ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་ཀླུ་སྒྲུབ་ཡབ་སྲས་ཀྱིས་མདོའི་དྲང་ངེས་ཕ
སྤེལ་དུས།03-30  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
ཡང་རང་རེའི་མཁས་པ་ཁ་ཅིག་ནི་ས་བརྒྱད་པའི་ཐོག་མའི་ཡེ་ཤེས་ལ་སྒོམ་སྤངས་ཉོན་མོངས་ཆུང་ངུ་སྐོར་གསུམ་གྱི་དངོས་གཉེན་བར་ཆད་མེད་ལམ་འཇོག་ཅིང༌།   ས་བརྒྱད་པའི་དཀྱིལ་སྟོད་ཀྱི་བར་ཆད་མེད་ལམ་དང་ཤེས་སྒྲིབ་ཆེན་པོ་སྤངས་གཉེན་དུ་སྦྱོར་བར་བཞེད་དེ། ས་བདུན་པ་མན་ཆད་དུ་བསྐལ་བ་འབུམ་ལ་སྤོང་མི་ནུས་པ་ཡང་ས་འདི་པས་ཡུད་ཙམ་གྱིས་སྤོང་ནུས་པ་སྒོམ་སྤངས་ཉོན་མོངས་ཆུང་ངུ་སྐོར་གསུམ་ལ་བྱེད་དགོས་པའི་ཕྱིར་དང༌། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར།    །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང༌། །ཞེས་ས་བརྒྱད་པའི་གནས་སྐབས་སུ་བདེན་འཛིན་ས་བོན་དང་བཅས་པ་ཟད་པར་གསུངས་པའི་ཕྱིར་རོ། །ཞེས་གསུངས་ཏེ།   ལུགས་གཉིས་ལས་རྗེའི་དགོངས་པར་གང་སོན་བརྟག་པར་བྱའོ།   །ཤེས་སྒྲིབ་ཆེན་པོ་དང་ས་བརྒྱད་པའི་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྦྱོར།  ཤེས་སྒྲིབ་འབྲིང་དང་དགུ་པའི་དེ་སྦྱོར། ཆུང་ངུ་རགས་པ་དང་བཅུ་པའི་ཐོག་མའི་དེ་སྦྱོར།   ཆུང་ངུའི་ཕྲ་བ་དང་རྒྱུན་མཐའི་བར་ཆད་མེད་ལམ་སྦྱོར་བ་ཡིན་ཏེ།  རྣམ་གྲོལ་ལམ་རྣམས་ཀྱང་དེས་ཤེས་སླའོ། །རྒྱུན་མཐའི་བར་ཆད་མེད་ལམ་གྱིས་དྲངས་པའི་རྣམ་གྲོལ་ལམ་ནི་མི་སློབ་ལམ་ཡིན་ནོ། །
འདི་དག་རིགས་ངེས་ཀྱི་དབང་དུ་བྱས་པ་ཡིན་ཞིང་དམན་ལམ་སྔོན་དུ་སོང་བ་ལ་མ་དག་ས་བདུན་གྱི་གནས་སྐབས་ཀྱི་སྤང་བྱ་སྤོང་ལུགས་ནི། རང་རེའི་མཁས་པ་ལ་ལ་དག  དགོངས་འགྲེལ་ནས་བཤད་པའི་ས་བཅུའི་ངོ་སྐལ་གྱི་ཀུན་རྨོངས་ཉི་ཤུ་དང་གནས་ངན་ལེན་བཅུ་གཅིག་ཡོད་པ་དང༌། ས་གོང་མའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ་འཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡོད་པས་དེ་རྣམས་སྤོང་བའི་བར་ཆད་མེད་ལམ་ཡོད་པར་བཞེད་དོ།   །
ཡང་མཁས་པ་ཁ་ཅིག་མ་དག་ས་བདུན་གྱི་གནས་སྐབས་སུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་ཡོད་ཀྱང་དེ་འདྲའི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་མེད་ལ།   རྗེས་ཐོབ་ཀྱི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཡོན་ཏན་གོང་མ་རྣམས་མངོན་དུ་བྱེད་པའི་རིམ་པ་འཐད་ཅིང་དེ་ཉིད་ལ་བརྟེན་ནས་སའི་རིམ་པ་འཇོག་པ་ཡིན་ནོ་ཞེས་བཞེད་པར་སྣང་སྟེ།   གང་ལྟར་དམན་ལམ་སྔོན་དུ་སོང་བས་ཀྱང་ས་བརྒྱད་པ་མ་ཐོབ་བར་དུ་ཤེས་སྒྲིབ་ཅུང་ཟད་ཀྱང་སྤོང་མི་ནུས་ཤིང༌། ཤེས་སྒྲིབ་སྤོང་བ་ལ་བསྐལ་པ་གྲངས་མེད་པ་གཉིས་སམ་ཉེར་བདུན་ལྟ་བུའི་བསོད་ནམས་ཀྱི་ཚོགས་ཀྱིས་ཟིན་པ་ཞིག་ངེས་པར་དགོས་པ་ནི་རྗེ་བླ་མའི་བཞེད་པ་མཐར་ཐུག་ཡིན་ཞིང་གནད་ཀྱང་ཤིན་ཏུ་ཆེ་སྟེ།  ཐེག་ཆེན་པ་གཞན་གྱི་ལུགས་ལ་ཡང་ཤིན་ཏུ་མཁོ་བར་སྣང་ངོ༌།  །འོན་ཀྱང་དགོངས་འགྲེལ་ལས་བཤད་པ་དེ་དག་འདིར་ཁས་ལེན་མི་དགོས་པ་ནི་གོང་དུ་བཤད་ཟིན་ཏོ།  །
གསུམ་པ་ཕར་ཕྱིན་ལྷག་པའི་ཁྱད་པར་ནི།  ས་དང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འཐོབ་པ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ལྔ་དང་ཐབས་ལ་མཁས་པ་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ས་གཉིས་པ་ནས་བཅུ་པའི་བར་ལ་ལྷག་པར་འཐོབ་པའོ། །དེ་ལ་སྦྱིན་པ་ནས་ཡེ་ཤེས་ཀྱི་བར་གྱི་ཕར་ཕྱིན་བཅུ་པོ་མཐའ་དག་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་དོན་ནི་ཕ་རོལ་འདིར་ཕྱིན་པ་ཞེས་པའི་ལས་ཀྱི་སྒྲ་སྦྱར་བ་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་ཅིང་སློབ་ལམ་ལ་མེད་ལ། འདིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱེད་པ་ལ་སྦྱར་ན་སློབ་ལམ་ན་ཡང་ཕར་ཕྱིན་བཅུ་པོ་བཞག་ཏུ་ཡོད་དོ། །དེ་གཉིས་གང་ཡིན་ཀྱང་ཕར་ཕྱིན་མཚན་ཉིད་པར་འཇོག་པ་ལ་ནི་ཁྱད་པར་མེད་དེ། འདིས་བགྲོད་པ་རྒྱུའི་ཐེག་པ་དང་འདིར་བགྲོད་པ་འབྲས་བུའི་ཐེག་པ་གཉིས་ཀ་ཡང་ཐེག་པ་མཚན་ཉིད་པར་འཇོག་པ་བཞིན་ནོ། །དེས་ན་རྣམ་བཤད་སྙིང་པོ་རྒྱན་གྱི་གསུང་གི་ཟིན་ཚོད་ཀྱི་ཚིག་རེ་གཉིས་ལ་འཁྲུལ་བ་ཁ་ཅིག་སློབ་ལམ་ན་ཤེར་ཕྱིན་མེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ཅེས་ཟེར་བ་དང༌། འགའ་ཞིག་སློབ་ལམ་ན་ཕར་ཕྱིན་དྲུག་ཀ་མེད་ཀྱི་ཕར་ཕྱིན་དྲུག་གི་ཉམས་ལེན་ཡོད་ཞེས་ཟེར་བ་རྣམས་ཀྱང་ལེགས་པར་མི་སེམས་སོ།   །ས་རེ་རེ་ན་ཡང་ཕར་ཕྱིན་གཞན་རྣམས་མེད་པ་མ་ཡིན་མོད་ཀྱི་ས་དེར་ཕར་ཕྱིན་དེ་ལྷག་པར་གསུངས་པ་ནི།   ས་དང་པོ་ལ་མཚོན་ན་སྦྱིན་པ་ཉམས་སུ་ལེན་པ་ལ་རྟོགས་པའི་མཐུ་ཕུལ་དུ་བྱུང་བ་དེའི་ཚོད་ཙམ་ཚུལ་ཁྲིམས་ལ་སོགས་པ་ཉམས་སུ་ལེན་པ་ལ་མེད་པའི་དོན་ཏེ། དེར་བདག་གི་ལུས་དང་ཕྱིའི་ཡོ་བྱད་གཏོང་བ་ལ་སྦྱིན་པའི་ཕར་ཕྱིན་དང་འགལ་བའི་ཀུན་འཛིན་གྱི་ཆགས་པ་ཅུང་ཟད་ཀྱང་མི་འབྱུང་བར་གསུངས་པ་ལྟར་སྤྱོད་ནུས་ལ། ཚུལ་ཁྲིམས་ལ་ཡང་རྩ་ལྟུང་དང༌།   རང་བཞིན་གྱི་ཁ་ན་མ་ཐོ་བས་ནམ་ཡང་གོས་མི་སྲིད་ཀྱང་བཅས་འགལ་གྱི་འཆལ་ཁྲིམས་ཀྱི་དྲི་མ་མཐའ་དག་གིས་རྨི་ལམ་དུ་ཡང་གོས་པ་མེད་པ་ལ་གཉིས་པའི་ཚོད་ཙམ་མི་ནུས་པའོ།   །ས་གཉིས་པ་ལ་སྦྱིན་པ་ལྷག་པར་ཡར་ལྡན་དུ་ཡོད་པའི་སྟེང་དུ་ཕར་ཕྱིན་ལྷག་མ་དགུའི་ནང་ནས་ཚུལ་ཁྲིམས་ཀྱི་ཉམས་ལེན་ལྷག་པའོ།   །དེ་བཞིན་དུས་ཕྱི་མ་རྣམས་ལ་ཡང་སྦྱར་བར་བྱ་ཞིང་ས་རེ་རེའི་ཐད་ཀྱི་ཕར་ཕྱིན་ལྷག་ཚུལ་ཚོད་འདི་ཙམ་ནས་ཕར་ཕྱིན་དེ་ལྷག་པར་འཇོག་ཞེས་པའི་རྣམ་བཞག་ཕྱི་མ་རྣམས་ལ་རེ་རེ་ནས་བྱ་དགོས་ཤིང༌། དེ་ཡང་ཅུང་ཟད་དཀའ་བར་ཡོད་པས་ཞིབ་པར་འཇུག་པ་རྩ་འགྲེལ་དང་བྱང་ས་དང་རྗེའི་གསུང་རྣམས་གུང་བསྒྲིགས་ནས་ཤེས་དགོས་སོ།   །
བཞི་པ་རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་གྱི་ཁྱད་པར་ནི།   སྤྱིར་བྱང་ཆུབ་སེམས་དཔས་སྐྱེ་བ་འཛིན་ཚུལ་ལ་དབང་གི་སྐྱེ་བ་དང་རྣམ་སྨིན་གྱི་སྐྱེ་བ་གཉིས་ཡོད་ལ་དེའི་སྔ་མ་ལ་བཞི་སྟེ།    མོས་པས་སྤྱོད་པ་འདོད་པར་ལས་ཀྱི་དབང་གིས་སྐྱེ་བ་དང༌།   ས་ཐོབ་པ་ཡང་ངན་འགྲོར་སྨོན་ལམ་གྱི་དབང་གིས་སྐྱེ་བ་དང༌། བསམ་གཏན་དང་གཟུགས་མེད་ཐོབ་ཀྱང་འདོད་པར་ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་དང༌། སྤྲུལ་པས་དགའ་ལྡན་གྱི་གནས་ལ་སོགས་པར་སྐྱེ་བ་དབང་འབྱོར་བའི་དབང་གིས་སྐྱེ་བ་སྟེ་བཞིའོ། །བྱང་ཆུབ་སེམས་དཔའ་ས་དང་པོ་ནས་ཀྱང་རྩོལ་བ་ཤིན་ཏུ་བསྟེན་ན་ཡིད་ཀྱི་རང་བཞིན་གྱི་ལུས་ཕྲ་མོ་བླང་དུ་རུང་མོད་ཀྱང་དཀའ་དཀའ་ལྟར་སྣང་ལ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཡིད་ལུས་ཕྲ་མོ་བླངས་ནས་སྲིད་པའི་འགྲོ་བ་རྣམས་སུ་བདག་ཉིད་ཀྱི་ལུས་རྣམ་པ་སྣ་ཚོགས་སུ་སྟོན་པ་ནི་ས་བརྒྱད་པ་ནས་འཐོབ་སྟེ།  དེར་དབང་རྣམ་པ་བཅུ་བོ་འཐོབ་པར་འགྱུར་བའི་ཕྱིར་རོ། །འདིར་དཔལ་འཕྲེང་སེངྒེའི་ང་རོའི་མདོ་ལས་ཡིད་ལུས་རྣམ་པ་གསུམ་གྱི་རྣམ་བཞག་གསུངས་པའི་ཕྱི་མ་དེ་ཡིད་ལུས་ཕྲ་མོ་དང་དེ་ཡང་ཐེག་པ་ཆེན་པོ་གཞན་ནས་་བཤད་པའི་ཡིད་ལུས་ཕྲ་མོ་དང་མི་འདྲ་བའི་ཁྱད་པར་རྣམས་ཤིན་ཏུ་རྟོགས་དཀའ་བར་ཡོད་ཅིང༌། པཎ་ཆེན་བྱམས་པ་གླིང་བ་ཆེན་པོའི་དཔལ་འཕྲེང་གི་མདོའི་ཡིད་ལུས་གསུམ་པའི་རྣམ་བཞག་བཤད་པ་མཁས་་པ་གཞན་གྱི་བཤད་སྲོལ་དང་ཅུང་མི་འདྲ་བར་སྣང་ངོ༌། །ས་བརྒྱད་པ་ནི་གཞོན་ནུའི་ས་དང༌།   དགུ་པར་རྒྱལ་ཚབ་འཐོབ་ལ་བཅུ་པར་ནི་འཁོར་ལོ་བསྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བ་འཐོབ་བོ། །དེའི་འཐོབ་ཚུལ་ནི་ས་བཅུ་པར་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་འཐོབ་པའི་ཐ་མ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ།   །དེ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས་རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་རྡུལ་སྙེད་ཀྱི་པདྨོའི་འཁོར་དང་ལྡན་པར་འགྱུར་ཞིང༌། བྱང་སེམས་དེའི་ལུས་ཀྱང་དེ་དང་འཚམས་ཤིང་རྐྱེན་དུ་བབ་པར་གནས་སོ། །དེ་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་ཀུན་དུ་སྣང་ཞིང༌།   དེ་དེ་ལ་འདུག་པ་དང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱིས་མཛོད་སྤུ་ནས་འོད་ཟེར་དག་ཕྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་ས་བཅུ་པ་ལས་གསུངས་སོ།    །འདི་དག་གི་ཚུལ་ལེགས་པར་ཤེས་ན་འཚང་རྒྱ་ཁ་མའི་བྱང་ཆུབ་སེམས་དཔའི་སྐུའི་བྱེ་བྲག་རྣམས་སངས་རྒྱས་མ་ཐག་ཏུ་ཇི་ལྟར་འགྱུར་བའི་དཔྱད་པ་དང༌། ལོངས་སྐུ་ཆུང་ངུའི་རྣམ་བཞག་ཀྱང་འཐད་མི་འཐད་སོགས་ཤེས་པར་ནུས་ཏེ།  གོ་མཁན་དང་ཤོད་མཁན་ཉིན་མོའི་སྐར་མ་བས་ཀྱང་དཀོན་པར་སྣང་ངོ༌།    །རྣམ་སྨིན་གྱི་སྐྱེ་བ་ནི་ཕལ་ཆེར་ས་དང་པོ་ནས་རིམ་པ་བཞིན་དུ་ཛམ་བུ་གླིང་དང༌། གླིང་བཞི་པ་དང༌། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌།  གཞན་འཕྲུལ་དབང་བྱེད་དང༌།   སྟོང་སྤྱི་ཕུད་དང༌།  སྟོང་བར་མ་དང༌།  གནས་གཙང་མའི་ལྷའི་རྒྱལ་པོར་སྐྱེ་བ་འཛིན་པའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号