གཉིས་པ་ཁྱད་ཆོས་དེ་དག་ཐམས་ཅད་ཀྱི་རྩ་བ་མཐར་གཏུགས་པ་རང་མཚན་འགོག་ལུགས་ལ། འཇུག་པ་རྩ་འགྲེལ་ལས་རིགས་པ་བཞི་བཤད་པའི་དང་པོ་ནི། དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་ཡོད་ན་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཚེ་ཡེ་ཤེས་དེས་དེ་དག་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་དེ་མེད་པར་འགྱུར་རོ། །དེ་ལྟར་ན་དངོས་པོ་སྔར་ཡོད་པ་ཕྱིས་མེད་པ་ནི་དེ་ཞིག་པ་ཡིན་པ་དེའི་འཇིག་རྒྱུ་ཡང་ཡེ་ཤེས་དེས་བྱས་པར་འདོད་དགོས་པས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བའོ། །གཉིས་པ་ནི། དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་ན་སྐྱེ་བའི་ཐ་སྙད་བཏགས་པའི་བཏགས་དོན་ལ་རིགས་པས་དཔྱད་་པའི་ཚེ་ས་མྱུག་རང་བཞིན་གྱིས་གཅིག་གམ་ཐ་དད་གང་རུང་གིས་སྐྱེ་བ་རིགས་པས་བཙལ་ནས་རྙེད་དགོས་ཏེ། གཞན་དུ་ན་ཐ་སྙད་ཙམ་དུ་འགྱུར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འགྱུར་བའི་ཕྱིར་ཞེས་པ་སྟེ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་འཕེན་པའོ། །གསུམ་པ་ནི། དངོས་པོ་རྣམས་ཀྱི་སྐྱེ་བ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མཐའ་བཞིའི་སྐྱེ་འགོག་གི་རིགས་པས་མི་ཁེགས་ན་དོན་དམ་དུ་གྲུབ་པ་ཡང་མི་ཁེགས་པར་འགྱུར་ཏེ། རང་མཚན་གྱིས་གྲུབ་ན་དོན་དམ་པར་གྲུབ་དགོས་པའི་ཕྱིར་རོ། །རིགས་པ་འདི་གསུམ་ཀ་ལ་རང་རྒྱུད་པས་ལན་འདེབས་ཚུལ་དང་དེ་ལྟ་ནའང་རང་རྒྱུད་པས་སྨྲས་པའི་ལན་དེས་སྐྱོན་སྤོང་མི་ནུས་པའི་རྒྱུ་མཚན་རྣམས་ཀྱང་ཤེས་དགོས་སོ། །བཞི་པ་ནི། རང་གི་མཚན་ཉིད་ཀྱིས་ཡོད་ན་འོད་སྲུང་གིས་ཞུས་པ་ལ་སོགས་པ་མདོ་དུ་མ་ལས་ཆོས་རྣམས་རང་བཞིན་གྱིས་སྟོངས་པར་གསུངས་པ་མི་འཐད་པར་ཐལ་བའོ། །འདི་ཡང་མདོ་དེ་དག་གིས་སེམས་ཙམ་པ་དང་རང་རྒྱུད་པ་དག་གིས་བཀྲལ་བའི་ལྟ་བ་རྣམས་ལྟ་བ་མཐར་ཐུག་མ་ཡིན་པར་གསུངས་ལུགས་ཀྱི་རྒྱུ་མཚན་རྣམས་ཞིབ་ཏུ་ཤེས་དགོས་པ་ཡོད་དོ། །
གསུམ་པ་དེ་དག་ལ་བརྟེན་ནས་མདོའི་དྲང་ངེས་འབྱེད་ཚུལ་ནི། འཁོར་ལོ་དང་པོར་གང་ཟག་ལ་བདག་མེད་ལུགས་རགས་པ་བཤད་ནས་ཕྲ་མོ་མ་བཤད་པ་དང་ཕུང་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པ་རྣམས་དྲང་དོན་ཡིན་ཏེ། དགོངས་གཞི་ཐ་སྙད་དུ་ཡོད་པ་ཙམ་ལ་དགོངས་ནས་དགོས་པ་བདག་མེད་ཕྲ་མོ་བསྟན་ན་ཆད་ལྟ་སྐྱེ་བས་རེ་ཞིག་སྣོད་དུ་མི་རུང་བའི་གདུལ་བྱ་རྣམས་རིམས་ཀྱིས་རྒྱུད་སྦྱངས་ནས་གཞུག་པའི་ཕྱིར་དུ་གསུངས་པ་ཡིན་ལ། སྒྲ་ཇི་བཞིན་པ་ལ་གནོད་བྱེད་ནི་རང་མཚན་གྱིས་ཡོད་པ་འགོག་པའི་རིགས་པ་རྣམས་ཡིན་པའི་ཕྱིར། འཁོར་ལོ་བར་བས་གང་ཟག་དང་ཆོས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་ནས་ཐ་སྙད་ཙམ་དུ་ཡོད་པར་གསུངས་པ་ནི་ངེས་པའི་དོན་མཐར་ཐུག་པ་ཡིན་ཏེ། སྟོང་པ་རྟེན་འབྱུང་གི་དོན་དུ་རྟོགས་ནུས་པའི་ཐག་པ་ཆེན་པོའི་རིགས་ཅན་གྱི་གདུལ་བྱ་དབང་རྣོན་ལ་གསུངས་པའོ། །དེ་ལ་ཡང་རང་རྒྱུད་པ་ལུགས་གཉིས་དང་མི་འདྲ་བར་ལུགས་དམ་པ་འདི་པས་འཁོར་ལོ་བར་བའི་ནང་ཚན་གྱི་ཡུམ་འབུམ་པ་ལྟ་བུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བ་རྣམས་སུ་མ་ཟད་ཤེས་རབ་སྙིང་པོ་ལྟ་བུ་དོན་དམ་གྱི་ཐ་སྙད་དངོས་སུ་མ་སྦྱར་ཡང་རང་བཞིན་གྱིས་སྟོང་པ་སྟེ་རང་མཚན་གྱིས་སྟོང་པའི་ཁྱད་པར་དངོས་སུ་སྦྱར་བ་དང༌། དེ་ཙམ་ཡང་མ་སྦྱར་བར་སྤྱིར་སྐྱེ་བ་མེད་འགགས་པ་མེད་ཅེས་པ་ལྟ་བུས་ཟབ་མོ་སྟོང་པ་ཉིད་བསྟན་པའི་མདོ་མཐའ་དག་ངེས་དོན་གྱི་མདོ་ཡིན་པར་འདྲ་བར་བཞེད་དེ། བརྗོད་བྱ་རིགས་མཐུན་པའི་མདོ་སྡེ་གཅིག་ལ་དོན་དམ་གྱི་ཁྱད་པར་སྦྱར་ཕྱིན་དེ་དང་བརྗོད་བྱ་མཐུན་པའི་མདོ་སྡེ་གཞན་ལ་ཡང་དོན་གྱིས་སྦྱར་བ་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རྩོམ་པ་པོ་གཅིག་གིས་བརྩམས་པའི་བསྟན་བཅོས་བརྗོད་བྱ་མཐུན་པ་གཅིག་ཏུ་བྱུང་བ་རྣམས་དེ་མ་བྱུང་བའི་སར་ཡང་འཁྱེར་དགོས་པ་དང་འདྲའོ། །
འཁོར་ལོ་ཐ་མར་མཚན་ཉིད་གསུམ་ལ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་མེད་པའི་ཁྱད་པར་གསུངས་པ་ནི་དྲང་བའི་དོན་ཏེ། དེ་ཡང་དགོངས་གཞི་ནི་ངོ་བོ་ཉིད་དང་པོ་གཉིས་དང་ཕྱི་མ་ལ་སེམས་ཙམ་པས་འདོད་པ་ལྟར་གྱི་མིང་བརྡས་བཞག་མ་བཞག་གི་ཁྱད་པར་ཐ་སྙེད་ཙམ་དུ་ཡོད་པ་ལ་དགོངས་པའོ། །དགོས་པ་ནི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཡིན་ཡང་རེ་ཞིག་ཆོས་ཐམས་ཅད་གྱི་སྟེང་གི་སྟོང་པ་དང་རྟེན་འབྲེལ་དོན་གཅིག་ཏུ་རྟོགས་མི་ནུས་པ་ལ་སྔོན་དུ་རགས་པའི་ཆོས་ཀྱི་བདག་མེད་བསྟན་ཏེ་རྒྱུད་སྦྱངས་ནས་ཕྱིས་ཕྲ་བའི་ཆོས་ཀྱི་བདག་མེད་ལ་གཞུག་པའི་ཕྱིར་ཡིན་ནོ། །སྒྲ་ཇི་བཞིན་པ་ལ་གནོད་བྱེད་ནི་ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པས་སྟོང་པའི་ཕྱོགས་ལ་རིགས་པའི་གནོད་པ་ཅུང་ཟད་ཀྱང་མེད་ཅིང་རང་མཚན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་བྱ་བྱེད་ཐམས་ཅད་གཞག་ཏུ་མི་རུང་བར་སྟོན་པའི་རིགས་པ་རྣམས་སོ། །
དེ་ཡང་དགོངས་འགྲེལ་ནས་བཤད་པའི་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་ཡིན་གྱི་སྤྱིར་འཁོར་ལོ་དང་པོ་ཡིན་ཚད་དྲང་དོན་དུ་བཞེད་པ་མ་ཡིན་ཏེ། འཁོར་ལོ་དང་པོར་གང་ཟག་དང་ཆོས་ལ་རང་བཞིན་མེད་པར་གསུངས་པ་རྣམས་ངེས་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་རིག་པས་ངོ་བོ་ཉིད་གསུམ་ལ་རང་གི་མཚན་ཉིད་ཀྱིས་ཡོད་མེད་ཀྱི་ཁྱད་པར་ཕྱེ་ནས་བཀྲལ་བ་དེ་དགོངས་འགྲེལ་གྱི་མདོའི་དོན་ཡིན་ཀྱང་གསུངས་པ་པོ་སྟོན་པའི་དགོངས་པ་མིན་ལ། མདོའི་དོན་ཡིན་པ་ཡང་གདུལ་བྱའི་བསམ་པའི་དབང་གིས་བརྗོད་བྱ་དེ་ལྟ་བུ་སྟོན་པ་ཡིན་པས་ན་དེ་བཀག་པས་མདོའི་དོན་བཀག་པར་ཡང་མི་འགྱུར་ལ། ལུགས་མི་མཐུན་པ་གཉིས་གསུངས་པས་གསུང་པ་པོ་ལ་ནང་འགལ་ཡོད་པར་ཡང་མི་འགྱུར་རོ། །འདི་ལ་ཕལ་མོ་ཆེ་དག་གསུངས་པ་པོ་སྟོན་པ་དང་མདོའི་དགོངས་པ་ཡིན་ཀྱང་དེ་གཉིས་ཀྱི་མཐར་ཐུག་གི་དགོངས་པ་མིན་ཞེས་ཟེར་མོད་ཀྱང་ལེགས་བཤད་སྙིང་པོའི་སྒྲས་ཟིན་ལྟར་གསུང་པ་པོའི་དགོངས་པ་མིན་ཀྱང་གསུང་རབ་ཀྱི་བརྗོད་བྱའི་དོན་ཡིན་ནོ་ཞེས་སྨྲས་ན་དོན་དང་མཐུན་ཞིང་ཚིག་ལ་ཡང་འགྲིགས་པར་འགྱུར་ཏེ། གཞན་དབང་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡུལ་དུས་གྲུབ་པའི་མཐའ་འགར་ཡང་འཇོག་མི་ནུས་པའི་ཕྱིར་རོ། །འོན་ཏེ་ལེགས་བཤད་སྙིང་པོ་ལས། རེ་ཞིག་ཟབ་མོའི་དོན་རྫོགས་པར་སྟོན་པའི་སྣོད་དུ་མི་རུང་བའི་གདུལ་བྱའི་བློ་ལ་ལྟོས་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་ལ། ཞེས་གསུངས་པ་ཇི་ལྟར་དྲངས་ཞེ་ན། སྐྱོན་མེད་དེ། དེ་ནི་དེའི་བློ་ལ་བལྟོས་ཏེ་རང་མཚན་གྱིས་ཡོད་པར་སྟོན་པ་མདོ་དེའི་དོན་ཡིན་པར་བཤད་པ་ཙམ་ཡིན་པའི་ཕྱིར་རོ། །ཐལ་འགྱུར་བ་རང་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་ནི་ཇི་ལྟར་སྣང་བ་ལྟར་གྱི་ཆོས་ཅན་ཀུན་རྫོབ་པ་འདི་གཞན་དབང་དང༌། དེ་ཉིད་ཡུལ་གྱི་གནས་ལུགས་སམ་གཤིས་ལུགས་སུ་སྒྲོ་བཏགས་པའི་ཆ་ཀུན་བཏགས་དང༌། དེ་ལྟར་སྒྲོ་བཏགས་པས་སྟོངས་པའི་ཆ་ཡོངས་གྲུབ་ཏུ་འཇོག་པ་ཡིན་ནོ། །
(3)ལམ་བགྲོད་ཚུལ་གྱི་ཁྱད་པར་བསྟན་པ།
གསུམ་པ་ལམ་གྱི་ཁྱད་པར་ནི། ལུགས་འདི་ལ་ཐེག་པ་གསུམ་གྱི་ལམ་སོ་སོར་འཇོག་པ་དང་ཉན་རང་གི་ལམ་ལ་ཡང་ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་དང༌། རང་རྒྱལ་ལ་ཚོགས་སྤྱོད་གཉིས་དང་བསེ་རུ་ལྟ་བུ་སོགས་ཀྱི་རྣམ་བཞག་ཀྱང་བྱེད་དོ། །ཉན་རང་གཉིས་ཀྱི་བགྲོད་བྱེད་ལམ་ལ་ཤེས་རབ་དང་ཐབས་ཀྱི་ཆ་གཉིས་ལས་ཤེས་རབ་ལ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་ཀ་རྟོགས་དགོས་ཀྱི། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པའི་བདག་མེད་ཙམ་རྟོགས་པས་ཐེག་པ་གསུམ་གང་གི་ཡང་འཕགས་ལམ་འཐོབ་མི་ནུས་པར་བཞེད་དོ། །དེར་མ་ཟད་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོངས་པའི་ཆོས་ཀྱི་བདག་མེད་ཙམ་དང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་མ་ཡིན་པའི་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་བའི་བདག་མེད་ཙམ་ལ་ཇི་ཙམ་གོམས་པར་བྱས་ཀྱང་ཆོས་ཐམས་ཅད་རང་མཚན་གྱིས་གྲུབ་པས་སྟོངས་པའི་བདག་མེད་ཕྲ་མོ་མ་རྟོགས་ན་འཕགས་ལམ་འཐོབ་པར་མི་ནུས་སོ། །
གལ་ཏེ་དེ་ལྟ་ན་ཉན་རང་འཕགས་པ་རྣམས་ཀྱིས་ཤེས་བྱའི་སྒྲིབ་པ་ཡང་སྤོང་པར་འགྱུར་ཏེ། བློ་ཡུལ་གྱི་གནས་ལུགས་ལ་ཇི་ལྟ་བ་བཞིན་དུ་ཞུགས་པའི་ལམ་གོམས་པ་རབ་ཀྱི་མཐར་ཐུག་པ་ལས་ཕྱིན་ཅི་ལོག་ས་བོན་དང་བཅས་པ་དྲུངས་ནས་འབྱིན་པར་ནུས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། བདེན་འཛིན་ས་བོན་དང་བཅས་པ་སྤངས་ཀྱང་ཉོན་སྒྲིབ་སྤངས་པར་ཟད་གྱི་ཤེས་སྒྲིབ་སྤངས་པ་མ་ཡིན་ལ། གཉིས་སྣང་འཁྲུལ་བའི་བག་ཆགས་ནི་བདག་མེད་པའི་ལྟ་བ་ཙམ་གོམས་པར་བྱས་པ་ཁོ་ནས་སྤོང་མི་ནུས་པའི་ཕྱིར་རོ། །ཐེག་པ་ཆེ་ཆུང་ལ་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་མི་བསྒོམ་གྱི་ཁྱད་པར་ཡང་ཡོད་དེ། ཐེག་དམན་པས་ནི་རིགས་པ་མདོར་བསྡུས་པ་གཅིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་ན་དེ་ནས་རིགས་པའི་སྒོ་མི་འདྲ་བ་དུ་མ་ལ་བརྟེན་ནས་ཡང་དང་ཡང་དུ་རྣམ་པ་དུ་མར་དཔྱོད་པས་དེ་ཁོ་ན་ཉིད་ལ་བློ་གྲོས་ཆེས་ཆེར་རྒྱས་པར་མི་བྱེད་ཀྱི་རིགས་པ་མདོར་བསྡུས་པ་དེ་ཁོ་ནས་བདག་མེད་པ་གཉིས་གྱི་དོན་ལ་འཇོག་པར་བྱེད་དོ། །ཐེག་ཆེན་པས་གཞི་རེ་རེའི་སྟེང་དུ་ཡང་རིགས་པ་མི་འདྲ་བ་རེ་རེ་ལ་བརྟེན་ནས་བདེན་མེད་ངེས་པར་བྱེད་པ་དང༌། གཞི་གཅིག་གི་སྟེང་དུ་ཡང་རིགས་པ་མི་འདྲ་བའི་སྒོ་དུ་མས་དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་རྒྱས་པར་བྱེད་པའི་ཕྱིར་རོ། །
ཐབས་ཀྱི་ཆ་ལ་ནི་ཐེག་པ་དམན་པ་རྣམས་ཀྱིས་རང་དོན་འབའ་ཞིག་གི་ཆེད་དུ་ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་ཤིན་ཏུ་བརྟན་པར་བྱེད་ཅིང་འཕན་མེད་པར་བྱ་བའི་ཕྱིར་སྲོག་བཞིན་དུ་གཅེས་པར་བྱེད་ལ། ཤིན་དུ་སྦྱངས་པ་དུ་མས་བསྒྲུབས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དུ་མ་ལ་ཡང་གོམས་པར་བྱེད་པ་དང༌། བདེན་པ་བཞིའི་ཁྱད་ཆོས་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་དོན་རྣམ་པ་དུ་མས་གོམས་པར་བྱེད་ལ། ཚངས་པའི་གནས་པ་བཞི་ཡང་གོམས་པར་བྱེད་དོ། །དེ་དག་ལ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ཡོད་ཀྱང་སྙིང་རྗེ་ཆེན་པོ་ནི་མེད་དོ། །མཁས་པ་དག་ཐེག་དམན་ལ་སྙིང་རྗེ་ཆེན་པོ་ཡོད་ཀྱང་གཞན་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་འདྲེན་ནུས་ཀྱི་སྙིང་རྗེ་ཆེན་པོ་མེད་པ་བྱང་ཆུབ་ལམ་རིམ་གྱི་དགོངས་པར་མཛད་པ་ཡང་མཁས་པའི་བཤད་པའི་རྣམ་གྲངས་ཡིན་མོད་ཀྱི། དེ་ལྟ་ན་ཡང་འདིར་བྱམས་པ་དང་སྙིང་རྗེ་ལ་ཆེན་པོའི་སྒྲ་འཇུག་པའི་ཆེན་པོ་ནི་སྤྱིར་སྙིང་རྗེ་ཆེ་བ་ཙམ་ལ་མི་བྱེད་པར་ཆེ་ལུགས་མི་འདྲ་བ་ཞིག་དགོས་པར་སྣང་སྟེ། ། 37/47 མདུན་ངོས། 上一页 35 36 37 38 39 40 下一页 尾页 |