ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །ལྷོ་ཁ། དྲུག་པ། ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ།
སྤེལ་དུས།05-11  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཨ་ཅེ་ལྷམོ། ཡར་ཀླུང་ནི་ཨ་ཅེ་ལྷ་མོ་འབྱུང་ས་ཡིན། ལོ་ངོ་500ཡི་གོང་ལ་ཤངས་པའི་ཆོས་བརྒྱུད་འཛིན་མཁན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་འགྲོ་དོན་མཛད་ཕྱིར་ཟམ་པ་བཙུགས། ཞལ་འདེབས་སློང་ཕྱིར་འཕྱོངས་རྒྱས་ནས་སྐྱེ༌འབྲས་མཚར་བའི་གཞོན་ནུ་མ་བདམས༌ཏེ་ཕྱོགས་ཁག་ཏུ་ལྷ་མོ་འཁྲབ་པས་རིམ༌།བཞིན་ད་ལྟའི་ལྷ་མོའི་འཁྲབ་སྟངས་ཆགས། སྒྱུ་རྩལ་པས་དར་རྒྱས་བཏང༌སྟབས་འབག་ལ་དཀར་སེར་སྔོ་ནག་འཁྲབ་སྟངས་ཆེ་ཁག་བཞི་རུ་གྱུར་པ་དང༌། དེའང་མེད་པ་ནས་ད་བར་སྲོལ༌རྒྱུན་གྱི་འཁྲབ་གཞུང་ཆེ་ཁག་བརྒྱད་དར། ལྷོ་ཁ་སྣེ་གདོང་གི་“ཨ་ཅེ་ལྷ་མོ་”དང་ “བཀྲ་ཤིས་ཞོལ་པ་”འཕྱོངས་རྒྱས་གྱི་“སྤུན་བདུན་”ནི་འབྱུང་བ་སྔ་ཞིང་ལྷ་མོའི་འཁྲབ་གཞུང་ནང་གོ་བབ་གལ་ཆེན་བཟུང་ཡོད་ལ་ལོ་རེའི་ཞོ་སྟོན་གྱི་འཁྲབ་ཚན་དང་པོར་འཇོག་པ་ཡིན།
གཞན་ཡང་ལྷོ་ཁར་ཨར་གཞས་དང༌། གཞས་ཆེན། ཆང་གཞས།   མགུར་གླུ། ལོ་ནག་ཞབས་བྲོ།གཡག་འཆམ། སྒོར་གཞས་སོགས་རྣམ་པ་སྣ་ཚོགས་ཡོད། དེ་དག་གི་ནང་ནས་ཀྱང་ཁྱད་ཆོས་མངོན་པར་གསལ་བའི་ལྷོ་ཁའི་སྒོར་གཞས་བོད་ཡོངས་སུ་བག་ཆགས་ཆེན་པོ་ཡོད།
བྲིས་རིས་དང་བརྐོས་རིས།
རི་མོའི་སྒྱུ་རྩལ། ལྷོ་ཁའི་དགོན་སྡེ་ཁག་གི་ལྡེབས་རིས་དང་ཐང་གའི་ཐོག་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་ཀུན་མཚོན་ཐུབ། ལྷོ་ཁའི་བྲིས་རིས་དག་ཏུ་བཙན་པོའི་རྒྱལ་རབས་དུས་ནས་མིང་ཆིང་རྒྱལ་རབས་གཉིས་པོའི་བར་གྱི་ལོ་རྒྱུས་འབྱུང་བའི་གཏམ་རྒྱུད་དང༌། ཆོས་ལུགས། ཐོན་སྐྱེད། འཚོ་བ། བོད་རིགས་ཀྱི་ཆོས་འབྱུང༌། སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་མ་འདུས་པ་མེད་དེ། བསམ་ཡས་དབུ་རྩེ་ཆེན་མོའི་ལྡེབས་རིས་ལ་མཚོན་ན།   བོད་ཀྱི་ལོ་རྒྱུས་དང༌།   བསམ་ཡས་ཀྱི་ལོ་རྒྱུས། སློབ་དཔོན་པདྨའི་མཛད་པ་སོགས་འཁོད་ཡོད་ལ་གར་དང་ལུས་རྩལ་སྣ་ཚོགས་ཀྱང་ཡོད།སྤྱི་ལོའི་དུས་རབས༌11པར་བཞེངས་པའི་གྲ་ནང་ཁོངས་ཀྱི་གྲ་ཐང་དགོན་པའི་ལྡེབས་རིས་ནི་གནའ་ཉམས་དོད་ལ་མི་སྣའི་ཉམས་འགྱུར་སོགས་པ་ཏུན་ཧོང་གི་ལྡེབས་རིས་དང་འདྲ་ཞིང་དེ་འདྲ་བོད་ལྗོངས་སུ་ཤིན་ཏུ་དཀོན་པས་བོད་ལྗོངས་ཀྱི་ལོ་རྒྱུས་དང་ཡར་ཀླུང་ཀྱི་རིག་གནས།བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་བཅས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན།
རྡོ་བརྐོས་སྒྱུ་རྩལ། ལོ་རྒྱུས་ཀྱི་རྐྱེན་ལྷོ་ཁ་ཙམ་མ་ཟད་བོད་ཡོངས་ཀྱི་རྡོ་བརྐོས་ཆོས་ལུགས་དང་འབྲེལ་བ་ཡོད། ད་ལྟ་རྡོ་བརྐོས་མང་ཤོས་དང་བཟང་ཤོས་ནི་བསམ་ཡས་གཙུག་ལག་ཁང་གི་རྡོ་བརྐོས་ཡིན་ཏེ། བྱ་རིགས་དང༌། གཅན་གཟན། ཉ་རིགས། རྩི་ཤིང༌། ལོ་རྒྱུས་ཀྱི་མི་སྣ། སངས་རྒྱས་ཀྱི་འདྲ་སྐུ་སོགས་བརྐོ་རྒྱ་ཆེ་ལ་ཕུན་སུམ་ཚོགས།གྲ་ནང་གི་ཟུར་མཁར་ཤང་ནས་བསམ་ཡས་གཙུག་ལག་ཁང་བར་རྡོའི་མཆོད་
45.jpg
རྟེན་ལྔ་ཡོད་པ་ཚང་མ་བར་ཐག་སྤྱི་ལེ་རེ་གཉིས་ཀྱང་མ་ཟིན་པའི་ལམ་གཡས་གཡོན་དུ་རང་སར་བརྐོས་ཡོད་ཅིང༌།དེ་དག་ཁྲི་སྲོང་ལྡེ་བཙན་གྱིས་གདན་དྲངས་པའི་མཁན་ཆེན་ཞི་བ་འཚོས་གཙོ་བསྐྱངས་ཏེ་བཞེངས་པར་གྲགས། རྡོ་སྐུ་དེ་དག་གི་ཁྲོད་དུ་ཤཱཀྱ་མུ་ནེ་དང༌།སློབ་དཔོན་པདྨ།  ཐང་སྟོང་རྒྱལ་པོ་སོགས་ཡོད་ལ་བསམ་ཡས་རྡོ་སྐུའི་ནང་མེད་པ་དགའ་བོ་དང༌། སྲོང་བཙན་སྒམ་པོ། རྒྱལ་བ་སྐུ་ཕྲེང་ལྔ་པ་སོགས་ཀྱང་ཡོད། རྡོ་བརྐོས་གསུང་རབས་ནང་བོད་ཡིག་ཙམ་མ་ཟད་ལཉྫ་དང༌།ཆོས་རྒྱལ་འཕགས་པའི་ཡི་གེ། བལ་ཡིག་བཅས་ཀྱང་ཡོད་པ་རེད།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号