁྲུལ་བ་སྟེ། མི་ལ་མིར་ཤེས་པ་དང་། མིའི་རྫས་ལ་དེར་ཤེས་པ་དང་། ཉེ་དུ་མ་ཡིན་པ་ལ་དེར་ཤེས་པ་ལ་སོགས་པའོ། །ཀུན་སློང་ལ་བྱ་བ་དེའི་སྔོན་དུ་འགྲོ་བ་རྒྱུའི་ཀུན་སློང་དང་། བྱ་བ་བྱེད་བཞིན་པའི་ཚེ་འཇུག་པ་དུས་ཀྱི་ཀུན་སློང་གཉིས་ལས། སྦྱོར་བ་བརྩམས་ནས་མ་ཟིན་གྱི་བར་ཀུན་སློང་རིས་མ་ལོག་པ་དགོས་ཤིང་། ཀུན་སློང་ཕྱི་མ་གསར་དུ་སྐྱེས་པ་དེའི་དབང་གིས་མཐར་ཐུག་གང་བྱས་པ་དེར་འགྱུར་རོ། །མཐར་ཐུག་རང་རང་གི་ཀུན་སློང་གང་ཡིན་པ་དེའི་འཕེན་པ་རྫོགས་ཤིང་ལས་ཀྱི་འབྲས་བུ་གྲུབ་པ་སྟེ། གསོད་པ་ལ་སྲོག་འགགས་པ་དང་། སྨྲས་པ་ལ་ཐོས་ཤིང་དོན་གོ་བ་དང་། ཟོས་པ་ལ་མགུལ་དུ་མིད་པ་དང་། ཉལ་བ་ལ་ཉལ་ནས་གཉིད་པ་ལ་སོགས་གང་བསམ་པའི་གཞི་དེ་ལ་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པའོ། །ལྟུང་བའི་རྒྱུ་དེ་དག་གི་དབང་གིས་ལྟུང་བ་རྣམས་ཕྱེ་བ་ཡིན་པས། གཞི་ཐ་དད་ཀྱིས་ལྟུང་བ་ཐ་དད་ས་བོན་ཇི་སྙེད་པ་དང་། སྲོག་ཆགས་ཇི་སྙེད་པའི་ལྟུང་བ་འབྱུང་བ་དང་། བཅས་རིས་ཐ་དད་ཀྱིས་ལྟུང་བ་ཐ་དད། མི་བདེན་པར་སྐྱོན་གྱིས་ཕྲ་མ་བྱས་ན། བརྫུན་སྨྲ། སྐྱོན་བརྗོད་ཕྲ་མའི་ལྟུང་བྱེད་གསུམ་འབྱུང་བ་དང་། ཟས་ཀྱི་དངོས་པོ་གཅིག་ལ། སྦྱིན་ལེན་མ་བྱས་པར་ཟ་བ། ལག་ཉ་ཞག་ལོན། རྗེན་པ་ཟ་བའི་ཉེས་པ་འབྱུང་བ་ལྟ་བུ་བྱེད་པ་པོ་ཐ་དད་པས་ལྟུང་བ་ཐ་དད། དགེ་སློང་དུ་མས་གྲོས་བྱས་ཏེ་མི་གཅིག་སྲོག་དང་ཕྲལ་ན་ཐམས་ཅད་ལ་ཕམ་པར་འགྱུར་བ་ལྟ་བུ། ཀུན་སློང་ཐ་དད་པས་ལྟུང་བ་ཐ་དད། བུད་མེད་ཀྱི་ཐད་དུ། མི་ཚངས་པར་སྤྱོད་པའི་ཕྱིར་འགྲོ་བ་དང་། རེག་པའི་ཕྱིར་དང་། སྨྲ་བའི་ཕྱིར་དང་། འདུག་པའི་ཕྱིར་དང་། ཉལ་ཤོམ་ལ་ལྟ་བའི་ཕྱིར་དང་། སྨྱན་གྱི་ཕྱིར་དང་། ཆོས་བསྟན་པའི་ཕྱིར་དང་། གོས་སློང་བའི་ཕྱིར་འགྲོ་བ་དང་སྨྲ་བ་ལ་དེ་དང་དེར་གཏོགས་པའི་སྦྱོར་བ་དང་དངོས་གཞིའི་ཉེས་པ་འབྱུང་བ་ལྟ་བུ་སྟེ། འདུ་ཤེས་དང་ཀུན་སློང་གང་གིས་ཞུགས་པའི་བྱ་བ་དེ་དེར་གཏོགས་པའི་ཕྱིར། དེས་ན་བུད་མེད་ལ་འཁྲིག་པར་འདོད་པ་ཁོ་ནས་རེག་ན་འཁྲིག་པའི་སྦྱོར་བར་གཏོགས་ཀྱི། རེག་པའི་ལྷག་མར་མི་འགྱུར་བ་དང་། དགེ་སློང་མས་སྐྱེས་པ་ལ་འཁྲིག་པའི་ཕྱིར་རེག་ནའང་རེག་པའི་ཕམ་པར་མི་འགྱུར་ཞིང་། འཁྲིག་པའི་སྦྱོར་བར་གཏོགས་སོ་སྙམ་མོ། །དེ་ལྟར་མ་ཡིན་ན་ཕམ་པ་བྱུང་བས་སླར་ལྟུང་བ་ལ་སྦྱར་ན་ཉེས་བྱས་སུ་འཆད་པ་ལྟར་ན། དགེ་སློང་མ་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་གཏན་མི་འབྱུང་བར་འགྱུར་བ་དང་། ལྟུང་བ་འགའ་ཞིག་གི་ཡན་ལག་འགའ་ཞིག་གི་དངོས་གཞིར་འཇོག་ན། བཅས་པའི་རྣམ་གཞག་འཇིག་ཅིང་ཧ་ཅང་ཐལ་བར་འགྱུར་ཏེ། མང་དུ་སྨྲ་བས་ཅི་ཞིག་བྱ། སྦྱོར་བ་ཐ་དད་ཀྱིས་ལྟུང་བ་ཐ་དད་མ་བྱིན་ལེན་གྱིས་བླངས་པ་རེ་རེ་ཞིང་ཐ་དད་པ་དང་ཕྲི་བའི་གོམ་པ་རེ་རེ་ཐ་དད་པ་དང་། ཕོ་བྲང་དང་གྲོང་ཁྱེར་དུ་ཕྱི་དྲོ་ལན་དུ་མ་ཕྱིན་པ་དེ་སྙེད་ཀྱི་ལྟུང་བ་འབྱུང་བ་དང་། བྱིན་ལེན་མ་བྱས་པ་དང་། ཕྱི་དྲོ་ཟ་བ་དང་། ཤ་རྗེན་ཟ་བ་སོགས་ལ་ཁམ་རེ་རེ་ཞིང་ལྟུང་བ་ཐ་དད་རེ་རེ་འབྱུང་བ་ལྟ་བུའོ། །མཐར་ཐུག་ཐ་དད་ཀྱིས་ལྟུང་བ་ཐ་དད་ཀྱང་དེ་དག་གིས་ཅི་རིགས་པར་རྟོགས་ཤིང་། རྫས་བདག་པོ་ཐ་དད་བཅུ་ལ། དགེ་སློང་རྫས་འགོད་པ་བཅུས་བརྐུས་ན་རིན་ཐང་ཚང་བ་བརྒྱ་ཐོབ་ན་ཕམ་པ། ཐ་མི་དད་བཅུ་ལ་བརྐུ་ན་བཅུ་ཐོབ་ན་ཕམ་པ། དེ་ལ་ཐ་མི་དད་བཅུས་རྐུ་ནའང་བཅུ་ཐོབ་ན་ཕམ་པ། གཉིས་ཀ་ཐ་མི་དད་ན་གཅིག་ཐོབ་ན་ཕམ་པ་ལྟ་བུའོ། །ལྟུང་བ་ཅི་ཡང་གི་ཁྱད་པར་ཡང་ངོ་བོ་ལས་ཕམ་པ་དང་ལྷག་མ་དང་དེ་ལས་གཞན་པ་སྟེ་ཆེ་འབྲིང་ཆུང་ངུའོ། །ཕྱིར་བཅོས་ཀྱི་ཆ་ནས། ཆད་ལས་ཆེན་པོས་ལྟུང་བ་ལས་ལྡང་བ་ཕམ་པ། འབྲིང་གིས་ལྷག་མ། ཆུང་ངུས་སྤང་ལྟུང་། ཆད་ལས་མེད་པར་ལྡང་བ་དེ་རྣམས་ལས་གཞན་པའི་ལྟུང་བའོ། །དངོས་གཞི་བཅོས་པས་དེའི་སྦྱོར་བ་ལ་སོགས་པའང་བཅོས་པར་འགྱུར་རོ། །བྱེད་པ་དང་ཀུན་སློང་མི་ཤེས་པ་དང་བག་མེད་པས་བྱས་པ་ཆུང་ངུ་། ཉོན་མོངས་མང་བ་འབྲིང་། མ་གུས་པས་ཆེན་པོ། བསམ་པས་ནི་ཉོན་མོངས་དྲག་ཞན། གཞི་ལས་ནི་ཉོན་མོངས་དང་སྦྱོར་བ་མཚུངས་པས་མི་ལ་ཕམ་པ། མི་མ་ཡིན་པ་ལ་སྦོམ་པོ། དུད་འགྲོ་ལ་ལྟུང་བྱེད། དགྲ་བཅོམ་བསད་ན་མཚམས་མེད་དང་། ཆུ་དང་འོ་མ་དང་ཁྲག་འཐུང་པ་ལས་ཉེས་མེད་ལྟུང་བྱེད་སྦོམ་པོ་འབྱུང་བ་ལྟ་བུའོ། །གྲངས་ལས་གཅིག་ནས་ལྔའི་བར་ཆུང་ངུ་། དེ་ནས་གྲངས་ཤེས་པ་འབྲིང་། དཔག་ཏུ་མེད་པ་ཆེན་པའོ། །བྱིས་པ་ཆུང་ངུས་བྱས་པ་དང་། །ནར་སོན་པས་བྱས་པ་དང་། དུད་འགྲོའང་བོངས་ཆེ་ཆུང་ལ་སོགས་པ་མང་དུ་གསུངས་སོ། །སྦོམ་པོ་ཞེས་པ་ལྟུང་བའི་རྐང་གྲངས་ལ་མེད་ཀྱང་། ཡོན་ཏན་སྒྲའི་སྦོམ་པོ་ལྟུང་བ་ཆུང་ངུ་དུ་མ་འདུས་པ་ལ་མིང་དུ་བཏགས་པ་སྟེ། རང་རང་གི་མིང་གིས་བཤག་པར་བྱ་བའོ། །སྦོམ་པོ་མཚན་ཉིད་པ་ལ་བཞིར་བཤད་པས། ཕམ་ལྷག་གི་དངོས་གཞི་བསྐྱེད་པའི་སྐད་ཅིག་སྔ་མ་སྦྱོར་བའི་སྦོམ་པོ། གཞན་དོན་དུ་རྫས་རིན་ཐང་ཚང་བ་བརྐུས་ན། རང་དོན་གྱི་ཀུན་སློང་མ་ཚང་བས་དངོས་གཞི་རྣམ་པའི་སྦོམ་པོ། མི་མ་ཡིན་ལ་དེར་འདུ་ཤེས་པས་བསད་ན། མི་ཡིན་པ་མ་ཚང་བ་ལ་མཐར་ཐུག་གྲུབ་པས་དངོས་གཞིའི་སྦོམ་པོ། ཕམ་ལྷག་དངོས་གཞི་གྲུབ་དུ་ཆ་བ་ན་འགགས་པ་དང་། རང་གི་སྲོག་གཅོད་པའི་སྦྱོར་བའི་ལྟ་བུ་སྦྱོར་བ་རྣམ་པའི་སྦོམ་པོའོ། །མིའི་ལག་པ་གཅོད་པ་དང་། ནགས་མེས་གཏོང་པ་དངོས་གཞིའི་རྣམ་པ། སྐྲ་ཅན་འཚོང་བ། རྐུན་མ་ཁྲིམས་གཅོད་ལ་གཏོད་པ་སོགས་སྦྱོར་བའི་རྣམ་པ། ཤ་རྗེན་ཟ་བ་དབེན་དུ་གཏོགས་པ་དངོས་གཞིའི་རྣམ་པའི་སྦོམ་པོ་སོགས་སུ་ཤེས་པར་བྱའོ། །སྦོམ་པོ་ལྕི་བ་བཞིའི་མདུན་དུ་མིང་རིས་བརྗོད་དེ་བཤགས་པ་དང་། ཡང་བ་གཅིག་གི་མདུན་དུ་བཤགས་སོ། །ཉེས་བྱས་ཕྲ་མོ་ཡང་ཕྱིར་མ་བཅོས་ན་སུམ་ཅུ་རྩ་གསུམ་པའི་ལྷའི་ཚེ་ཚད་པས་ཀྱང་ལྷག་པར་དམྱལ་བར་གནས་པར་གསུངས་པས། ལྟུང་བ་མི་འབྱུང་བ་དང་། བྱུང་ན་ཉེས་པ་སྦྱང་བ་ལ་འབད་པ་ཆེར་བྱའོ། །ཕམ་པ་ལྷག་མ་ཞེས་སོགས་སྡེ་ཚན་ནི་མིང་། སྲོག་གཅོད་པ་དང་རེག་པ་སོགས་ནི་རིས་སོ། །ཕྱིར་བཅོས་དང་ལྟུང་མེད་དང་། བསླབ་བྱ་དང་། ཆ་དང་ཆ་ཅན་སོགས་རྒྱས་པར་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པས་མ་སྤྲོས་སོ། །དགག་བྱའི་རིས་མཐུན་པ་རྣམས་དགག་པ་དང་། དགོས་པའི་རིས་མཐུན་པ་རྣམས་སྒྲུབ་པ་དང་། རྐྱེན་ལ་ལྟོས་ཏེ་གནང་བའི་རྐྱེན་རིས་མཐུན་པ་རྣམས་དངོས་སུ་མ་གསུངས་ཀྱང་རུང་མཐུན་རྩིས་ཏེ་བླང་དོར་མ་ནོར་བར་བྱའོ། །དེ་ལྟར་དགག་པའི་བསླབ་པ་འཆའ་བའི་རྒྱུ་མཚན་ནི། མངོན་མཐོ་ངེས་ལེགས་ཀྱི་གེགས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་དེའི་རྒྱུ་སྤོང་བའི་ཕྱིར་མི་ཚངས་སྤྱོད་སྤོང་བ་ལྟ་བུ་དང་། གཞན་མ་དད་པ་སྤོང་བའི་ཕྱིར་གནས་ངན་ལེན་བརྗོད་པ་དང་། མ་གུས་པ་སྤོང་བའི་ཕྱིར་མ་གུས་པའི་ཚུལ་དང་། བར་ཆད་དུ་འགྱུར་བ་སྤོང་བའི་ཕྱིར་མེ་རེག་དང་། རྟགས་ཉམས་པ་སྤོང་བའི་ཕྱིར་མུ་སྟེགས་ཀྱི་རྟགས་སྤོང་བར་བཅས་པ་ལྟ་བུ་སྟེ་ལྔ། སྒྲུབ་པ་ཡང་། མངོན་མཐོ་ངེས་ལེགས་ཀྱི་ལམ་གྱི་རང་བཞིན་ཡིན་བསླབ་པ་གསུམ་དང་། དེ་ལ་སྦྱོར་བས་དགེ་བའི་བཤེས་གཉེན་བསྟེན་པ་དང་། དེའི་གྲོགས་སུ་གྱུར་པ་གསོ་སྦྱོང་བྱ་བ་དང་། བཅས་པའི་ཐོ་འཚམས་བཟུང་བའི་ཕྱིར་དགེ་སྦྱོང་བརྟག་པའི་ཆོ་ག་ལྟ་བུ་བཞི། གནང་བའང་བྱས་མ་བྱས་ཁྱད་མེད་པས་ཕོར་བུར་ཟན་ཟ་བ་དང་། དགོས་པ་ཡོད་ཀྱང་སྒྲུབ་མི་ནུས་ནད་པས་ཆོས་མ་ཉན་ཡང་ཉེས་མེད་དང་། དགོས་པ་དང་སྒྲུབ་ནུས་ཡོད་ཀྱང་རང་བཞིན་གྱིས་དེ་ལ་འཇུག་པས་ནད་པ་ལ་ཕྱི་དྲོ་ཟ་བ་དང་། ཇི་ལྟར་བྱས་ཀྱང་ཁྱད་མེད་པས་གསོ་སྦྱོང་ཡོད་པའི་གནས་ནས་གནས་སུ་འགྲོ་བར་གནང་བ་ལྟ་བུ་བཞིའོ། །དགག་དགོས་དེ་དག་ཡུལ་དུས་ཀྱིས་ལོག་སྟེ་བྱུང་ན་བཅས་པ་ཡང་བཟློག་པར་འགྱུར་རོ། །ལྔ་པ་རྩོད་པ་ཞི་བྱེད་ལ་མདོར་བསྟན། སོ་སོར་བཤད། མཇུག་བསྡུ་བ་གསུམ་ལས་དང་པོ་ནི། ཚེ་དང་ལྡན་པ་དག འཁྲུགས་ལོང་གི་རྩོད་པ་ན་ཞི་བར་བྱེད་པའི་ཆོས་བདུན་པོ་འོག་ནས་འཆད་པ་འདི་དག་ནི། དུས་ཡར་ངོའི་ཟླ་ཕྱེད་དང་། མར་ངོའི་ཟླ་བ་ཕྱེད་ཅིང་མཐུན་པའི་གསོ་སྦྱོང་གི་ཚེ་སོ་སོར་ཐར་པའི་མདོ་འདོན་པ་ན་འདུལ་བ་འཛིན་པའི་ཁ་ལས་འབྱུང་ངོ་། །ཕུང་པོ་བདག་མེད་ལྟ་བུ་ཆོས་རྣམ་པར་བཞག་པ་དང་ཚུལ་ཁྲིམས་རྣམ་པར་བཞག་པའི་དངོས་པོ་ཆོས་དང་འདུལ་བ་དང་བསྟན་པ་དང་ལྟུང་བ་སྡེ་ལྔའི་དེ་བཞིན་ཉིད་ལ་བརྟེན་ནས་བདག་མེད་ཡིན་མ་ཡིན། ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་དང་ལྟུང་བ་ཡིན་མ་ཡིན་ཞེས་དང་། བླང་བ་དང་དོར་བ་དང་། སྦྱིན་པར་བྱ་བའམ་མི་བྱ་བ་དང་བསྐོ་བར་བྱ་བ་དང་མི་བྱ་བ་ལ་སོགས་པ་ལ་ཐ་དད་པ་གཉིས་སུ་འདྲེན་ཅིང་། ཡིན་ནོ་ཞེའམ་མ་ཡིན་ནོ་ཞེའམ། བྱས་སོ་ཞེའམ་མ་བྱས་སོ་ཞེས་སོགས་ལ་བརྟེན་ནས་འགྱེད་པའི་ཕྱིར་གྱི་རྩོད་པ་འབྱུང་ངོ་། །དགེ་སློང་ལྟུང་བ་འབྱིན་པ་ལ་གླེང་བ་པོ་གླེང་བ་ལ་མཁས་ཤིང་བློ་གསལ་ལ་གཟུ་བོར་གནས་པ་གསོལ་གཉིས་ཀྱིས་བསྐོས་ཏེ་དབེན་པར་དོང་ནས་སྐབས་ཕྱེ་མཐོང་ཐོས་དོགས་པའི་གཞི་བདེན་པས་གླེང་བ་ན། གླེང་བའི་སྐབས་མི་འབྱེད་ཅིང་ཁས་མི་ལེན་པ་ལ་གདམས་ངག་དང་ལུང་འབོག་པ་དང་། ལྷན་ཅིག་གཏམ་འདྲེ་བ་ལ་སོགས་པ་འཇོག་པར་བྱེད་སྤོང་བར་བྱེད་པ་ལ་བརྟེན་ནས་ཚིག་གི་རྗེས་སུ་སེམས་ཞུགས་ཏེ་མི་གདམས་པའི་ཕྱིར་གྱི་རྩོད་པ་འབྱུང་ངོ་། །ལྟུང་བ་སྡེ་ལྔ་ལས་དངོས་གཞི་དང་སྦྱོར་བ་ལ་སོགས་པའི་ཆ་གླེངས་བྱེད་ཀྱིས་གླེངས་པ་ན་དངོས་པོ་དང་ཡུལ་ཕྱོགས་དང་བསམ་པ་དང་སྦྱོར་བ་དང་ཆེ་གཞི་དང་བཅས་པ་དྲན་ཅིང་ཁས་བླངས་པ་དང་། ཁས་བླངས་པ་ལས་སླར་བརྗེད་དེ་ལྟུང་བ་མི་ཤེས་པ་དེ་ལྟ་བུ་ལས་མི་མཐུན་པའི་ཚིག་གི་རྗེས་སུ་ཞུགས་ཏེ་ལྟུང་བའི་ཕྱིར་རྩོད་པ་འབྱུང་ངོ་། །གསོལ་བ་དང་བརྗོད་པ་ལ་སོགས་པའི་ལས་གསོ་སྦྱོང་དང་དགག་དབྱེ་དང་བསྙེན་པར་རྫོགས་པ་ལ་སོགས་པ་ལ། དགེ་སློང་མཚམས་ནང་དེ་ན་གནས་ཤིང་ཁ་བསྐོང་བར་འོས་པས་ལུས་སམ་འདུན་པས་མི་འདུ་བ་དང་། འདུས་པ་ཤེས་པ་རང་བཞིན་དུ་གནས་ཤིང་སྤྱོད་ལམ་མ་ཉམས་ངག་བསྡམས་པ་འདུལ་བ་ཤེས་པ་ཞེ་འགྲས་མེད་པས་ལས་དེ་ལ་ཕྱིར་ཟློག་ཅིང་མཐུན་པ་མི་སྦྱིན་པ་ལ་བརྟེན་ནས་མི་མཐུན་པའི་ཚིག་གི་རྗེས་སུ་ཞུགས་ཏེ་བྱ་བའི་ཕྱིར་གྱི་རྩོད་པ་འབྱུང་ངོ་། །རྩོད་པ་ནི་དགྲ་བོས་མི་མཐུན་པའི་ཚིག་སྨྲས་པ་ལ་སེམས་གཞོལ་བས་མི་མཐུན་པར་གྱུར་པ་ཡིན་གྱི། སེམས་ཁྲོས་པ་ནི་མ་ཡིན་ལ། སླར་འཐབ་རྩོད་དང་འཚང་འདྲུ་བ་དང་། འགྱེད་པ་ལ་སོགས་པའང་དེ་དང་འབྲེལ་ཏེ་འབྱུང་བས་འཁོར་དུ་གཏོགས་པའོ། །རྩོད་པ་དང་པོ་ནི་མངོན་སུམ་གྱིས་འདུལ་བ་དང་གང་མང་གིས་ཞི་བར་བྱ། གཉིས་པ་ནི་དེ་གཉིས་དང་། དྲན་པ་དང་མ་མྱོས་པས་འདུལ་བས་ཞི་བར་བྱ། གསུམ་པ་ནི་ཁས་བླང་བ་དང་མངོན་སུམ་དང་། རྩ་བཀྲམ་པ་དང་ངོ་བོ་ཉིད་ཚོལ་བས་ཞི་བར་བྱ། བཞི་པ་ནི་ཞི་བྱེད་བདུན་པོ་ཐམས་ཅད་ཀྱི་ཅི་རིགས་པར་སྦྱར་ཏེ་ཞི་བར་བྱའོ། །གཉིས་པ་སོ་སོར་བཤད་པ་ནི། ཞི་བྱེད་བདུན་ལས་གླེང་བྱ་གླེང་བྱེད་རྗེས་འབྲངས་དང་བཅས་པ་གཟུ་བོ་མཚན་ཉིད་དང་ལྡན་པའི་མངོན་སུམ་དུ་འདུག་ནས་རྒོལ་ལན་གྱིས་གཏན་ལ་ཕབ་སྟེ་རྒྱུད་གཅིག་ཏུ་བྱེད་པ་ནི་མངོན་སུམ་གྱིས་འདུལ་བའོ། །དགེ་སློང་དྲན་ཤེས་བཞིན་དང་ལྡན་པ་ལ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་དྲན་པ་དང་ལྡན་ཞིང་ལྟུང་བ་མེད་པར་འཛིན་པ་ཉིད་སྦྱིན་ཞིང་། དེ་དག་ཅིང་ལྟུང་བ་མེད་པར་ཐམས་ཅད་ཀྱིས་ཤེས་ནས་རྒྱུད་གཅིག་ཏུ་གྱུར་པ་ནི་དྲན་པས་འདུལ་བའོ། །དགེ་སློང་མ་མྱོས་པ་ལ་སྔ་མ་བཞིན་བྱས་ཏེ། རང་བཞིན་དུ་ཤེས་ཤིང་ལྟུང་བ་མེད་པར་ཤེས་ནས་རྒྱུད་གཅིག་ཏུ་བྱེད་པ་ནི་མ་མྱོས་པས་འདུལ་བའོ། །དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པའི་རྩོད་པ་མངོན་སུམ་གྱིས་ཞི་བར་མ་ནུས་ན་རྒོལ་ཕྱིར་རྒོལ་གྱིས་གཅེས་པར་བཟུང་། དམ་དུ་བཟུང་བའི་རྩོད་པ་དེ་ཞི་བར་བྱ་བའི་ཕྱིར་ཚུལ་ཤིང་འབྲིམ་པའི་དགེ་སློང་བསྐོས་ཏེ་ཆོས་ཕྱོགས་དང་ཆོས་མིན་ཕྱོགས་ཀྱི་ཚུལ་ཤིང་ཆོ་ག་བཞིན་བྲིམས་ནས་གང་མང་བ་དེའི་ཕྱོགས་ལ་སྐྱོར་རྔོག་མི་བྱེད་པར་རྒྱུད་གཅིག་ཏུ་བྱེད་པ་ནི་གང་མང་གི་ཞི་བྱེད་དོ། །འདི་ནི་ཚུལ་ཁྲིམས་གཏན་ལ་འབེབས་པ་ལ་མི་འཇུག་གོ །ལྟུང་བའི་ཕྱིར་རྩོད་པ་ལ། དགེ་སློང་མང་པོ་འདུས་པ་དག་ཕན་ཚུན་དུ་ཁྱེད་ཅག་ལ་ལྟུང་བ་བྱུང་བ་དང་། ཁོ་བོ་ཅག་ལ་བྱུང་བ་གང་ཡིན་པ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་ཤིང་ཕྱིར་འཕྲོས་པར་སྤྲོའོ་ཞེས་ཁས་བླངས་ནས། མིང་རིས་སྨོས་ཏེ་ལྟུང་བའི་ངོ་བོ་ཤེས་ཤིང་གནང་བར་བྱས་པས་བློ་གཅིག་ཏུ་གྱུར་ཏེ། དཔེར་ན་རྩ་མང་པོ་བཀྲམ་པ་ཕན་ཚུན་མགོ་སྤྲད་དེ་འདྲེས་པར་གྱུར་པ་ལྟ་བུས་དགེ་འདུན་མཐའ་དག་དང་འབྲེལ་པའི་རྩོད་པ་ཞི་བར་བྱེད་པ་ནི་རྩ་བཀྲམ་པ་ལྟ་བུའོ། །ལྟུང་ཕྱིར་རྩོད་པ་ཕྱིར་འཕྲོས་པ་མེད་པ་གླེང་བྱ་གླེང་བྱེད་གཉིས་པོ་ཁོ་ན་ལ་གནས་པ་ནི་གླེང་བྱས་ལྟུང་བ་ཁས་བླངས་པ་ཉིད་ཀྱིས་རྒྱུད་གཅིག་ཏུ་བྱེད་པས་ཁས་བླངས་པས་ཞི་བའོ། །ཞི་བར་བྱེད་པའི་ཚུལ་ནི། རྩོད་པ་དང་པོ་ལ་ཚུལ་ཁྲིམས་གཏན་ལ་འབེབས་པའི་རྩོད་པ་འགྱེད་པ་གཉིས་པོ་ཞི་བར་མ་གྱུར་ན་ཚོགས་སར་ཕྱུང་སྟེ་མངོན་སུམ་གྱིས་ཞི་བར་བྱེད་ཆོས་གཏན་ལ་འབེབས་པ་ནི་ཚུལ་ཤིང་བྲིམས་ཏེ་ཆེས་མང་བའི་བློ་བསྟུན་ནས་གང་མང་གིས་ཞི་བར་བྱེད་དེ། དགེ་འདུན་གྱིས་གཟུ་བོ་མཚན་ཉིད་དང་ལྡན་པ་བསྐོས་ཏེ། དེས་མ་ཞི་ན་རྩོད་པ་དགེ་འདུན་ལ་དབུལ། དགེ་འདུན་གྱིས་མ་ཞི་ན། ཞི་བྱེད་གསལ་བ་བསྐོ། སྡེ་ཚན་དེས་མ་ཞི་ན། སྡེ་ཚན་དེ་རང་གི་ནང་ནས་གསལ་བའི་གསལ་བ་བསྐོ། དེས་མ་ཞི་ན་དང་པོ་གང་ནས་བླངས་པ་དེར་དབུལ། རྩོད་པ་དེ་དང་པོ་བླངས་པའི་ས་དེར་ཕྱིར་འོངས་པ་ན་དགེ་འདུན་གཞི་བོ་རྣམས་ཀྱིས་རྩོད་པ་སྦེད་པ་བསྐོ། དེས་གནས་བརྟན་དང་སོ་ཐར་དང་བཅས་པའི་དགེ་འདུན་ལ་སྔར་གྱི་ཇི་ལྟར་གྱུར་པ་བརྗོད་དེ་ཟླ་བ་གསུམ་དབུལ། མ་ཞི་ན་ཕྱིར་དབུལ། ཕུལ་བ་དེས་སྡེ་སྣོད་གསུམ་འཛིན་པ་ལ་སྔར་བྱུང་བརྗོད་དེ་ཟླ་དྲུག་དབུལ། དེས་མ་ནུས་ན་གནས་བརྟན་ཆེས་མཐུ་དང་ལྡན་སྟོབས་དང་ལྡན་པ་ལ་དུས་ཐུག་པ་མེད་པར་དབུལ། དེས་རིམ་གྱིས་མངོན་སུམ་གྱིས་འདུལ་བས་ཞི་བར་བྱའོ། །དེ་ཡང་དགེ་སློང་གཟུ་བོ་ཚོགས་པར་དབྱུང་བ། ཕྱོགས་གཉིས་ཀ་འདྲ་ཞིང་འཐབ་མོ་མི་སྐྱེད་པ། ངོ་ཚ་ཤེས་ཤིང་བསླབ་པ་འདོད་པ། འདུལ་བ་རྣམ་པར་ངེས་པ། རྩོད་པའི་རྒྱུ་དང་རང་བཞིན་དང་ནི་བྱེད་ལ་མཁས་པ། བརྟན་ཞིང་ཉེས་རྩོམ་མེད་པ། སྙོམས་པར་བརྡ་སྤྲོད་པ། འདུན་པ་དང་ཞེ་སྡང་དང་འཇིགས་པ་དང་གཏི་མུག་གིས་མི་འགྲོ་བ་དེ་ལྟ་བུ་གཅིག་གམ་གཉིས་ལ་སོགས་པ་རྩོད་པ་བྱུང་ངོ་ཅོག་ཐམས་ཅད་ཞི་བྱེད་དུ་གསོལ་གཉིས་ཀྱིས་བསྐོས་ཏེ། དེས་དུས་ཐམས་ཅད་དུ་ཞི་བར་བྱའོ། །རྩོད་པ་གཉིས་པ་ལ་གླེང་བའི་གཞི་ཁ་ན་མ་ཐོ་བ་དེ་ཡོད་པ་དང་མེད་པ་གཉིས་ལས་དང་པོ་ནི་མངོན་སུམ་དང་གང་མང་གིས་ཞི་བར་བྱའོ། །གཉིས་པ་ལ་གླེང་བའི་གཞི་གཏན་ནས་མེད་པ་དང་། ལྟུང་བྱེད་བྱུང་བ་ལ་ལྷག་མས་གླེང་པ་ལྟ་བུ་གཞི་གཞན་དང་། རང་ཉིད་ཀྱིས་ཕྱིར་འཆོས་པས་ཕྱིར་བཅོས་ལ་མི་ལྟོས་པ་དང་། སྨྱོ་བའི་དུས་སུ་བྱུང་བ་ཕྱིས་མ་མྱོས་པའི་ཚེ་གླེང་བ་བཞི་ལས། དང་པོ་གསུམ་ལ་དྲན་པས་འདུལ་བ་བྱིན་ཏེ། རང་གིས་གསོལ་བ་བཏབ་ལ་དགེ་འདུན་གྱི་གསོལ་བཞིས་སྦྱིན་ནོ། །བཞི་པ་ལ་མ་མྱོས་པས་འདུལ་བ་སྦྱིན་པས་ཞི་བར་བྱའོ། །རྩོད་པ་གསུམ་པ་ལ་རང་གི་ངོ་བོ་ཤེས་པ་དང་མི་ཤེས་པ་གཉིས་ལས་དང་པོ་ལ་གསུམ་གྱིས་ཕྱིར་འཕྲོས་པ་མེད་པ་ནི་ཁས་བླངས་པས་ཞི་བར་བྱ། ཕྱིར་འཕྲོས་པ་དང་བཅས་པ་ཕྱོགས་ཉི་ཚེ་བ་ཡོད་པ་ལ་མངོན་སུམ་གྱིས་ཞི་བར་བྱ། དགེ་འདུན་མཐའ་དག་དང་འབྲེལ་པ་ནི་རྩ་བཀྲམ་པ་ལྟ་བུས་ཞི་བར་བྱའོ། །རང་གི་ངོ་བོ་མི་ཤེས་པ་སྔར་ལྟུང་བ་ཁས་བླངས་ཤིང་ཕྱིས་རྗེད་པར་སྨྲ་བ་ལ་རེ་ཤིག་ལྟུང་བ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་ཅིང་། གཞི་དེ་ཉིད་ངེས་པར་འཛིན་པ་ལ་སྦྱར་བས་ཞི་བར་བྱའོ། །འདི་ནི་རང་གིས་གསོལ་བ་བཏབ་ནས་དགེ་འདུན་གྱིས་གསོལ་བཞིས་སྦྱིན་པར་བྱ་བ་ཡིན་ཞིང་། ཁྱད་དུ་བསད་པའི་ཆད་ལས་ནི་བསླབ་བྱིན་དང་སྤོ་བ་སྤྱོད་པའི་ཀུན་སྤྱོད་དང་འདྲའོ། །དེང་སང་འདུལ་བའི་གཞུང་ན་རང་གིས་གསོལ་བ་འདེབས་པའི་ཚིག་མེད་པས། འདུལ་འཛིན་ཁ་ཅིག་འདི་ནན་ཏུར་གྱི་ལས་ཡིན་ནོ་ཞེས་ཟེར་རོ། །ལྟུང་བ་གླེང་བ་པོ་ལུས་ངག་བསྡམས་པ། སྡེ་སྣོད་ཀྱི་དོན་ཤེས་པ། དགེ་འདུན་གྱི་ནང་དུ་ཆོས་དང་ཆོས་མིན་ཤེས་པའི་ཆོས་གསུམ་ལྡན་སེམས་མི་གཡོ་ཞིང་བརྟན་པ་དེ་དགེ་འདུན་གྱིས་བསྐོས་ལ། དེས་དབེན་པར་སོང་ནས་གླེང་བའི་སྐབས་ཕྱེ་སྟེ་ལྟུང་བ་གླེང་ངོ་། །སྐབས་མི་འབྱེད་ན་བརྗོད་བཅས་དང་། གདམས་ངག་དང་། གསོ་སྦྱོང་དང་དགག་དབྱེ་བཞག་པ་དང་ཕུར་བཅས་རྣམས་བྱའོ། །སྐབས་ཕྱེ་ནས་མི་དྲན་ན་ཡུལ་ཕྱོགས་དང་དུས་དང་དངོས་པོ་དང་། མཐོང་ཐོས་དོགས་པའི་གཞི་རྣམས་བརྗོད། དེ་ཁས་མི་ལེན་ན། གྲོགས་དང་བཅས་པ་ཡིན་ན་ཚིག་བསྟུན། བདེན་པ་མཐོང་པའམ། ཡོན་ཏན་ཆེས་མཆོག་དང་ལྡན་པའི་ཁྱིམ་པ་ཡང་རུང་སྟེ་ཆེ་གཞི་དབྱེ་བར་བྱ། ཆེ་གཞི་མཚན་ཉིད་དང་ལྡན་པས་ཁས་བླངས་ན། ཁས་བླངས་པ་ཉིད་ཡིན་པས་ཆོས་བཞིན་ཕྱིར་བཅོས་ཏེ་རྩོད་པ་ཞི་བར་བྱའོ། །ངོ་བོ་ཉིད་ཚོལ་བ་བྱིན་པས་ནི། ནམ་རྙེད་ཅིང་ཁས་བླངས་པ་ན་དགེ་འདུན་ལ་བཟོད་པར་གསོལ་ཞིང་རང་བཞིན་དུ་གནས་པར་འགྱུར་རོ། །ཁྱད་པར་བཤེས་གཉེན་ནི། ལྟུང་བ་ཁས་བླངས་ནས་སྙོན། སྙོན་ནས་ཁས་ལེན་པ་ལ་གང་མང་གི་ཞི་བྱེད་འཇུག་པར་བཞེད། རྩོད་པ་བཞི་པོ་ལ་ནི། ཞུ་བར་བཙུན་པ། རྩོད་པ་བཞི་པོ་དག་ཞི་བར་བྱེད་པ་བདུན་པོ་གང་ཡང་རུང་བས་ཞི་བར་བགྱི་རུང་ངམ། བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་ལ་མི་རུང་ངོ་ཞེས་དང་། ཞི་བ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ་ཞེས་འབྱུང་བས་དངོས་པོའི་དེ་བཞིན་ཉིད་ལ་ལོག་སྒྲུབ་ཀྱི་རྒྱུ་ལས་ལ་མཐུན་པ་མི་སྟེར་བ་ལ། མངོན་སུམ་དང་གང་མང་དང་གདམས་ངག་འཇོག་པས་དང་གཞན་སྤོང་བའི་རྒྱུ་ལས་ལ་མཐུན་པ་མི་སྦྱིན་པ་ལ། མངོན་སུམ། གང་མང་། དྲན་པ། མ་མྱོས་པས་འདུལ་བ་དང་། ལྟུང་བ་དང་བཅས་པའི་རྒྱུ་ལས་ལ་མཐུན་པ་མི་སྦྱིན་པ་ལ། ཁས་བླངས། མངོན་སུམ། ཙྭ་བཀྲམ། ངོ་བོ་ཉིད་ཚོལ་བ་སྦྱིན་པས་ཞི་བར་བྱ་སྟེ། རྩོད་པ་སྔ་མ་གསུམ་པོ་ལ་ཞི་བྱེད་གང་འཇུག་པ་དེ། དེ་དང་རྒྱུ་འདྲ་བ་ལས་བྱུང་བའི་ཕྱིར། དེ་ལ་བརྟེན་པའི་བྱ་བའི་ཕྱིར་གྱི་རྩོད་པ་ལའང་འཇུག་ཅིང་ཚུལ་དེ་ཉིད་ཀྱིས་ཞི་བར་བྱའོ། །དགེ་སློང་གི་རྩོད་པ་དགེ་སློང་གིས་དང་། བུད་མེད་ཀྱི་རྩོད་པ་སྐྱེས་པས་ཞི་བར་བྱ། རྩོད་བྱེད་གཉིས་ཀའམ་གང་རུང་ཤིའམ་ཉམས་སམ། ཡུལ་གཞན་དུ་སོང་ངམ། ནད་ཀྱིས་ཡུན་དུ་གཟིར་ན་རང་བཞིན་གྱིས་ཞི་བ་ཡིན་ནོ། །ཁ་སྐོང་དུ་མི་འོས་པ་ཚོགས་པར་དབྱུང་དུ་མི་རུང་ངོ་། །རྩོད་པ་བཞི་པོ་མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བའི་ཞི་བྱེད་སྦྱིན་ནོ། །རྩོད་པ་ཕྱི་མ་གསུམ་གྱི་དྲན་པས་འདུལ་བའི་ཞི་བྱེད་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །རྩོད་པ་གཉིས་པའི་མ་མྱོས་པས་འདུལ་བའི་ཞི་བྱེད་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ། །རྩོད་པ་དང་པོ་གཉིས་དང་བཞི་པའི་གང་མང་གིས་འདུལ་བར་འོས་པ་དེ་ལ་ཚུལ་ཁྲིམས་མང་པོས་འདུལ་བ་སྦྱིན་ནོ། །རྩོད་པ་གསུམ་པ་དང་བཞི་པའི་ངོ་བོ་ཉིད་ཚོལ་དུ་གཞུག་པས་ཞི་བར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་སྦྱིན་ནོ། །རྩོད་པ་ཕྱི་མ་གཉིས་ཀྱི་རྩྭ་རྣམས་བཀྲམ་པ་ལྟ་བུས་ཞི་བར་འོས་པ་ལ་རྩྭ་རྣམས་བཀྲམ་པ་ལྟ་བུ་སྦྱིན་ནོ། །རྩོད་པ་ཕྱི་མ་གཉིས་ཀྱི་ཁས་བླངས་པའི་ཞི་བྱེད་ཀྱིས་འདུལ་བར་འོས་པ་ལ་ཁས་བླངས་པའི་ཞི་བྱེད་སྦྱིན་པས་ཕན་ཚུན་རྒྱུད་གཅིག་ཏུ་བྱས་ཏེ་ཞི་བར་བྱའོ། །སྡེ་སྣོད་འཛིན་པ་འཁོར་མང་པོ་དང་ལྡན་པ་བསྐྲད་ནའང་དབྱེན་དང་མཐུན་པའི་ཉེས་པ་ཆེན་པོར་འགྱུར་རོ། །འཐབ་སྐྲོལ་ཅན་ལ་བསྐྲད་པར་བཤད་པ་ནི། དེས་སྡིགས་པའམ་ཞི་བའི་ཕྱིར་རེ་ཤིག་བསྐྲད་པ་ཡིན་གྱི། གཏན་ནས་སྐྲད་པར་བྱ་བ་མ་ཡིན་ཏེ། ཚུལ་ཁྲིམས་མ་ཉམས་པའི་ཕྱིར་རོ། །འདིར་དངོས་སུ་མ་གསུངས་ཀྱང་། འཐབ་སྐྲོལ་བྱེད་པ་ལ་སྡིགས་པ་དང་ལྷག་མའི་ལྟུང་བ་རྒྱུན་དུ་འབྱུང་བ་ལ་སྨད་པ་དང་། ཁྱིམ་སུན་འབྱིན་པ་ལ་བསྐྲད་པ་དང་། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་པ་སྟེ་ནན་ཏུར་བཞི་བྱ་བའི་ཚུལ་ཡང་ཤེས་པར་བྱའོ། །རྩོད་པ་ཞི་བར་བྱ་བའི་ཞི་བྱེད་ཀྱི་ཆོས་བདུན་པོ་འདི་དག་གིས་ཆོས་དང་མཐུན་པར་ཚུལ་བཞིན་དུ་ཞི་བ་དང་། ཉེས་པ་འདུལ་བའམ། དངོས་པོའི་གཞི་ལ་ལོག་པར་སྒྲུབ་པ་ནི་ཆོས་བཞིན་དང་། ཚུལ་ཁྲིམས་ལོག་པར་སྒྲུབ་པ་འདུལ་བ་བཞིན་དང་། རྩོད་པ་གཞན་ནི་སྟོན་པའི་བསྟན་པ་བཞིན་དུ་དང་པོར་འདུལ་བར་བྱ། བར་དུ་ཞི་བར་བྱ། མཐར་སླར་མི་ལྡང་བ་རྣམ་པར་ཞི་བར་བྱའོ། །གསུམ་པ་མཇུག་སྡུད་ནི་ཚེ་དང་ལྡན་པ་སོགས་ཏེ་ཁྱེད་དག་གམ་ཞེས་པ་ནི་འཐབ་པ་དང་འཚང་འདྲུ་བ་དང་མི་མཐུན་པ་མེད་དམ། རྩོད་པ་བྱུང་བ་དག་ཀྱང་ཚུལ་དང་མཐུན་པར་ཞིའམ་ཞེས་པའོ། །ལྔ་པ་མདོའི་མཇུག་བསྡུ་བ་ལ་གཞུང་རྒྱས་པའི་མཇུག་བསྡུ་བ་དང་། གསོ་སྦྱོང་མདོར་བསྡུས་པའི་མཚན་ཉིད་གཉིས་ལས་དང་པོ་ནི་སོ་སོ་ཐར་པ་གདོན་པར་བྱ་ཞེས་དམ་བཅས་པ་མཐར་ཕྱིན་པར་བསྟན་པས་ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཕྱིར། ཚེ་དང་ལྡན་པ་དག་འདོན་པ་བདག་གིས་སོ་སོར་ཐར་པའི་མདོ་འདོན་པ་ལྔའི་གླེང་གཞི་ཡང་བསྟན་ཟིན་ཏོ། །ཕམ་པར་འགྱུར་བའི་ཆོས་བཞི་འཁོར་བའི་རྩ་བ་འདོད་པ་ལ་སྲེད་པར་འགྱུར་བ་མི་ཚངས་སྤྱོད་དང་། དེ་ལ་མཁོ་བའི་ལོངས་སྤྱོད་ཚོལ་བས་རྐུ་བ་དང་། དེའི་ཉེས་དམིགས་སུ་གྱུར་པ་གསོད་པ་དང་། དེ་ལ་མི་བདེན་པར་སྨྲ་བ་སྔོན་བྱུང་བའི་རིམ་པ་བཞིན་བརྗོད་དེ་བསྟན་ཟིན་ཏོ། དགེ་འདུན་ལྷག་མར་གྱུར་པའི་ཆོས་ཆད་ལས་འབྲིང་གིས་ལྡང་བའི་ལྟུང་བ་བཅུ་གསུམ་པོ་ཡང་བསྟན་ཟིན་ཏོ། །ཕམ་ལྷག་ལྟུང་བྱེད་གང་དུ་འདུ་བར་རེ་ཤིག་མ་ངེས་པའི་ཆོས་གཉིས་ཀྱང་བསྟན་ཟིན་ཏོ། །ཆད་ལས་ཆུང་ངུས་ལྡང་བ་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ཆད་ལས་མེད་པར་ལྡང་བ་ལྟུང་བྱེད་འབའ་ཞིག་གི་ཆོས་དགུ་བཅུ་དང་། འཆབ་པ་མེད་ཀྱང་འཐོལ་བའི་ཚུལ་གྱིས་སྔོན་དུ་སོ་སོར་བཤགས་པར་བྱ་བ་ཕྱིར་བཅོས་ཀྱི་ཆའི་མིང་གིས་བཏགས་པའི་ཆོས་བཞི་དང་། འཇིག་རྟེན་དང་འདུལ་བ་དང་མཐུན་པར་བསླབ་པར་བྱ་བའི་ཆོས་མང་པོ་བརྒྱ་རྩ་བཅུ་གཉིས་དངོས་སུ་བསྟན་ཅིང་། དེས་མཚོན་ནས་སྐྲ་བ་ལང་གི་སྤུ་འདྲ་བར་མི་བྲེག་པ་ལ་སོགས་པ་ཤིན་ཏུ་མང་པོ་དང་། རྩོད་པ་བཞི་པོ་ཞི་བར་བྱེད་པའི་ཆོས་བདུན་ཡང་རིལ་གྱིས་རྫོགས་པར་བསྟན་ཟིན་ཏོ། །བདུད་བཞི་བཅོམ་པ་ལེགས་པ་དྲུག་དང་ལྡན་པ་འཇིག་རྟེན་ལས་འདས་པ་དེ་བཞིན་ཉིད་ཡང་དག་པར་མཁྱེན་པའམ། སྔོན་གྱི་རྒྱལ་བ་རྣམས་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པ་ཉོན་མོངས་པ་དང་མི་ཤེས་པའི་དགྲ་བཅོམ་པ་ཤེས་བྱ་ཐམས་ཅད་མ་ནོར་བར་ཡང་དག་པར་ཐུགས་སུ་ཆུད་པས་རྫོགས་པའི་སངས་རྒྱས་དེའི་འདུལ་བའི་སྡེ་སྣོད་སྤྱིའི་མདོར་གཏོགས་ཤིང་ཚིག་ཏུ་འདུས་པས་དང་། སོ་སོར་ཐར་པའི་མདོར་བསྡུས་པ་ནི་དོན་འདུས་པ་ཕམ་པ་དང་ལྷག་མ་དང་ལྟུང་བྱེད་དང་སོར་བཤགས་དང་བསླབ་བྱ་སྟེ་ལྟུང་བ་སྡེ་ལྔ་པོ་འདི་དག་དང་རྩོད་པ་ཞི་བྱེད་དག་གོ །གང་སྡེ་སྣོད་གསུམ་གྱི་གཞུང་གཞན་ནས་གཞི་དང་ཕྲན་ཚེགས་སོགས་ལས་འབྱུང་བའི་མྱ་ངན་ལས་འདས་པའི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་དེ་ཐོབ་པའི་ཐབས་སུ་གྱུར་པ་དེ་དག་ལའང་ཁྱེད་རྣམས་སྦྱོར་བའི་སྒོ་ནས་སྤྱོད་པ་མཐུན་པས་བསྡུས་པ་དང་། དངོས་བཞིའི་སྒོ་ནས་ལྟ་བ་མཐུན་པས་དང་། མཇུག་ཡོན་ཏན་བརྗོད་པས་དགའ་བ་དང་། ཆོས་དང་འཚོ་བ་མཐུན་པས་མི་རྩོད་པར་འཇིག་རྟེན་དང་མི་འགལ་ཞིང་མངོན་མཐོའི་ལམ་ཚུལ་ཁྲིམས་ཀྱི་རྒྱུ་ལ་ནན་ཏན་བྱེད་པས་སེམས་ཀུན་ཏུ་བསྲུང་བ་དང་། འདུལ་བ་དང་མི་འགལ་བར་དྲན་པ་དང་བག་ཡོད་པས་ངེས་ལེགས་ཀྱི་ལམ་ལ་ནན་ཏན་བྱས་ཏེ་ངེས་འབྱུང་ཚུལ་ཁྲིམས་ཀྱི་འབྲས་བུ་མངོན་དུ་བྱ་བ་ལ་རྣལ་འབྱོར་དུ་བྱའོ། །གཉིས་པ་ལ་སངས་རྒྱས་བདུན་གྱི་གསོ་སྦྱོང་བཤད་པ་དང་། མདོ་དོན་བསྡུས་ཏེ་སྒྲུབ་པར་གདམས་པ། མདོ་བཏོན་པའི་དགེ་བ་བསྔོ་བ་གསུམ་ལས། དང་པོ་སོ་སོར་བཤད་པ་དང་ཐུན་མོང་དུ་བཤད་པ་གཉིས་ཀྱི་དང་པོ། བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་སྔོན་རོལ་ཚེ་ལོ་བརྒྱད་ཁྲི་པ་ལ་སངས་རྒྱས་རྣམ་གཟིགས་བྱོན་ཏེ། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ཞིང་ཆོས་ལ་དགའ་བའི་སྲེད་པ་དང་། ཆོས་མིན་སྤྱོད་པ་ལ་འཚེ་བ་ཙམ་ཡོད་པས་དེ་སྤོང་བའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་མདོ་འདོན་པ་ནི། གཞན་གྱི་ཉེས་པ་རང་གིས་དང་དུ་ལེན་ཅིང་། ཞེ་སྡང་མེད་པའི་བཟོད་པ་དེ་ནི། དཀའ་ཐུབ་དྲག་པོ་དང་ངན་པ་ལ་ཞེན་པའི་གཉེན་པོ་བྱེད་པའམ། སེམས་སྦྱོང་ཞིང་སྙིང་རྗེ་བསྐྱེད་པས་དཀའ་ཐུབ་དམ་པའོ། །སྡུག་བསྔལ་བདེན་པའི་རྣམ་པ་མི་རྟག་སྡུག་བསྔལ་སྟོང་བདག་མེད་མངོན་དུ་གྱུར་པ་ལ་མི་སྐྲག་པའི་ཆོས་ཤེས་པའི་བཟོད་པ་དེ་སྔོན་དུ་བཏང་བའི་མྱ་ངན་ལས་འདས་པ་དེ་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་དང་། མུ་སྟེགས་བྱེད་དག་གི་ཐར་པ་རློམ་པ་དེ་ལས་མཆོག་ཡིན་ཞེས་སངས་རྒྱས་ཀྱིས་བསྔགས་ཤིང་གསུངས་ཏེ་གཏན་དུ་ཕན་པ་དང་ཞི་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་བཟོད་པ་དེ་དཀའ་ཐུབ་དམ་པ་ཡིན་ཞེ་ན། གཞན་གྱི་ལུས་སེམས་གདུང་ཞིང་སྡུག་བསྔལ་བར་བྱེད་པའི་དཀའ་ཐུབ་དམན་པའམ། རབ་ཏུ་བྱུང་བ་གང་ཟག་གཞན་ལ་ཡིད་ཀྱིས་གནོད་སེམས་བྱེད་པ་དང་། གཞན་ལ་ལུས་ངག་གིས་དངོས་སུ་འཚེ་བར་བྱེད་པ་ནི། ཞི་ཞིང་དུལ་བ་དང་བྲལ་བའི་ཕྱིར་ཡང་དག་པའི་དགེ་སྦྱོང་མ་ཡིན་ནོ། །དེ་ལྟར་ན་མྱ་ངན་ལས་འདའ་བའི་ཐབས་སུ་གྱུར་པའི་བཟོད་པ་བསྟེན་པར་བྱའོ་ཞེས་གདམས་སོ། །ཚེ་ལོ་བདུན་ཁྲིའི་དུས་སུ་འདྲེན་པ་གཙུག་ཏོར་ཅན་གྱི་ཉན་ཐོས་ནི་གཞན་གྱི་ཉེས་པ་སྒྲོགས་པ་ཙམ་ཡོད་པས་དེའི་གཉེན་པོར། དཔེར་ན་མིག་དང་ལྡན་པ་འགྲོ་བའི་བྱ་བ་ལ་མཐུ་ཡོད་པ་ཡིས་ངམ་འབྲོག་དང་གཡང་ས་ཉམ་ང་བའི་གནས་དག་སྤོང་བ་ཇི་ལྟ་བ་བཞིན་དུ། ཤེས་རབ་ཀྱི་མིག་དང་ལྡན་པའི་མཁས་པས་འཚོ་ཞིང་གསོན་པ་འཇིག་རྟེན་འཁོར་བ་འདིར་ངན་སོང་གི་གཡང་ཉམ་ང་བར་ལྟུང་བའི་རྒྱུ་སྡིག་པའི་ལས་ནི་ཡོངས་སུ་སྤོང་བར་བྱེད་དོ། །ཇི་ལྟར་སྤོང་ཞེ་ན། ཚུལ་ཁྲིམས་འཆལ་པའོ་ཞེས་སོགས་བདེན་པའམ་བརྫུན་པས་སྐུར་པ་མ་བཏབ། བརྡེག་པ་དང་ཚིག་རྩུབ་སོགས་གནོད་པ་མི་བྱ། སྤོང་བདུན་འཁོར་དང་བཅས་པའི་སོ་སོར་ཐར་པས་སྒོ་གསུམ་བསྡམ་པར་བྱ་ཞེས་ཚུལ་ཁྲིམས་བསྟན། ཡང་ན། མཐའ་གཉིས་སྤངས་པའི་སྤྱོད་ལམ་གྱིས་སོ། །འང་ཞེས་པ་སྔ་ཕྱི་བསྡུད་འོ། །ཟས་རུང་བ་ལ་ལུས་ལྕི་བ་དང་སྨྱ་བར་མི་འགྱུར་བ་ཙམ་དུ་ལེན་པ་དང་ཟ་བའི་ཚོད་རིག་པར་བྱ། གྲོང་དང་འདུ་འཛི་བས་ཤིང་ཟད་པའི་མཐའ་ནགས་ཁྲོད་ལ་སོགས་པ་ཞི་གནས་དང་མཐུན་པའི་གནས་སུ་གནས་པར་བྱ། འདོད་ཆགས་དང་གཏི་མུག་སེལ་བ་ཟག་བཅས་ཟག་མེད་ཀྱི་བསམ་གཏན་དང་ལྡན་པས་ལྷག་པའི་ཤེས་རབ་སྦྱོང་བར་བྱེད་པ་ནི་ལྷག་པའི་སེམས་ལ་ཡང་དག་པར་སྦྱོར་བ་སྟེ་ཚོགས་ཀྱི་ལམ་དང་བཅས་པའི་བསླབ་པ་གསུམ་པོ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ། །ཚེ་ལོ་དྲུག་ཁྲིའི་དུས་སུ་རྒྱལ་བ་ཐམས་ཅད་སྐྱོབ་ཀྱི་ཉན་ཐོས་རྣམས་ལ་ཁྱིམ་པ་དང་འགྲོགས་པར་དགའ་བ་ཙམ་ཡོད་པས་དེའི་གཉེན་པོར་ཇི་ལྟར་ཏེ་དཔེར་ན་སྲོག་ཆགས་བུང་བ་སྦྲང་རྩི་བྱེད་པ་རྣམས་མེ་ཏོག་ལས་ཁ་དོག་དང་དྲི་བཟང་པོ་ལ་མི་གནོད་པར་ཁུ་བའི་བཅུད་བཞིབས་ནས་འཕུར་བ་ལྟར། དེ་བཞིན་ཐུབ་པ་རབ་ཏུ་བྱུང་བ་རྣམས་ཀྱང་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་ཏིང་ངེ་འཛིན་གྱི་ཁ་དོག་དང་ཚུལ་ཁྲིམས་ཀྱི་དྲི་ལ་མི་གནོད་པར་ཁུ་བ་ལྟ་བུའི་ཟས་བླངས་ཏེ་འགྲོ་བར་བྱའོ། །ཡང་ན་བུང་བ། མེ་ཏོག ཁ་དོག དྲི། མི་གནོད་པ་ཁུ་བ་བཞིབས་པ། འཕུར་བ་དང་དཔེ་བདུན་གྱིས་དགེ་སློང་། གྲོང་ཁྱེར། ཚུལ་ཁྲིམས། ཏིང་འཛིན། མི་ཉམས་པ། བསོད་སྙོམས་སླང་བ། དགོན་པར་འགྲོ་བ་སྟེ། རྙེད་བཀུར་དང་འདུ་འཛི་ལ་མི་ཆགས་པར་བྱ་དགོས་ཏེ་མང་དུ་ཐོས་ཀྱང་མི་བརྟན་པས་བག་བྱ་དགོས་པའོ། །ཞེས་རྒྱུན་མཆན་དུའོ། །ཚེ་ལོ་བཞི་ཁྲིའི་དུས་བཅོམ་ལྡན་འདས་འཁོར་བ་འཇིག་གི་ཉན་ཐོས་རྣམས་གཞན་གྱི་སྐྱོན་ལ་རྟོག་པས་དེའི་གཉེན་པོར་བདག་ཉིད་ཀྱིས་རིག་པ་ཡོན་ཏན་དང་མི་རིགས་པ་སྐྱོན་ལ་བརྟགས་ནས་བླང་དོར་བྱས་ཏེ། གང་ཟག་གཞན་རྣམས་ཀྱི་མི་མཐུན་མི་རིགས་པ་ཐོས་པ་དང་འབྲེལ་བའི་སྐྱོན་དང་། གཞན་དག་གི་ཚུལ་ཁྲིམས་ཀྱི་སྐྱོན་བྱ་བར་འོས་མི་འོས་བྱས་དང་མ་བྱས་རྣམས་ལ་བརྟག་པར་བྱ་བ་མ་ཡིན་ཏེ། ཆགས་སྡང་དུ་འགྱུར་བའི་ཕྱིར་རོ། །ཚེ་ལོ་སུམ་ཁྲིའི་ཚེ་ཀུན་མཁྱེན་གསེར་ཐུབ་ཀྱི་ཉན་ཐོས་རྣམས་སྲེད་པ་དང་བཅས་པའི་བསམ་གཏན་སྒོམ་པ་ཙམ་ཡོད་པས་དེའི་གཉེན་པོར་ལྷག་པའི་སེམས་ཀྱི་བསླབ་པ་བསམ་གཏན་བཞི་ལ་བག་ཡོད་པར་བྱས་ཏེ་ཚོར་བ་ལ་རོ་མྱང་བར་མི་བྱ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་གསུངས་པ་ཉོན་མོངས་པའི་ས་བོན་ཐུབ་ཅིང་སྤོང་བའི་ལམ་བདེན་པ་བཞི་ནི་ཐུབ་པའི་ཡོན་ཏན་བསྐྱེད་པའི་གཞི་ཡིན་པས་དེ་རྣམས་ལ་བསླབ་པར་བྱའོ། །དེ་ལ་བསླབ་པས་ཅིར་འགྱུར་ཞེ་ན། མཉམ་པར་བཞག་པས་ལུས་ངག་བསྡམས་ཤིང་ཉེ་བར་ཞི་བ་དང་རྟག་ཏུ་མི་བརྗེད་པའི་དྲན་པ་ཉེར་བཞག་བཞི་དང་ལྡན་པ་ཡིས་སེམས་ཉོན་མོངས་ལས་སྐྱོབ་པར་བྱེད་ཅིང་བསྲུང་བས་མྱ་ངན་དང་སྡུག་བསྔལ་སླར་འབྱུང་བ་མེད་པའི་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་བ་ཡིན་ནོ། །ཚེ་ལོ་ཉི་ཁྲིའི་དུས་སུ་སྐྱོབ་པ་འོད་སྲུང་གི་ཉན་ཐོས་རྣམས་སྦྱིན་པ་ལ་མི་གུས་པ་དང་དགྲ་མང་བར་འཛིན་པ་ཙམ་ཡོད་པས་དེའི་གཉེན་པོར་སྦྱིན་པ་ལེགས་པར་གཏོང་བས་ནི་འབྲས་བུ་ལོངས་སྤྱོད་འབྱོར་པ་དང་ལྡན་པའི་བསོད་ནམས་རབ་ཏུ་འཕེལ་བར་འགྱུར་ལ། ཚུལ་ཁྲིམས་ལེགས་པར་བསྡམས་པས་དགྲ་དང་རྩོད་པ་སོགས་མི་འབྱུང་སྟེ། དགྲ་འབྱུང་བའི་རྒྱུ་གསོད་པ་དང་རྐུ་བ་དང་བུད་མེད་བསྟེན་པ་སྤངས་པའི་ཕྱིར་རོ། །དགེ་བ་བསམ་གཏན་བཞིའི་ཏིང་ངེ་འཛིན་དང་ལྡན་པས་འདོད་ཁམས་ཀྱི་ཁོང་ཁྲོ་ཕྲག་དོག་སོགས་རྣམ་སྨིན་མི་འདོད་པ་འབྱུང་བའི་རྒྱུ་སྡིག་པ་རྣམས་སྤོང་ཞིང་འཕགས་ལམ་གྱིས་ཉོན་མོངས་ཟད་པར་བྱས་པས་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདའོ། །སྦྱིན་པ་དང་ཚུལ་ཁྲིམས་སྒོམ་པ་ལས་བྱུང་བའི་བསོད་ནམས་ཀྱིས་མྱང་འདས་ཐོབ་པར་བསྟན་ལ། སྦྱིན་པ་ནི་འཁོར་བའི་ཕུན་ཚོགས་ཀྱི་རྒྱུ་སྟེ། དེ་ལ་སྨད་ན་དགྲ་མང་བར་འགྱུར་བས་སྤང་བར་བྱའོ། །ཁྱད་པར་བཤེས་གཉེན་གྱི་འགྲེལ་པར་ཚིགས་བཅད་འདི་མི་འབྱུང་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱི་གསོ་སྦྱོང་སྦྱོར་ཚུལ་ཡང་མི་འདྲ་བར་བཤད་དོ། །སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཆུ་བུར་མ་བྱུང་གོང་དུ་གསོ་སྦྱོང་ཚིགས་བཅད་ཕྱེད་བཅས་གསུམ་པོ་འདི་ཟླ་བ་ཕྱེད་ཕྱེད་ཅིང་འདོན་ཏེ། སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་ཏེ། འདོད་པའི་ཁམས་ཀྱི་ཉེས་སྤྱོད་སྡོམ་པའི་ཕྱིར་རོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཞེས་པས་ཤེས་རབ་ཀྱི་བསླབ་པ་སྟེ། ཤེས་རབ་ཀྱིས་ཉོན་མོངས་སྤངས་པ་ནི་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་རོ། །རང་གི་སེམས་ནི་ཡོངས་སུ་གདུལ། །ཞེས་པས་སེམས་ཀྱི་བསླབ་པ་སྟེ། མཉམ་པར་གཞག་པས་སེམས་ཞི་ཞིང་དུལ་བར་འགྱུར་བའི་ཕྱིར་རོ། །ཡང་ན་རང་གི་སེམས་གདུལ་བར་བྱ་ཞེས་སྨོས་ནས། ཇི་ལྟར་ཞེ་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཅིང་སྒྲུབ་པའོ། །ཅིའི་ཕྱིར་ཞེ་ན། སྡིག་པ་ཅི་ཡང་མི་བྱ་བར་སྡོམ་པའི་ཕྱིར་རོ། །ཡང་ན་ལུས་ཀྱིས་སྡིག་པ་མི་དགེ་བ་གསུམ་པོ་གང་ཡང་མི་བྱ་ཞིང་། མཁས་པས་བསྙེན་པར་རྫོགས་པར་བྱ་ཞེས་པས་མཁས་པ་ཤེས་རབ་དང་ལྡན་པས་ངག་གི་མི་དགེ་བ་བཞི་སྤངས་ནས་བསྙེན་པར་རྫོགས་པ་སྟེ་དགེ་བ་ཡོངས་སུ་རྫོགས་ཤིང་དག་པར་བྱ། རང་གི་སེམས་ནི་ཡིད་ཀྱི་མི་དགེ་བ་གསུམ་སྤངས་ཏེ་ཡོངས་སུ་གདུལ་ལོ་བསླབ་པ་གསུམ་མམ་བླང་དོར་ལེགས་པར་བྱས་ཏེ་སེམས་འདུལ་བ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཉེས་པ་ལ་མིག་ཕྱེ་བའི་གཉེན་པོར་གསུངས་སོ། །ཉེས་པའི་གཉེན་པོ་བསྟེན་པ་ནི་ལུས་ཀྱི་སྡོམ་པས་བསྡམས་ཤིང་ཉེས་པ་མི་བྱེད་པ་ནི་ལེགས་པ་མཛེས་ཤིང་བཟང་བ་སྟེ། ངག་གིས་ཉེས་པ་མི་བྱེད་པར་སྡོམ་པའང་ལེགས་པ་ཡིན། ལུས་ངག་གི་སྤོང་བ་བདུན་གྱི་ཀུན་སློང་ཡིད་ཀྱིས་སྡིག་ལྟུང་ལ་འཇུག་པའི་སེམས་སྡོམ་ཞིང་སྤོང་སེམས་དང་ལྡན་པ་ལེགས་པ་སྟེ། ཡུལ་དུས་གནས་སྐབས་ཐམས་ཅད་དུ་སྒོ་གསུམ་སྡོམ་པས་བསྡམས་པ་ནི་ལེགས། ཅིའི་ཕྱིར་ཞེ་ན། དུས་ཀུན་ཏུ་དྲན་པ་མི་བརྗེད་པར་སྡོམ་པའི་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་སྡུག་བསྔལ་གསུམ་དང་བརྒྱད་པོ་ཀུན་ལས་ངེས་པར་རབ་ཏུ་གྲོལ་བའི་རྣམ་གྲོལ་གྱི་གོ་འཕང་འཐོབ་པར་འགྱུར་བའི་ཕྱིར། ཚུལ་ཁྲིམས་ཀྱི་བྱེད་འབྲས་དང་བྲལ་འབྲས་བསྟན་ཏོ། །ཚུལ་ཁྲིམས་ཀྱིས་གྲོལ་བར་འགྱུར་བ་ཅིའི་ཕྱིར་ཞེ་ན། ངག་གིས་གཞན་གྱི་ཉེས་པ་གླེང་པ་ལ་སོགས་པ་རྣམས་བསྲུངས་ཤིང་། ཡིད་ཀྱིས་ཚུལ་མིན་ཡིད་བྱེད་རབ་ཏུ་བསྡམས་ཏེ། ལུས་ཀྱིས་སྤྱོད་ཡུལ་མ་ཡིན་པ་རྒྱལ་པོའི་ཕོ་བྲང་ཆང་འཚོང་སྨད་འཚོང་རིགས་ངན་རོལ་མོའི་ཁྱིམ་སྟེ་ལྔ་རུ་འཇུག་པ་སོགས་སམ། སྒོ་གསུམ་གྱི་མི་དགེ་བ་བཅུ་པོ་དག་མི་བྱེད་ཅིང་སྒོ་གསུམ་གྱི་ལས་ཀྱི་འདུ་བྱེད་ངན་སོང་དང་འཁོར་བའི་ལམ་བཅུའམ་གསུམ་པོ་འདི་དག་རབ་ཏུ་སྦྱངས་ཤིང་དྲི་མ་མེད་པར་བྱས་ན། སྐུ་གསུང་ཐུགས་དྲང་པོར་སྲོང་བ་བཅོམ་ལྡན་འདས་ཀྱིས་གསུངས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱི་འབྲས་བུ་ཟུང་བཞིའམ་རྫོགས་པའི་སངས་རྒྱས་ནི་མྱུར་དུ་འཐོབ་པར་འགྱུར་རོ། །ཐུན་མོང་དུ་མཇུག་བསྡུས་ཏེ་བཤད་པ་ནི། སངས་རྒྱས་རྣམ་པར་གཟིགས་དང་། སངས་རྒྱས་ཞེས་པ་ཀུན་ལ་སྦྱར་རོ། །གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་ལོག་དད་སེལ་གཉིས་རྣམ་གྲངས་ཡིན། གསེར་ཐུབ་དང་། འོད་སྲུང་དང་། སངས་རྒྱས་ཤཱཀྱ་ཐུབ་པ་གོའུ་ཏམ་ཞེས་ཁྱིམ་པ་དང་རབ་བྱུང་གི་ཕྱོགས་གཉིས་ཀའི་ཡོན་ཏན་སྨོས་སོ། །འཇིག་རྟེན་པའི་ལྷ་ཡི་ཡང་ལྷ་ཡིན་ཏེ། ཤཱཀྱ་རྣམས་ཀྱི་ལྷ་དང་ཚངས་པ་བརྒྱ་བྱིན་སོགས་ཀྱིས་ཕྱག་བྱས་པའི་ཕྱིར་དང་རྣམ་པར་གྲོལ་བའི་ལྷ་ཡང་ཡིན་ནོ། །སྙིགས་མ་ལྔའི་དུས་སུ་མིས་མཚོན་པའི་འགྲོ་བ་གདུལ་དཀའ་བ་རྟ་རྨུ་རྒོད་དང་འདྲ་བ་དག་འཇམ་པོ་དང་རྩུབ་མོ་ཇི་ལྟར་འོས་པས་འདུལ་ཞིང་ཡང་དག་པའི་ལམ་དུ་འཇུག་པས་ཁ་ལོ་བསྒྱུར་བ་བླ་ན་མེད་པའོ། །འཇིག་རྟེན་ཁམས་གསུམ་གྱི་མགོན་པོ་ཕན་པ་དཔག་ཏུ་མེད་པ་ཆོས་ཐམས་ཅད་ལ་མངའ་བརྙེས་པས་གདུལ་བྱ་དུས་ལས་མ་ཡོལ་བར་སྐྱོབ་པའི་མཆོག་རྗེས་སུ་མཐུན་པའི་ཕན་པ་མཛད་པས་གཙོ་བོ་ཡེ་ཤེས་ལ་སོགས་པས་འགྲོ་བ་ཀུན་ལས་དཔའ་བོར་གྱུར་པ་སངས་རྒྱས་ནི་ཉོན་མོངས་དང་བདུད་ཀྱི་དགྲ་ཆོམས་པར་གྱུར་པ་བསྐལ་བཟང་གི་འདྲེན་པ་སྟོང་རྩ་བདུན་འབྱུང་བའི་གཤེགས་ཟིན་པ་བདུན་ཏེ་སྟོང་ནི་ད་གདོད་འབྱུང་ངོ་ཞེས་མི་བརྗེད་དྲན་བྱེད་དུ་བཤད་འདུག་གོ །དེ་རྣམས་སྙན་པའི་གྲགས་པ་དང་ལྡན་པའོ། །བདུན་པོ་དེ་རྣམས་ཀྱི་སོ་སོར་ཐར་པའི་མདོ་འདི་ནི་ཚིག་ཉུང་ཡང་དོན་ཀུན་འདིར་འདུས་པས་རབ་ཏུ་རྒྱས་པར་བསྟན་ཏོ། །ཡང་ན་དང་པོར་བྱ་བ་དང་གསོལ་བ་བྱས་ནས་འདོན་པ་ལྔ་རྒྱས་པར་སྟོན་ཞེས་སྦྱར་རོ། །སངས་རྒྱས་བདུན་གྱི་སོ་སོར་ཐར་པ་འདི་ལ་སངས་རྒྱས་རྣམས་དང་གང་ཡང་སངས་རྒྱས་བདུན་པོ་དེ་རྣམས་ཀྱི་ཉན་ཐོས་རྣམས་ཀྱང་བསྲུང་ཞིང་གུས་པ་དང་བཅས་སོ། །སོ་སོ་ཐར་པ་འདི་ལ་གུས་པ་དང་བཅས་པས་ཚུལ་ཁྲིམས་ལ་ནན་ཏན་གྱིས་བསྲུང་བར་གྱུར་པས་འདུས་མ་བྱས་རྒྱུ་ལམ་བདེན་དང་འབྲས་བུ་འགོག་པའི་བདེན་པ་དང་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག ཚིགས་བཅད་གསུམ་པོ་འདི་བཀའ་སྡུད་པ་པོས་བྱས་ཞེས་བི་མ་ལས་གསུངས། གཉིས་པ་མདོ་དོན་བསྡུས་ཏེ་བསྒྲུབ་པར་གདམས་པ་ནི། བརྩམ་པར་བྱ་བ་སོགས་ཚིགས་བཅད་གཉིས་དང་གང་གི་ཕྱིར་ཞེས་སོགས་བསྡུད་པ་པོས་བྱས་ཞེས་ཁྱད་པར་བཤེས་གཉེན་གསུང་། དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་པ་དང་རབ་ཏུ་འབྱུང་བར་བརྩམ་པར་བྱ་ཞིང་། རབ་ཏུ་དབྱུང་བར་བྱ་བའམ། བྱུང་ནས་འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར་གྲོང་ནས་དགོན་པ་ལ་སོགས་དབེན་པར་སོང་སྟེ་ཐོས་པའི་དོན་བསམ་པར་བྱ། སངས་རྒྱས་ཀྱིས་བསྟན་པ་འཕགས་པའི་བདེན་པ་བཞི་སྒོམ་པ་ལ་འཇུག་ཅིང་མཐོང་ལམ་བསྐྱེད་པར་བྱ། ཉམས་ཆུང་བ་འདམ་བུའི་ཁྱིམ་ལ་གླང་ཆེན་སྟོབས་ལྡན་གྱིས་བཅོམ་པ་བཞིན་དུ། སྲོག་འཕྲོག་པའི་འཆི་བདག་ནི་འཆི་བ་སྟེ། སྐྱེ་བ་རྒ་བ་ན་བ་དང་། སྲེད་པ་དང་ལེན་པ་ལ་སོགས་པའི་སྡེ་འཁོར་དང་བཅས་པ་ནི་བདེན་བཞི་སྒོམ་པའི་སྟོབས་ཀྱིས་གཞོམ་པར་བྱ་སྟེ་གྱིས་ཤིག་ཅེས་པའོ། །ཚིགས་བཅད་འདི་ཉེ་བར་འཁོར་གྱིས་བྱས་ཞེས་དྲན་བྱེད་དུ་བཤད་དོ། །སྐྱེ་བོ་དགེ་བ་ཅན་གང་ཞིག ཉོན་མོངས་པ་ལ་རབ་ཏུ་བསྒྲིམས་ཏེ་བག་ཡོད་པར་ཆོས་འཕགས་ལམ་ཡན་ལག་བརྒྱད་སྒྲུབ་པའི་འདུལ་བའམ། ཆོས་འདུལ་བ་སོ་སོར་ཐར་པ་དང་བདེན་བཞི་འདི་ལ་སྤྱོད་གྱུར་པ། སྐྱེ་བ་བཞིར་འགྲོ་བ་ལྔའི་སྲིད་པར་འཁོར་བའི་སྡུག་བསྔལ་རབ་ཏུ་སྤོང་བར་བྱེད་པའི་སྒོམ་ལམ་བསྒོམས་ཏེ་གཏན་ཏུ་རབ་ཏུ་སྤངས་ནས། སྡུག་བསྔལ་མཐའ་དག་ཐ་མར་རྒྱུན་བཅད་དེ་ཟད་པར་བྱེད་པ་ཉིད་དུ་འགྱུར་རོ། །ཕན་ཚུན་གཅིག་ལ་གཅིག་འདོམས་ཤིང་ལྟུང་བ་མི་འབྱུང་བར་བྱེད་པ་དང་། བྱུང་ན་ལྟུང་བ་ལས་བསླངས་ཏེ་ཚུལ་ཁྲིམས་སྲུང་བར་བྱེད་པ་དང་། ཚུལ་དེས་སངས་རྒྱས་ཀྱི་བསྟན་པ་དང་། དེ་འཛིན་པའི་གང་ཟག་དག་འཕེལ་ཞིང་གནས་པར་བྱ་བའི་ཕྱིར། སོ་སོར་ཐར་པ་འདི་སྟོན་པའི་ཚུལ་གྱིས་དགེ་འདུན་གྱིས་མཐུན་པའི་གསོ་སྦྱོང་ལེགས་པར་བྱའོ། །མཇུག་བསྡུས་ཏེ་ནན་ཏན་དུ་གདམས་པ་ནི། ཚུལ་ཁྲིམས་བསྲུང་བ་དང་བསྟན་པ་འཕེལ་བར་བྱ་བའི་དགོས་པ་གོང་དུ་སྨོས་པ་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་ནི་སོ་སོར་ཐར་པའི་མདོ་འདོན་པ་དང་། གང་གི་ཕྱིར་གསོ་སྦྱོང་བྱས་པར་གྱུར་པ་དགོས་པ་དེའི་ཕྱིར་དང་། གོང་དུ་བསྟན་པའི་དགོས་པ་དེའི་ཕྱིར་དང་གནས་སྐབས་ཀྱི་ཕན་པ་དང་། མཐོང་སྒོམ་གྱི་ལམ་བསྐྱེད་དེ་མྱང་འདས་འཐོབ་པ་དེའི་ཕྱིར། ཚུལ་ཁྲིམས་དེ་ནི་སྦྱོར་དངོས་མཇུག་གི་སྒོ་ནས་བག་ཡོད་པར་བསྲུང་བར་བྱ་སྟེ། དཔེར་ན་ནགས་ཁྲོད་ན་གནས་པའི་གཡག་རྒོད་རྔ་མ་ཤིང་ལ་མི་ཐོགས་པའི་ཕྱིར་དང་། ཐོགས་ནའང་གོད་ཟེགས་བྱུང་དོགས་ནས་དལ་བུས་བག་བྱེད་པ་དང་། གངས་ཁྲོད་བསིལ་བ་ན་གནས་པའི་ཚེ་ཡང་ཝ་མཇུག་ལྟར་མི་བརྐྱང་བར་རྩེ་མོ་སྟེང་དུ་གཟར་ཏེ་འགྲོ་བ་ཇི་བཞིན་དུ། ཉེས་པ་མི་འབྱུང་བ་དང་བྱུང་ན་ཕྱིར་འཆོས་པ་དང་། དགོན་པར་ཡང་རྟག་ཏུ་བག་ཡོད་པར་བྱའོ། །གཉིས་པ་བསྔོ་བ་ནི། སོ་སོར་ཐར་པའི་མདོ་བཏོན་ཅིང་མཉན་པ་དང་གསོ་སྦྱོང་བྱས་པའི་བསོད་ནམས་ཐོབ་ཅིང་གྲུབ་པ་གང་ཡོད་པ་དེས་ནི་ཆེད་དུ་བྱ་བ་འཇིག་རྟེན་ཕུང་པོ་ལྔས་བསྡུས་པའི་ཁམས་གསུམ་གྱི་འགྲོ་བ་མ་ལུས་པ་རྣམས། ཐོབ་བྱ་ཐུབ་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཐབས་བླ་ན་མེད་པའི་གོ་འཕང་ཐོབ་པར་ཤོག་ཅེས་པ་ཨུ་པ་ལིས་གསུངས་སོ། །དེ་ལྟར་སོ་སོར་ཐར་པ་འདི་ཡང་སྡུད་པོས་སྙན་པའི་བ་དན་ཞེས་པ་ནས་སྤྱི་བོ་ནས་ཕྱག་འཚལ་བའི་བར་བསྟོད་པའི་རྒྱུད་དང་། ཐམས་ཅད་མཁྱེན་ཅེས་པ་ནས་གཡག་རྔའི་རྩེ་མོ་ཇི་བཞིན་ཞེས་པའི་བར་མདོ་འདོན་པའི་རྒྱུད་དང་། མཇུག་ཏུ་བསྔོ་བའི་རྒྱུད་དང་རྒྱུད་ཆགས་གསུམ་གྱི་ཚུལ་དུ་བསྟན་ནོ། །ཚུལ་འདི་ཡང་དོན་དམ་པའི་དགེ་སློང་བདེན་པ་མཐོང་བ་དང་ལམ་གྱིས་རྒྱལ་བ་མི་སློབ་ལམ་ཐོབ་པ་དང་ལམ་སུན་འབྱིན་པ་བསླབ་པ་ཉམས་ཤིང་ངོ་ཚ་དང་བྲལ་བ་ཤ་ཚུགས་ལུས་ལ་འཚེའུ་སྐམ་པ་ལྟ་བུའི་གང་ཟག་ལ་ནི་མི་དགོས་ཀྱི། གསོལ་བཞིས་རྫོགས་ཤིང་ལྟ་སྤྱོད་མ་ཉམས་པས་བསོད་སྙོམས་སྤྱོད་པའི་སོ་སོ་སྐྱེ་བོ་ཀུན་རྫོབ་པའི་དགེ་སློང་ལམ་གྱིས་འཚོ་བ་ལ་ངེས་པར་དགོས་ཤིང་ལམ་སྟོན་པ་ལྟ་སྤྱོད་རྣམ་པར་དག་པ་གཞན་ལ་སྟོན་པ་དང་། ལུག་ལྟར་ལྐུགས་པ་སློབ་འདོད་ཀྱང་བླང་དོར་མི་ཤེས་པ་དག་ལའང་། ཁྲིམས་འཆལ་བ་དད་མོས་པ་དང་ལྟ་བ་མ་ཉམས་པ་དག་གིས་ལེགས་པར་བཤད་པས་ཕན་པར་འགྱུར་བའང་སྲིད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་ཐར་པའི་མདོའི་རྣམ་པར་བཤད་པ་འདི། སློབ་དཔོན་དཔའ་བོས་མཛད་པར་གྲགས་པའི་གཞུང་འགྲེལ་དང་། བི་མ་ལ་མི་ཏྲས་མཛད་པའི་རྒྱ་ཆེར་འགྲེལ་འདུལ་བ་ཀུན་ལས་བཏུས་པ་དང་། ཁྱད་པར་བཤེས་གཉེན་གྱིས་མཛད་པའི་འདུལ་བ་ཀུན་ལས་བཏུས་དང་། དཱ་ན་ཤཱི་ལས་མཛད་པར་གྲགས་པའི་བརྗེད་བྱང་དང་། ཀཱ་ལེགས་མི་ཏྲས་མཛད་པའི་དགའ་སྐྱེད་དང་། ཁ་ཆེ་ཛྙཱ་ན་ཤྲཱིས་མཛད་དམ་ཟེར་བའི་མི་བརྗེད་དྲན་བྱེད་དང་། གངས་ཅན་གྱི་ཁྲོད་དུ་བྱུང་བའི་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་བྱ་འདུལ་འཛིན་བརྩོན་འགྲུས་འབར་གྱི་ལེགས་བཤད་དང་། ཡོངས་འཛིན་མཁས་པའི་མན་ངག་ལ་བརྟེན་ནས་ལུང་ཞུ་བ་དཔང་པོར་བྱས་ཏེ། ཁུངས་མེད་ཀྱི་ངག་སྒྲོས་དང་རང་བཟོ་སྤངས་ཏེ་ལེགས་པར་སྦྱར་བའོ། །དེ་ལྟར་རྣམ་དག་ཚུལ་ཁྲིམས་སྲུང་བའི་ཚུལ། །ཚུལ་འདི་རྟོགས་ནས་ལེགས་པར་སྒྲུབ་བྱེད་ན། །ན་རྒ་སྐྱེ་འཆི་སྲིད་པའི་ཆུ་འཇིང་ལས། །ལས་དང་ཉོན་མོངས་ཟད་པའི་གླིང་དུ་འགྲོ། །གང་ཞིག་ལེགས་གསུངས་ཐུབ་པའི་གསུང་བཞིན་དུ། །ཚུལ་གནས་ལྟ་སྤྱོད་ཆོ་ག་འཚོ་བ་བཟང་། །དེ་ལ་རྒུད་པ་མཐའ་དག་བསྐྲད་པ་བཞིན། །བོས་པ་ལྟ་བུར་ཕུན་སུམ་ཚོགས་པའོ། །ཁྲིམས་ལ་མི་གནས་ལས་འབྲས་མི་སེམས་པའི། །སྐྱེ་བོ་འཁོར་མང་ལོངས་སྤྱོད་ལྡན་ན་ཡང་། །མཐའ་མེད་ངན་འགྲོར་ཡུན་རིང་སྡུག་བསྔལ་གྱིས། །མནར་འགྱུར་མི་དེ་དུད་འགྲོ་མ་ཡིན་ནམ། །དེ་ཕྱིར་ཤེས་ལྡན་གྲོལ་བ་དོན་གཉེར་དག །དལ་འབྱོར་མི་རྟག་ཕུན་ཚོགས་རྒུད་འགྱུར་ཞེས། །ངེས་པར་བསམས་ཏེ་བརྟུལ་ཞུགས་མ་ཉམས་པར། །མང་ཐོས་སྒྲུབ་ལ་བརྩོན་པར་རིགས་པ་ཡིན། །རྟག་ཏུ་དྲན་དང་བག་ཡོད་ལྡན་པ་ཡིས། །སྒོ་གསུམ་རང་གི་སྤྱོད་ཚུལ་མ་རྟོགས་ན། །ཉ་ཤ་ཟོས་ཤིང་འོ་ཐུག་འཐུང་པ་ལྟར། །ཕྱིས་དུས་འགྱོད་ཀྱང་འཕྱིས་པར་གྱུར་ཏ་རེ། །ཞིང་གཞན་དག་ཏུ་བསྐལ་མང་བྱེ་བ་བརྒྱར། །དགེ་བའི་ལས་ལམ་བསྒྲུབས་པར་གྱུར་པ་གང་། །དེ་བས་ཞིང་འདིར་སྔ་དྲོ་ཅིག་ཙམ་ཡང་། །ཚུལ་གནས་དམ་ཆོས་སྤྱོད་པ་མཆོག་ཏུ་གསུངས། །དོན་འདི་ཤེས་ནས་སྟོན་པའི་བསྟན་པ་ལ། །ཕན་འདོད་བྱས་པ་བཟོ་བའི་སྐྱེས་བུ་རྣམས། །ནུབ་རིར་ལྟུང་བའི་ཉིན་བྱེད་འདྲ་བ་ཡི། །བསྟན་པ་དམ་ཆོས་འཛིན་ལ་འབད་འཚལ་ལོ། །གལ་ཏེ་གཞན་ལ་ཕན་པའི་མཐུ་མེད་ནའང་། །སེང་གེའི་རོ་ལ་སྐྱེས་པའི་སྲིན་བུ་བཞིན། །བསྟན་པའི་སྒོར་ཞུགས་བག་མེད་སྤྱོད་པ་ཡིས། །དམ་ཆོས་འཇིག་པར་བྱེད་པ་ག་ལ་རིགས། །ཐུབ་པའི་དབང་པོས་གྲངས་མེད་བསྐལ་མང་དུ། །རྩོད་དུས་སྐྱེ་དགུའི་དོན་ཕྱིར་བསྒྲུབས་པའི་ནོར། །དམ་ཆོས་ནུབ་ཏུ་ཉེ་བར་མཐོང་བཞིན་དུ། །སེམས་ཡོད་སུ་ཞིག་བག་མེད་བདེ་བར་གནས། །བསླབ་གསུམ་རྗོད་བྱེད་བཅས་པ་དམ་པའི་ཆོས། །ཀུན་གྱི་གཞིར་གྱུར་དམ་ཆོས་འདུལ་བའི་གཞུང་། །སྡེ་བཞིའི་སྙིང་པོ་སོ་སོར་ཐར་པའི་མདོ། །ལེགས་པར་བཤད་པ་འདི་ནི་དགེ་བའི་བློས། །རྒྱ་བོད་མཁས་པའི་གསུང་དང་མཐུན་པར་བཀོད། །བློ་ལྡན་སྡོམ་བརྩོན་རྣམས་ཀྱིས་བླང་བར་མཛོད། །གལ་ཏེ་ནོངས་པ་མཆིས་ན་འཕགས་པ་དང་། །གཟུར་གནས་མཁས་པའི་སྐྱེ་བོས་བཟོད་མཛད་རིགས། །འདིར་འབད་རབ་དཀར་དགེ་བའི་ཆུ་རྒྱུན་དེས། །སྐྱེ་རྒུའི་ཉེས་ཚོགས་དྲི་མ་སེལ་བར་ཤོག །བདག་ཀྱང་རབ་དགའི་ས་ལ་གནས་ཀྱི་བར། །སྡིག་གྲོགས་མི་དགེའི་བཤེས་རྣམས་རྒྱང་བསྲིངས་ཏེ། །རྣམ་དག་ཚུལ་ཁྲིམས་མ་ཉམས་སྐྱོན་མེད་ལྡན། །སངས་རྒྱས་བསྟན་པའི་ཁུར་ཆེན་འཁྱེར་བ་དང་། །སྒོ་གསུམ་འགྲོ་བའི་དོན་དུ་སྤྱོད་པ་དང་། །ཆོས་དང་ཆོས་མིན་མ་འདྲེས་འབྱེད་པར་ཤོག །དགའ་ལྡན་གནས་སུ་བྱམས་ཆེན་ཆོས་རྗེ་ཡི། །ཞལ་གྱི་བདུད་རྩི་མྱངས་ཏེ་གྲོལ་གྱུར་ཅིག །སོ་སོར་ཐར་པའི་མདོའི་རྒྱ་ཆེར་བཤད་པ་འདི་ནི། །ཚུལ་གནས་ཐོས་བསམ་སྒོམ་པ་ལྷུར་ལེན་ཅིང་། །མདོ་དང་སྔགས་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་དགེ་བའི་བཤེས་གཉེན་གྲགས་པ་རིན་ཆེན་ཞེས་བྱ་བ་སློབ་མར་བཅས་པ་རྣམས་ཀྱིས་འདུན་པའི་ཤུགས་ཆེན་པོས་ཡང་དང་ཡང་དུ་བསྐུལ་བའི་ཞལ་ངོར། གངས་ཅན་གྱི་འདུལ་བ་འཛིན་པ་རྣམས་ཀྱི་ཐ་ཤལ་དུ་གྱུར་པ། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས། མེ་ཕོ་བྱི་བའི་ལོ་ཁྲུམས་ཀྱིས་ཉ་བའི་ཟླ་བ་ལ། གཡས་རུ་ཆོས་ལུང་གི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བའོ། །འདིས་སངས་རྒྱས་ཀྱི་བསྟན་པ་དང་། དམ་པའི་ཆོས་འདུལ་བའི་སྡེ་སྣོད་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཐབས་མཆོག་ཏུ་གྱུར་ཅིག།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号