མདོ་སྔེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཐེག་ཆེན་གྱི་ཆོས་ཐམས་ཅད་ཆེན་པོ་བདུན་གྱིས་ཁྱད་པར་དུ་བྱས་ཚུལ་གསུངས་པ་ལྟར་གྱི་ཆེན་པོ་དེ་ལྟ་བུ་དག་དང་ལྡན་པ་ཞིག་ལ་སྙིང་རྗེ་ཆེན་པོར་བྱ་དགོས་པར་མངོན་ནོ། ། དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་པ་ལས་སྙིང་རྗེ་ཆེན་པོ་ཁོ་ན་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་པར་བསྟན་པ་དང༌། འཕགས་པ་ག་ཡ་གོ་རི་ལས་ཀྱང་སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྩོམ་པ་དང་གནས་སུ་གསུངས་པ་དང༌། མདོ་སྡེ་ཕལ་པོ་ཆེ་ལས་སྙིང་རྗེ་ཆེན་པོ་ཉིད་བྱེང་ཆུབ་སེམས་དཔའ་ཉན་རང་ལས་འཕགས་པའི་ཁྱད་ཆོས་སུ་གསུངས་པ་སོགས་ཀྱི་སྐབས་སུ་སྙིང་རྗེ་ཆེན་པོར་གསུངས་ཀྱི་ཉན་རང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དང༌། དེ་ཐེག་ཆེན་གྱི་སྙིང་རྗེ་ཆེན་པོ་དང་མི་འདྲ་བའི་ཁྱད་པར་ཅི་ཡང་མ་གསུངས་པ་དང༌། དཔལ་ལྡན་ཟླ་བའི་སྐྱབས་གསུམ་བདུན་ཅུ་པ་ལས། རང་དོན་ལ་གཞོལ་དེ་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་པའི། །རང་རྒྱལ་རྒྱལ་བའི་གསུང་ལས་སྐྱེས། །ཐེག་པ་ཆེན་པོར་མི་བསྔགས་སོ། །ཞེས་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པར་བཤད་པ་དང༌། བྱང་ཆུབ་ལམ་རིམ་ལས་ཀྱང་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཡོད་ཀྱང་ཞེས་ཉན་རང་ལ་ཡོད་རྒྱུ་དེ་བྱམས་པ་དང་སྙིང་རྗེ་ཚད་མེད་པར་གསུངས་ཀྱི་སྙིང་རྗེ་ཆེན་པོར་མ་གསུངས་པ་དང། སྲས་ཀྱི་ཐུ་བོ་གཉིས་ཀྱི་གསུང་རབ་རྣམས་ལས་ཀྱང་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པ་སྒྲ་སོར་བཞག་ཏུ་མཛད་འདུག་པས་སྙིང་རྗེ་ཚད་མེད་ཡོད་ཀྱང་སྙིང་རྗེ་ཆེན་པོ་མེད་པར་བྱས་ན་གཞུང་ཆེན་མོ་དུ་མའི་གོ་བ་ལ་ཕན་ཚབས་ཆེ་བར་སྣང་ངོ༌། སྙིང་རྗེ་ཆེན་པོ་སྐྱེས་པའི་ཚད་སོགས་ལ་ཡང་དཔྱད་རྒྱུ་མང་སྟེ་རེ་ཞིག་བཞག་གོ །
ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ནི་ཐེག་དམན་གྱིས་ཉོན་མོངས་ཟད་པར་སྤངས་པའི་ཚེ་མཉམ་བཞག་གི་ངོ་ན་ཕུང་པོའི་སྣང་བ་ལྷག་མ་མེད་པར་ནུབ་པའི་འགོག་པ་ནི་དེའི་ལྷག་མེད་ཀྱི་མྱང་འདས་དང་། ཕུང་པོའི་སྣང་བ་མ་ནུབ་པའི་རྗེས་ཐོབ་ཀྱི་ཚེ་དེའི་ལྷག་བཅས་ཀྱི་མྱང་འདས་སུ་འཇོག་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལམ་ལ་མོས་སྤྱོད་ཀྱི་ས་ནི། སེམས་བསྐྱེད་བརྟན་པ་ནས་ཚོགས་ལམ་དུ་འཇོག་དགོས་མོད་ཀྱང་གྲངས་མེད་གསུམ་གྱི་མགོ་རྩོམ་པ་ལ། སངས་རྒྱས་སོགས་དམིགས་དད་པ་དང༌། ། ཞེས་སོགས་དང༌། བཟང་དང་སྨོན་པའི་སྟོབས་ཅན་དང༌། ། ཞེས་སོགས་ཀྱིས་བཤད་པ་ལྟར་གྱི་མཚན་ཉིད་དུ་་མ་ཞིག་ཚང་དགོས་པར་སྣང་བས་ཞིབ་ཏུ་ཕྱེད་དགོས་སོ། །དེ་དག་གིས་མཚོན་ཏེ་ཞིབ་ཏུ་དཔྱད་ན་ལམ་ཕུང་པོ་གསུམ་པ་ལ་གནས་པ་ཡང་མཐའ་ཡས་པ་ཞིག་སྣང་ངོ་། །སྦྱོར་ལམ་ནི་སྟོང་ཉིད་རྟོགས་པའི་ལྷག་མཐོང་གསར་དུ་ཐོབ་པ་ནས་འཇོག་དགོས་ནའང་དམན་ལམ་སྔོན་དུ་སོང་བ་ལ་ཇི་ལྟར་བྱ་དགོས་པ་དཔྱད་པར་བྱ་ཞིང་ཕལ་ཆེར་བསོད་ནམས་ཀྱིས་ཚོགས་ཀྱིས་ཟིན་ཚུལ་ཁྱད་པར་བ་ཞིག་གི་མཚམས་ནས་འཇོག་དགོས་པ་འདྲའོ། །དྲོད་དང་རྩེ་མོའི་དུས་སུ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཡོད་ཅིང་དེ་ཡོད་པ་མྱོང་སྟོབས་ཀྱིས་ངེས་ནུས། བཟོད་པའི་དུས་ན་མཉམ་བཞག་ལ་བསྒོམ་ཡུལ་གྱི་སྣང་བ་མི་ངེས་ཀྱང་སྒོམ་བྱེད་ཀྱི་སྣང་བ་ཡོད། ཆོས་མཆོག་གི་དུས་སུ་བསྒོམ་བྱ་སྒོམ་བྱེད་ཀྱི་སྣང་བ་ཕལ་ཆེར་ལོག་ཀྱང་ངེས་མི་ནུས་པར་བླ་མ་སྔ་མ་རྣམས་བཞེད་དེ། ཀ་མ་ལ་ཤི་ལའི་སྒོམ་རིམ་དང་པོ་དང་མཐུན་པར་སྣང་ངོ༌། །
འོན་ཀྱང་དེར་བཤད་པ་དང་ལུགས་འདི་གཉིས་ལ་ཞིབ་ཆ་ཅུང་ཟད་དགོས་པར་སྣང་ཡང་གཙོ་བོ་ནི་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཚེ་གཉིས་སྣང་གི་སྤྲོས་པ་ཇེ་སྲབ་ཏུ་སོང་བའི་རིམ་པ་ལས་དྲོད་སོགས་བཞིར་ཕྱེ་བ་ཙམ་དུ་ནི་འདྲ་བ་ཡིན་ནོ། །འཕགས་པའི་ལམ་ལ་ས་བཅུའི་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་ཀྱང་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡོན་ཏན་གྱི་རྟེན་བྱེད་པའི་ཁྱད་པར་མི་འདྲ་བ་དུ་མས་ས་བཅུར་བཞག་པར་གསུངས་སོ། །དེ་ནི་ཡོན་ཏན་འཐོབ་ཚུལ་གྱི་ཁྱད་པར་དང༌། མཐུ་ཕུལ་དུ་བྱུང་བ་འཐོབ་པའི་ཁྱད་པར་དང༌། ཕར་ཕྱིན་ལྷག་པའི་ཁྱད་པར་དང༌། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་གྱི་ཁྱད་པར་བཞིའོ། །
དང་པོ་ནི། ས་དང་པོ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་སངས་རྒྱས་བརྒྱ་མཐོང་བ་དང༌།སངས་རྒྱས་བརྒྱའི་བྱིན་བརླབས་རྟོགས་པ་དང༌། བསྐལ་བ་བརྒྱར་གནས་པ་དང༌། སྔོན་དང་ཕྱི་མའི་མཐའི་བསྐལ་བ་བརྒྱར་ཡེ་ཤེས་ཀྱི་མཐོང་བ་འཇུག་པ་དང༌། ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ལྡང་བྱེད་པ་དང༌། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང༌། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང༌། རང་གི་ལུས་ལ་ལུས་བརྒྱ་སྟོན་པར་བྱེད་པ་དང༌། དེའི་བརྒྱ་པོ་རེ་རེ་ཞིང་ཡང་འཁོར་རྒྱལ་སྲས་བརྒྱ་དང་བཅས་པར་སྟོན་པ་སྟེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོ། །
དེ་བཞིན་དུ་ས་གཉིས་པ་ལ་དེ་དག་སྟོང་ཕྲག་བཅུ་གཉིས་སོ། །གསུམ་པ་ལ་འབུམ་ཕྲག་བཅུ་གཉིས་སོ། །བཞི་པ་ལ་བྱེ་བ་ཕྲག་བརྒྱ་པ་བཅུ་གཉིས་སོ། །ལྔ་པ་ལ་བྱེ་བ་ཕྲག་སྟོང་བཅུ་གཉིས་སོ། །དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་བཅུ་གཉིས་སོ། །བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་་སོ། །བརྒྱད་པ་ལ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་སྙེད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་དང༌། དགུ་པ་ལ་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་གྲངས་དང་མཉམ་པའི་སྡེ་ཚན་བཅུ་གཉིས་དང༌། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་འཐོབ་པར་གསུངས་སོ། །
གཉིས་པ་མཐུ་ཕུལ་དུ་བྱུང་བའི་ཁྱད་པར་ནི་ས་སོ་སོའི་སྐབས་ཀྱི་དྲི་མ་སྦྱོང་བའི་སྟོབས་དང་ལམ་བགྲོད་པའི་སྟོབས་གོང་ནས་གོང་དུ་འཕེལ་བ་ལ་བྱ་དགོས་ཤིང༌། དེ་ལ་ཡང་ས་དང་པོར་ཆོས་ཉིད་རྟོགས་པའི་བློ་ཡུལ་ཆོས་ཉིད་དང་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པའི་ཆུ་ལ་ཆུ་བཞག་གི་ཚུལ་དུ་སོང་བའི་ཡེ་ཤེས་ཐོག་མར་རྒྱུད་ལ་སྐྱེས་པ་ན་མཐོང་ལམ་ཐོབ་པ་དང་ཐེག་ཆེན་གྱི་བདེན་པ་མངོན་སུམ་གསར་དུ་རྟོགས་པ་དང་ཐེག་ཆེན་གྱི་འཕགས་ལམ་ཐོབ་པ་དང་ས་དང་པོ་ཐོབ་པ་རྣམས་དུས་མཉམ་པའི་ཚུལ་གྱིས་བྱུང་ཞིང༌། སྐད་ཅིག་གཉིས་པར་མཐོང་སྤངས་སྤངས་པའི་སྤངས་པ་རང་གི་རྒྱུད་སྟེང་དུ་མངོན་དུ་བྱས་པ་ནི་མཐོང་ལམ་རྣམ་གྲོལ་ལམ་མངོན་དུ་བྱས་པ་ཡིན་ནོ། །
དེ་ལྟ་བུའི་མཐོང་ལམ་ནི་ཆོས་མཆོག་ཐ་མའི་ཡེ་ཤེས་དང་མཉམ་བཞག་ཐུན་གཅིག་གིས་བསྡུས་པ་ཡིན་ཞིང་ས་འཕོ་ཚུལ་ཡང་མཉམ་བཞག་ནས་མཉམ་བཞག་ཏུ་འཕོ་བ་ཁོ་ན་ཡིན་ནོ། །འདི་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་རྣམ་བཞག་ཡང་ཤེས་པར་བྱ་ཞིང་བདེན་བཞིའི་ཆོས་ཉིད་འཇལ་བའི་ལྡོག་པ་ནི་ཆོས་བཟོད་བཞི་དང་བདེན་བཞིའི་ཆོས་ཉིད་ཀྱི་ཡུལ་ཅན་ལྡོག་པས་ཕྱེ་བ་བཞི་རྟོགས་པའི་ཆ་ནི་རྗེས་བཟོད་བཞི་སྟེ་བཟོད་པ་བརྒྱད་བར་ཆད་མེད་ལམ་དང༌། དེ་ལྟ་བུའི་ཚུལ་གྱིས་ཆོས་ཤེས་བཞི་དང་རྗེས་ཤེས་བཞི་ནི་རྣམ་གྲོལ་ལམ་དུ་འཇོག་པ་ནི་ལུགས་འདི་ལ་ཡང་འདྲ་བར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་བཞེད་དེ། རང་རིག་ཁས་ལེན་པ་ནི་མ་ཡིན་ནོ་ཞེས་མཁས་པ་སྔ་མ་དག་བཞེད་ལ། ཕྱིས་ཀྱི་ཡིག་ཆ་རྩོམ་པ་པོ་ཐམས་ཅད་ཞལ་མཐུན་པར་རྒྱལ་ཚབ་རྗེའི་དགོངས་པ་རིམ་པ་ལྟར་ཡུལ་དང་ཡུལ་ཅན་གྱི་ཆོས་ཉིད་རྟོགས་པ་ལ་དགོངས་པ་དང༌། རྗེས་ཀྱི་ངེས་ཤེས་འདྲེན་པའི་ནུས་པ་འཇོག་ལུགས་མི་འདྲ་བ་ལ་བཤད་དགོས་ཀྱི་གཞན་དུ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་དེས་བདེན་གཉིས་ཅིག་ཅར་དུ་དངོས་སུ་རྟོགས་པ་སོགས་སུ་འགྱུར་རོ་ཞེས་གསུངས་པའི་ཁས་ལེན་ལ་ཕྱི་མ་བདེ་བར་སྣང་ནའང་གཞུང་གི་དགོངས་པ་གང་ཡིན་ད་དུང་བརྟག་པར་བྱའོ། །
ས་དང་པོའི་སྒོམ་ལམ་ཡོད་མེད་ལ་ཡང་མི་མཐུན་པ་གཉིས་སུ་སྣང་མོད། སྒོམ་ལམ་ཡོད་པའི་དབང་དུ་བྱས་ན་ས་དང་པོའི་སྒོམ་ལམ་ལ་སྒོམ་སྤངས་ཆེན་པོའི་ཆེན་པོ་ལ་ཕྲ་རགས་གཉིས་སུ་ཕྱེ་བའི་རགས་པའི་དངོས་གཉེན་བར་ཆད་མེད་ལམ་དང་དེ་སྤངས་པའི་རྣམ་གྲོལ་ལམ་གཉིས་འཇོག་པར་རང་་རེའི་མཁས་པ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་བ་ལྟར་བྱའོ། །སྒོམ་སྤངས་ལྷན་སྐྱེས་ཆེན་པོའི་ཕྲ་བ་ནི་ས་གཉིས་པའི་སྒོམ་ལམ་བར་ཆད་མེད་ལམ་དང་སྦྱོར། ཆེན་པོའི་འབྲིང་དང་ས་གསུམ་པའི་དེ་སྦྱོར། ཆེན་པོའི་ཆུང་ངུ་དང་ས་བཞི་པའི་དེ་སྦྱོར། འབྲིང་གི་ཆེན་པོ་དང་ལྔ་པའི་དེ་སྦྱོར། འབྲིང་གི་འབྲིང་དང་དྲུག་པའི་དེ་སྦྱོར། འབྲིང་གི་ཆུང་ངུ་དང་ས་བདུན་པའི་དེ་སྦྱོར། ཆུང་ངུ་སྐོར་གསུམ་ནི་ཅིག་ཅར་དུ་སྤོང་བ་ཡིན་ཞིང་དེ་ཡང་རང་རེའི་མཁས་པ་འགའ་ཞིག་གིས་ས་བདུན་པའི་ཐ་མའི་ཆར་ཆུང་ངུ་སྐོར་གསུམ་གྱི་དངོས་གཉེན་བར་ཆད་མེད་ལམ་བསྐྱེད་ཅིང་དེ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དང་ས་བརྒྱད་པ་ཐོབ་པ་དུས་མཉམ་པ་ཡིན་ཏེ། ས་བརྒྱད་པའི་ཡེ་ཤེས་ལ་ཉོན་སྒྲིབ་ཀྱིས་དག་པའི་ཡེ་ཤེས་ཀྱིས་ཁྱབ་པའི་ཕྱིར་རོ་ཞེས་བཞེད་དོ། ། 38/47 མདུན་ངོས། 上一页 36 37 38 39 40 41 下一页 尾页 |