ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གཉིས་པ།ཁམས་བཅོ་བརྒྱད་ལས་ངོ་བོ་དང་ངོས་བཟུང་།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་དང་པོ།ཁམས་བཅོ་བརྒྱད་ཀྱི་ངོ་བོ་དང་ངོས་བཟུང༌། 

དང་པོ།ཁམས་ཀྱི་སྒྲ་དོན་དང་མཚན་ཉིད།
 
བྷྰ་རུའི་སྒྲ་ལས་ས་བོན་འཛིན་པའམ་རང་གི་མཚན་ཉིད་དམ་ཉེར་སྤྱོད་འཛིན་པའི་དོན་གྱིས་ཁམས་ཞེས་བྱའོ།།ཁམས་བཅོ་བརྒྱད་པོ་དེ་ལས།མིག་ནས་ཡིད་ཀྱི་བར་དྲུག་པོ་འདས་བ་དང་ད་ལྟ་བའི་ཡུལ་ལ་ཉེར་སྤྱོད་འཛིན་པར་བྱེད་པའི་རྒྱུའམ་རིགས་སམ་ཀུན་གཞི་ལ་སྔོན་དང་དེ་ལྟར་གྱི་ལས་བསགས་པས་མིག་འགྲུབ་རུང་གི་ས་བོན་གྱི་དོན་དང༌།དེ་བཞིན་དུ་གཟུགས་ནས་ཆོས་ཀྱི་བར་དྲུག་པོ་གཟུང་བའི་རྒྱུའམ་རིགས་སམ་ས་བོན་གྱི་དོན་དང༌།མིག་ཤེས་ནས་ཡིད་ཤེས་ཀྱི་བར་དྲུག་པོ་ཡུལ་དངོས་སུ་འཛིན་པའི་རྒྱུའམ་རིགས་སམ་ས་བོན་གྱི་དོན་ཏེ་ཁམས་ཞེས་བ་རྒྱུའམ་རིགས་དང་ས་བོན་གྱི་དོན་ཅན་ནོ།
ཕུང་པོ་ལྔའི་བཤད་པ་ལས།མིག་དང་གཟུགས་ལ་སོགས་པ་ལ་ཁམས་ཞེས་བཏགས་པ་དོན་གང་དང་གང་གིས་ཁམས་ཞེས་བཏགས་ཞེ་ན།མི་བྱེད་ལ་རང་གི་མཚན་ཉིད་འཛིན་པའི་ཕྱིར་སྟེ།ཆོས་ཐམས་ཅད་ཅི་ཡང་བྱེད་པ་མེད་པས་ན་མི་བྱེད་པ་ཞེས་བྱ་སྟེ།ཅིའི་ཕྱིར་ཞེ་ན།ཆོས་རྣམས་ནི་སྐད་ཅིག་མ་ཡིན་ཏེ་སྐྱེས་མ་ཐག་ཏུ་ཞིག་པས་ཅི་ཡང་བྱེད་པར་མི་ནུས་པའི་ཕྱིར་རོ།དེ་ལྟར་མི་བྱེད་ཀྱང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཞེས་བྱ་སྟེ།དཔེར་ན་ས་སྲ་བའི་རང་གི་མཚན་ཉིད་འཛིན་པས་སའི་ཁམས་ཞེས་བྱ་བདང་འདྲ་བར་ཆོས་དེ་དག་ཀྱང་སོ་སོ་རང་གི་མཚན་ཉིད་འཛིན་པས་ན་ཁམས་ཞེས་བྱའོ།།ཞེས་གསུངས་པ་ལྟར་རོ།
ཁམས་ཀྱི་མཚན་ཉིད་ལ་དབང་པོའི་ཁམས།ཡུལ་གྱི་ཁམས། རྣམ་ཤེས་ཀྱི་ཁམས་ཀྱི་མཚན་ཉིད་གསུམ་མོ།།
༡དབང་པོའི་ཁམས་ཀྱི་མཚན་ཉིད།
མིག་ཁམས་ཀྱི་མཚན་ཉིད་ནི།འདས་བའི་མིག་གང་གིས་འདས་བའི་གཟུགས་མཐོང་བར་གྱུར་བ་ཉེར་སྤྱོད་བཟུང་ཟིན་པ་དང༌།ད་ལྟ་བའི་མིག་གིས་ད་ལྟ་བའི་གཟུགས་ལ་ལྟ་བ་ཉེར་སྤྱོད་འཛིན་བཞིན་པ་དང་གཉིས་ནི་མིག་ཀྱང་ཡིན་ལ་ཁམས་ཀྱང་ཡིན་པ་ཞེས་གཞི་མཐུན་པར་སྦྱར་ཞིང༌།དོན་གྱི་སྐབས་སུ་ས་བོན་གྱི་དོན་ལ་འཆད་པ་ལྟར་མིག་དེའི་ས་བོན་དེ་ལྟར་ཀུན་གཞིའི་རྣམ་ཤེས་ལ་བསགས་པ་སྐྱེ་བ་གཞན་ལ་མིག་འགྲུབ་རུང་དུ་ཡོད་པ་དང༌།སྔོན་གྱི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པས་ཁྱད་པར་དུ་བྱས་པ།རྣམ་པར་ཤེས་པ་ཀུན་གཞིའི་རྣམ་པར་ཤེས་པ་འདོད་གཟུགས་སུ་ཉིང་མཚམས་སྦྱར་ཟིན་པ་དེ་མ་ཐག་མིག་འགྲུབ་རུང་དུ་ཡོད་པ་གང་ཡིན་པ་དེ་དག་ནི་མིག་དང་འབྲེལ་བའི་ཁམས་ཞེས་བྱ་སྟེ།དེ་ལྟར་ཉེར་སྤྱོད་འཛིན་པ་དང་ས་བོན་གྱི་དོན་ཅན་གཉི་གའང་མིག་གི་ཁམས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དེ།རྣ་བའི་ཁམས་སོགས་ལྷག་མའང་དེ་ལྟར་སྟེ།ཡིད་གང་གིས་ཆོས་རྣམས་ཤེས་ཟིན་དང་ཤེས་བཞིན་པ་ཉེར་སྤྱོད་འཛིན་པའི་དོན་གྱིས་དང༌།དེའི་ས་བོན་བསགས་པ་དང་རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་ཤེས་གང་ཡིན་པ་དེ་ནི་ས་བོན་གྱི་ཁམས་ཀྱི་མཚན་ཉིད་ཅན་ནོ།
༢དམིགས་པ་ཡུལ་གྱི་ཁམས་ཀྱི་མཚན་ཉིད།
གཟུགས་མས་ཀྱི་མཚན་ཉིད་འདས་བའི་མིག་གིས་གཟུགས་གང་མཐོང་བར་གྱུར་པ་ཉེར་སྤྱོད་ཀྱི་དམིགས་པར་བཟུང་ཟིན་པ་རྣམས་དང༌།ད་ལྟ་བའི་གཟུགས་མིག་གིས་མཐོང་བ་ཉེར་སྤྱོད་ཀྱི་དམིགས་པས་འཛིན་བཞིན་པ་རྣམས་དང༌།གཟུགས་དེ་ལ་མིག་གི་ཁམས་ཀྱིས་དབང་བསྒྱུར་བར་བྱེད་པ་སྟེ།གདུགས་ཕུབ་པས་གྲིབ་མ་འབྱུང་བ་ལྟར་དབང་པོ་གྲུབ་པས་ཕྱི་རོལ་དུ་ཡུལ་གྲུབ་པ་གང་ཡིན་པ་དེ་ལ།མིག་གི་དབང་པོ་ཉིད་གཟུགས་འགྲུབ་པའི་རྒྱུ་ཡིན་པས་ས་བོན་གྱི་དོན་ལ་ཁམས་སུ་བཞག་པའོ།།ཡང་ན་མིག་གི་དབང་པོའི་ལོངས་སྤྱད་བྱར་གྲུབ་པ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ།།སྒྲ་སོགས་ལྷག་མ་རྣམས་ཀྱང་དེ་ལྟར་ཤེས་བར་བྱའོ།།
༣རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད།
མིག་གི་རྣམ་པར་ཤེས་བའི་ཁམས་ཀྱི་མཚན་ཉིད་ནི།རྟེན་ནམ་གནས་བདག་རྐྱེན་མིག་གི་དབང་པོ་དང༌།དམིགས་པའི་རྐྱེན་ཡུལ་གཟུགས་ཀྱིས་བྱས་པ་ལ་བརྟེན་ནས་གཟུགས་སུ་སྣང་བའི་རྣམ་པར་རིག་པ་འདས་པ་དང་ད་ལྟ་བ་གང་ཡིན་པ་དེ་དག་ནི་ཉེར་སྤྱོད་ཀྱི་རང་གི་མཚན་ཉིད་འཛིན་པས་ཁམས་ཀྱི་མཚན་ཉིད་ཅན་དང༌། མིག་ཤེས་དེའི་ས་བོན་ད་ལྟར་གྱི་ཀུན་གཞི་ལ་བསགས་པ་མ་འོངས་པ་ན་མིག་ཤེས་འགྲུབ་རུང་དང༌།འདས་པའི་བག་ཆགས་ཀྱིས་འཕངས་པའི་རྣམ་པར་ཤེས་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་འདོད་གཟུགས་སུ་ཉིང་མཚམས་སྦྱོར་ཟིན་པ་དེ་མ་ཐག་མིག་ཤེས་འགྲུབ་རུང་གང་ཡིན་པ་དེ་དག་གི་རྒྱུ་བྱེད་པའི་ཆ་ནས་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ།།སྣ་ཤེས་སོགས་ལྷག་མ་རྣམས་ཀྱང་དེ་ལྟར་རིགས་པར་བྱའོ།།
འདས་པ་དང་ད་ལྟ་བ་སྨོས་པ་ནི།ཉེར་སྤྱོད་གཟུང་ཟིན་དང་འཛིན་བཞིན་པ་ཁམས་སུ་བཞག་གི་མ་འོང་པའི་ཉེར་སྤྱོད་མ་བྱུང་བས་འཛིན་པ་མི་འཐད་པའི་ཕྱིར་དང༌།མ་འོང་བ་ན་སྐྱེ་བའི་སྒོར་གྱུར་བ་ནི་སྐྱེ་མཆེད་དུ་འཆད་པར་འགྱུར་བའི་ཕྱིར་ཁམས་སུ་མི་འཇོག་གོ།
མིག་ཡིན་ལ་མིག་གི་ཁམས་མིན་པ།དགྲ་བཅོམ་པ་ཐ་མའི་མིག་གོ།མིག་གི་ཁམས་ཡིན་ལ་མིག་མ་ཡིན་པ།སྒོང་ངའི་ནང་ན་འདུག་པ་དང༌།ནུར་ནུར་སོགས་མངལ་གནས་མིག་མ་དོད་པའོ།།མིག་ཞར་བ་དང༌།གཟུགས་མེད་པའི་སོ་སྐྱེས་མིག་གི་རྒྱུའོ།།གཉིས་ཀ་ཡིན་པ་དེ་རྣམས་མིན་པའི་གནས་སྐབས་ཀྱི་མིག་གཞན་ནོ།གཉིས་ཀ་མིན་པ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་བ་དང༌།གཟུགས་མེད་པར་སྐྱེས་པའི་འཕགས་པའི་མིག་གོ།མིག་དང་མིག་གི་ཁམས་ཀྱི་མུ་དེ་བཞིན།རྣ་བ་སོགས་བཞིར་ཡང་ཅི་རིགས་སུ་ཤེས་པར་བྱའོ།།ཡིད་གང་ཡིན་པ་ཡིད་ཁམས་ཡིན་ནམ་ཞེ་ན།ཡིད་ཡིན་ཡིད་ཁམས་མིན་པ་དགྲ་བཅོམ་ཐ་མའི་ཡིད་དོ།། ཁམས་ཡིན་ཡིད་མིན་འགོག་སྙོམས་ལ་ཞུགས་པའི་འོ།།གཉིས་ཡིན་དེ་མིན་གཞན་ནོ།།གཉིས་མིན་ལྷག་མེད་མྱང་འདས་ནའོ།
གཉིས་པ།ཁམས་བཅོ་བརྒྱད་བཤད་པ།
ཁམས་བཅོ་བརྒྱད་ནི་གཟུགས་ཀྱི་ཕུང་པོ་དེ་ལས་ཁམས་བཅུ་དང༌།སེམས་ཀྱི་ཁམས་བདུན།ཆོས་ཀྱི་ཁམས་གཅིག་སྟེ་བཅོ་བརྒྱད་དོ།།
བཤད་མ་ཐག་པའི་གཟུགས་ཀྱི་ཕུང་པོ་དེ་ལས་ཁམས་བཅུ་བཞག་སྟེ།གང་ཞེ་ན་མིག་གི་ཁམས་ནས་ལུས་ཀྱི་ཁམས་ཀྱི་བར་དབང་པོ་གཟུགས་ཅན་ལྔ་དང༌།གཟུགས་ནས་རེག་བྱའི་བར་ཡུལ་གཟུགས་ཅན་གྱི་ཁམས་ལྔ་སྟེ་བཅུའོ།།རྣམ་པར་ཤེས་པའི་ཕུང་པོ་ལ་ཁམས་བདུན་ཏེ།མིག་གི་རྣམ་ཤེས་ཀྱི་ཁམས་ནས།ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་དང༌།ཡིད་ཀྱི་ཁམས་དང་བདུན་ནོ།།ཚོར་བའི་ཕུང་པོ་དང༌།འདུ་ཤེས་ཀྱི་ཕུང་པོ་དང༌།འདུ་བྱེད་ཀྱི་ཕུང་པོ་བཅས་གསུམ་དང༌།གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་རྣམ་པར་རིག་བྱེད་མ་ཡིན་པས་བསྣན་ཏེ་དེ་དང་བཞིའི་སྟེང་དུ་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་བཞི་དང་བརྒྱད་ལ་ཁམས་ཀྱི་སྐབས་སུ་ནི་ཆོས་ཀྱི་ཁམས་ཞེས་བྱའོ།།
༡སེམས་ཀྱི་ཁམས་བདུན།
སྐྱེ་མཆེད་བཤད་པའི་སྐབས་སུ་རྣམ་པར་ཤེས་པའི་ཕུང་པོ་སྟེ།རྣམ་པར་ཤེས་པ་བརྒྱད་ལ་ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་པ།ཁམས་བཤད་པའི་སྐབས་སུ་ནི་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པའི་ཆོས་བརྒྱད་ལ་ཡིད་ཀྱི་ཁམས་ཞེས་མི་བྱའི་ཁམས་བཤད་པའི་ཚེ་སེམས་ཀྱི་ཁམས་བདུན་ཞེས་བྱ་སྟེ།རྣམ་པར་ཤེས་པ་ཚོགས་བརྒྱད་ལས་ཁམསབཤད་པའི་སྐབས་སུ་ཀུན་གཞི་རྣམ་པར་ཤེས་པ་དང༌།ཉོན་མོངས་པའི་ཡིད་གཉིས་བཀོལ་ཏེ།ཕྱི་ན་རྣམ་པར་ཤེས་པ་དྲུག་ལ་སེམས་ཀྱི་ཁམས་བདུན་ཞེས་བྱ་སྟེ།མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་སེམས་དྲུག་དང་རྣམ་པར་ཤེས་པ་དྲུག་པོ་སྔ་མ་འགགས་པ་ཉིད་ལ་ཡིད་ཀྱི་ཁམས་ཞེས་བཏགས་ཏེ།ཡིད་ཀྱི་ཁམས་དང་སེམས་ཀྱི་ཁམས་བདུན་ནོ།
རྣམ་པར་ཤེས་པ་དྲུག་གི་ཁམས་ནི་མིག་ལ་སོགས་པ་ལ་གནས་ཏེ།གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པའོ།།དེ་ལ་མིག་ལ་སོགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ནས།ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་དྲུག་པོ་དེ་དག་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྐྱེ་མཆེད་དྲུག་ལ་བརྟེན་ཏེ།མིག་གི་རྣམ་པར་ཤེས་པ་ནི་མིག་གི་སྐྱེ་མཆེད་ལ་བརྟེན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་སྐྱེ་མཆེད་ལ་བརྟེན་པས་ན་རྣམ་པར་ཤེས་པ་དྲུག་གི་ཁམས་ནི་མིག་ལ་སོགས་པོ་་གནས་པ་ཞེས་བྱའོ།།གཟུགས་ལ་སོགས་པ་ལ་དམིགས་པ་རྣམ་པར་རིག་པ་ཞེས་བྱ་བ་ལམིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་གི་ཡུལ་ནི་གཟུགས་དང༌།སྒྲ་དང༌།དྲི་དང༌།རོ་དང༌།རེག་བྱ་དང༌།ཆོས་རྣམས་སོ།།དམིགས་པ་ཞེས་བྱ་བ་ནི་ཡིད་དེ་དག་གི་རང་བཞིན་ཤེས་བར་བྱེད་པ་ལ་བྱ་སྟེ། གཟུགས་ཀྱི་རང་བཞིན་ཤེས་པར་བྱེད་པའི་མིག་གི་རྣམ་པར་ཤེས་པ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་ནས།ཆོས་ཀྱི་རང་བཞིན་ཤེས་བར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱར་ཟད་དོ།།མདོ་ལས།ཡིད་རྣམ་པར་རྒྱུབ་དང་པོར་བྱུང་བའི་རྗེས་སུ་འབྲང་བ་འཇལ་བ་དང་དཔྱོད་པ་གང་ཡིན་པ་འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།།ཞེས་གསུངས་པས་སོ།།
ཡིད་ཀྱི་ཁམས་ཞེས་པ་ཡིད་ཀྱི་དབང་པོ་སྟེ་རྣམ་པར་ཤེས་པ་ཚོགས་དྲུག་པོ་གང་ཡང་རུང་བ་འགག་མཐག་པ་དེ་ཡིད་ཤེས་སྐྱེད་པའི་དབང་པོ་ཡིན་ནོ།ཕུང་པོ་ལྔའི་རབ་བཤད་ལས།ཡིད་ཀྱི་ཁམས་ཞེས་བྱ་པ་རྣམ་པར་ཤེས་པ་དྲུག་པོ་ཉིད་ལ་བྱའམ་འོན་ཏེ་དེ་ལས་མ་གཏོགས་པའི་ཡིད་ཀྱི་ཁམས་གཞན་ཞིག་ཡོད་སྙམ་པ་ལ།རྣམ་པར་ཤེས་པ་དྲུག་པོ་ཉིད་ལ་ཡིད་ཀྱི་ཁམས་ཞེས་བྱ་བར་ཟད་ཀྱི་དེ་ལས་མ་གཏོགས་པར་ཡིད་ཀྱི་ཁམས་ཞེས་བྱས་མེད་དོ།།ཡིད་ཀྱི་ཁམས་ནི་དེ་དག་འགགས་མ་ཐག་པ་སྟེ།རྣམ་པར་ཤེས་པ་དྲུག་གི་ཁམས་དེ་དག་སྔར་འགགས་མ་ཐག་པ་ལ་ཡིད་ཀྱི་ཁམས་ཞེས་བྱ་བར་ཟད་ཀྱི་དེ་མ་གཏོགས་པར་ཡིད་ཀྱི་ཁམས་ཞེས་བྱ་བ་མེད་དོ།། ཞེས་གསུངས་སོ།།ཡིད་ཀྱི་ཁམས་ཞེས་པ་ཡིད་ཀྱི་དབང་པོ་སྟེ།ཅི་བསྟན་ཅེ་ན།རིགས་བསྟན་པའི་ཕྱིར་རོ།།འདིར་གསུམ་སྟེ།རྟེན་གྱི་རིགས་དང༌།བརྟེན་པའི་རིགས་དང༌།དམིགས་པའི་རིགས་སྲོ།དང་པོ་གང་ཞེ་ན།མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་བར་དྲུག་གོ།བརྟེན་པའི་རིགས་གང་ཞེ་ན།མིག་གི་རྣམ་པར་ཤེས་པ་ནས།ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་གོ།དམིགས་པའི་རིགས་གང་ཞེ་ན།གཟུགས་ལ་སོགས་པ་ནས་ཆོས་ལ་ཐུག་པའི་བར་དྲུག་གོ།དེས་ན་སྐབས་འདིར་བསྟན་གྱི་རིགས་བསྟན་པའི་ཕྱིར་ཡིད་ཀྱི་དབང་པོ་སྟེ་ཞེས་གསུངས།རྣམ་པར་ཤེས་པ་དྲུག་ཞེས་པ།དྲུག་པོ་ནང་ནས་ཡིན་གྱི་དེ་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་ངེས་གཟུང་བའོ།། འགག་མ་ཐག་ཞེས་སྨོས་པས།མཚུངས་པ་དེ་མ་ཐག་རྐྱེན་གྱི་འབྲས་བུ་ཉིད་དུ་ཡོངས་སུ་གཟུང་བའི་ཕྱིར་རོ།འདས་མ་ཐག་པ་སྨོས་པས།རྣམ་པར་ཤེས་པ་གཞན་གྱི་བར་དུ་ཆོད་པ་ལྡོག་པའི་ཕྱིར་རོ།རྣམ་པར་ཤེས་པ་གཞན་ནི་གང་ཞེ་ན།རིགས་མཐུན་པའི་སྐད་ཅིག་མས་ཆོད་པ་བཟློག་པ་ཡིན་གྱི།རིགས་མི་མཐུན་པས་ཆོད་པ་བཟློག་པ་མིན་ཏེ།དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བ་ལ་ཡང་ཡོད་པར་འགྱུར་རོ།འདས་པ་སྨོས་པས།རྒྱལ་པོའི་སྲས་ནི་ད་ལྟ་བྱུང་བ་བསལ་བའི་ཕྱིར་རོ།།གང་སྦེལ་ནི།མ་འོངས་བ་རྣམ་པར་བཅད་པའི་ཕྱིར་རོ།ཞེས་སོ།།སྔ་མས་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ནི་དེའི་གནས་སྐབས་ལ་རྟེན་ཅན་ཡིན་ནོ་ཞེས་སོ།ཕྱི་མས་ནི།ད་ལྟ་བ་ཁོ་ནས་དེའི་རྟེན་གྱི་བྱ་བ་བྱེད་དེ།དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་འབྲས་བུ་ཉིད་དུ་ཡོངས་སུ་བཟུང་བའི་ཕྱིར་རོ།འདས་པ་ནི་བྱས་ཟིན་པ་ཁོ་ནའོ་ཞེས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号