ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གཉིས་པ།ཁམས་བཅོ་བརྒྱད་ལས་ངོ་བོ་དང་ངོས་བཟུང་།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
རྣམ་པར་ཤེས་པ་སྔ་མ་འགགས་པ་ལ་ཡིད་ཀྱི་ཁམས་ཞེས་བྱ་ན་ཡང་ན་ཁམས་བཅུ་བདུན་དུ་འགྱུར །ཡང་ན་ཁམས་བཅུ་གཉིས་སུ་འགྱུར་གྱི་ཁམས་བཅོ་བརྒྱད་དུ་མི་འགྱུར་རོ།།ཇི་ལྟར་ཞེ་ན།རྣམ་པར་ཤེས་པ་དྲུག་པོ་སྔ་ཕྱི་འགགས་པ་རྣམས་ཕན་ཚུན་བསྡུས་པའི་ཕྱིར་ཏེ།རྣམ་པར་ཤེས་པ་སྔ་མ་དྲུག་པོ་ཡིད་དུ་བཏགས་པ་རྣམ་པར་ཤེས་པའི་ཁམས་དྲུག་གི་རང་བཞིན་ལས་ལྷག་པར་བྱེད་པས་དེའི་ནང་དུ་འདུས་པའི་ཕྱིར་ཁམས་བཅུ་བདུན་དུ་འགྱུར་རོ།།ཡང་ན་རྣམ་པར་ཤེས་པའི་ཁམས་དྲུག་ཡིད་ཀྱི་ཁམས་སུ་བསྡུས་ན་ནི་ཁམས་བཅུ་གཉིས་སུ་འགྱུར་ཏེ།ཁམས་བཅོ་བརྒྱད་དུ་མེད་དོ་ཞེས་དོགས་པ་བསལ་བའི་ཕྱིར།རྣམ་པར་ཤེས་པ་དྲུག་པའི་གནས་བསྟན་པའི་ཕྱིར་དེ་ལྟར་བཅོ་བརྒྱད་དུ་རྣམ་པར་གཞག་སྟེ།མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་རྟེན་ནམ་གནས་ནི་མིག་གི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་ཀྱི་བར་དུ་སྐྱེ་མཆེད་ལྔ་ལ་བྱ་བར་གྲགས་ན་ཡིད་ཀྱི་རྣམ་པར་ཤེས་པའི་གནས་དང་རྟེན་དུ་གྲགས་པས་དེའི་ཕྱིར་གནས་དང་རྟེན་བསྟན་པར་བྱ་བའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པ་ལ་ཡིད་ཀྱི་ཁམས་ཞེས་བཤད་པ་དང་ཁམས་བཅོ་བརྒྱད་དུ་འགྱུར་རོ།
༢ཆོས་ཀྱི་ཁམས།
ཆོས་ཀྱི་ཁམས་ཞེས་བྱ་བ།ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་གསུམ་དང༌།རྣམ་པར་རིག་བྱེད་མིན་པའི་གཟུགས་དང་འདུས་མ་བྱས་ཐམས་ཅད་སྟེ།འདིར་འདུས་མ་བྱས་པ་གང་ཡིན་པ་བཤད་པར་བྱ་ལ།གཞན་རྣམས་ཕུང་པོའི་སྐབས་ལྟར་ཤེས་པར་བྱའོ།།
ལས་དང་ཉོན་མོངས་པའི་རྒྱུ་དང་རྐྱེན་གྱི་མཐུ་ལས་སྐྱེས་པའི་རང་བཞིན་ནི་འདུས་བྱས་ཞེས་བྱའི།ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་རང་བཞིན་མ་ཡིན་པ་ལ་ནི་འདུས་མ་བྱས་ཞེས་བྱ་སྟེ།འདུས་མ་བྱས་ལ།གཉེན་པོས་སོ་སོར་བརྟགས་པས་ཉོན་མོངས་པ་འགོག་པ་དང༌།གཉེན་པོས་བརྟགས་མིན་གྱིས་འགོག་པ་དང༌།ནམ་མཁའ་དང་གསུམ་དུ་མཛོད་ལས་བཤད།དེ་ལྟར་ན་ཆོས་ཁམས་བདུན་དུ་འདོད།ཡང་སེམས་ཙམ་པ་སོགས་ཀྱིས་དེ་བཞིན་ཉིད་བསྣན་ཏེ་འདུས་མ་བྱས་བཞིར་བཞེད།ཀུན་བཏུས་སུ།ཆོས་ཉིད་ཁྱད་མེད་ཀྱང༌།ཆོས་ཅན་ཐ་དད་པའི་སྒོ་ནས་དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང༌།འདུ་ཤེས་མེད་པ་དང༌།འགོག་པའི་སྙོམས་འཇུག་གི་དུས་ཀྱི་སེམས་ཁེགས་པའི་གནས་སྐབས་གཉིས་ཏེ།གོང་གི་གསུམ་དང་བསྡོམས་པས་འདུས་མ་བྱས་བརྒྱད་དུ་བཞེད་དོ།།ཞེས་སོ།།
()སོ་སོར་བརྟགས་པའི་འགོག་པ།
སོ་སོར་བརྟགས་འགོག་ནི།སོ་སོར་བརྟགས་པའི་ཤེས་རབ་སོགས་ཟག་མེད་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་སྟོབས་ལས་རང་རང་གི་སྤང་བྱ་ཉོན་མོངས་སོགས་གཏན་དུ་བྲལ་བའི་འདུས་མ་བྱས་ཀྱི་ཆའོ།།ཀུན་བཏུས་ལས།སོ་སོར་བརྟགས་པའི་འགོག་པ་གང༌།གང་འགོག་པ་དེ་འབྲལ་བའོ།།གང་འགོག་པ་དེ་འབྲལ་བ་ཞེས་བྱ་བ་ནི།བག་ལ་ཉལ་ཀུན་ཏུ་བཅོམ་པའི་ཕྱིར་རོ།ཞེས་དང༌།ཕུང་པོ་ལྔའི་རབ་བཤད་ལས།སོ་སོར་བརྟགས་པས་འགོག་པ་གང་ཞེ་ན།དེ་ལ་སོ་སོར་བརྟགས་པ་ཞེས་པ་ལ་བརྟགས་པ་དང་འབྱེད་པ་དང་ཤེས་རབ་ཅེས་བྱ་བ་དང་དོན་གཅིག་སྟེ།གང་དེ་མ་ཐག་པའི་ལམ་དུ་གཏོགས་པའི་ཤེས་རབ་ཀྱི་ཁྱད་པར་ལ་བརྟགས་པ་ཞེས་བྱ་སྟེ།སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་སྟེ།བདེན་པ་བཞི་ལ་ཤེས་རབ་དེས་སོ་སོར་མི་རྟག་པ་དང༌།སྡུག་བསྔལབ་ལ་སོགས་པར་ཤེས་པར་བྱས་ནས་ཉོན་མོངས་པ་སྤངས་བས་ཐོབ་སྟེ།ཉོན་མོངས་པ་སྤངས་པས་ཕུང་པོ་མི་སྐྱེ་བར་འགག་པ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ།།ཞེས་གསུངས་སོ།།
()བརྟགས་མིན་གྱི་འགོག་པ།
བརྟག་མིན་འགོག་པ་ནི།སོ་སོརབརྟགས་པས་བག་ལ་ཉལ་གྱིས་བོན་ཁེགས་པ་མིན་ཡང་སྐྱེད་བྱེད་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་ཕྱོགས་གང་ན་འབྲས་བུའི་དངོས་པོ་གང་མེད་པ་སྟེ་རྟ་ཡི་མགོ་ལ་ར་ལྟ་བུའོ།།མིག་ཤེས་གཟུགས་ལ་ཡེངས་པ་ན་རྣམ་ཤེས་གཞན་མ་སྐྱེས་ལྟ་བུའང་གཞུང་འགྲེལ་དུ་གསུངས།ཕྱོགས་གང་ན་བུམ་པ་མེད་པ་ལྟ་བུ་སོགས་མེད་པའི་བྱེ་བྲག་ཐམས་ཅད་ཀྱང་འདིར་འདུའོ།།ཀུན་བཏུས་ལས།སོ་སོར་མ་བརྟགས་པའི་འགོག་པ་གང༌།གང་འགོག་ལ་མི་འབྲལ་བའོ།།གང་འགོག་ལ་མི་འབྲལ་ཞེས་བྱ་བ་ནི་བག་ལ་ཉལ་ཀུན་ཏུ་མ་བཅོམ་པའི་ཕྱིར་རོ།།ཞེས་དང༌།ཡང་ཕུང་པོ་ལྔའི་རབ་བཤད་ལས།ཤེས་རབ་མེད་པར་ཕུང་པོ་ལ་སོགས་པའི་ཆོས་མི་སྐྱེ་བར་གྱུར་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགག་པ་ཞེས་བྱའོ།།ཞེས་གསུངས་སོ།།
()ནམ་མཁའ།
ནམ་མཁའ་ནི་གཟུགས་སུ་འཇོག་པར་རུང་བའི་མཚན་ཉིད་མེད་ཅིང་ཐོགས་བཅས་ཀྱི་གཟུགས་སྐྱེ་འཇུག་སོགས་བྱེད་པ་ཐམས་ཅད་གོ་མ་བཀགས་པའམ་གོ་འབྱེད་པ་ལ་མི་སྒྲིབ་པ་སྟེ།ཕུང་པོ་ལྔའི་རབ་བཤད་ལས།ནམ་མཁའ་གང་ཞེ་ན།གཟུགས་ཀྱི་གོ་འབྱེད་པ་སྟེ།ཐོགས་པ་དང་བཅས་པའི་གཟུགས་རྣམས་གནས་པ་དང༌།ཡུལ་གང་དུ་ཐོགས་པར་མི་བྱེད་པའི་གནས་དང༌།ཡུལ་དེ་ནི་ཐོགས་པ་དང་བཅས་པའི་གཟུགས་གཞན་གྱི་གོ་འབྱེད་པ་ཡིན་ཏེ།དེ་བས་ན་གཟུགས་རྣམས་ཕན་ཚུན་འགྲོ་བའི་གོ་འབྱེད་པ་ལ་ནམ་མཁའ་ཞེས་བྱའོ།།ཡང་ན་གཟུགས་རྣམས་སྐྱེ་བ་ལ་གེགས་མི་བྱེད་པ་ནི་ནམ་མཁའ་ཞེས་བྱའོ།།ཡང་ན་ནམ་མཁའ་འདིའི་བར་ན་དངོས་པོ་རྣམས་ཤིན་ཏུ་སྣང་བས་ན་ནམ་མཁའ་ཞེས་བྱའོ།།ཞེས་གསུངས་སོ།
()དེ་བཞིན་ཉིད།
དགེ་སོགས་ཆོས་རྣམས་ཀྱི་རང་རང་གི་ངོ་བོ་དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་འདུས་མ་བྱས་སོ།།ཕུང་པོ་ལྔའི་རབ་བཤད་ལས།དེ་བཞིན་ཉིད་གང་ཞེ་ན།རྟག་ཏུ་སྟོང་པ་ཉིད་ཀྱི་རང་བཞིན་དེ་བཞིན་དུ་གནས་ཏེ།རང་བཞིན་གཞན་དུ་མི་འགྱུར་བས་ན་དེ་བཞིན་ཉིད་ཅེས་བྱའོ།།ཞེས་སོ།།ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་དེ་གང་ཞེ་ན།བདག་མེད་གཉིས་དང༌།།སྟོང་བ་ཉིད།མཚན་མ་མེད་པ་དང༌།ཡང་དག་པའི་མཐའ་དང་ངོན་དམ་པ་སྟེ།ཆོས་ཀྱི་དབྱིངས་ཀྱང་དེ་ཡིན་ནོ།།ཅིའི་ཕྱིར་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་ཞེ་ན།གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ།།ཅིའི་ཕྱིར་མཚན་མ་མེད་པ་ཞེས་བྱ་ཞེ་ན།མཚན་མ་ཉེ་བར་ཞི་བའི་ཕྱིར་སོཅིའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱ་ཞེ་ན།ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་རོ།ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན།འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན།ཉན་ཐོས་དང༌།རང་སངས་རྒྱས་དང༌།སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིརརོ།།
དགེ་བའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མི་དགེ་བ་དང༌།ལུང་མ་བསྟན་པ་རྣམས་གྱི་དེ་བཞིན་ཉིད་རྣམས་ཀྱང་དེ་བཞིན་དུ་བལྟའོ།།
()འདུ་ཤེས་མེད་པའི་སྙོམས་འཇུག
འདུ་ཤེས་མེད་པའི་ཏིང་ངེ་འཛིན་ཐོབ་པའི་སྟོབས་ཀྱིས་དེ་ལས་ཁམས་གཞན་དུ་མི་གཡོ་བའམ་མི་འཕོ་བ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གོ།
()འགོག་པའི་སྙོམས་འཇུག
འདུ་ཤེས་དང་ཚོར་བ་འགོག་བ་ནི་འགོག་བའི་སྙོམས་འཇུག་གོ།
འདུ་ཤེས་མེད་པའི་སྙོམས་འཇུག་དང་འགོག་བའི་སྙོམས་འཇུག་གཉིས་ཀྱི་སྐབས་སུ་མེད་དགག་གི་ཆ་འདུས་མ་བྱས་དེ་ལ་གོ་དགོས་ཤིང༌།སེམས་སེམས་བྱུང་འགོག་པའི་ནུས་པའི་ཆ་དང་མ་ཡིན་དགག་ཀུན་གཞིའི་གནས་སྐབས་ལྡན་མིན་འདུ་བྱེད་དང༌།དེ་བཞིན་ཉིད་ནི་ཆོས་ཀྱི་དབྱིངས་སོ།།
དེ་ལྟར་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་བསྡུས་པ་ལས་གྱུར་བ་སོགས་ལྔ་གོང་དུ་གཟུགས་ཕུང་དུ་བསྟན་པ་དང༌།ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་གསུམ་དང༌།འདུས་མ་བྱས་བརྒྱད་དེ་བཅུ་དྲུག་པོ་དེ་ལ་ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་བྱའོ།།
དེ་ལྟར་རྟེན་མིག་གི་ཁམས་དང༌།དམིགས་པ་གཟུགས་ཀྱི་ཁམས་དང༌།བརྟེན་པ་མིག་ཤེས་ཀྱི་ཁམས་ནས།རྣ་བའི་ཁམས།སྒྲའི་ཁམས།རྣ་ཤེས་ཀྱི་ཁམས།སྣའི་ཁམས།དྲིའི་ཁམས།སྣ་ཤེས་ཀྱི་ཁམས།ལྕེའི་ཁམས།རོའི་ཁམས།ལྕེ་ཤེས་ཀྱི་ཁམས།ལུས་ཀྱི་ཁམས།རེག་བྱའི་ཁམས།ལུས་ཤེས་ཀྱི་ཁམས།ཡིད་ཀྱི་ཁམས།ཆོས་ཀྱི་ཁམས།ཡིད་ཤེས་ཀྱི་བར་དྲུག་ཚན་གསུམ་སྟེ་རྟེན་གྱི་ཁམས་དྲུག།དམིགས་པའི་ཁམས་དྲུག།བརྟེན་པའི་ཁམས་དྲུག་སྟེ།བཅོ་བརྒྱད་པོ་ནི་ཁམས་སོ།།
img196.jpg
གསུམ་པ།ཁམས་ཀྱི་མིང་ཅན་གཞན་འདིར་འདུ་ཚུལ།
 
གཞན་ཡང་སྐྱེས་བུ་ཁམས་དྲུག་པ་ཞེས་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་གསུངས་བ་དེ་ལུས་ཀྱི་འབྱུང་བ་ཤ་ཁྲག་དྲོད་དབུགས་བཞི་དང༌།ནང་གི་བུ་ག་སྟོང་བའི་ཆ་ནི་ནམ་མཁའ་དང༌།རྣམ་ཤེས་ཀྱི་ཁམས་ཏེ་དེས་མཚོན་པའི་ཁམས་ཀྱི་མིང་གིས་བཏགས་པའི་དབྱེ་བ་ཁམས་མང་པོའི་མདོ་ལས།ཁམས་དྲུག་བཅུ་རྩ་གཉིས་སུ་གསུང་བ་སོགས་གཞན་དག་ཀྱང་དོན་གྱིས་ཁམས་བཅོ་བརྒྱད་དུ་མ་འདུས་པ་མེད་དོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号