ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
(4) འབྲས་བུའི་རྣམ་པར་བཞག་པ་བཤད་པ།
བཞི་པ་འབྲས་བུའི་རྣམ་པར་བཞག་པ་བཤད་པ་ལ།  ལམ་གྱི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་དུ་མར་གོམས་པར་བྱས་པ་དང༌། ཚད་མེད་པའི་སྨོན་ལམ་དང༌། བསྔོ་བ་དང༌། མཁས་པས་ཡང་དང་ཡང་དུ་ཟིན་པར་བྱས་པ་ལས་མཐའ་ཡས་པའི་ཤེས་བྱའི་དེ་ཁོ་ན་ཉིད་ཟབ་མོ་ལ་ཡེ་ཤེས་རོ་གཅིག་ཏུ་ཞུགས་པའི་དགའ་བ་རྣམ་པ་དུ་མར་ཉམས་སུ་མྱོང་བ་ཡོངས་སུ་བརྟན་པར་བྱས་པ་ལས་འབྲས་བུ་རང་དང་གཞན་གྱི་དོན་གཉིས་མཐར་ཐུག་པའི་གཟུགས་དང་ཆོས་ཀྱི་སྐུ་འཐོབ་པར་བྱེད་དེ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ།  །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ།  །དེ་ཡང་ཡོན་ཏན་དཔག་ཏུ་མེད་པའི་བྱང་ཆུབ་ནི་རྒྱུའི་ཚོགས་དཔག་ཏུ་མེད་པ་ལས་འབྱུང་བར་འགྱུར་གྱི་ཕྱོགས་རེ་བ་ལས་ནི་མ་ཡིན་ཏེ།  དེ་ལྟར་ཡང་དེ་ཉིད་ལས། གང་ཞིག་དཔག་མེད་དུས་གནས་ཏེ། །ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང༌། །དགེ་བ་དཔག་ཏུ་མེད་བྱེད་པ། །དེས་ཀོ་བྱང་ཆུབ་དཔག་མེད་ཀྱང༌། །དཔག་ཏུ་མེད་པ་རྣམ་བཞི་ཡི།   །ཚོགས་ཀྱིས་་རིང་པོ་མི་ཐོགས་པར། །ཇི་ལྟ་བུར་ན་འཐོབ་མི་འགྱུར། །ཞེས་སོ། །
དེ་ཡང་སྐུ་བཞི་མངོན་དུ་བྱེད་ཚུལ་དང༌། སྐུ་བཞིའི་ཁྱད་པར་དང༌། ཡོན་ཏན་ནམ་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་རྣམ་བཞག་སྟེ་གསུམ་མོ།   །དང་པོ་ནི།   ས་བཅུའི་རྒྱུན་གྱི་ཐ་མའི་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའི་དངོས་གཉེན་གྱི་བར་ཆད་མེད་ལམ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རོ་གཅིག་ཏུ་ཞུགས་པས་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆད་པའི་ཆུ་ལ་ཆུ་བཞག་ལྟ་བུ་ཡིན་ཀྱང་མཉམ་བཞག་དེའི་སྟེང་ན་རང་གི་རྗེས་ཐོག་དེ་མ་ཐག་ཏུ་སངས་རྒྱས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐའ་དག་བར་མ་ཆད་པར་སྐད་ཅིག་གཅིག་ལ་འབྱུང་དུ་རུང་བའི་རྒྱུའི་ནུས་པ་མཐའ་དག་ཡོངས་སུ་རྫོགས་པའི་ཚུལ་གྱིས་ཡོད་པ་ཡིན་ནོ།   །བར་ཆད་མེད་ལམ་དེའི་སྐད་ཅིག་གཉིས་པ་རྣམ་གྲོལ་ལམ་སྐྱེས་པའི་ཚེ་ཤེས་བྱ་ཇི་ལྟ་བ་ལ་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆད་པའི་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཉམ་པར་བཞག་བཞིན་དུ་ཡེ་ཤེས་དེའི་གཟིགས་ངོར་ཇི་སྙེད་པའི་ཤེས་བྱའི་གསལ་བའི་དབྱེ་བ་མཐའ་ཡས་པ་དག་ཀྱང་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟར་མངོན་སུམ་དུ་གཟིགས་པར་འགྱུར་ཏེ། གཉིས་སྣང་འཁྲུལ་བའི་བག་ཆགས་དྲུངས་ནས་ཕྱུང་བས་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མི་མངའ་བའི་སྤྱན་ཡོངས་སུ་དག་པ་ཐོབ་པའི་ཕྱིར་རོ། །དེ་ལ་ནི་ཤེས་བྱའི་སྒྲིབ་པ་ཟད་པར་སྤངས་པ་དང་ཡང་དག་པའི་མཐའ་མངོན་དུ་བྱས་པ་དང་ཆོས་ཀྱི་སྐུ་མངོན་དུ་བྱས་པ་དང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བར་འཇོག་པ་ཡིན་ནོ།  །
དེའི་ཚེ་བྱང་སེམས་རྒྱུན་མཐའ་བའི་མཚན་དཔེས་བརྒྱན་པའི་སྐུ་དེ་ཉིད་ཀྱི་རིགས་འདྲ་ཕྱི་མ་ཡང་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞིང༌། སྤྲུལ་པའི་སྐུ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལས་རྣམ་པར་རྟོག་པ་མེད་བཞིན་དུ་འགྲོ་བའི་དོན་རྣམ་པ་སྣ་ཚོགས་པ་མཛད་པའི་འགྲོ་བ་རྣམས་ཀྱི་མོས་པ་དང་འཚམ་པའི་སྣ་ཚོགས་པའི་རྣམ་པ་ཅན་གྱི་སྐུ་འཛིན་པ་ཉིད་ཡིན་ཏེ།  དཔལ་ལྡན་ཟླ་བའི་ཞབས་ཀྱིས། སངས་རྒྱས་ཉིད་ཀྱི་གཟུགས་ཀྱི་སྐུ། །མཚན་དང་དཔེ་བྱད་དག་གིས་འབར། །འགྲོ་བ་རང་གི་མོས་པ་ཡི།  །དབང་གིས་སྣ་ཚོགས་སྐུ་འཛིན་གང༌། །ཞེས་གསུངས་སོ ། ། དེས་ན་དེའི་ཚེ་ཆོས་ལོངས་སྤྲུལ་པའི་སྐུ་ཅིག་ཅར་དུ་མངོན་དུ་བྱེད་པ་ཡིན་དེ། སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་སྦྱོར་བ་དང༌། ཞིང་དག་པ་བླ་ན་མེད་པའི་སྦྱོར་བ་དང༌།   ཐབས་མཁས་ཀྱི་སྦྱོར་བ་གསུམ་ཀའི་གོམས་པ་མཐར་ཐུག་པའི་འབྲས་བུ་གཅིག་ཅར་དུ་གྲུབ་པའི་ཕྱིར་དང༌། དེའི་ཚེ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ལ་གེགས་བྱེད་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །
གང་ཞིག་རྣམ་བཤད་སྙིང་པོ་རྒྱན་གྱི་གསུང་གི་སྒྲས་ཟིན་འགའ་ཞིག་གི་དོན་ལ་ཞིབ་ཏུ་དཔྱད་པ་མེད་པར་མྱུར་དུ་ཁ་ཚོན་གཅོད་པ་ལ་དགའ་བ་ཁ་ཅིག་གིས་རྒྱུན་མཐའི་བར་ཆད་མེད་ལམ་གྱི་སྐད་ཅིག་གཉིས་པ་ལ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པ་དེའི་ཚེ་མཆོག་གི་སྤྲུལ་པའི་སྐུ་དེ་དང་ཚོགས་པ་གཅིག་ཏུ་མེད་པས་མཆོག་གི་སྤྲུལ་སྐུ་དེའི་རྗེས་སུ་རིམ་ཅན་དུ་གྲུབ་པས་ཁྱབ་པར་འདོད་པ་ནི་རིགས་པར་མི་སེམས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལ་སོགས་པ་ལས་རྣམ་པར་རྟོག་པ་མེད་བཞིན་དུ་སྐད་ཅིག་དེ་ཉིད་ལ་མཛད་པ་བཅུ་གཉིས་རྣམ་གྲངས་དུ་མ་གཅིག་ཅར་དུ་སྟོན་པར་བཤད་པ་དང་།   འཕགས་པ་ཐོགས་མེད་ཀྱིས་དབང་འབྱོར་བ་རྣམ་པ་ལྔས་ཆོས་ཀྱི་སྐུར་དབང་འབྱོར་བ་གཅིག་ཅར་དུ་འཐོབ་པར་བཤད་པ་དང༌། མདོ་དང་ཤིང་རྟ་ཆེན་པོ་ཕལ་མོ་ཆེས་གཟུགས་ཀྱི་སྐུ་གཉིས་ནོར་བུ་དང་དེའི་འོད་བཞིན་དུ་བཤད་པ་དང༌། མདོ་སྡེ་ས་བཅུ་པ་ལ་བརྟེན་ནས། དཔལ་ལྡན་ཟླ་བས་ཀྱང༌།    སྐད་ཅིག་དེ་ཁོ་ན་ཉིད་ལ་ལོངས་སྤྱོད་རྫོགས་པའི་སྐུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལས་ཀྱང་སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པ་ཞིང་དཔག་་ཏུམེད་པར་གཅིག་ཅར་དུ་སྟོན་པར་བཤད་པ་དང༌། ཐེག་པ་ཆེན་པོ་གཞན་དུ་ཡང་སྐུ་རྣམ་པ་གསུམ་ཅིག་ཅར་དུ་འགྲུབ་པ་རྣམ་གྲངས་དུ་མར་བཤད་པ་་སོགས་མདོ་རྒྱུད་དགོངས་འགྲེལ་དུ་མ་དང་མི་འགྲིག་པའི་ཕྱིར་རོ།   །
རིགས་པས་ཀྱང་མ་ཡིན་ཏེ། སྦྱོར་བ་རྣམ་པ་གསུམ་ལས་ཐབས་མཁས་སྦྱོར་བ་ཁོ་ན་མཐར་མ་ཐུག་པའི་སངས་རྒྱས་འཕགས་པ་ཡོད་པར་ཐལ་བ་དང༌། རང་གི་མཆོག་གི་སྤྲུལ་པའི་སྐུས་གདུལ་བར་བྱ་བའི་སེམས་ཅན་རྣམས་འདུལ་བའི་རྒྱུའི་ནུས་པ་ཡོངས་སུ་རྫོགས་པ་ལ་གེགས་དང་བཅས་པའི་སངས་འཕགས་ཡོད་པར་ཐལ་བ་སོགས་དང༌། སྤྲུལ་པའི་སྐུ་སྤྲུལ་བ་རྩོལ་བའི་ཁྱད་པར་ལ་ལྟོས་པར་ཐལ་བ་དང༌། རིམ་པ་དང་རིམ་པ་མ་ཡིན་པའི་བྱ་བའི་ངེས་པ་སེམས་ཅན་གྱི་མོས་པའི་དབང་ཙམ་མ་ཡིན་པར་སངས་རྒྱས་རང་གི་ནུས་པའི་ངོས་ནས་ཀྱང་བཞག་དགོས་པ་སེམས་ཅན་དང་འདྲ་བར་ཐལ་བ་སོགས་བཟློག་ཏུ་མེད་པའི་ཕྱིར་རོ།    །དེས་ན་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དགོངས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་ཛམྦུ་གླིང་ལྟ་བུར་མཆོག་གི་སྤྲུལ་བའི་སྐུ་སྟོན་པའི་ཁྱད་པར་འགའ་ཞིག་ལ་གདུལ་བྱའི་སྣང་ཚོད་ལ་ལྟོས་ཏེ་སྔ་ཕྱིའི་རིམ་པའི་ཁྱད་པར་གཞག་ཏུ་རུང་བ་ཡང་ཡོད་པ་ལ་བྱ་སྟེ། དཔལ་ལྡན་ཟླ་བས། སླར་ཡང་མི་གཡོ་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །ཞེས་སོགས་གསུངས་པ་དང་ཚུལ་མཚུངས་པའོ།  །
དེས་ན་སྐུ་བཞིའི་དབང་དུ་བྱས་ན་རྒྱུན་མཐའ་བའི་མཉམ་བཞག་ཡེ་ཤེས་དེའི་སྐད་ཅིག་གཉིས་པ་རྣམ་གྲོལ་ལམ་མངོན་དུ་བྱས་པའི་ཚེ་མཉམ་བཞག་ཡེ་ཤེས་དེ་ཉིད་མཉམ་རྗེས་ངོ་བོ་གཅིག་པའི་ཡེ་ཤེས་ཆོས་ཀྱི་སྐུར་འགྱུར་བ་དང༌།   བར་ཆད་མེད་ལམ་གྱི་ཆོས་ཉིད་དེ་སྒྲིབ་བྲལ་གྱི་ངོ་བོ་ཉིད་སྐུར་འགྱུར་བ་དང༌། དེའི་མཚན་དཔེས་སྤྲས་པའི་སྐུ་དེ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་བ་དང་།   དེའི་ཚེ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཀུན་སློང་མེད་པར་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་སྤྲུལ་པའི་སྐུ་མཐའ་ཡས་པ་སྟོན་པ་རྣམས་ཅིག་ཅར་དུ་འབྱུང་བ་ཡིན་ནོ།   །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་གྱིས་བགྲོད་པའི་རྗེས་སུ་ཐེག་པ་ཆེན་པོ་གཞན་གྱི་ལམ་གྱི་སྣོན་པ་བཏབ་ནས་གཟུགས་སྐུ་འགྲུབ་པའི་ཚུལ་ནི་བཤད་མ་ཐག་པ་དང་མི་འདྲ་མོད་ཀྱང་སྐུ་བཞི་ཅིག་ཅར་དུ་འགྲུབ་པ་ཙམ་ནི་དེར་ཡང་འདྲ་བར་ཤེས་པར་བྱའོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号