ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གཉིས་པ་སྐུ་བཞིའི་ཁྱད་པར་ལ་བཞི་ལས་ངོ་བོ་ཉིད་སྐུ་ནི། སངས་རྒྱས་ཀྱི་སའི་དབྱིངས་རྣམ་པར་དག་པ་བདེན་གྲུབ་ཀྱི་མཚན་མ་ཐམས་ཅད་དང་བྲལ་བ་དང༌། དགག་བྱ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་བྲལ་བའི་ཆ་གཉིས་ཀ་ཡིནཏེ།  ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། འདུ་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་རང་དོན་ཆོས་སྐུ་ལ་དབྱིངས་རིག་གཉིས་དང༌། དབྱིངས་ལ་འདུ་མ་བྱས་དང་ལྷུན་གྲུབ་གཉིས་བཤད་པའི་འདུ་མ་བྱས་པ་ནི།   སྐྱེ་འཇིག་གནས་གསུམ་དང་ཐོག་མཐའ་དབུས་གསུམ་དང་བྲལ་བའི་འདུ་མ་བྱས་པ་ཆོས་ཀྱི་སྐུ་ཡང་དག་པའི་མཐས་རབ་ཏུ་ཕྱེ་བ་དང༌། ལྷུན་གྱིས་གྲུབ་པ་ནི།    གློ་བུར་རྣམ་དག་འབད་རྩོལ་ཉེ་བར་ཞི་བའི་ལྷུན་གྲུབ་ལ་བཤད་པའི་ཕྱིར་ཏེ། དེ་ཉིད་ལས།   ཐོག་མ་དབུས་མཐའ་མེད་པ་ཡི།   །རང་བཞིན་ཡིན་ཕྱིར་འདུ་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཞེས་བྱ་བར་བརྗོད།   །ཞེས་གསུངས་པའི་ཕྱིར་རོ།  །འོ་ན་གཞན་དོན་ལྷུན་གྱིས་གྲུབ་པ་ནི་གཞན་དོན་གྱི་སྐུས་བསྡུས་པར་རིགས་མོད་ཅིའི་ཕྱིར་རང་དོན་ཆོས་སྐུའི་དབྱེ་བར་བཤད་ཅེ་ན། སྐྱོན་མེད་དེ།  འདིར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུ་མཚན་སྤངས་པ་ཕུན་སུམ་ཚོགས་པའི་ལྡོག་པ་ནས་འཆད་པའི་ཕྱིར་རོ།   །དེ་ཡང་འབད་རྩོལ་ཉེ་བར་ཞི་བ་ལྷུན་གྲུབ་ཀྱི་རྒྱུ་མཚན་དུ་འགྲོ་ཚུལ་ནི། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་འགལ་རྐྱེན་ཕྲ་བ་ནི་ཤེས་སྒྲིབ་ཀྱིས་བསྡུས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཟག་པ་མེད་པའི་ལས་ཞེས་པ་ལུས་ངག་གི་ལས་མངོན་པར་འདུ་བྱེད་པའི་ཀུན་སློང་གི་རྩོལ་བ་ཕྲ་མོ་དེ་ཡིན་ལ།  དེ་ཞི་བ་ན་སྤངས་པ་ཕུན་སུམ་ཚོགས་པ་ལཐར་ཐུག་ཅིང་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ།   །ཡང་ཆོས་ཀྱི་སྐུ་ནི་སྔར་བཤད་པ་ལྟ་བུའི་འདུ་མ་བྱས་པ་དང༌། ཆོས་ཀྱི་དབྱིངས་ལས་ངོ་བོ་ཐ་དད་པའི་ཚུལ་དུ་རྣམ་པར་དབྱེར་མེད་པས་ཐ་མི་དད་པ་དང༌།   སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་སུ་ལྷུང་བ་མེད་པས་ཕྱིན་ཅི་མ་ལོག་པ་དང༌། སྒྲིབ་པ་གསུམ་དང་བྲལ་བ་རྣམ་པར་དག་པའི་ཁྱད་པར་དང༌། དྲི་མ་རང་བཞིན་གྱིས་མེད་ཅིང་རྣམ་པར་རྟོག་པས་རྟོགས་པ་མེད་པ་དང་དབྱིངས་དེ་ཉིད་སོ་སོ་རང་གི་རིག་པའི་ཚུལ་གྱིས་མཐོང་བར་བྱ་བས་ན་འོད་གསལ་བའི་ཁྱད་པར་སྟེ་མཚན་ཉིད་ལྔ་དང་ལྡན་ཏེ། དེ་ཉིད་ལས། འདུ་མ་བྱས་ཤིང་རྣམ་དབྱེ་མེད།  །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི  །སྒྲིབ་པ་གསུམ་ལས་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང༌།  །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། ཞེས་གསུངས་སོ། །དྲི་མེད་མན་ཆད་འོད་གསལ་བའི་ཁྱད་པར་ཞེས་གཅིག་ཏུ་བགྲང་ངོ༌། །
གཞན་ཡང་ངོ་བོ་ཉིད་ཀྱི་སྐུ་དེ་ནི་དེ་བཞིན་གཤེགས་པའི་དྲི་མ་མེད་པའི་དབྱིངས་ནི་ཚད་འདི་ཙམ་དུ་ཟད་དོ་ཞེས་གཞལ་དུ་མེད་པས་ན་རྒྱ་ཆེ་བ་དང་། གངྒྰའི་ཀླུང་གི་བྱེ་མ་སྙེད་ལས་ཀྱང་འདས་པས་ན་གྲངས་མེད་པ་དང༌། མུ་བཞིར་རྟོག་གེས་བསམ་དུ་མེད་པས་ན་བསམ་མེད་དང༌།  དེ་མངོན་དུ་མ་བྱས་པ་གཞན་སུ་དང་ཡང་མི་མཉམ་པས་ན་མཉམ་མེད་དང༌།    ཉོན་མོངས་པ་བག་ཆགས་དང་བཅས་པའི་ཉེས་པ་མཉམ་པར་སྤངས་པས་ན་དག་པ་མཐར་ཐུག་པའི་ཡོན་ཏན་ཏེ་ཡོན་ཏན་ལྔ་དང་ལྡན་པ་ཡིན་ཏེ། དེ་ཉིད་ལས། གཞལ་མེད་གྲངས་མེད་བསམ་མེད་པོ། །མཉམ་མེད་དག་པའི་མཐར་ཐུག་པའི།   །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར།   །རྟོག་གེའི་ཡུལ་ནི་མིན་ཕྱིར་དང༌། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར།   །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་གསུངས་སོ།  །
འདིར་འགོག་བདེན་དོན་དམ་བདེན་པར་བཞེད་པས་གློ་བུར་དྲི་བྲལ་གྱི་ངོ་བོ་ཉིད་སྐུ་ཡང་དོན་དམ་་བདེན་པར་བཞེད་པ་རྩོད་མེད་ཡིན་ལ། དབུ་མ་པ་གཞན་གྱིས་འགོག་བདེན་ཀུན་རྫོབ་བདེན་པར་བཞེད་པ་ལྟར་ན་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡང་དོན་དམ་བདེན་པ་མ་ཡིན་པར་བྱ་དགོས་པར་རྒྱལ་ཚབ་ཐམས་ཅད་མཁྱེན་པས་བཞེད་ཅིང༌།   མཁས་གྲུབ་རྗེའི་བཞེད་པ་ལྟར་ན་ཐལ་རང་གཉིས་འདྲ་བར་སྣང་བ་སོགས་སྔར་རང་རྒྱུད་པའི་སྐབས་སུ་ཡང་ཅུང་ཟད་དཔྱད་ཟིན་ཏོ།  །བདེན་གཉིས་ལས། རིགས་པའི་རྗེས་འབྲངས་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད།   །ཅེས་གསུངས་པ་ལ་ཡང་འཆད་ཚུལ་གཉིས་སྣང་ངོ༌།  །
གཉིས་པ་ཡེ་ཤེས་ཆོས་སྐུ་ནི། སྤྱིར་སྐུ་བཞི་དང་གསུམ་དུ་འདོད་པ་དང༌།   དེ་བས་ཀྱང་གྲངས་མང་བར་འདོད་པ་དང༌། སྐུ་གཉིས་སུ་བསྡུ་བ་སོགས་ཐལ་རང་གི་ཁྱད་པར་མ་ཡིན་གྱི་དབྱེ་བསྡུ་ཙམ་ཡིན་པས་འདི་པའི་ལུགས་ལ་ཡང་ཡེ་ཤེས་ཆོས་སྐུ་ལོགས་སུ་སྦྱར་རུང་ལ།   ཐེག་པ་ཆེན་པོ་གཞན་གྱི་ལུགས་ལ་ཡང་སྐུ་བཞི་པར་གསུངས་པའི་རྣམ་བཞག་སྣང་ངོ༌།  །དེས་ན་འདིར་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ལ་ལྟོས་ཏེ་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ནི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོའོ།    །དབྱེ་ན་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའམ། ཡང་ན་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་གམ། རྒྱས་པར་ཕྱེ་ན་བརྒྱ་དང་ཞེ་བཞི་སོགས་སུ་ཡོད་དོ།  །ཉེར་གཅིག་ནི་མངོན་རྟོགས་རྒྱན་ལས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ཞེས་པ་ནས་བཟུང་སྟེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ། ཞེས་པའི་བར་གྱིས་བཤད་པ་ལྟར་ཏེ་གྲགས་ཆེའོ།   །རྒྱུད་བླ་མ་རྩ་འགྲེལ་ལས་སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཆོས་ཀྱི་སྐུའི་བྲལ་བའི་ཡོན་ཏན་སོ་གཉིས་སུ་ཡང་གསུངས་སོ།   །
གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གཟུགས་ཁམས་གནས་རིགས་བཅུ་བདུན་བརྒལ་བའི་སྟེང་ན་གནས་རིགས་བཅོ་བརྒྱད་པ་དབང་ཕྱུག་ཆེན་པོའི་གནས་ཞེས་ཀྱང་བྱ་བའི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཡོད་ལ། དེ་ནི་སངས་རྒྱས་རྣམས་ཀྱི་ཚོགས་མཐའ་ཡས་པས་བསྐྱེད་པ་ནམ་མཁའ་བཞིན་དུ་རྒྱ་དང་རིས་སུ་མ་ཆད་པ་དང་གཞལ་དུ་མེད་པའི་ཡོན་ཏན་བགྲངས་ལས་འདས་པས་བརྒྱན་པ་ཞིག་ཡོད་པ་དེར་བཞུགས་པ་ཡིན་ནོ།  ། དེ་ལྟ་བུའི་གནས་དེ་ཡང་དག་པའི་ཡེ་ཤེས་ཀྱི་ཆ་ཤས་ལས་གྲུབ་པ་ཡིན་གྱི་རྡུལ་ཕྲ་རབ་བསགས་པ་མ་ཡིན་པ་དང་སངས་རྒྱས་འཕགས་པ།ཡིན་ཚད་འོག་མིན་སྟུག་པོ་བཀོད་པའི་གནས་གཅིག་ཏུ་སངས་རྒྱས་པ་ཡིན་མིན་དང༌།   རང་གང་དུ་འཚང་རྒྱ་བའི་ལོངས་སྐུའི་ཞིང་ཁམས་གསར་དུ་འགྲུབ་དགོས་མི་དགོས་དང༌།   དགོས་ན་དེར་འཚང་རྒྱ་དགོས་མི་དགོས་སོགས་ཐེག་པ་པོ་ཆེན་ལུགས་གཉིས་ཀ་གུང་བསྒྲིགས་ནས་དཔྱད་རྒྱུ་མང་ཞིང་ཁྱད་པར་དུ་བྱམས་ཆོས་ཉིད་ཀྱི་ལུགས་གཞིར་བཞག་པ་ལ་ཡང་དེ་དག་གི་རྣམ་བཞག་དཔྱད་རྒྱུ་མང་པོ་ཞིག་སྣང་མོད།   རྗེ་ཡབ་སྲས་ཀྱིས་གསལ་བར་བཤད་པ་མི་སྣང་ལ། རྗེས་འབྲངས་འཆད་རྩོད་རྩོམ་པའི་ཁྲི་འཕང་མཐོན་པོ་ལ་མཁས་པའི་སྙན་པས་ས་ཆེན་དོག་པོར་བྱེད་བཞིན་སྙེམས་པར་གཞེས་པ་རྣམས་ཀྱིས་ཀྱང་འདི་ལྟར་ཡིན་གསལ་བར་གསུངས་པ་མི་སྣང་ཞིང་ཕར་ཕྱིན་གྱི་ཐལ་འཕྲེང་མགོ་མཇུག་ཚང་མ་ཚང་ཅི་རིགས་བཀླགས་པས་ངོམས་ནས་གནའ་དུས་ཤིག་ནས་སངས་རྒྱས་ཟིན་ཟིན་ལྟ་བུའི་རྣམ་འགྱུར་གྱིས་སྙེམས་པ་རྣམས་ཀྱིས་ནི་ཇི་ལྟར་ཡིནཐེ་ཚོམ་ཙམ་ཡང་འཇུག་དཀའ་བར་སྣང་ངོ༌། །འོན་ཀྱང་རྗེ་ཡབ་སྲས་ཀྱི་མདོ་སྔགས་ཀྱི་གསུང་རབ་རྣམས་གུང་བསྒྲིགས་ན་འོལ་སྤྱི་ཙམ་འཆད་ཐད་པར་འདུག་སྟེ་འདིར་མ་བྲིས་སོ།  །
ལོངས་སྤྱོད་རྫོགས་པའི་སྐུ་དངོས་ནི་རྒྱུད་བླ་མ་ལས།  བརྗོད་སྟོན་མཛད་རྒྱུན་མི་འཆད་དང༌།   །མངོན་པར་འདུ་བྱེད་མེད་པ་དང༌།   །དེ་ཡི་ངོ་བོར་མིན་སྟོན་ལ།  །འདིར་ནི་སྣ་ཚོགས་རྣམ་ལྟར་་སྟོན།  །ཞེས་མཚན་དཔེས་སྤྲས་པའི་སྐུ་རིགས་འདྲ་རྒྱུན་མི་འཆད་པར་སྟོན་པ་དང༌། གསུང་རིགས་འདྲ་རྒྱུན་མི་འཆད་པའི་ཆོས་བརྗོད་པ་དང༌། ཐུགས་མཁྱེན་བརྩེས་མཛད་པ་རྒྱུན་མི་འཆད་པ་དང༌།   དེ་གསུམ་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་པ་དང༌། རྒྱུད་སོ་སོ་བ་ཐ་དད་པ་སྣ་ཚོགས་སུ་རང་གི་ངོ་བོར་མི་གནས་ཀྱང་རང་གི་རྐྱེན་ལས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་མཛད་པ་རྣམ་པ་སྣ་ཚོགས་པ་སྟོན་པ་སྟེ་ཡོན་ཏན་ལྔ་དང་ལྡན་པར་གསུངས་སོ། །འདི་ལ་ཁ་ཅིག་སྣ་ཚོགས་རྣམ་ལྔ་ཞེས་འདྲེན་མོད་ཀྱང་འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད་ཅེས་པའི་དོན།  དེ་ཡི་ངོ་བོར་མིན་སྟོན་ལ།  །འདིར་ནི་སྣ་ཚོགས་ཞེས་ཚིག་སྔ་མ་དང་འབྲེལ་རྒྱུ་ཡིན་གྱི་ཡོན་ཏན་དང་པོ་གསུམ་མ་གཏོགས་ཕྱི་མ་གཉིས་ལ་སྣ་ཚོགས་སྦྱོར་རྒྱུ་མིན་པ་འདྲའོ། །གཞུང་འདི་དང་ཐེག་བསྡུས་ལས། ལོངས་སྤྱོད་རྫོགས‘པའི་སྐུ་ཅིའི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་ཞེ་ན།  རྒྱུ་དྲུག་གི་ཕྱིར་ཏེ།  དེ་གཟུགས་ཀྱི་སྐུར་སྣང་བ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཚད་མེད་པ་དག་ན་ཐ་དད་པར་སྣང་བ་དང༌།   མོས་པ་ཇི་ལྟ་བ་བཞིན་དུ་མཐོང་བས་མ་ངེས་པའི་ངོ་བོ་ཉིད་དུ་སྣང་བ་དང༌།    གཞན་དང་གཞན་དུ་སྣང་བས་གཡོ་བའི་ངོ་བོ་ཉིད་དུ་སྣང་བ་དང༌། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་ལྷ་ལ་སོགས་པ་འཁོར་སྣ་ཚོགས་དང་འདྲེས་པར་སྣང་བ་དང༌།  ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་གཉིས་གནས་འགྱུར་བས་མི་རིགས་པར་སྣང་བའི་ཕྱིར་ལོངས་སྤྱོད་རྫོགས་པ་ཉིད་ངོ་བོ་ཉིད་ཀྱི་སྐུར་མི་རིགས་སོ།  །ཞེས་གསུངས་པ་རྣམས་ལ་བརྟེན་ནས་ལོངས་སྐུ་ལ་ངེས་པ་ལྔ་ལྡན་གྱི་ཁྱད་པར་མི་འཐད་པར་བཞེད་པའི་ཕྱོགས་ཡོད་ཅིང༌། ལེགས་བཤད་གསེར་འཕྲེང་ལས་ཀྱང༌། ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མར།   ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཆོས་སུ་སྟེ། ། ཞེས་པ་ཙམ་ལས་མ་མཐོང་ལ་འདི་ནི་ཁུངས་སུ་མི་རུང་ཞིང༌།  དེར་མ་ཟད་ཐེག་བསྡུས་ལྟར་ན་དེ་ལ་གནོད་བྱེད་ཀྱང་སྣང་བས་དཔྱད་པར་བྱའོ།   །ཞེས་གསུངས་པ་ཡང་བཤད་མ་ཐག་པ་དེ་དག་ལ་དགོངས་པ་འདྲའོ།   །
དེ་ལ་རྒྱུད་བླ་མ་ལས་ཀྱང་གསུངས་པ་ནི་ལོངས་སྐུའི་ཡོན་ཏན་གྱི་ཁྱད་པར་བཤད་པ་ཡིན་ལ།   དེ་ཡང་སྐུ་དེ་ཉིད་སྣ་ཚོགས་པའི་ངོ་བོ་ཉིད་དུ་མེད་ཀྱང་རྒྱུད་ཐ་དད་པ་ལྟ་བུའི་རྣམ་པ་ཅན་གྱི་སྣ་ཚོགས་པའི་སྐུར་སྟོན་ནུས་པ་ལ་བྱ་དགོས་པས། ལོངས་སྐུ་རང་ཉིད་སྣ་ཚོགས་པའི་རྣམ་པ་ཅན་མ་ཡིན་ཀྱང་སྣ་ཚོགས་པའི་སྤྲུལ་སྐུ་སྟོན་ནུས་པའི་དོན་དུ་བཤད་ཀྱང་རུང་བར་སྣང་ལ།  ཐེག་བསྡུས་ལས་བཤད་པ་ནི།  ལོངས་སྐུ་ངོ་བོ་ཉིད་ཀྱི་སྐུ་མ་ཡིན་པའི་སྒྲུབ་བྱེད་དུ་བཀོད་པ་ཡིན་པར་འདུག་པས་མཛད་པ་སྣ་ཚོགས་པ་དང་སྤྲུལ་པ་སྣ་ཚོགས་པ་སྟོན་པའི་བདག་ཉིད་ཅན་ཡིན་པས་ངོ་བོ་ཉིད་དུ་མི་རུང་བར་གསུངས་པ་སྟེ། ངོ་བོ་ཉིད་ལ་རང་བཞིན་ནམ་གཤིས་ཀྱི་དོན་ཚང་དགོས་པའི་ཕྱིར་རོ།   །དེས་ན་དགའ་ལྡན་གྱི་གནས་ནས་འཕོ་བ་ལ་སོགས་པའི་མཆོག་གི་སྤྲུལ་བའི་སྐུའི་མཛད་པ་རྣམས་ཀྱང་སྟོན་པ་པོ་ནི་རྩ་བའི་ལོངས་སྐུ་ཡིན་པས་དེ་དག་དེའི་ཡོན་ཏན་དུ་མི་འགལ་མོད་ཀྱང་སྤྲུལ་སྐུ་དེ་ལོངས་སྐུ་ཡིན་མི་དགོས་སོ།   །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号