ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་གསུམ་པ། གཡུ་ཐོག་སྔོ་འབུམ་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
གཟེ་མ་ཞིང་དང་མུ་ལ་སྐྱེ།ངར་བ་ས་འབྱར་ལོ་མ་ཆུང༌།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།མེ་ཏོག་སེར་ལ་རོ་ནི་མངར།།འབྲས་བུ་ཚེར་མ་ར་མགོ་འདྲ།།མཁལ་ནད་གྲང་བ་ཆུ་སེར་སེལ།།
སྟག་ཆུང་བ་ནི་བྲག་སྲིབས་སྐྱེ།།ལོ་མ་གྱོང་ཞིང་ཚེར་མ་ཅན།།ངར་བ་དྲང་ཞིང་མེ་ཏོག་སེར།རིང་ཐུང་སོར་བཞི་སོར་ལྔ་ཙམ།།རོ་མངར་ཟིལ་བ་ཆགས་པ་སྟེ།།རྩ་བ་གྱོང་ཞིང་མཁྲེགས་པ་ཡིན།།བཅུད་ལེན་རྣམས་ཀྱི་སྨན་མཆོག་ཡིན།།
སུམ་ཅུ་ཏིག་ནི་སྤང་སྲིབས་སྐྱེ།།འདབ་མ་ཕྲ་ཞིང་ངར་བ་དྲང༌།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་སེར་པོ་དྲིལ་བུ་ཁ།།རོ་ཁ་ནུས་པས་བད་སྨུག་སེལ།།བཅུད་ཀྱི་ལེན་གྱི་མཆོག་ཏུ་འགྱུར།།
དྭ་བ་ནགས་ཁྲོད་སྐམ་ལ་སྐྱེ།།ལོ་མ་སྔོ་སྐྱ་སྲུབ་ཀའི་དབྱིབས།།མེ་ཏོག་དྲིལ་བུ་ཁ་བླང་འདྲ།།ངར་བ་རིལ་མོ་ཁྲུ་རེ་ཙམ།།འབྲས་བུ་སེར་སྐྱ་འཕུངས་པ་སྟེ།།རྩ་བ་རྡོག་འདྲིལ་རོ་ནི་ཚ།ནུས་པས་འཁོལ་ཞིང་རྩུབ་པ་སྟེ།།སྲིན་ནད་འཇོམས་ཞིང་རུས་འཛེར་འགོག།
སྨན་མཆོག་རྒྱལ་པོ་བྲག་སྨེན་མཆོག།ཁ་སྨད་བྲག་སྨད་དག་ལ་སྐྱེ།།མེ་ཏོག་དམར་སྐྱ་ཟླ་བ་ཁ།།དགུན་དུས་ལྷག་པར་རྒྱས་པ་ཡིན།།མགོ་བོ་གྲོ་ཡི་སྦུ་གུ་འདྲ།སྡོང་པོ་གཡུ་ཡི་སྡོང་པོ་འདྲ།ལོ་མ་དུང་སོ་མནོལ་བ་འདྲ།།རྩ་བ་བ་ཡི་སུག་པ་འདྲ།།བདུད་རྩི་སྒ་ཏིག་ཅེས་བྱ་སྟེ།།དམུ་ཆུའི་ནད་ལ་བདུད་རྩི་འདྲ།།
ནི་ལོ་ཨུཔལ[ཨུཏྤལ]ཞེས་བྱ་བ།།རྩ་བ་ལྡུམ་ལ་མངར་བ་ཡིན།།མེ་ཏོག་སྔོན་པོ་ཨུཏྤལ་འདྲ།།སྙི་བ་ཞེས་བྱའི་མེ་ཏོག་ཡིན།།
སྔོན་མོ་ཆབ་འདྲེན་གཡའ་སྟོད་སྐྱེ།།མུ་ཡི་སྐམ་ས་དག་ཏུ་སྐྱེ།།གཡའ་ལ་སྐྱེས་པ་སོར་བཞི་ཙམ།།མུ་ལ་སྐྱེས་པ་སོར་དོ་ཙམ།།ལོ་མ་ས་འབྱར་སྲད་ཆུང་འདྲ།།མེ་ཏོག་སྔོ་དམར་པདྨ་འདྲ།།གང་བུ་སྦུར་བའི་སྨད་གོག་འདྲ།།དམུ་ཆུ་འཇོམས་པར་བྱེད་པའི་མཆོག།
ཡུག་དཀར་བ་ནི་ཆུ་འགྲམ་སྐྱེ།།ལོ་མ་འབོལ་ཞིང་ངར་བ་ཕྲ།།རིང་ཐུང་མཁྱུད་རེ་མཛུབ་རེ་ཙམ།།མེ༌ཏོག་དཀར་ཞིང་འབྱར་བག་ཆེ།འབྲས་བུ་སྒོ་རྐང་རྣ་ལྤགས་འདྲ།།རོ་ནི་མངར་ལ་ནུས་པ་ཡིས།།རླུང་གཟེར་ཐམས་ཅད་རབ་ཏུ་འཇོམས།།
བྱ་རྐང་བ་ནི་སྲིབས་ལ་སྐྱེ།།ལོ་མ་ཕྲད་པ་ངར་བ་འཁྱོག།རིང་ཐུང་རྐང་རེ་མཛུབ་རེ་ཙམ།།མེ་ཏོག་ལོ་བཙན་ཅུང་ཟད་འདྲ།།ཚ་གྲང་གཉིས་ཀས་འཁྲུ་གཅོད་ཡིན།།
ཤ་མ་གཡུ་རིལ་ཞེས་ཀྱང་བྱ།།མོན་མོ་སྤོ་སྨན་ཞེས་ཀྱང་བྱ།།གཡའ་རི་སྤང་རིའི་སྤོ་ལ་སྐྱེ།།ལོ་མ་ལྕ་ཆུང་འདྲ་བ་ལ།།མེ་ཏོག་སྔོན་པོ་དྲི་ངད་ཅན།།སྨུ་གུ་ལྡན་ཡོན་ཞེས་ཀྱང་བྱ།།མགོ་རྨ་གསོ་བའི་བདུད་རྩི་སྟེ།།འབྲས་ཀྱི་རྨ་གསོ་སྐྲངས་པ་འདུལ།།
སྔོ་སྨན་སྤྱི་བཞུར་ཞེས་ཀྱང་བྱ།།གསང་བའི་སྨན་གཅིག་ཅེས་ཀྱང་བྱ།།སྔོན་མོ་ཆུ་འདྲེན་ཞེས་ཀྱང་བྱ།།འདབ་མ་པདྨ་བརྩེགས་པ་འདྲ།།མེ་ཏོག་བྱའི་སྒྲོ་གདུང་འདྲ།།རྒས་ནས་རྒོད་སྤོསདཀར་པོར་འགྲོ།ཁུ་བ་བེེཌྰུརྱ་དང་འདྲ།།དམུ་འོར་སྐྱ་རྦབ་ནད་ལ་ཕན།།
གསང་བའི་སྨན་གཅིག་འོད་ལྡན་ནི།།སྡོང་པོ་སོའི་བཅུག་མ་[སེ་བའི་ལྕུག་མ]འདྲ།།ལོ་མ་གླང་མའི་ལོ་མ་འདྲ།།མེ་ཏོག་དམར་པོ་འོད་དུ་ཡེ།ལི་ག་དུར་ཞེས་མཚན་དུ་གསོལ།།ནད་ངན་སྐྱ་རྦབ་འཇོམས་པའི་མཆོག།
བྱི་སྲན་ནག་ཆུང་ཞེས་ཀྱང་བྱ།།གསང་བ་སྔོན་མོ་ཆུ་འདྲེན་ནི།།ལོ་མ་སྲད་ནག་འདྲ་བ་ལ།།མེ་ཏོག་སྲན་མའི་མེ་ཏོག་འདྲ།།འབྲས་བུ་སྲན་ཆུང་ཇི་བཞིན་ནོ།ཚ་གྲང་དམུ་ཆུ་རྒྱུན་ལ་འདྲེན།།
འདིར་མ་འདུས་པའི་སྔོ་སྨན་མེད།།དེས་ན་སྔོ་འབུམ་ཀུན་གྱི་མཆོག།སྨན་གྱི་རྒྱ་མཚོ་ཆེན་པོ་ཡིན།།འདི་ཡི་ནང་ནས་ཆ་ཙམ་གཅིག།ཤེས་ན་ཡོན་ཏན་ཆེན་པོར་འགྱུར།།ཞེས་པའི་སྔོ་འབུམ་མཐོང་འགྲོལ་ཆེན་པོ་འདི།ཡི་དམ་འཕགས་པ་འཇམ་དཔལ་དང༌།།རྗེ་བཙུན་སྒྲོལ་མའི་སྔོ་འབུམ་དང༌།།དྲང་སྲོང་ཆེན་པོའི་གསུང་རྒྱུན་ལ།།བསྟེན་ནས་གཡུ་ཐོག་མགོན་པོས་བསྡེབས།།དགེ་བས་འགྲོ་ཀུན་ནད་སེལ་ཞིང༌།།སྨན་ཀུན་འཛོམས་དང་མན་ངག་འགྱུར།།མངྒལཾ།ཤུལྷཾ།
(སྐལ་བཟང་རྡོ་རྗེ།མཁལ་འགྲོ་སྐྱབས།)
 
བསམ་གཞིགས།
༡དཔའ་བོ་དཀར་པོ་སྐྱེས་ཡུལ་གང་ཡིན།བོད་དུ་སྐྱེས་སམ།
༢གཞུང་འདིར་རྒྱ་གར་ནག་གི་སྨན་བསྟན་ཡོད་དམ།
༣གཞུང་འདིའི་ནང་ཤེལ་ཕྲེང་སོགས་སུ་མ་བསྟན་པའི་སྨན་ཡོད་དམ།ཅི་ཙམ་ཡོད།
༤ཤེལ་ཕྲེང་དང་གཞུང་འདི་བསྡུར་ན་སྨན་རིགས་གཅིག་ཀྱང་མིང་སོ་སོར་བཏགས་པ་ཡོད་དམ།
༥གཞུང་འདི་སུས་མཛད།འདིར་མ་འདུས་པའི་སྨན་ཡོད་དམ།
༦གཞུང་འདིའི་ནང་བོད་ཡུལ་མ་གཏོགས་རྒྱ་གར་ནག་ཏུ་མི་སྐྱེས་པའི་སྨན་ཡོད་དམ།ཅི་ཙམ་ཡོད།
༧སྔོ་འབུམ་གཞན་དག་དང་བསྡུར་ན་གཞུང་འདིའི་ནང་ཐ་སྙད་གསར་བ་བྱུང་ཡོད་དམ།

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号