ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
༡ཉོན་ཡིད་ཀྱི་དམིགས་པའི་ཡུལ།
དམིགས་པའི་ཡུལ་མེད་པའི་རྣམ་པར་ཤེས་པ་ནི་མི་སྲིད་པས་ཉོན་མོངས་པའི་ཡིད་དེ་ཅི་ལ་དམིགས་ཤེ་ན།ཉོན་མོངས་པའི་ཡིད་ནི་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ།དེ་བས་ན་དེའི་ཡུལ་ནི་ཀུན་གཞི་རྣམ་པརཤེསཔ་ཡིན་ནོ།ཉོན་མོངས་པའི་ཡིད་ཀུན་གཞི་ལ་ཇི་ལྟར་དམིགས་ཤེ་ན།ཉོན་མོངས་པའི་ཡིད་དེས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཅེས་བྱ་བ་ནི་འདི་ཡིན་ནོ་ཞེས་ཀུན་གཞི་ལ་བདག་ཏུ་དམིགས་པའི་ཕྱིར་རོ།ཡང་ན་ཉོན་མོངས་པའི་ཡིད་དེ་ཡུལ་གཞན་ལ་ཡང་དམིགས་མོད་ཀྱི་ཡུལ་གཞན་པས་ཀུན་གཞི་ལ་གཙོ་བོར་བདག་ཏུ་དམིགས་པས་དངོས་སུ་ན་ཡིད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཏེ་ཞེས་བྱའོ།།ཉོན་མོངས་པའི་ཡིད་དེ་ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་དམིགས་ཤེ་ན།ཉོན་མོངས་པའི་ཡིད་དེ་རྟག་ཏུ་སེམས་ལས་བྱུང་བའི་ཉོན་མོངས་པ་ཅན་བདག་ཏུ་གཏི་མུག་པ་དང༌།བདག་ཏུ་ལྟ་བ་དང༌།བདག་ཏུ་ང་རྒྱལ་བ་དང༌།བདག་ལ་ཆགས་པ་སྟེ་སེམས་ལས་བྱུང་བ་བཞི་དང་ལྡན་པས་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ནི་འདི་ཡིན་ནོ་སྙམ་དུ་དམིགས་སོ།།རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་དུ་དགྲ་བཅོམ་པ་དང༌།འཕགས་པའི་ལམ་དང༌།འགོག་པའི་སྙོམས་པར་འཇུག་པའི་དུས་ལས་མ་གཏོགས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པར་བྱེད་པའི་དུས་དང༌།འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌།འདུ་ཤེས་མེད་པ་བ་དང༌།སེམས་མེད་པའི་གཉིད་དང༌།བརྒྱལ་བ་ལ་སོགས་པའི་ཚེ་དུས་ཐམས་ཅད་དུ་ཀུན་གཞི་ལ་བདག་ཏུ་ལྟཞིང་དམིགས་པ་རྒྱུན་མ་ཆད་པར་བྱེད་པས་ན་རྟག་ཏུ་ཞེས་བྱའོ།།དེ་ལྟར་ན་ཉོན་མོངས་པའི་ཡིད་རྟག་ཏུ་ང་དང་བདག་གོ་ཞེས་རློམ་སེམས་པའི་རང་བཞིན་ཡིན་ནོ།།
༢ཉོན་ཡིད་ཀྱི་སེམས་ལས་བྱུང་བའི་འཁོར།
ཉོན་མོངས་པའི་ཡིད་དེ་སེམས་ཡིན་ན།སེམས་ལས་བྱུང་བའི་ཆོས་དང་མི་ལྡན་པའི་སེམས་ཡོད་མི་སྲིད་པས་ཉོན་མོངས་པའི་ཡིད་དེ་སེམས་ལས་བྱུང་བ་དུ་དང་ལྡན་ཞེ་ན།རྟག་ཏུ་བདག་ཏུ་གཏི་མུག་པ་དང༌།བདག་ཏུ་ལྟ་བ་དང༌།བདག་ཏུ་ང་རྒྱལ་བ་དང༌།བདག་ལ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་ནོ།ཀུན་གཞི་བདག་མེད་པ་ལ་བདག་མེད་པར་ཁོང་དུ་མ་ཆུད་པ་ནི་བདག་ཏུ་གཏི་མུག་པ་ཞེས་བྱའོ།།དེ་ལྟར་བདག་མེད་པར་ཁོང་དུ་མ་ཆུད་པས་ཀུན་གཞི་ལ་བདག་རྟག་པ་ནི་འདི་ཡིན་ནོ་སྙམ་དུ་འཛིན་པ་ནི་བདག་ཏུ་ལྟ་བ་ཞེས་བྱའོ།།བདག་ཏུ་བལྟས་པའི་རྒྱུ་དེས་སེམས་མཐོ་བ་དང་ཁེངས་པར་གྱུར་པ་ནི་བདག་ཏུ་ང་རྒྱལ་བ་ཞེས་བྱའོ།།བདག་ཏུ་གཏི་མུག་པ་དང༌།བདག་ཏུ་ལྟ་བ་དང༌།བདག་ཏུ་ང་རྒྱལ་བ་གསུམ་ལས།བདག་དེ་ལ་ཆགས་ཤིང་ཕངས་པར་འཛིན་པ་ནི་བདག་ལ་ཆགས་པ་ཞེས་བྱ་སྟེ།ཉོན་མོངས་པའི་ཡིད་དེ་སེམས་ལས་བྱུང་བའི་ཉོན་མོངས་པ་ཅན་བཞི་དང་ལྡན་ནོ།དེ་ཡང་སེམས་ལས་བྱུང་བ་བཞི་པོ་དེ་འབའ་ཞིག་འབྱུང་བར་མ་ཟད་ཀྱི་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་ཡང་ལྡན་པར་བཤད་དོ།།ཉོན་མོངས་པའི་ཡིད་དེ་སེམས་ལས་བྱུང་བའི་ཉོན་མོངས་པ་ཅན་བཞི་དང༌།ཀུན་ཏུ་འགྲོ་བ་ལྔ་བསྣན་ཏེ་སེམས་ལས་བྱུང་བས་དགུ་དང་ལྡན་ནོ།།
༣ཉོནམོངས་པའི་ཡིད་ཀྱི་རང་བཞིན།
ཉོན་མོངས་པའི་ཡིད་དེ་ཡོད་པར་ཉན་ཐོས་རྣམ་པར་སྨྲ་བ་པ་རྣམས་ལ་མ་གྲགས་ཀྱང༌།ཉོན་མོངས་པའི་ཡིད་དེ་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་སེམས་ཀྱི་རང་བཞིན་ཡིན་གྱི་སེམས་ལས་བྱུང་པའི་བཞིན་མ་ཡིན་ནོ།།ཉོན་མོངས་པའི་ཡིད་དེ་སེམས་ཀྱི་རང་བཞིན་ཡིན་ན་ཆོས་རྣམ་པ་བཞི་སྟེ་དགེ་བ་དང༌།མི་དགེ་བ་དང༌།མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ཆོས་དེ་བཞི་གང་གི་རང་བཞིན་ཡིན་ཞེ་ན།རིགས་གཅིག་པ་ཡིན་སྟེ།ཆོས་རྣམ་པ་བཞི་ལས་ཉོན་མོངས་པའི་ཡིད་དེ་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡིན་གྱི་དགེ་བའི་རང་བཞིན་ཡང་མ་ཡིན།མི་དགེ་བའི་རང་བཞིན་ཡང་མ་ཡིན།མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རང་བཞིན་ཡང་མ་ཡིན་པས་རིགས་གཅིག་པའོ།།ཉོན་མོངས་པའི་ཡིད་དེ་བདག་ཏུ་གཏི་མུག་པ་ལ་སོགས་པ་སེམས་ལས་བྱུང་བ་ཉོན་མོངས་པ་ཅན་བཞི་དང་ལྡན་པས་ན་བསྒྲིབས་པ་ཞེས་བྱའོ།།དགེ་བའི་རང་བཞིན་ཡང་མ་ཡིན་མི་དགེ་བའི་རང་བཞིན་ཡང་མ་ཡིན་པས་ན་ལུང་དུ་མ་བསྟན་པ་ཞེས་བྱའོ།།ཅིའི་ཕྱིར་དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་ཞེ་ན།གལ་ཏེ་ཉོན་མོངས་པའི་ཡིད་དེ་དགེ་བའི་རང་བཞིན་ཞིག་ཡིན་པར་གྱུར་ན་མི་དགེ་བའི་རང་བཞིན་བྱེད་པ་རྣམས་ལ་དགེ་བ་མེད་པས་ང་མི་དགེ་བ་བྱེད་དོ་སྙམ་དུ་ངར་འཛིན་.པའི་ཉོན་མོངས་པའི་ཡིད་དེ་མེད་པར་འགྱུར་བར་རིགས་ན།མི་དགེ་བ་བྱེད་པ་རྣམས་ལ་ཡང་ང་མི་དགེ་བ་བྱེད་དོ་སྙམ་དུ་འཛིན་པའི་རང་བཞིན་ཡོད་པས་ན་ཉོན་མོངས་པའི་ཡིད་དེ་དགེ་བའི་རང་བཞིན་ཡང་མ་ཡིན་ནོ།གལ་ཏེ་ཉོན་མོངས་པའི་ཡིད་དེ་མི་དགེ་བའི་རང་བཞིན་ཡིན་ན་ནི་དགེ་བ་བྱེད་པ་རྣམས་ལ་མི་དགེ་བྱེད་པས་ཉོན་མོངས་པའི་ཡིད་མེད་པའི་ཕྱིར་བདག་དགེ་བ་སྤྱོད་དོ་སྙམ་དུ་བདག་ཏུ་སེམས་པ་མེད་པའི་རིགས་ན།དགེ་བ་བྱེད་པ་རྣམས་ཀྱང་བདག་དགེ་བ་བྱེད་དོ་སྙམ་དུ་བདག་ཏུ་འཛིན་པ་ཡོད་པས་ཉོན་མོངས་པའི་ཡིད་དེ་མི་དགེ་བའི་རང་བཞིན་ཡང་མ་ཡིན་ནོ།།
ཡང་ན་ཉོན་མོངས་པའི་ཡིད་དེ་ཉོན་མོངས་པར་རིགས་གཅིག་པ་ཡིན་གྱི་དགེ་བ་དང་མི་དགེ་བ་དང༌།མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ནི་མ་ཡིན་ཏེ།ཅིའི་ཕྱིར་ཉོན་མོངས་པར་རིགས་གཅིག་ཅེ་ན།རྟག་པར་བདག་ཏུ་གཏི་མུག་པ་ལ་སོགས་པ་ཉོན་མོངས་པ་བཞི་དང་ལྡན་པའི་ཕྱིར་ཉོན་མོངས་པར་རིགས་གཅིག་གོ།
༤ཉོན་མོངས་པའི་ཡིད་དེ་དུས་ཇི་སྲིད་དུ་གནས་པ་བསྟན་པ།
ཉོན་མོངས་པའི་ཡིད་དེ་རྟག་གམ་མི་རྟག་པ་ཞིག་ཡིན་སྙམ་པ་ལ།རྒྱུན་ཏུ་འཇུག་པ་སྟེ།སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་འཇུག་པས་རྒྱུན་དུ་འཇུག་པ་ཞེས་བྱ་སྟེ།དེ་ནི་མི་རྟག་པར་བསྟན་ཏོ།།
དེ་ལྟར་འཇུག་པ་བསྟན་ནས།དེ་འགོག་པ་སྟོན་ཏེ།ཉོན་མོངས་པའི་སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་འཇུག་ན།གང་གི་དུས་ཀྱི་ཚེ་ཉོན་མོངས་པའི་ཡིད་མེད་པར་འགྱུར་སྙམ་ན།དགྲ་བཅོམ་པ་དང༌།འཕགས་པའི་ལམ་དང༌།འགོག་པའི་སྙོམས་པར་འཇུག་པའི་དུས་སྟེ།དགྲ་བཅོམ་པས་ནི་ཁམས་གསུམ་གྱི་ཉོན་མོངས་པའི་ཆོས་ཀུན་མ་ལུས་པར་སྤངས་པས་ཉོན་མོངས་པའི་ཡིད་ཀྱང་སྤངས་པའི་ཕྱིར་དགྲ་བཅོམ་པའི་དུས་ན་ཉོན་མོངས་པའི་ཡིད་མེད་དོ།།འཕགས་པའི་ལམ་ནི་གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམས་པ་སྟེ།དོན་དམ་པར་བསྒོམ་པ་དེ་བདག་ཏུ་ལྟ་བ་དང་མི་མཐུན་པ་ཡིན་ལ།བདག་ཏུ་ལྟ་བའི་གཉེན་པོ་ཡིན་པས་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པའི་ཚེ་ཉོན་མོངས་པའི་ཡིད་མེད་དེ།ལམ་ལས་ལངས་ནས་ནི་ཉོན་མོངས་པའི་ཡིད་ཀྱང་འབྱུང་ངོ༌།།དེ་ཅིའི་ཕྱིར་ཞེ་ན།འཕགས་པ་སློབ་པའི་གང་ཟག་རྣམས་ལམ་ལ་སྙོམས་པར་འཇུག་པ་སྟེ།སློབ་མ་རྣམས་ཀྱིས་ནི་ཉོན་མོངས་པ་ཀུན་མ་ལུས་པར་མ་སྤངས་པའི་ཕྱིར་ཉོན་མོངས་པའི་ཡིད་ཀྱི་བག་ཆགས་ཀྱང་ད་དུང་མ་བྱང་བས་ལངས་པའི་ཚེ་ཀུན་གཞི་རྣམ་པར་ཤེས་བ་ལས་ཀྱང་འབྱུང་ངོ༌།།འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དུས་ན་ནི་ཉོན་མོངས་པའི་ཡིད་ཡོད་པས་ཞི་བ་མ་ཡིན་གྱི་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཉོན་མོངས་པའི་ཡིད་མེད་པས་ཆེས་ཞི་བ་ཞེས་བྱ་སྟེ།འགོག་པའི་སྙོམས་པར་འཇུག་པ་དེ་ཆེས་ཞི་བར་གྱུར་པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པའི་དུས་ན་ཉོན་མོངས་པའི་ཡིད་མེད་དོ།།དེ་གསུམ་གྱི་དུས་ལས་མ་གཏོགས་པར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དུས་དང༌།འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང༌།འདུ་ཤེས་མེད་པ་བ་དང༌།སེམས་མེད་པའི་གཉིད་དང༌།བརྒྱལ་བ་ལ་སོགས་པའི་དུས་ན་རྟག་ཏུ་ཡོད་དོ་ཞེས་བསྟན་པ་ཡིན་ནོ།།
མདོར་ན་ཉོན་མོངས་པའི་ཡིད་ཀྱི་སྐབས་སུ་དོན་བཞིས་བསྟན་ཏེ།ཡིད་ཀྱི་ངེས་པའི་ཚིག་དང་།དམིགས་པ་དང༌།ལྡན་པ་དང༌།དུས་ཇི་སྲིད་དུ་ཡོད་པའོ།།དེ་ལ་བདག་དང་བདག་གིར་སེམས་པ་ཞེས་བྱ་བས་ཡིད་ཀྱི་ངེས་པའི་ཚིག་བསྟན།ཀུན་གཞི་ལ་དམིགས་པ་ཞེས་བྱ་བས་དམིགས་པ་བསྟན།སེམས་ལས་བྱུང་བའི་ཉོན་མོངས་པ་བཞི་དང༌།ཀུན་ཏུ་འགྲོ་བ་ལྔ་དང་ལྡན་པ་ཞེས་བྱ་བས་ལྡན་པ་བསྟན།དགྲ་བཅོམ་པ་ལ་སོགས་པའི་དུས་གསུམ་ལས་མ་གཏོགས་པར་དུས་གཞན་དུ་འཇུག་ཅེས་བྱ་བས་དུས་ཅི་སྲིད་དུ་གནས་པ་བསྟན་ནོ།ཞེས་གསུངས་སོ།།
 
གསུམ་པ།ཀུན་གཞིའི་རྣམ་པར་ཤེས་པ།
 
༡མདོར་བསྟན་པ།
ཀུན་གཞིའི་རྣམ་ཤེས་ནི།ངོ་བོ་ཐར་བ་ལ་མ་སྒྲིབ་དགེ་མི་དགེར་ལུང་དུ་མ་བསྟན་པ་འཁོར་ཀུན་འགྲོ་ལྔ་ཁོ་ན་དང་ལྡན།ཚོར་བ་བཏང་སྙོམས་པ་གང་ལ་ཚོགས་བདུན་མཚུངས་ལྡན་དང་བཅས་པས་ཏིལ་ལ་སྣ་མའི་དྲི་བསྒོས་བ་ལྟར་ཕུང་པོ་དང༌།ཁམས་དང་སྐྱེ་མཆེད་ཀྱིས་རང་སྣང་གི་བག་ཆགས་ཡོངས་སུ་བསྒོས་པའི་བསོད་ནམས་སོགས་ལས་གསུམ་གྱི་ས་བོན་ཐམས་ཅད་འཛིན་པ་སེམས་ཀྱི་གཞི་གསལརིག་ཙམ་དམིགས་པ་ཕྱི་རོལ་སྣོད་དང༌།ནང་ཉེ་བར་ལེན་པ་ལ་དམིགས་ཤིང་རྣམ་པ་རིས་སུ་མ་ཆད་པ་སྟེ།འདི་ལ་གནས་སྣོད་དང༌།དོན་གཟུགས་སྒྲ་དྲི་རོ་རེག་བྱ་དང༌།ལུས་སེམས་ཅན་སོ་སོའི་ལུས་སུ་སྣང་བ་འབྱུང་རུང་གི་བག་ཆགས་ཀྱི་ས་བོན་ཙམ་དུ་གནས་པའི་ཆ་ནས་ཀུན་གཞི་དང༌།ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ།ད་ལྟར་གྱི་གནས་སུ་སྣང་བ་སྣོད་ཀྱི་འཇིག་རྟེན་དང་དོན་དུ་སྣང་བ་ཡུལ་ལྔ་དང་ལུས་སུ་སྣང་བ་དབང་པོ་ལྔ་པོ་འདི་ཡང་དོན་ལ་མེད་པར་རྨི་་ལམ་གྱི་སྣང་བ་ལྟར་ཀུན་གཞིའི་རྣམ་ཤེས་ཉིད་སྣོད་སོགས་དེར་སྣང་བ་ཙམ་དུ་ཟད་པའི་ཆ་ནས་རྣམ་པར་སྨིན་པའི་ཀུན་གཞིའམ་ཀུན་གཞི་དེའི་རྣམ་པར་ཤེས་པ་ཞེས་ཀྱང་བྱའོ།།མཛོད་ལས།སེམས་དང་ཡིད་དང་རྣམ་ཤེས་གསུམ་པོ་ནི་དོན་གཅིག་ཅེས་མིང་གི་རྣམ་གྲངས་ཙམ་དུ་བཞེད་པའང་ཡོད་ལ།ཡང་ཀུན་བཏུས་སོགས་ལས་སེམས་ཀུན་གཞིའི་རྣམ་ཤེས།ཡིད་ཉོན་མོངས་པའི་ཡིད།རྣམ་པར་ཤེས་པ་ཚོགས་དྲུག་གི་མིང་དུ་བཞེད་དོ།།
༢རྒྱས་པར་བཤད་པ།
(ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན།
དེ་ལ་ཆོས་རྣམ་པ་གསུམ་སྟེ།དགེ་བ་དང༌།མི་དགེ་བ་དང༌།ལུང་དུ་མ་བསྟན་པའོ།།དེ་ལ་དགེ་བ་ནི་དད་པ་ལ་སོགས་པ་བཅུ་གཅིག་གོ།མི་དགེ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དྲུག་དང༌།ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཉི༌ཤུའོ།།ཡང་ན་དགེ་བ་ནི་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུའོ།།མི་དགེ་བ་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་བཅུའོ།།ལུང་དུ་མི་སྟོན་པའི་ཆོས་ལ་རྣམ་པ་གཉིས་ཏེ།མ་བསྒྲིབས་ལལུང་དུ་མི་སྟོན་པ་དང༌།བསྒྲིབས་ལ་ལུང་དུ་མི་སྟོན་པའོ།།ང་དང་བདག་གིར་རྟོག་པའི་རང་བཞིན་མ་ཡིན་ཞིང་དེའི་དྲི་མས་མ་བསྒོས་པ་ན་ཀུན་གཞི་རྣམ་པར་ཤེས་པ་རང་བཞིན་མ་བསྒྲིབས་ལ་དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་པས་ན་ལུང་དུ་མི་སྟོན་པའོ།།ང་དང་བདག་གིར་རྟོག་པའི་རང་བཞིན་ཡིན་ལ་དེའི་དྲི་མས་བསྒོས་པས་ན་བསྒྲིབས་པའོ།།དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་པས་ན་ལུང་དུ་མི་སྟོན་པའོ།།དེ་ལྟར་ཆོས་བཞི་ཡོད་པ་ལས་ཀུན་གཞིའི་རྣམ་པར་ཤེས་པ་དགེ་བའི་རྣམ་པ་དང་རང་བཞིན་ཡིན་ནམ།མི་དགེ་བའི་རྣམ་པ་དང་རང་བཞིན་ཡིན་ནམ།མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རྣམ་པ་དང་རང་བཞིན་ཡིན་ནམ།བསྒྲིབས་ལ་ལུང་དུ་མི་སྟོན་པའི་རྣམ་པ་དང་རང་བཞིན་ཡིན་ཞེ་ན།ཀུན་གཞི་རྣམ་པར་ཤེས་པ་ནི་རིགས་གཅིག་པ་ཡིན་ཏེ་མ་བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ཡིན་གྱི་དགེ་བའི་རང་བཞིན་ཡང་མ་ཡིན་མི་དགེ་བའི་རང་བཞིན་ཡང་མ་ཡིན།བསྒྲིབས་ལ་ལུང་དུ་མི་སྟོན་པའི་རང་བཞིན་ཡང་མ་ཡིན་ནོ།།དེ་ལ་ང་དང་བདག་གིར་རྟོག་པའི་ཉོན་མོངས་པའི་ཡིད་ཀྱི་དྲི་མས་མ་བསྒོས་ཤིང་དེའི་རང་བཞིན་མ་ཡིན་པས་ན་མ་བསྒྲིབས་པའོ།།དགེ་བ་དང་མི་དགེ་བའི་རང་བཞིན་མ་ཡིན་པས་ན་ལུང་དུ་མི་སྟོན་པའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号