ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་དྲུག་པ།རྣམ་པར་ཤེས་པའི་ཕུང་པོ། 

དང་པོ།རྣམ་པར་ཤེས་པའི་སྤྱི་དོན།
 
 ༡རྣམ་པར་ཤེས་པའི་ངོ་བོ་དང་རང་བཞིན།
རྣམ་པར་ཤེས་པའི་ཕུང་པོ།ཡུལ་གྱི་ངོ་བོ་རྣམ་པར་རིག་ཅིང་ཤེས་པར་བྱེད་པའི་མཚན་ཉིད་ཅན་ཏེ་རང་རང་གི་དམིགས་པའི་ངོ་བོ་སོ་སོར་རྟོགས་པའི་རང་བཞིན་ནི་སེམས་སམ་རྣམ་པར་ཤེས་པ་ཞེས་བྱའོ།དེ་ཡང་གཟུགས་སོགས་ཆོས་རྣམས་ཀྱི་དོན་ངོ་བོ་མ་འདྲེས་པར་སོ་སོར་རིག་པར་བྱེད་པའོ།ཕུང་པོ་ལྔའི་བཤད་པ་ལས།རྣམ་པར་ཤེས་པའམ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་གང་ཞེ་ན།དམིགས་པ་སོ་སོར་རྣམ་པར་རིག་པ་སྟེ།དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཡུལ་གཟུགས་དང༌།སྒྲ་དང༌།དྲི་དང༌།རོ་དང༌།རེག་བྱ་དང་ཆོས་ཀྱི་བར་དུ་དྲུག་གོ།རྣམ་པར་རིག་པ་ནི།དམིགས་པ་དེ་དག་འཛིན་པའམ།རྟོགས་པའམ།ཁོང་དུ་ཆུད་པ་ལ་བྱ་སྟེ།དམིགས་པར་བྱ་བ་གང་ཡིན་པ་རིག་ཅིང་ཤེས་པས་ན་རྣམ་པར་རིག་པ་ཞེས་བྱའོ།།ཞེས་གསུངས་སོ།།
དེ་ལ་མིག་གི་རྣམ་པར་ཤེས་པ་ནས་རྣ་ཤེས།སྣ་ཤེས།ལྕེ་ཤེས།ལུས་ཤེས།ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཚོགས་དྲུག་སྟེ་བདག་རྐྱེན་མིག་གི་དབང་པོ་ལ་བརྟེན་ནས་སྐྱེས་པའི་བློ་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་གང་གིས་དམིགས་ཡུལ་རང་ཡུལ་ཐུན་མོང་མ་ཡིན་པ་གཟུགས་ཤེས་པ་མིག་ཤེས་དང༌།དེ་བཞིན་རྣ་ཤེས།སྣ་ཤེས།ལྕེ་ཤེས།ལུས་ཤེས་ནས་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་བློ་གང་གིས་རང་ཡུལ་མིག་སོགས་དང་ཐུན་མོང་མིན་པ་ཆོས་ཁམས་དང༌།དེ་ལས་གཞན་པ་མིག་སོགས་དང་ཐུན་མོང་བའི་གཟུགས་སོགས་ཀྱི་མཚན་ཉིད་རྣམས་ཀྱང་ཤེས་པའི་བར་དུ་སྟེ་སོ་སོར་སེམས་བྱུང་རྣམས་དང་ཚོར་བ་གསུམ་པོ་ཅི་རིགས་དང་མཚུངས་པར་ལྡན་པའོ།།སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལས་ཚོགས་བརྒྱད་དུ་བཞེད་དེ།གོང་གི་དྲུག་པོའི་སྟེང་ཉོན་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་བསྣན་པས་བརྒྱད་དོ།།དེ་ཡང་དམིགས་རྐྱེན་ཡུལ།བདག་རྐྱེན་དབང་པོ།དེ་མ་ཐག་རྐྱེན་སྔ་ལོགས་ཀྱི་ཡིད་བྱེད།རྒྱུ་ཡི་རྐྱེན་ཀུན་གཞི་སྟེ་བཞི་ལས་རྣམ་ཤེས་དྲུག་སྐྱེའོ།།འདི་ལ་ཕུང་པོ་ལྔའི་བཤད་པ་ལས།དམིགས་པ་རྣམ་པར་རིག་པའི་ཤེས་པ་དེ་ལ་ཡང་རྣམ་པ་དྲུག་ཡོད་དེ།མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ།འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དེས་ཇི་ལྟར་དམིགས་པར་རྣམ་པར་རིག་ཅེ་ན།དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ལ་གཟུགས་ཙམ་དུ་རིག་ཅིང་ཤེས་སོ།།རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་དབང་པོ་ལ་བརྟེན་ནས་སྒྲལ་སྒྲ་ཙམ་དུ་རིག་ཅིང་ཤེས་སོ།།སྣའི་རྣམ་པར་ཤེས་པ་ནི་སྣའི་དབང་པོ་ལ་བརྟེན་ནས་དྲི་ལ་དྲི་ཙམ་དུ་རིག་ཅིང་ཤེས་སོ།།ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་དབང་པོ་ལ་བརྟེན་ནས་རོ་ལ་རོ་ཙམ་དུ་རིག་ཅིང་ཤེས་སོ།།ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་དབང་པོ་ལབརྟེན་ནས།རེག་བྱ་ལ་རེག་བྱ་ཙམ་དུ་རིག་ཅིང་ཤེས་སོ།ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་དབང་པོ་ལ་བརྟེན་ནས་ཆོས་རྣམས་རིག་ཅིང་ཤེས་པས་ན།རྣམ་པར་ཤེས་པ་དྲུག་པོ་དག་ལ་དམིགས་པ་རྣམ་པར་རིག་པ་ཞེས་བྱའོ།ཞེས་གསུངས་སོ།།
འཇུག་པའི་རྣམ་པར་ཤེས་པ་དྲུག་རྣམས་ནི་དགེ་བའི་རང་བཞིན་དང་རྣམ་པ་ཡང་ཡིན།མི་དགེ་བའི་རང་བཞིན་དང་རྣམ་པ་ཡང་ཡིན།ལུང་དུ་མ་བསྟན་པའི་རྣམ་པ་དང་རང་བཞིན་ཡང་ཡིན་པས་རིགས་གཅིག་པ་མ་ཡིན་ནོ།།ཇི་ལྟ་ཞེ་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་ནམ་དད་པ་ལ་སོགས་པ་སེམས་ལས་བྱུང་བ་དགེ་བ་བཅུ་གཅིག་དང་ལྡན་པའི་ཚེ་ན་ནི་དགེ་བའི་རང་བཞིན་ཞེས་ཀྱང་བྱ།འཇུག་པའི་རྣམ་པར་ཤེས་བ་རྣམས་ནམ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང༌།ཉེ་བའི་ཉོན་མོངས་པའི་སེམས་ལས་བྱུང་བ་དང་ལྡན་པའི་ཚེ་ན་ནི།མི་དགེ་བའི་རང་བཞིན་ཞེས་བྱའོ།།ནམ་སྤྱོད་ལམ་དང་བཟོའི་གནས་ལ་སོགས་པ་དང་ལྡན་པའི་ཚེན་ནི་ལུང་དུ་མ་བསྟན་པའི་རང་བཞིན་ཞེས་བྱའོ།
༢མིང་གི་རྣམ་གྲངས།
()རྣམ་ཤེས་ཚོགས་དྲུག་གི་མིང་གི་རྣམ་གྲངས།
འཇུག་པའི་རྣམ་པར་ཤེས་པ་དྲུག་ལ་རྣམ་པར་ཤེས་པ་ཞེས་ཀྱང་བྱ།དམིགས་པས་རྣམ་པར་རིག་པས་ཤེས་པ་ཞེས་བྱ་བ་སྟེ་དེ་ལ་སེམས་ཞེས་ཀྱང་བྱ།དེ་ལ་ཡིད་ཅེས་ཀྱང་བྱ།དཔེར་ན་དམིགས་པ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་ཞེས་བྱ་བ་དེ་བཞིན་དུ།དེ་ལ་སེམས་ཞེས་བྱ་བ་དང༌།ཡིད་ཅེས་ཀྱང་བྱའོ།།
སེམས་ཀྱི་དོན་ནི་སྣ་ཚོགས་ཀྱི་དོན་ཏེ།སྣ་ཚོགས་ཀྱི་རང་བཞིན་བསྟན་པའི་ཕྱིར་སེམས་ཞེས་བྱ།སེམས་ཞེས་བྱ་བ་ལ་སེམས་དེ་མ་ཐག་ཏུ་འབྱུང་བའི་རྟེན་བྱེད་པའི་ཕྱིར་ཡིད་ཅེས་ཀྱང་བྱའོ།།དེ་ལ་འཇུག་པའི་རྣམ་པར་ཤེས་བ་རྣམས་ལ་ནི་ཅིའི་ཕྱིར་སྣ་ཚོགས་ཞེས་བྱ་ཞེ་ན།དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་རྣམསཏེ།གཟུགས་ལ་སོགས་པ་དམིགས་པ་སོ་སོའི་རང་བཞིན་ཡིན་པ་དང༌།གཟུགས་ལ་སོགས་པའི་ཡུལ་ཡང་སེར་པོ་དང༌།དཀར་པོ་ལ་སོགས་སྣ་ཚོགས་ཀྱི་རང་བཞིན་ཡིན་ལ།དེ་དམིགས་པའི་མིག་གི་རྣམ་པར་ཤེས་པ་ཡང་སྔར་སྔོན་པ་ལ་དམིགས་ལ་སྔོན་པོའི་རྣམ་པར་སྐྱེ།དེ་ནས་སེར་པོ་ལ་དམིགས་ན་སེརཔོའི་རྣམ་པར་སྐྱེ།དེ་ནས་དམར་པོ་ལ་དམིགས་ན་དམར་པོའི་རྣམ་པར་སྐྱེ།དེ་ནས་དཀར་པོ་ལ་དམིགས་ན་དཀར་པོའི་རྣམ་པར་སྐྱེ་སྟེ།ཡུལ་སྣ་ཚོགས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་སྣ་ཚོགས་སུ་སྐྱེ་བས་ན་རྣམ་པར་ཤེས་པ་དྲུག་ལ་སེམས་ཞེས་ཀྱང་བྱའོ།།
འདི་ལྟར་རྣམ་པར་ཤེས་པ་དྲུག་དམིགས་པ་སྣ་ཚོགས་ལ་དམིགས་པའི་ཕྱིར་སྣ་ཚོགས་ཡིན་པས་ན་སེམས་ཞེས་བཤད་པ་ཡང་ཡུལ་སྔོན་པོ་དང༌།སེར་པོ་ལ་སོགས་པ་མང་པོ་རྣམ་པར་ཤེས་པས་སྐད་ཅིག་མརརེམ་གྱིས་འཛིན་པའི་རིགས་ཀྱི་དབང་དུ་བྱས་ནས་སྣ་ཚོགས་ཞེས་བྱའི་སྐད་ཅིག་མ་གཅིག་ལ་ནི་སྣ་ཚོགས་ཞེས་མི་བྱ་སྟེ།ཅིའི་ཕྱིར་ཞེ་ན་སྐད་ཅིག་མ་གཅིག་ལ་ནི་ཡུལ་ངེས་པ་དང༌།རྣམ་པ་ངེས་པའི་ཕྱིར་རྣམ་པ་སྣ་ཚོགས་མེད་དོ།།ཇི་ལྟར་ཡུལ་ངེས་ཤིང་རྣམ་པ་ངེས་ཤེ་ན།སྐད་ཅིག་མའི་ཚེ་ན་ནི་སྣ་ཚོགས་ཞེས་མི་བྱ་སྟེ།སྔོན་པོ་འབའ་ཞིག་ལ་་དམིགས་ཀྱི་སེར་པོ་ལ་མ་དམིགས་པ་དང༌།སྔོན་པོ་ལ་དམིགས་པའི་ཚེ་སྔོན་པོའི་རྣམ་པ་ཉིད་དུ་སྐྱེས་ཀྱི་སེར་པོའི་རྣམ་པར་མ་སྐྱེས་པའི་ཕྱིར་སྣ་ཚོགས་མེད་དོ།།རྣམ་པར་ཤེས་པ་དྲུག་པོ་སེམས་དེ་མ་ཐག་པའི་རྟེན་བྱེད་པའི་ཕྱིར་ཡིད་ཅེས་བྱ་བ་འདི་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་སྐྱེས་ནས་འགག་གོ།འགགས་མ་ཐག་ཏུ་དེའི་རྗེས་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པའམ།རྣམ་པར་ཤེས་པ་ཕྱི་མ་དྲུག་གཞན་སྐྱེས་པས།དྲུག་པོ་སྔ་མ་འགགས་མ་ཐག་པ་དེ་ཉིད་རྣམ་པར་ཤེས་པ་དེ་མ་ཐག་པ་ཕྱི་མ་གཞན་སྐྱེ་བའི་རྟེན་བྱེད་པའི་ཕྱིར་ན་དྲུག་པོ་སྔ་མ་འགགས་པ་དེ་ཉིད་ལ་ཡིད་ཅེས་བྱའོ།།
()དངོས་སུའམ་གཙོ་བོ་ན་སེམས་ཞེས་བྱ་བ་གང་ལ་འཇུག་པ་བསྟན་པ།
དེ་ལྟར་རྣམ་པར་ཤེས་པ་དྲུག་གི་རང་བཞིན་དང་མིང་གི་རྣམ་གྲངས་བསྟན་ནས།དངོས་སུའམ་གཙོ་བོ་ན་སེམས་ཞེས་བྱ་བ་གང་ལ་བྱ་ཞེ་ན།དངོས་སུ་ན་སེམས་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ།འཇུག་པའི་རྣམ་པར་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཞེས་བཤད་པ་དེ་ནི་སེམས་གཙོ་བོ་ཞེས་མི་བྱའི་དངོས་སུ་མངོན་སུམ་ནའམ་གཙོ་བོ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་སེམས་ཞེས་བྱའོ།།ཡང་ན་སེམས་ཀྱི་གཙོ་བོ་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ།།གཙོ་བོ་ན་ཀུན་གཞི་སེམས་ཞེས་ཅིའི་ཕྱིར་བྱ་བ་དང༌།ཀུན་གཞི་ཅིའི་ཕྱིར་སེམས་རྣམས་ཀྱི་གཙོ་བོ་ཡིན་ཞེ་ན།དེ་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་བསགས་པ་སྟེ།ཀུན་གཞི་རྣམ་པར་ཤེས་པ་དེ་སྐད་ཅིག་མའི་རྒྱུན་གྱིས་འབྱུང་བ་ལ་སྐད་ཅིག་མ་རེ་རེ་ལ་ཡང་འདུས་བྱས་ཐམས་ཅད་ཀྱི་ས་བོན་བསགས་ཤིང་བསླད་པས་ན་བསགས་པའི་དོན་དང་ལྡན་པའི་ཕྱིར་གཙོ་བོའམ་དངོས་སུ་ན་ཀུན་གཞི་ལ་སེམས་ཞེས་བྱའོ།།
()དངོས་སུའམ་གཙོ་བོ་ན་ཡིད་ཅེས་བྱ་བ་གང་ལ་འཇུག་པ་བསྟན་པ།
སེམས་ཞེས་བྱ་བ་དངོས་སུ་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་བྱ་ཡི་དངོས་སུ་ཀུན་གཞི་རྣམ་པར་ཤེས་བ་ལ་སེམས་ཞེས་བྱ་བ་དེ་བཞིན་དུ།འདིར་ཡང་དངོས་སུ་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྔ་མའགགས་པ་དྲུག་པོ་ལ་མི་བྱའི།ཡིད་ཅེས་བྱ་བ་ཡང་དངོས་སུ་ཉོན་མོངས་པའི་ཡིད་ལ་བྱ་སྟེ།ཉོན་མོངས་པའི་ཡིད་རྟག་ཏུ་ང་དང་བདག་གོ་ཞེས་རློམ་སེམས་པའི་རང་བཞིན་ཡིན་པས་ན་དངོས་སུ་ན་དེ་ལ་ཡིད་ཅེས་བྱའོ།།
དངོས་སུ་ན་ཉོན་མོངས་པའི་ཡིད་ལ་ཡིད་ཅེས་བྱ་ན་རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པ་དེ་ལ་དོན་གང་གིས་ན་ཡིད་ཅེས་བྱ་ཞེ་ན།གང་ཡང་མིག་གི་རྣམ་པར་ཤེས་པ་ནས།ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དྲུག་པོ་འགགས་མ་ཐག་པ་ལ་ཡིད་ཅེས་བྱ་བ་ཡང་མིག་ནས་ལུས་ཀྱི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་ནི་མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་དུ་ལྔ་ཡིན་པར་གྲགས་ན།ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནམ་དབང་པོ་མ་གྲགས་པས་དེའི་རྟེན་གྲགས་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་སྔ་མ་འགགས་པ་ལ་ཡིད་ཅེས་བྱ་བར་བཏགས་པར་ཟད་དེ།གང་བདག་དང་བདག་གིར་རློམ་སེམས་པ་དེ་ལ་དངོས་སུ་ཡིད་ཅེས་བྱ་བས་རྣམ་པར་ཤེས་པ་སྔ་མ་འགགས་པ་ནི་བདག་དང་བདག་གིར་རློམ་སེམས་པའི་རང་བཞིན་མ་ཡིན་པས་དངོས་སུ་དེ་ཡིད་ཅེས་མི་བྱའོ།།
 
གཉིས་པ།ཉོན་ཡིད།
 
ཡིད་ཤེས་ཀྱི་བྱེ་བྲག་དུས་རྟག་ཏུ་རྒྱུན་མི་འཆད་པར་ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས་པ་དང་ལྡན་པས་རློམ་སེམས་པ་གང་ཞིགངོ་བོ་སྒྲིབ་ལ་ལུང་དུ་མ་བསྟན་པ།ནང་དུ་ཀུན་གཞིའི་རྣམ་ཤེས་རྒྱུན་བརྟན་པའི་ཆ་ལ་དམིགས་ནས་འཇིག་ཚོགས་ལ་བདག་ཏུ་ལྟ་བ་དང༌།འཇིག་ལྟ་དེ་ལ་བརྟེན་ནས་སེམས་ཁེངས་པ་ངའོ་སྙམ་པའི་ང་རྒྱལ་དང༌།དེའི་དབང་གིས་བདག་ལ་དགའ་ཞིང་བདག་ཏུ་ཆགས་པ་དང༌།དེ་རྣམས་ཀྱི་རྒྱུ་བདག་ཏུ་རྨོངས་པ་མ་འདྲེས་པའི་མ་རིག་པ་སྟེ་ཉོན་མོངས་བཞི་པོ་དང་སེམས་བྱུང་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པའི་སེམས་དེ་ནི་བདག་མེད་དང་བདག་ལྟ་འཛིན་སྟངས་འགལ་བའི་ཕྱིར་འཕགས་ལམ་མངོན་གྱུར་དང༌།དགྲ་བཅོམ་པས་འགོག་པའི་སྙོམས་འཇུག་དང༌།མཐར་ཕྱིན་མི་སློབ་པའི་ས་མ་གཏོགས་པར་དུས་རྒྱུན་དུ་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཐམས་ཅད་དང་མཉམ་དུ་འགྲོ་བ་ལ་ཉོན་མོངས་པའི་ཡིད་ཅེས་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号