ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དང་པོ།གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་བཞུགས་
སྤེལ་དུས།01-15  ཡོང་ཁུངས།  རྩོམ་པ་པོ།
སྔོ་སྨན་དང་ཤིང་སྨན་རྣམས་ཀྱི་རིགས་གཏན་ལ་ཕབས་པའི་ལེའུ་སུམ་ཅུ་བའོ།།
 
ས་བཅད་བཞི་པ།མཇུག་དོན།
 
ཨོཾཧྰོུཾ༔ཨཱ་ཧྰོུཾ༔དེ་ལྟར་གསོ་དཔྱད་རྒྱུད་སྡེ་ཆེན་པོ་འདི།།རིན་ཆེན་འཁྲུངས་དཔེའི་རྒྱུད་ཆེན་འདིར།།འཛམ་གླིང་འཇིག་རྟེན་ས་སྟེང་དུ།།སྨན་གྱིས་ནད་སེལ་རྣམ་གྲངས་ནི།།བྱེ་བ་བསམ་འདས་གྲངས་མི་ལང།།དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང༌།།སྐལ་བར་གསུངས་ཀྱང་འཕེལ་འགྲིབ་མེད།།སྨན་མཆོག་སྔོ་ལྡུམ་ཤིང་སྨན་རྣམས།། གནད་བསྡུས་གཞུང་འདིར་བྲིས་པ་ཡིན།།གཞན་ཡང་འབྱུང་བ་རྣམ་ལྔ་ཡི།།ས་ཡི་རིགས་ལས་འབྱུང་བའི་སྨན།།མུ་ཟི་མཚལ་དང་ས་ཡི་བཅུད།།རྡོ་སྨན་རྣམས་དང་ཆུ་ཡི་བཅུད།།ཅོང་ཞི་བྲག་ཞུན་རྡོ་སྨན་དང༌།།མེ་ལས་བྱུང་བའི་ཐལ་སྨན་དང༌།།འབྱུང་བ་རླུང་ལས་བྱུང་བ་འདི།།སྐྱུགས་དང་བཤལ་བྱེད་སྦྱོངས་སྨན་དང༌།།ནམ་མཁའ་འབྱུང་བས་ཕྱེས་པ་ཡིན།།སྲོག་ཆགས་ལུས་ལས་བྱུང་བའི་སྨན།།རིན་ཆེན་འཁྲུངས་དཔེའི་རྒྱུད་ལས།།ཤ་རུས་ཁྲག་སོགས་དཔག་ཏུ་མེད།། དེ་རྣམསགཞུང་འདིར་མ་བཀོད་དོ།།བློ་ཆུང་གློ་ལ་མ་ཤོང་དོགས།། དེ་ཕྱིར་སྔོ་སྨན་ཤིང་སྨན་གྱི།འཁྲུངས་དཔེ་བཀོད་པ་འདི་ཉིད་ནི།། ཡིད་བཞིན་ནོར་བུ་རིན་ཆེན་འདྲ།།འགྲོ་བ་མི་ལུས་ཐོབ་པ་རྣམས།། སྡུག་བསྔལ་ནད་ལས་ཐར་བར་བྱེད།།གསོ་དཔྱད་འདི་ཡི་མན་ངག་ནི།།སྐྱེ་བ་སངས་རྒྱས་བྱང་སེམས་དྲང་སྲོང་གསུངས།།བཀྲ་ཤིས་ལྷ་རྣམས་གནས་པའི་ས་ཕྱོགས་བསམ།།དྲང་སྲོང་རིག་འཛིན་བསྒྲུབས་པའི་གནས་མཆོག་གམ།།ས་གཞི་ཉམས་དགའི་རི་བོ་ལྷུན་གྱི་ཞོལ།། མཚོ་དང་ཆུ་མིག་རྒྱས་པའི་ས་ཕྱོགས་དང༌།།རི་ལུང་ཤར་དུ་བལྟས་པའི་ས་ཕྱོགས་སུ།སྨན་རྣམས་སྐྱེས་པའི་དུས་སུ་བཏུ་བར་བྱ།།དཔྱིད་ཟླ་འབྲིང་བོའི་དུས་ལ་བབས་པའི་ཚེ།།སྨན་གྱིལྷ་་རྣམས་ཐམས་ཅད་བྲོས་ནས་གཡོ།།སྟོན་ཟླ་འབྲིང་བོའི་ཚེས་བརྒྱད་ཉིན་པར་ནི།།སྨན་གྱི་ལྷ་དང་དྲང་སྲོང་ཐམས་ཅད་འཚོགས།།སྨན་རྣམས་ནུས་མཐུ་ལྡན་པར་བྱིན་གྱིས་བརླབས།།དེ་ནས་བཅུ་གསུམ་ཉིན་པར་སྔ་དྲོའི་དུས།། སྨན་གྱི་ལྷ་མོ་བདུད་རྩི་སྲུང་མཛད་མ།།འཁོར་བཅས་བྱོན་ནས་སྨན་རྣམས་བྱིན་གྱིས་བརླབས།།བཅུ་བཞིའི་དུས་སུ་སྨན་རྣམས་རྟུལ་བ་ལ།།བཅོ་ལྔའི་དུས་སུ་སྨན་རྣམས་ནུས་པ་རྒྱས།།གཞན་དུ་བརྐོས་ན་བྱིན་རླབས་མི་འབྱུང་སྟེ།།མ་བྱིན་བླངས་པའི་རྣམ་སྨིན་དག་དང་འདྲ།།བཏུ་བའི་དུས་ནི་ཉ་ལ་བབས་པའི་དུས།།བཀྲ་ཤིས་གཙང་མ་བྱིས་པ་མཚན་ལྡན་ལ།།ཁྲུས་བྱས་རྒྱན་བཏགས་གོས་བཟང་གཙང་མ་སྐོན།།སྐྱབས་འགྲོ་དང་ནི་གསོ་སྦྱོང་སྡོམ་པ་འབོགས།།བཀྲ་ཤིས་ཚིགས་བཅད་དང་ནི་གཟུངས་སྔགས་བརྗོད།།གྲོགས་པོ་གཞུང་ངན་རྣམས་དང་མི་བཙལ་བོར།།བྱིས་པ་ངང་བཟང་བྲོ་བརྡུང་གླུ་བླངས་བཙལ་བར་བྱ།།ལག་པ་གཡས་པས་དར་སྣ་ཚང་བར་བཟུང༌།།སྨན་རྣམས་རྙེད་དུས་དར་དེས་སྟེང་ནས་བཀབ།།བཀྲ་ཤིས།
ཤར་དུ་ཁ་བལྟས་སྨན་ལ་ཕྱག་གསུམ་བཙལ།།དེ་ཡིས་གྲོགས་པོར་སྦྲན་ལ་བརྐོ་བཅད་བྱ།།སངས་རྒྱས་རྣམས་ཀྱི་མཐུ་དང་བྱིན་རླབས་དང༌།།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེ་དང༌།།དགྲ་བཅོམ་རྣམས་ཀྱི་བྱིན་རླབས་རྫུ་འཕྲུལ་དང༌།།ཚངས་པ་བརྒྱ་བྱིན་ལྷར་བཅས་བདེན་ཚིག་དང༌།།འཕགས་པ་རྣམས་ཀྱི་བདེན་པའི་ཚིག་དག་དང༌།།ལྷ་ཀླུ་གཟའ་དང་རྒྱུ་སྐར་གནོད་སྦྱིན་དང།།ས་ཡི་ལྷ་མོ་སྨན་གྱི་ལྷ་མོ་ལ་སོགས་པ།།གང་ཡང་མཐུ་དང་རྫུ་འཕྲུལ་མངའ་བའི་ལྷ།།སྨན་གྱི་དངོས་གྲུབ་རྙེད་པའི་དངོས་གྲུབ་སྩོལ།།བདུད་རྩི་མངའ་བདག་ལྷ་མོ་ཆེན་མོ་ནི།།འཁོར་དང་བཅས་པ་རྣམས་ལ་བདག་ཕྱག་འཚལ།།སྨན་འདི་བདུད་རྩིར་གྱུར་པའི་དངོས་གྲུབ་སྩོལ།།འགྲོ་ཀུན་ནད་སེལ་སྨན་རྣམས་བདུད་རྩིར་ཤོག།དེ་སྐད་བདེན་པའི་ཚིག་བརྗོད་པས།།གཞུང་དུ་བཤད་བཞིན་བྱས་པ་ན།།ནད་རྣམས་སིལ་ཞེས་གཞུང་འདིར་བཤད།།གཞན་ཡང་སྨན་དཔྱད་གཞུང་འདི་ནི།།ནད་རྣམས་བརྟག་པའི་མན་ངག་སྟེ།།གཞུང་གཞན་དག་གིས་བརྣག་པས་བརྟག།ནད་ངོས་སོ་སོར་བཟུང་ནས་ནི།།སྨན་བཏང་རྣམ་ལྔའི་ལས་ཀྱང་བྱ།།བཤལ་དང་ལྟོ་འདྲེན་སྣ་སྨན་དང༌།།འཇམ་རྩི་དང་ནི་ནི་རུ་ཧ།།ལས་ལྔ་གང་དགོས་རིགས་པས་དཔྱད་པར་བྱ།།ནད་རྣམས་གང་ཡིན་དེ་དག་ལ།།དཔྱད་ལྔ་དག་གིས་བཅོས་པ་ནི།།མེ་བཙའ་གཏར་ག་ལུམས་དང་དུགས།།བྱུག་པ་དང་ནི་དཔྱད་ལྔསབཅོས།།སྡེ་ཚན་རྣམ་ལྔས་བཅོས་པ་ནི།།ཐང་དང་ཕྱེ་མ་རིལ་བུ་དང༌།།ལྡེ་གུ་དང་ནི་སྨན་མར་ལྔ།།ནད་ལ་གང་འགྲོའི་སྐབས་དང་སྦྱར།།རྩ་བཤལ་དང་ནི་སྣ་སྦྱོངས་དང༌།།ཐུར་མ་ཟབ་མོ་དཔྱད་གསུམ་མོ།།ནད་རྣམས་ཕྱིས་མི་ལྡང་བྱའི་ཕྱིར།།གསོ་དཔྱད་རིན་ཆེན་འཁྲུངས་དཔེ་འདིས།།རྒྱུད་ཀྱི་ལེའུ་གསུམ་པ་གུད་དུ་ཕྱུངས།།གོང་འོག་འཁྲུགས་སྡེབ་གསལ་བྱས་པའི།།དགེ་བས་འགྲོ་ཀུན་ནད་སངས་གྱུར།།
གསོ་དཔྱད་རིན་ཆེན་འཁྲུངས་དཔེ་བསྟན་པ་ཞེས་བྱ་བའི་རྒྱུད་ཆེན་པོ་ལེའུ་བརྒྱ་དང་ཉི་ཤུལིནང་ནས་སྔོ་སྨན་སྣ་ཚོགས་དང༌།ཤིང་སྨན་སྣ་ཚོགས་ལེའུར་ཕྱུངས་ནས་འགྲོ་བའི་གཙོ་བོ་མིརྣམས་ཀྱི་ཚེ་བསྲིང་བའི་དོན་དུ་བསྒྱུར་བ་རྫོགས་སོ།།
རྒྱ་གར་གྱི་མཁས་པ་ཆེན་པོ་ཤིནྟཾ་གརྦྷ་དང།།གཞན་ཡང་བླ་སྨན་བདུན་གྱིས་བཀའ་བསྒོས་ནས་བསྒྱུར་བའོ།།གནས་གཞི་ཆེན་པོ་ཁྱད་འཕགས་བྲག་དམར་བསམ་ཡས་སུ།ཡོན་བདག་ཁྱད་འཕགས་སྤྲུལ་སྐུ་འགྲོ་དོན་མཛད།།རྗེ་རྒྱལ་གཞན་པས་ཁྱད་འཕགས་ཁྲི་སྲོང་ལྡེ་བཙན་གྱིས།།བླ་སྨན་གཞན་ལས༌ཁྱད་འཕགས་རྣམ་བདུན་ལ།།དར་ཟབ་གདན་སྟེང་ཞལ་ཟས་བདུད་རྩི་དྲངས།།གསེར་དངུལ་ལ་སོགས་གང་དགྱེས་ནོར་རྣམས་ཕུལ།།ལུས་ངག་ཡིད་གསུམ་གུས་པས་ཕྱག་བཙལ་ནས།མཐའ་ཡས་སེམས་ཅན་ནད་ལས་གྲོལ་བའི་ཕྱིར།།གསོ་དཔྱད་ཁྱད་འཕགས་རིན་ཆེན་འཁྲུངས་དཔེ་ཞུས།།བླ་སྨན་རྣམ་བདུན་ལོ་ཙཱ་བདུན་པོ་ཡིས།།བཀའ་བགྲོས་ལེགས་པར་གཏན་ལ་ཕབ་པ་ཡི།།དགེ་བས་ནད་རྣམས་བསལ་ནས་སངས་རྒྱས་ཤོག།དེ་འདྲའི་གདམས་པ་རིན་ཆེན་འདི།།གུ་ལིང་ཡུལ་གྱི་བསེ་ཟོ་རུ།།སེང་གེའི་འོ་མ་བཞོས་པ་བཞིན།།ལྔ་བརྒྱའི་ཐ་མ་མཐའ་འཁོབ་ཡུལ།།གངས་བྲག་རྩུབ་པའི་ཡུལ་དག་ཏུ།།སྐལ་ལྡན་རྣལ་འབྱོར་སྐུ་སྲུང་དོན།།དེ་ལུས་རྡོ་རྗེ་བཞིན་བརྟན་ནས།།དེ་བས་འཚེ་བ་རྣམས་བྲལ་ཞིང༌།།སྒྱུ་མའི་ལུས་པོ་བཀྲ་ཤིས་ཤོག།
(སྐལབཟང་རྡོ་རྗེ།གཡང་འབུམ་བཀྲ་ཤིལ)
 
བསམ་གཞིགས།
༡གཞུང་འདི་དང་ཤེལ་གོང་ཕྲེང་གཉིས་བསྡུར་ན་མི་འདྲ་ས་གང་ཡོད།
༢གཞུང་འདིར་བསྡོམས་སྨན་སྦྱོར་མི་འདྲ་བ་ཅི་ཙམ་བསྟན་ཡོད།
༣གཞུང་འདིར་ཤེལ་ཕྲེང་དུ་མ་བསྟན་པའི་སྨན་ཡོད་དམ།
༤གཞུང་འདིར་བསྟན་པ་དང་ཤེལ་ཕྲེང་དུ་བསྟན་པའི་རོ་ནུས་ལ་མི་འདྲ་ས་ཡོད་དམ།
༥གློ་ནད་འཇོམས་པའི་འོ་སེ་བྱ་བ་དེ་མོ་ནད་གསོ་བ་ལ་སྤྱོད་ཆོག་གམ།
༦སྐབས་འགར་རོ་གྲང་བ་ཞེས་འབྱུང་བ་ལ་གོ་བ་ཇི་ལྟར་ལེན་དགོས།
༧ཡིག་ནོར་ཡིན་ངེས་པ་རྣམས་ཟུར་དུ་བཀོད་དེ་འགྲེལ་ཐུབ་བམ།
༨གཞུང་འདིར་བསྡོམས་པས་ཤིང་སྨན་རིགས་ཅི་ཙམ་བསྟན་ཡོད།
༩གཞུང་འདི་རྒྱ་གཞུང་ཡིན་ནམ་བོད་གཞུང་ཡིན།
༡༠གཞུང་འདིར་བོད་ཡུལ་གྱི་སྨན་གཙོ་བོར་བསྟན་ཡོད་དམ།
༡༡གཞུང་འདིའི་དུམ་བུ་གང་རུང་ཞིག་ལ་འགྲེལ་རྒྱག་ཐུབ་བམ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号