བཙན་པོའི་རྒྱལ་རབས་ཉམས་པའི་རྗེས་ལོ་ངོ་400ལྷག་ཙམ་རིང་བོད་སིལ་བུར་འཐོར་འིང་དམག་གི་ཡོ་ལང་ཆེ་ལ་མུ་གེ་བར་མི་ཆད་པ་བྱུང་བས་ལྷོ་ཁའི་ཞིང་ལས་ལ་གནོད་སྐྱོན་ཆེན་པོ་ཕོག་པ་དང་མི་དམངས་སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་དུ་ཚུད།
སྤྱི་ལོ༌1253ལོར་མོང་གོལ་ཧན་གྱིས་བོད་དུ་དམག་དྲངས་ནས་བོད་གཅིག་གྱུར་བཟོས་པ་ནས་བཟུང་བོད་ལྗོངས་ནི་ཀྲུང་གོའི་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་སྐྱོང་བའི་སྲིད་འཛིན་ས་ཁོངས་སུ་གྱུར།དེ་དུས་དབུས་གཙང་ཁུལ་བོད་ཁྲི་སྐོར་བཅུ་གསུམ་དུ་ཕྱེ་བའི་ནང་ནས་ལྷོ་ཁར་ཕག་གྲུ་དང༌། གཡའ་བཟང༌། ཡར་འབྲོག ཐང་པོ་ཆེ་སོགས་ཡོད། དེ་དག་གི་ནང་ནས་ཀྱང་ཕག་གྲུ་ནི་ས་སྐྱའི་དབང་བསྒྱུར་དུས་ནས་སྟོབས་དང་ལྡན།སྤྱི་ལོའི་དུས་རབས་11པར་ལྷོ་ཁར་མར་པ་དང་མི་ལ་རས་པ་བརྒྱུད་དེ་བཀའ་བརྒྱུད་སྐྱོང་འགོ་ཚུགས། སྤྱི་ལོ༌1156ལོར་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་བརྒྱུད་དེ་ཕག་གྲུ་བཀའ་བརྒྱུད་དར།
སྤྱི་ལོ་1322ལོར་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ཁྲི་དཔོན་མཛད་དེ་ཡུར་བུ་བཟོས་ནས་ཞིང་ལས་དར་རྒྱས་བཏང་བ་དང༌། རི་རྒྱ་ཀླུངས་རྒྱ་བསྡམས་པ་དང་ཟམ་འཛུགས་སོགས་གནང་བས་ཡར་ཀླུང་ཁུལ་སླར་དར་ཞིང་རྒྱས་པར་གྱུར། 1349ལོར་བྱང་ཆུབ་རྒྱལ་མཚན་གྱིས་སྔ་ཕྱིར་གཡའ་བཟང་དང༌།འབྲི་གུང༌། ཚལ་པ་སོགས་དབང་དུ་བསྡུས། དེ་རྗེས་སྤྱི་ལོ་1354ལོར་ས་སྐྱར་ཡང་དམག་དྲངས་ནས་དབང་དུ་བསྡུས། ཡོན་རྒྱལ་རབས་ཀྱིས་ཏའི་སི་ཏུའི་གོ་གནས་བསྩལ་རྗེས་བོད་ས་གནས་ཀྱི་སྲིད་དབང་བསྐྱངས། སྲིད་བསྐྱངས་པའི་རྗེས་ཁྲི་སྐོར་གྱི་ལམ་ལུགས་དོར་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་གྱི་གཞིས་ཀའི་ལམ་ལུགས་དར་ཁྱབ་ཏུ་བཏང༌། སྔར་གྱི་གཞིས་ཀ་རྫོང་དུ་བསྒྱུར་ནས་རྫོང་13བཙུགས་ཐོག་རྫོང་དཔོན་ཡང་མངགས་ཤིང་མངའ་འོག་གི་བྱས་རྗེས་ཡོད་མཁན་ལ་གཞིས་ཀའང་གནང༌། སྣེ་གདོང་རྫོང་གི་མཁར་ལས་ཏེ་ཕག་གྲུའི་དབང་བསྒྱུར་གྱི་ལྟེ་གནས་སུ་བྱས་པས་སྣེ་གདོང་རྒྱལ་རབས་ཞེས་པ་བྱུང་བ་དང༌། བྱང་ཆུབ་རྒྱལ་མཚན་ལ་སྣེ་གདོང་རྒྱལ་པོ་ཞེས་འབོད། ཕག་གྲུས་སྲིད་དབང་ཁྲི་རབས་12ཏེ་བོད་ལྗོངས་ཀྱི་སྲིད་དབང་ལོ་262བསྐྱངས།
|