ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །སྲིན་མོ་ནུ་རིང་མ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      ནོར་བཟང་རྒྱ་མཚོ་ཕྱིར་སོང་ནས་ཟླ་བ་སྒྲོལ་མར་རུས་སྦལ་གྱི་སྐད་ཆ་མ་ལུས་པར་ཡོངས་སུ་སྨོས། ཕྱི་ཉིན། ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མས་ཉིན་གང་བོར་ངལ་གསོ་ཙམ་ཡང་མ་བྱས་པར་བུད་ཤིང་བཏུས་ནས་སྲིན་མོ་ཉལ་སའི་ཁང་བའི་ལྷས་སུ་རི་ལྟར་སྤུངས་སོང༌། ཉིན་གསུམ་པར་སྐྱ་རེངས་ཤར་མ་ཐག་ནོར་བཟང་རྒྱ་མཚོས་བུད་ཤིང་ནང་དུ་སྐྱེལ་བ་དང༌། ཟླ་བ་སྒྲོལ་མས་ཐབ་ཀར་མེ་བར་མེད་དུ་བུས། ཉི་རྩེ་རྒྱག་རག་དུས་སུ། སྲིན་མོའི་སྔུར་བ་རིམ་བཞིན་ཇེ་ཆེར་སོང༌། ཉིན་གུང་དྲོས་ཇའི་དུས་སུ། སྲིན་མོའི་རྔུལ་ཆུ་ཇེ་མང་དུ་སོང༌། ཕྱི་དྲོའི་ཕྱི་ཇའི་དུས་སུ། སྲིན་མོས་གཡས་ཀྱི་ནུ་མ་འཕྲེད་དུ་གཡུགས། ས་སྲོད་ཉི་མ་ནུབ་དུས་སུ། སྲིན་མོ་ནུ་རིང་མས་ཆུ་འདུལ་ནོར་བུ་ནུ་མའི་འོག་ནས་བླངས་ཏེ་ལོགས་སུ་བཞག དེ་ནས་ནོར་བཟང་རྒྱ་མཚོས་མྱུར་དུ་ཆུ་འདུལ་ནོར་བུ་ལག་ཏུ་བླངས་ཏེ། ཟླ་བ་སྒྲོལ་མར་ལག་འཇུ་བྱས་ནས་མྱུར་བ་མྱུར་དུ་ཆུ་ཁའི་རུས་སྦལ་ཡོད་སར་བརྒྱུགས་སོང༌། ཁོ་གཉིས་ཀྱིས་ཕྱིར་མིག་ཙམ་ཡང་མི་ལྟ་བར་མྱུར་དུ་བརྒྱུགས།
ཅང་མ་འགོར་བར། འུར་འུར་འུར། འཇིགས་སུ་རུང་བའི་སྒྲ་ཆེན་པོའི་ཞོར་དུ་རླུང་ནག་གནམ་ས་ཁ་འཕྲོད་པ་ལྟ་བུ་ཞིག་གཡུགས་འོང་བ་དང་མཉམ་དུ་སྲིན་མོ་ནུ་རིང་མས་ནུ་མ་གཡོན་པ་ཕྲག་ནས་རྒྱབ་ཏུ་གཡུགས་པ་དང༌། གཡས་ཀྱི་ནུ་མ་སར་དྲུད་ཅིང༌། ཁ་ནས་རླུང་ནག་འཚུབ་མ་གཡུགས། སྣ་ནས་ཞེ་སྡང་གི་མེ་ལྕེ་འབར་བཞིན་རྒྱང་ནས་ར་མདར་འོངས། ནོར་བཟང་རྒྱ་མཚོ་ན་རེ། མ་བཟང་ཐལ། སྲིན་མོ་གཉིད་ལས་སད་དེ་ར་མདར་འོང་ཟེར་བཞིན་སྔར་བས་མགྱོགས་པོར་བརྒྱུགས་སོང༌། སྲིན་མོ་ནུ་རིང་མས་ནུ་མ་སར་འདྲུད་ཀྱིན་བལྟས་བལྟས་རིག་རིག་ལ་ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མའི་རྗེས་ཆོད་ལད་ཡོད། ནོར་བཟང་རྒྱ་མཚོས་གློ་བུར་དུ་རུས་སྦལ་གྱིས་བྱིན་པའི་རྫས་རྣམས་ཡིད་ལ་དྲན་ནས། དེ་མ་ཐག་ལྕགས་ཀྱི་སྐྲ་ཤད་བླངས་ནས་སྲིན་མོར་བརྒྱབ། ལྕགས་ཀྱི་སྐྲ་ཤད་དེ་ནི་སྟེང་དུ་ལྕགས་ཀྱི་གསོར་འབིགས་མང་པོ་སྐྱེས་ཡོད་པའི་རི་བོ་ཆེན་པོ་ཞིག་ཏུ་གྱུར་ཏེ། སྲིན་མོའི་ལམ་བཀག་སོང༌། སྲིན་མོས་རང་གི་རྣོ་ཞིང་ཆེ་བའི་མཆེ་བས་ལྕགས་འབིགས་རེ་རེ་བཞིན་བཅག་ནས་ཐོན་འོངས། དེ་ནས་ནོར་བཟང་རྒྱ་མཚོས་ཟངས་ཀྱི་མེ་ལོང་གིས་བརྒྱབ་པས། ཟངས་ཀྱི་མེ་ལོང་དེ་ནི་དེ་མ་ཐག་ཆབ་རོམ་དར་ཀྱི་རི་བོ་ཆེན་པོ་ཞིག་ཏུ་གྱུར་ནས་སྲིན་མོས་སྔུན་བཅད། ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མ་གཉིས་མུ་མཐུད་དུ་མདུན་དུ་བརྒྱུགས། སྲིན་མོས་ཞེ་སྡང་གི་མེ་ལྕེ་ཡིས་དར་གྱི་རི་བོའི་རྩེ་ནས་ཞུ་བར་བྱས་ཏེ། ཅང་མ་འགོར་བར་ཡང་ཁོ་གཉིས་ཀྱི་རྗེས་བསྙེགས་ནས་འོངས། བལྟས་བལྟས་ལ་སྲིན་མོས་ཁོ་གཉིས་ཀ་ལག་ཏུ་ཟིན་ལད་ཡོད། ནོར་བཟང་རྒྱ་མཚོས་ཆུ་འདུལ་ནོར་བུ་ཟླ་བ་སྒྲོལ་མའི་ལག་ཏུ་སྤྲད་དེ། ཟླ་བ་སྒྲོལ་མ། རུས་སྦལ་སྐྱོབ་ཏུ་སོང་ཟེར་ནས། རུམ་ནས་དངུལ་གྱི་ཁབ་སྤར་གང་བོ་བླངས་ནས་སྲིན་མོར་བརྒྱབ། དངུལ་གྱི་ཁབ་སྤར་མོ་གང་བོ་བརྒྱ་འགྱུར་སྟོང་འགྱུར་དུ་གྱུར་ནས་སྲིན་མོ་ནུ་རིང་མའི་ལུས་ཧྲིལ་བོར་གདབ་པ་དང༌། མིག་གཉིས་ཀྱང་ལོང་བར་གྱུར། མོས་ན་ཟུག་མ་བཟོད་པར་ཞེ་སྡང་གི་མེ་ལྕེས་ཡོད་ཚད་གཞོམ་པར་བྱས། ཟླ་བ་སྒྲོལ་མ་མྱུར་དུ་ཆུ་ཁར་བརྒྱུགས་ནས་ཆུ་འདུལ་ནོར་བུའི་རྩེ་མོ་བྲག་ལ་གཏད་དེ་ན་རེ། ཆུ་འདུལ་ནོར་བུ། བྲག་གི་སྒོ་མོ་ཕྱེས་ཤིག་ཅེས་སྨོས་མ་ཐག་བྲག་དེའི་དཀྱིལ་ནས་སྒོ་ཞིག་ཕྱེ་སྟེ་རུས་སྦལ་ཆེན་མོ་ཞིག་ཕྱི་རུ་ཐོན་འོངས། རུས་སྦལ་གྱིས་བུ་མོ་ལགས། ཆུ་འདུལ་ནོར་བུ་ང་ལ་བྱིན་ཟེར་ནས་ཆུ་འདུལ་ནོར་བུ་ལག་ཏུ་བླངས་པ་ན། རུས་སྦལ་དེ་ཡང་མི་བགྲེས་པོ་ཞིག་ཏུ་གྱུར། མི་བགྲེས་པོས་ནོར་བུའི་རྩེ་མོ་སྲིན་མོར་གཏད་དེ། ནོར་བུ། ནོར་བུ། སྲིན་མོ་ནུ་རིང་མ་དམ་ལ་ཐོགས་ཞེས་སྨོས་པ་ན། སྲིན་མོ་ནུ་རིང་མ་དེ་རླུང་འཚུབ་ཅིག་གིས་ཁྱེར་བ་ནང་བཞིན་བྲག་ནང་དུ་ཁུར་སོང༌། མི་བགྲེས་པོས་ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མ་གཉིས་ལ་བཀའ་དྲིན་ཞུ་ཆེད། གསེར་དངུལ་དང་བྱུ་རུ། མུ་ཏིག་སོགས་རིན་པོ་ཆེ་མང་པོ་ལེགས་སྐྱེས་སུ་བྱིན་པ་དང༌། ད་དུང་དུང་དཀར་གཡས་འཁྱིལ་ཞིག་གནང་ནས་ན་རེ། ཕྱིས་སུ་དུས་ནམ་ཡིན་ཡང་རོགས་ཅི་ཞིག་བྱེད་དགོས་ཀྱང་གཙང་ཆུའི་ཁ་ནས་དུང་འདི་ཐེངས་གསུམ་ལ་བུས་དང་ང་རང་མིག་རྡེབ་དབང་ཙམ་ལ་སླེབ་འོང༌། ང་ཡིས་བསྒྲུབ་མི་ཐུབ་པའི་དོན་ཞིག་མི་མཆིས་ཞེས་བཤད་ནས། སླར་ཡང་རུས་སྦལ་གྱི་གཟུགས་བསྟན་ཏེ་ན་རེ། ང་ཡི་རྒྱབ་ཏུ་སྡོད་ལ་མིག་ཟུམ་ཟེར། ནོར་བཟང་རྒྱ་མཚོ་དང་ཟླ་བ་སྒྲོལ་མ་རུས་སྦལ་གྱི་སྟེང་དུ་བསྡད་མིག་བཙུམ་པ་ན། རྣ་ལམ་དུ་འུར་སྒྲ་ཞིག་བསྒྲགས་འོངས། ཡུང་ཙམ་ནས་རུས་སྦལ་གྱིས་མིག་ཕྱེ་ནས་ལྟོས་དང་ཟེར། ཁོ་གཉིས་ཀྱིས་མིག་ཕྱེ་ནས་བལྟས་པ་ན། ཨ་ལོ་དགའ་སྐྱིད། རང་གི་ཡུལ་ལ་བསླེབས་འདུག
      གྲོགས་པོ་ཆུང་ཆུང་ཚོ། ང་ཚོའི་ཁོར་ཡུག་གི་སྤྱི་ཚོགས་འདི་ཡང་དེ་འདྲའི་སྐྱོན་གྱིས་མ་གོས་པ་ཞིག་མིན་པར། རྙོག་འཛིང་གིས་ཁེངས་པ་ཞིག་རེད། དེར་བརྟེན། རྙོག་འཛིང་གི་སྤྱི་ཚོགས་ཁོར་ཡུག་འདི་རུ་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་ཆུང་བྱ་འོས། དེ་ལྟར་བྱས་ན། ད་གཟོད་རང་གིས་རང་ལ་སྲུང་སྐྱོབ་གང་ལེགས་བྱེད་ཐུབ། རང་གིས་རང་ལ་སྲུང་སྐྱོབ་བྱེད་པ་དེ་ཡང་བོའུ་གྲི་དང་མདའ་གཞུ་བཟུང་ནས་འཐབ་འཛིང་བྱེད་དགོས་པ་ཁོ་ན་མ་ཡིན་པར། རྙོག་འཛིང་གི་ཁོར་ཡུག་ཁྲོད་དུ་དུས་དང་རྣམ་པ་ཀུན་ཏུ་མི་ལེགས་པའི་སྲོལ་ངན་མི་ལོབ་པ་དང་མི་དགེ་བའི་སྐྱོན་གྱིས་མི་གོས་པར་བྱེད་པ་དེ་ཡང་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། དཔེར་ན། ཁྱོད་རང་སློབ་མ་ཞིག་ཡིན་དུས་རྒྱུ་རྐྱེན་དུ་མའི་དབང་གིས་ཁྱོད་ཀྱི་འབྱོར་བ་གཞན་ལ་མི་དོ་བ་དང༌། གོན་པ་གཞན་ལ་མི་དོ་བ། སློབ་སྦྱོང་གི་ཡོ་བྱད་གཞན་ལ་མི་དོ་བ། ཐ་ན་འཚོ་བའི་ཆ་རྐྱེན་གཞན་ལ་མི་དོ་བས་བཀྲེས་ལྟོགས་མྱོང་དགོས་པ། གལ་ཏེ་ཁྱོད་རང་སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་ཡང་གནས་སྐབས་སུ་རང་ལ་འོས་པའི་བྱ་བ་ཞིག་ལག་ཏུ་མ་འོང་བར་འཚོ་བས་དབུལ་བ་སོགས་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དང་རྒྱུ་རྐྱེན་ཅི་འདྲ་མང་པོར་ཕྲད་ཀྱང་དྲང་བའི་ཐབས་ལ་བརྟེན་ནས་སེལ་དགོས་པ་ལས། གནས་ལུགས་མང་པོར་ཁ་གཡར་ནས་རེ་ཞིག་གི་དཀའ་བ་ལས་ཐར་ཆེད། གཞན་གྱི་དངོས་རྫས་མ་བྱིན་པར་ལེན་པ་སོགས་མི་འོས་པའི་ལས་ལ་ཞུགས་མི་འོས་ཏེ། མི་འོས་པའི་ལས་དེ་རིགས་ནི་ཕྲན་བུ་ཡིན་ཡང་བསྒྲུབ་མི་འོས། ཐེངས་གཅིག་ཙམ་ཡང་གཉེར་མི་རུང༌། སྲོག་ལ་བབ་ཀྱང་བསྒྲུབ་མི་འོས། དེ་ནི། ཐ་མར་རང་ཉིད་བརླག་པའི་རྒྱུ་ཁོ་ན་ལས་མ་འདས་ཕྱིར། ཁྱོད་ལ་དཀའ་ཁག་ཇི་ལྟ་བུ་བྱུང་ཡང་དོན་དེ་ལྟ་བུ་གཏན་ནས་བསྒྲུབ་མི་འོས་ཤིང༌། རྒྱུ་རྐྱེན་དང་གནས་ལུགས་གང་མང་ལ་ཁ་གཡར་ནས་རང་གིས་རང་ལ་གུ་ཡངས་གཏོང་མི་རུང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号