ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་གསུམ་པ། གཡུ་ཐོག་སྔོ་འབུམ་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
  དུར་བྱིད་མུ་ཡི་སྲིབས་ལ་སྐྱེ།།ཐར་ནུ་བ་དང་ཅུང་ཟད་འདྲ།།ངར་བ་ཆིག་སྐྱེས་འཁྱོག་པ་སྟེ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།འདབ་མ་ཞོ་ཅན་ཕྲ་འཇམ་སྟེ།།སྦྱོངས་སྨན་རྣམས་ཀྱི་རྒྱལ་པོར་བཤད།།
བྱ་རྐང་བ་ནི་སྲིབས་ལ་སྐྱེ།།ལོ་མ་ཕྲ་ཞིང་ངར་བ་འཁྱོག།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་སྔོན་པོ་བྱ་མཆུ་འདྲ།།ཚ་གྲང་གཉིས་ཀས་འཁྲུ་གཅོད་བྱེད།།
ཤུ་མུ་ཟ་ནི་ཞིང་ནང་སྐྱེ།ལོ་མ་སྲན་མའི་འདབ་འདྲ་ཆུང༌།།རིང་ཐུང་ཁྲུ་རེ་རྐང་རེ་ཙམ།།མེ་ཏོག་སེར་པོ་སྲན་མ་འདྲ།།གང་བུ་སྲབ་མོ་སོ་ཐར་རིས།།འབྲས་བུ་གྲུ་བཞི་ནུས་པ་ཡིས།།གློ་རྣག་འཁྲུ་བ་ཐམས་ཅད་གཅོད།།
ལྕུམ་ནི་རི་དང་ལྡུམ་རར་སྐྱེ།།ལོ་མ་ལྗང་ནག་ཤིན་ཏུ་ཆེ།།སྡོང་པོ་སྦུབས་སྟོང་མི་ཚད་ཙམ།།འབྲས་བུ་ངར་བ་ཤོ་བུམ་འདྲ།།རྩ་བ་སེར་ཞིང་རོ་ནི་སྐྱུར།།ནུས་པས་རྨ་དང་བད་ཀན་དང༌།།འཁྲུ་སྐྱུགས་གཉིས་ཀ་བྱེད་པ་ཡིན།།
ཁྲོན་བུ་ན་ཡི་སྟོད་དུ་སྐྱེ།།ཐར་ནུ་བ་དང་ཅུང་ཟད་འདྲ།།འདབ་མ་ས་འབྱར་ཕྲ་བ་ལ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།བཅད་ན་ཞོ་འབྱུང་སྦྱོངས་སྨན་ཡིན།།
སྔོན་བུ་རི་སྟོད་སྤང་ལ་སྐྱེ།།ལོ་མ་ས་འབྱར་སྤུ་ཅན་ལ།།བཅད་ན་ཞོ་འབྱུང་ངར་བ་ཕྲ།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་སྔོན་པོ་དྲིལ་བུ་ཁ།།ཆུ་སེར་ཚ་གྲང་གཉིས་ཀ་འཇོམས།།
སྤོར་ཆུང་སྤང་གོང་དག་ཏུ་སྐྱེ།།ངར་བ་ས་འབྱར་སྤུ་སྤུངས་པ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་སྔོ་སྐྱ་ཞོ་ཅན་སྟེ།།ནུས་པ་སྤོར་ཆེན་ཙམ་དུ་མཚུངས།།
སྤོར་ཆེན་ཚིགས་དང་གད་ལྡེབས་སྐྱེ།།ལོ་མ་ས་འབྱར་རྐོ་མ་མཆུ།།བཅད་ན་ཞོ་འབྱུང་ངར་བ་ཕྲ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་དམར་སྨུག་ར་ཕོར་འདྲ།།མོ་ནད་སོགས་ཀྱི་སྦྱོང་སྨོན་ཡིན།།
ཐ་རམ་པ་ནི་སྐམ་སར་སྐྱེ།ལོ་མ་སར་འབྱར་འོར་མཐིལ་འདྲ།།འབྲས་བུ་ལྕགས་འབྲས་འགྲིལ་བ་འདྲ།།འཁྲུ་བ་གཅོད་པའི་སྨན་གཅིག་ཡིན།།
རེ་ལྕག་པ་ནི་གྲམ་ལ་སྐྱེ།།ལོ་མ་ཟླུམ་ཞིང་ངར་བ་ཕྲ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་དཀར་ཆུང་མང་བ་སྟེ།།རོ་ནི་ཚ་རྩུབ་འཇམ་རྩིའི་སྨན།།སྦྱོངས་འཁྱིལ་ཤྭ་ཐོར་གཉན་ནད་སེལ།།
རི་ཤོ་གཡའ་ཡི་འདབ་ལ་སྐྱེ།།ལོ་མ་མཐུག་ཅིང་གྱོང་པ་ལ།།མེ་ཏོག་སེར་པོ་གཉའ་གུག་པ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།དྲི་མ་དུགས་ཆེ་སྐྱུགས་སྨན་མཆོག།
ཐར་ནུ་བ་ནི་སྲིབ་ལ་སྐྱེ།།ལོ་མ་སྣུམ་ཞིང་ངར་བ་ཕྲ།།སྐྱེ་ཕོན་སྲན་མ་རེ་ལྕག་འདྲ།།རིང་ཐུང་མཐོ་རེ་རྐང་རེ་ཙམ།།བཅད་ཞོ་འབྱུང་ཞིང་གཉན་སྲིན་འཇོམས།།སྦྱོངས་སྨན་ཡིན་མོད་ཁཎྡ་མཆོག།
མྱང་རྩི་སྤྲས་ནི་ཁུར་ཆུང་ཡིན།།ཞིང་གི་ཚིགས་དང་གད་ལྡེབས་སྐྱེ།།ལོ་མ་ས་འབྱར་ཉ་ག་ཅན།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་སེར་པོ་ཁུར་མང་འདྲ།།བཅད་ན་ཞོ་འབྱུང་རོ་ནི་ཁ།།ནུས་པས་མཁྲིས་པ་སེལ་བ་དང༌།།སྦྱོངས་སྨན་སྡེབས་ན་འབྱམས་མི་སྲིད།།
རྐྱང་གཤོག་པ་ནི་ན་ལ་སྐྱེ།།ལོ་མ་ས་འབྱར་མཐུག་ལ་སྣུམ།།མེ་ཏོག་དམར་སེར་ངར་བ་ཕྲ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།གང་བུ་ཟུར་མང་བསྲུབས་(སྲུབ)མ་འདྲ།།རོ་མངར་སྐྱུག་སྨན་མཆོག་ཏུ་བཤད།།
སྤྱང་ཚེར་བ་ནི་སྐམ་ལ་སྐྱེ།།ལོ་མ་གྱོང་རྩུབ་ཉ་ག་ཅན།།ངར་བ་སྦུབས་ཆེ་འབྲས་བུ་འཁྲུངས།།རིང་ཐུང་ཚོན་རེ་ཚོན་དོ་ཙམ།།ཐམས་ཅད་ཚེར་མའི་རང་བཞིན་ཅན།།སྐྱུག་སྨན་མཆོག་ཏུ་བཤད་པ་ཡིན།།
ལྕགས་ཀྱུ་བ་ནི་གད་ཚིགས་སྐྱེ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།འདབ་མ་ལྗང་ནག་ཕྲ་ལ་སིབ།།རྩ་བ་སེར་ཞིང་རོ་ནི་ཁ།།མེ་ཏོག་མདངས་མེད་རྩེའུ་འབྲུ་ཅན།།གང་བུ་སྐྱོགས་མོ་ལྕགས་ཀྱུ་ཅན།།ནུས་པས་རིམས་དང་ཚ་བ་དང༌།།བད་ཀན་སྨུག་པོ་འཇོམས་པར་བྱེད།།
ཟིན་ཏིག་རྫ་ཡི་སྟོད་དུ་སྐྱེ།།འདབ་མ་ལུག་ཆུང་ལྟ་བུ་ལ།།མེ་ཏོག་སེར་པོ་ལོགས་ནག་གོ།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།སྐྱུག་སྨན་རྣམས་ཀྱི་གཙོ་བོ་ཡིན།།
ཛཾ་བྷི་རྣ་ནི་གཙང་འཁྲིས་སྐྱེ།།ཡུར་བ་ཆེན་པོའི་ནང་དུ་སྐྱེ།།ངར་བ་ཆིག་སྐྱེས་དྲང་བ་སྟེ།།རིང་ཐུང་མཐོ་རེ་རྐང་རེ་ཙམ།།མེ་ཏོག་དམར་སྨུག་མང་བ་ལ།།ཚེར་མ་རྣོ་ཞིང་མེ་ཏོག་སེར།།རོ་ནི་མངར་ཞིང་ནུས་པ་ཡིས།།རིམས་ནད་ལྕི་འཐིབས་ཐམས་ཅད་སེལ།།
འདམ་བུ་ཀ་ར་ཆུ་ནང་སྐྱེ།།རོ་མངར་ངར་བ་ཟོར་བ་འདྲ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མཆིན་ཚད་རུས་ཚད་སྨུག་པོ་དང༌།། མཚོན་གྱིས་ཕོག་པའི་གློ་ནད་སེལ།།
ཨ་ཀྲོང་རི་ཡི་སྲིབས་ལ་སྐྱེ།ངར་བ་ནག་ཅིང་ཟིལ་བ་ཆགས།མེ་ཏོག་སེར་ཞིང་དྲི་མ་ཆེ།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།ནུས་པས་གློ་ནད་སེལ་བར་བྱེད།།
བྱེ་སྒོག་པ་ནི་ཞིང་ནང་སྐྱེ།།ངར་བ་ཕྲ་ཞིང་འཁྱུལ་བ་སྟེ།།རིང་ཐུང་མཐོ་རེ་རྐང་རེ་ཙམ།།འབྲས་བུ་ནག་རྩུབ་འདབ་མ་ཆུང༌།།རྩ་བ་སེར་ཞིང་རོ་ནི་མངར།།རྨ་རྣམས་ཐམས་ཅད་འཚོ་བར་བྱེད།།
རླུན་བུ་སྲིབས་ཀྱི་སྨད་དུ་སྐྱེ།།ངར་བ་ས་འབྱར་ལོ་མ་རྩུབ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།གལ་ག་མང་ཞིང་མེ་ཏོག་སྔོ།།ནད་གསོ་བའི་མཆོག་ཏུ་བཤད།།
         བསྣན་པ་གཡོ་ལོ་(ནད་མ་གཡུ་ལོ)ལྗོངས་སུ་སྐྱེ།།ལོ་མ་ས་འབྱར་རྩུབ་པ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་སྔོན་པོ་འཕུངས་པ་སྟེ།།རྩ་བའི་མཚམས་ན་བ་ལོག་ཡོད།།རྨ་ནད་གསོ་བར་བྱེད་པ་ཡིན།།
ཡི་གེ་མི་གསལ།
མོག་དང་ལོག་གང་ཡིན་མི་གསལ།
བྱིའུ་ཀླད་མཚོ་ཞིང་ནང་སྐྱེ།།ངར་བ་གྲུ་བཞི་ལོ་མ་ལྡུམ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་དམར་ཞིང་ཆུང་བ་སྟེ།།རྨ་ནད་གསོ་བའི་མཆོག་ཡིན་ནོ།།
ཉ་ཏིག་པ་ནི་འདམ་ལ་སྐྱེ།ངར་བ་ས་འབྱར་ལོ་མ་ཆུང༌།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མེ་ཏོག་དཀར་ཆུང་མང་བ་སྟེ།།ཁྲག་གཅོད་ཀུན་གྱི་རྒྱལ་པོ་ཡིན།།
བོང་རྣ་བ་ནི་བྲག་ལ་སྐྱེ།།འདབ་མ་གཅིག་སྐྱེས་བོང་རྣ་འདྲ།། འབྲས་བུ་གཅིག་སྐྱེས་ཆུང་བ་སྟེ།།རྨ་ཡི་ཟུག་གཟེར་ཐམས་ཅད་གཅོག།
མདེའུ་འབྱིན་གཅིག་ནི་བྲག་ལ་སྐྱེ།།ལོ་མ་ལུག་ཆུང་ལྟ་བུ་སྟེ།། ངར་བ་ཕྲ་ཞིང་འཁྱོག་པཡིན།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།མེ་ཏོག་དམར་པོ་པུ་ཤུད་མགོ།རྨ་ཡི་འཁྲུད་བྱེད་རུས་སྐྱོན་སེལ།།
  ཨ་བྱག་ཚེར་སྔོན་སྤང་སྲིབས་སྐྱེ།།སྐྱེ་ཕོན་སྲན་མ་རེ་ལྕག་འདྲ།། རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།འབྲས་བུ་ལུག་ཐུག་རླིག་པ་འདྲ།། ཚེར་མ་མང་ཞིང་མེ་ཏོག་སྔོ།།མགོ་རྨ་གཟེར་ཐུང་སེལ་བབི་མཆོག།
  ཁྲོག་འཆོལ་བ་ནི་ཤག་གསེབ་སྐྱེ།ལོ་མ་ས་འབྱར་ཉ་ག་ཅན།། འབྲས་བུ་འཕུངས་ཞིང་སྤྲ་བ་ཅན།།བུད་མེད་མངལ་ཁྲག་སྐེམས་པར་བྱེད།།
  ཁྲོག་ཆུང་བ་ནི་སྐམ་སར་སྐྱེ།འདབ་མ་ས་འབྱར་སྤྲ་བ་ཡོད།།མེ་ཏོག་རས་མདོ་བསྒྲིལ་བ་འདྲ།།ངར་བ་མཛུབ་རེ་མཁྱིད་རེ་ཙམ།།ཁྲག་གཅོད་མཆོག་ཏུ་བཤད་པ་ཡིན།།
  རམ་བུ་མུ་དང་ཀླུང་དུ་སྐྱེས།།འདབ་མ་ལྗང་འདབ་ངར་བ་དྲང༌།།སྙེ་མ་ཕོན་ཚེ་འདྲ་བ་ལ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།རྩ་བ་ཚིགས་མང་འབྲེལ་བ་སྟེ།།ཁྲག་གཅོད་ཀུན་གྱི་གཙོ་བོ་ཡིན།།
  རྩི་དམར་རྐང་གཅིག་སྤང་གསེབ་སྐྱེ།།གཞི་མ་སྤང་ཕྲོམ་ལྟ་བུ་ལ།།ངར་བ་ཆིག་སྐྱེས་མང་དུ་ཡོད།།རིང་ཐུང་སོར་དོ་སོར་གསུམ་ཙམ།།ལོ་མ་ཆུང་ཞིང་དྲི་ཞིམ་པ།།མེ་ཏོག་སེར་པོ་ཟིལ་བ་ཆགས།།རྨ་འབྲས་འཇོམས་པར་བྱེད་པ་ཡིན།།
  དབང་བོ་ལག་པ་ན་ལ་སྐྱེ།།འདབ་མ་ས་འབྱར་སྣུམ་ཞིང་འཇམ།།མེ་ཏོག་དམར་པོ་ལུག་རུ་འཁྱིལ།།ངར་བ་རིལ་མོ་འབྲས་བུ་འཕུངས།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།རྩ་བ་བུ་ཆུང་ལག་པ་འདྲ།།ནུས་པས་གྲང་བ་ཆུ་སེརཕན།།རྒས་སྲ་ལུས་སྟོབས་ཁུ་བ་བསྐྱེད།།
ར་མོ་ཤག་ནི་བྲག་སྲུབ་སྐྱེ།།ལོ་མ་སྣུམ་པོ་ལྗང་འདབ་འདྲ།། ངར་བ་ལྡེམ་ཞིང་འབྲས་བུ་དམར།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།། རྩ་བ་རྡོག་འདྲིལ་སྒ་དང་འདྲ།།རྒས་སྲ་ལུས་སྟོབས་ཁུ་བ་བསྐྱེད།།
ཉེ་ཤིང་པ་ནི་གྲམ་ལ་སྐྱེས།།ལོ་མ་ཕྲ་ཞིང་འབྲས་བུ་དམར།།ངར་བ་འཁྱུལ་ཞིང་ཚེར་མ་ཡོད།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།རྩ་བ་རྡོག་འདྲིལ་རི་སྒོག་འདྲ།།ནུས་པས་གྲང་བ་སེལ་བ་དང༌།།རྒས་སྲ་ལུས་སྟོབས་ཁུ་བ་སྐྱེད།།
ལྕ་བ་བྲག་དང་སྐམ་སར་སྐྱེ།།ལོ་མ་ས་འབྱར་འཁྲུག་འཁྲུག་པོ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་དཀར་ཞིང་དྲི་མ་ཆེ།།ནུས་པས་གྲང་བ་ཆུ་སེར་དང༌།།བཅུད་ལེན་མཆོག་ཏུ་བཤད་ན།།
ལང་ཐང་རྩེ་ནི་མུ་ལ་སྐྱེ།།ལོ་མ་སྤུ་ཅན་ཆེ་བ་ལ།།ངར་བ་རིལ་མོ་མང་བ་སྟེ།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།མེ་ཏོག་སྲད་མ་ཅུང་ཟད་འདྲ།།གང་བུ་རིལ་བ་སྤྱི་བླུག་འདྲ།།འབྲས་བུ་ཞིབ་མོ་མཁལ་མ་འདྲ།།སྲིན་ནད་གྲང་བ་སེལ་བར་བྱེད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号