ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྲིན་མོ་ནུ་རིང་མ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ལོ་ན་ཕྲ་བའི་བྱིས་པ་ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མ་གཉིས་ཉིན་རེ་རེར་སྡེ་བའི་ཉེ་འདབས་ཀྱི་གཙང་ཆུའི་འགྲམ་ནས་རྩེད་མོ་རྩེས།
      ཉིན་ཞིག་ལ། ཁོ་གཉིས་ནམ་རྒྱུན་དང་འདྲ་བར་ཆུ་ཁ་ནས་རྩེ་བཞིན་པའི་སྐབས་དེར། གློ་བུར་དུ་རླུང་ནག་འཚུབ་མ་ཞིག་འཁོར་ནས་ཁོ་གཉིས་གཙང་ཆུའི་གཏིང་དུ་ཁུར་སོང༌། ཆུ་འོག་ཏུ་ཆུ་ཡི་སྲིན་མོ་ཞིག་བསྡད་ཡོད། སྲིན་མོ་དེ་ནི་མགོ་སྐྲ་སེར་པོ་གྱེན་ལ་གཟེངས་པ། ཁ་ཆེན་པོ་མཆེ་བ་རྣོན་པོས་བཀང་བ། སྣ་གཉིས་ལས་མེ་ལྕེ་འབར་བ། ནུ་མ་རིང་པོ་གཉིས་གཅིག་ཕྲག་ནས་རྒྱབ་ལ་འཕངས་པ་དང༌། གཅིག་སྔུན་ནས་མར་ས་ལ་དྲུད་ནས་བལྟས་པ་ཙམ་གྱིས་སྐྱི་གཡའ་ཞིང་འཇིགས་སུ་རུང་བ་ཞིག་རེད། ཁོ་མོས་སྣ་ལས་མེ་འབར་བ་དང༌། ཁ་ནས་རླུང་གཡུག་བཞིན་ན་རེ། ཁྱོད་གཉིས་མི་ཆུང་ཆུང་མཐེ་བོང་འདྲ་ལས་མེད་པས་ན། ང་ཡིས་ཟོས་ན་གྲོད་པའི་གྲུ་སྣེ་ཙམ་ཡང་མི་འགྲངས་པས་ཟ་རན་མེད། ད་ནས་བཟུང༌། ཁྱོད་གཉིས་ཀྱིས་ལེ་ལོ་མི་བྱེད་པར་ང་ལ་ལས་ཀ་ལས་དགོས། གལ་ཏེ་ཁྱོད་གཉིས་ཀྱིས་ལས་ཀ་ལེགས་པོར་མི་ལས་ན་ང་ཡིས་ཁྱོད་གཉིས་གསོན་པོར་ཁྱུར་མིད་གཏོང་དེས་ཟེར་ནས།བལ་རྩིད་འཕྱིང་ཏོ་མང་པོ་ཟླ་བ་སྒྲོལ་མའི་སྔུན་དུ་འཕངས་ཏེ་གསེད་ནས་སྐུད་པ་འཁེལ་དགོས་ཟེར་ཞིང༌། ཟོ་བ་ཆག་རོ་ཞིག་ནོར་བཟང་རྒྱ་མཚོའི་མདུན་དུ་འཕངས་ནས་ཆུ་ཁུར་ཟེར། ཁོ་གཉིས་ཀྱིས་ཉིན་གང་བོར་སྲིན་མོ་ལ་ལས་ཀ་ལས། སྐོམ་ན་ཆུ་ཁམ་གང་དང༌། ལྟོགས་ཚེ་གྲོ་མ་རུལ་བ་ཁམ་གང་ལས་ཟ་རྒྱུ་མེད།
      དུས་ཡུན་རིང་པོ་སོང་རྗེས། ཁོ་གཉིས་ཀྱིས་མ་ལྕོགས་པར་འཆི་ལ་ཉེ། ནོར་བཟང་རྒྱ་མཚོས་ཆུ་ཁུར་སའི་ཆུ་ཁ་ན་བྲག་རི་ཆེན་པོ་ཞིག་ཡོད། ཉིན་ཞིག་ལ། ནོར་བཟང་རྒྱ་མཚོས་བྲག་རི་ཆེན་པོར་ཁེན་ནས་ངལ་གསོ་དུས། ཨ་རོག་གཞོན་ནུ་ཞེས་སྐད་གསལ་ལ་མི་གསལ་ཞིག་གྲགས་འོངས། ཨ་ལ། མི་མེད་ཀྱི་ས་སྟོང་འདི་ན་སུ་ཡོད་དམ། ནོར་བཟང་རྒྱ་མཚོར་དངངས་སྐྲག་ཅིག་སྐྱེས། ཀ་ཡེ་ན་ཆུང་གྲོགས་པོ་ལགས། ཁྱོད་རང་སྐྲག་མི་དགོས། ང་ནི་བྲག་ནང་དུ་བཅུག་པའི་རུས་སྦལ་རྒན་པོ་ཞིག་ཡིན། ངེད་གཉིས་ཀྱིས་ཁ་བརྡ་ཞིག་བྱེད་ཟེར། དང་ཐོག་ནོར་བཟང་རྒྱ་མཚོ་སྐྲག་སྣང་སྐྱེས་ནས། མིན། ང་ཡིས་ཆུ་འཁུར་དགོས། ཆུ་འཁུར་བར་དལ་འགོར་བྱས་ཚེ། ཨ་ནེ་སྲིན་མོས་ང་རང་གསོན་མིད་བྱས་འགྲོ་ཟེར། ཡང་སྐད་དེས་ན་རེ། སྐྱོན་མི་འདུག དེ་རིང་སྲིན་མོ་གཉིད་ལ་ཤོར་ནས་ཉིན་གསུམ་ལ་མི་སད། ཟླ་རེའི་ཟླ་མགོའི་ཚེས་གཉིས་ཉིན་སྲིན་མོ་གཉིད་པའི་ཉིན་མོ་ཡིན་ཞིང༌། ཉིན་གསུམ་ལ་སད་མི་ཐུབ་ཟེར། ནོར་བཟང་རྒྱ་མཚོས་སྤོབས་པ་ཞིག་བསྐྱེད་ནས་ན་རེ། འོ་ན། ཁྱོད་སུ་ཡིན། ཅིའི་ཕྱིར་བྲག་གསེབ་ཏུ་འདུག་པ་ཡིན་ཞེས་དྲིས། ང་ཡིན་པ་ཁྱོད་ཚོའི་སྔེ་འགྲམ་གྱི་གཙང་པོ་དེའི་ཀླུ་རྒྱལ་པོ་ཡིན། ལོ་གཅིག་གེ་སྔོན་ལ་སྲིན་མོ་ནུ་རིང་མ་དེ་བགྲེས་མོ་ལོ་ལོན་ཞིག་ཏུ་བརྫུས་ནས་འདི་རུ་འོངས་ཏེ། རླུང་ཆེན་མོ་ཞིག་གིས་ཁོ་མོ་འདི་རུ་ཁུར་འོངས་ཟེར་ནས་བདག་ལ་རྫུན་ལབ་པས། ང་ཁོ་མོའི་གཡོ་འོག་ཏུ་ཚུད། ཁོ་མོས་ང་ཡི་ཆུ་འདུལ་ནོར་བུ་བརྐུས་ཏེ་ང་རང་བྲག་གསེབ་ཏུ་བཅུག་ཅིང་། ཉིན་རེ་རེར་ང་ཡི་མངའ་འབངས་ཀླུ་ཡི་རིགས་དམར་ཟ་བྱས། དེ་ལྟར་མུ་མཐུད་དུ་སོང་ཚེ། ང་ཚོ་ཀླུ་རིགས་བརླག་པ་མ་ཟད། སྲིན་མོ་ནུ་རིང་མ་དེས་ད་དུང་གཙང་པོའི་འགྲམ་གྱི་མི་སྡེ་ཐམས་ཅད་ཀྱང་མིང་གི་ཤུལ་ཙམ་དུ་གཏོང་སྲིང་ཅེས་བརྗོད། ཨ་ཁ་ཁ། དེ་འདྲ་འཇིགས་སུ་རུང་བ་ཞིག་ཡིན་ནམ། འོ་ན་དེ་འདུལ་བའི་ཐབས་ཞིག་མེད་དམ། ནོར་བཟང་རྒྱ་མཚོ་ཧ་ལས་བཞིན་དེ་ལྟར་དྲིས། རུས་སྔལ་ན་རེ། ཐབས་གཅིག་མ་གཏོགས་མེད། དེ་ནི་ཁྱོད་ལ་རག་ལས་ཟེར། ང་ལ་རག་ལས་ཨང༌། ང་ལ་མཐུ་ནུས་ཅི་ཡང་མེད་པས་ང་ཡིས་ཅི་ལྟར་བྱ་ཨེ། རུས་སྤལ་ན་རེ། ང་ཡི་ཆུ་འདུལ་ནོར་བུ་དེ་སྲིན་མོའི་སར་དྲུང་པའི་ནུ་མ་གཡས་ཀྱི་ཁོག་ཏུ་ཡོད། སྲིན་མོ་དེ་རིང་གཉིད་ལ་ཤོར་ནས་ཉིན་གསུམ་ལ་མི་སང།སང་ཉིན་ཁྱོད་གཉིས་ཀྱིས་ཉིན་གང་བོར་བུད་ཤིང་འདང་ཚིམ་པ་ཞིག་ཐུས། ཉིན་གསུམ་པའི་ནམ་མ་ལངས་གོང༌། ཁྱོད་གཉིས་ཀྱིས་སྲིན་མོ་ཉལ་སའི་ཐབ་ལ་མེ་ཆེན་པོ་བར་མེད་དུ་བུས། ཚ་ཐབ་སྟེང་ཉལ་བའི་སྲིན་མོ་ཚ་ཐབ་ཀྱིས་ངར་ཚེ། མོས་གཡས་ཀྱི་ནུ་མའང་ལོགས་སུ་གཡུགས་པ་དང༌། ནུ་མའི་འོག་གི་ཆུ་འདུལ་ནོར་བུ་ལོགས་སུ་འཇོག་དེས། དེ་དུས་ཁྱོད་ཀྱིས་མྱུར་དུ་ནོར་བུ་བླངས་ནས་ངའི་སར་འཁྱེར་ཤོག་དང༌། ནོར་བུས་ང་རང་བྲག་ལས་སྐྱོབ་ཐུབ་ཟེར། ནོར་བུས་ཁྱོད་སྐྱོབ་ཐུབ་ཨང་ཞེས་ཁེར་བཤད་ཅིག་བྱས། ཁྱོད་ཀྱིས་ནོར་བུ་འདིར་ཁྱེར་འོངས་རྗེས། ནོར་བུའི་རྩེ་མོ་བྲག་ལ་གཏད་དེ། ཆུ་འདུལ་ནོར་བུ། བྲག་གི་རྒྱལ་སྒོ་ཕྱེས་ཞེས་སྨོས་ཚེ། ང་རང་ཕྱིར་འོང་ཐུབ་ལ། ང་རང་ཕྱིར་འོངས་ན་སྲིན་མོ་ནུ་རིང་མ་འདུལ་བའི་ཐབས་ང་ལ་ཡོད། ཁྱོད་གཉིས་ཀྱང་ང་ཡིས་ས་ཁར་སྐྱེལ་ཞེས་རུས་སྦལ་གྱིས་དེ་ལྟར་སྨོས། ནོར་བཟང་རྒྱ་མཚོས་རུས་སྦལ་གྱི་བཤད་པ་ལྟར་བསྒྲུབ་རྒྱུ་ཁས་བླངས། དེ་ནས་རུས་སྦལ་གྱིས་ཁོ་ལ་ཟངས་ཀྱི་མེ་ལོང་ཞིག་དང༌། དངུལ་གྱི་ཁབ་སྤར་གང༌། ལྕགས་ཀྱི་སྐྲ་ཤད་ཅིག་བཅས་བྲག་བར་ནས་མར་འཕངས་ཏེ། གལ་ཏེ་སྲིན་མོ་གཉིད་ལས་སད་དེ་ར་མདར་འོང་ཚེ། དེ་གསུམ་པོས་རེ་རེ་བཞིན་རྒྱོབ་ཅེས་གདམས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号