ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་གསུམ་པ། གཡུ་ཐོག་སྔོ་འབུམ་བཞུགས་སོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
སྒ་ཏིག་ནག་པོ་སྤང་སྲིབ་དང༌།།བྲ་མ་སྤེན་མའི་གསེབ་ནས་སྐྱེ།།རིང་ཐུང་མཐོ་རེ་རྐང་རེ་ཙམ།།ངར་བ་ཆིག་སྐྱེས་ཤིན་ཏུ་ཕྲ།རྩ་བའི་ལོ་མ་སྣུམ་པ་ལ།།ལྗང་ནག་ཟུར་གཡོན་རྐོ་མ་མཆུ།།ངར་བའི་ལོ་མ་ཕྲ་ལ་མཉེན།།རྩེ་ལ་མེ་ཏོག་སྔོན་པོ་གཅིག།རོ་ནི་ཁ་ཞིང་ལྷོག་རིགས་ཀྱི།།གཉན་སྲིན་མ་ལུས་འཇོམས་པར་བྱེད།།(བཏོན་ན་སྟོང་བར་འགྱུར)
ལྷོག་དུག་སེར་པོ་སྲིབ་ལ་སྐྱེ།།རྩ་བ་ཐུང་ཞིང་ངར་བ་ཕྲརིང་ཐུང་སོར་བཞི་སོར་གསུམ་ཙམ།།འདབ་མ་ཆུང་ཞིང་རྩུབ་པ་ལ།།མེ་ཏོག་སེར་པོ་ངུར་ཐིག་ཅན།།རོ་ནི་ཁ་ཞིང་ལྷོག་པ་འཇོམས།།(འདི་ཡང་འཐུ་དུས་སྐེད་གཅོད་བྱ།)
ལུག་མིག་ནག་པོ་གཡའ་འདབ་སྐྱེ།།ངར་བ་ཆིག་སྐྱེས་དྲང་བ་སྟེ།།གང་བུ་འབྲས་བུས་རབ་ཏུ་གང༌།།རོ་ནི་ཚ་ཞིང་ཁ་བ་སྟེ།།ཕོ་ལོག་ལོང་སྲིན་རབ་ཏུ་འཇོམས།།
ལུག་ཆུང་བ་ནི་བྲག་སྲིབ་སྐྱེ།ལོ་མ་ཆུང་ཞིང་འཕུང་བ་འདྲ།།མེ་ཏོག་སྔོ་སྐྱ་པདྨ་འདྲ།།རོ་མངར་དྲི་མ་དུགས་པ་སྟེ།།དུག་དང་བད་ཀན་སྨུག་པོ་འཇོམས།།
ཛཱ་ཏི་ཀ་ནི་ཀླུང་དུ་སྐྱེ།།ལོ་མ་འབོལ་ཞིང་ངར་བ་ལྡེམ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་སྔོ་ཞིང་འབྲས་བུ་ནག།དྲི་མ་ཆེ་ལ་རོ་ནི་མངར།།སྐྲངས་དང་མ་ཞུ་སེལ་བ་དང༌།།རླུང་ནད་འཇོམས་པར་བྱེད་པའི་མཆོག།
སྒོག་སྐྱ་ལྡུམ་ར་དག་ཏུ་སྐྱེ།།ལོ་མ་ལྗང་འདབ་ལྟ་བུ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རྩ་བ་རྡོག་འདྲིལ་རོ་ནི་ཚ།བད་རླུང་སྲིན་འཇོམས་རོ་ཙ་བྱེད།།
བཙོང་དམར་གཡའ་བཤལ་ལྡུམ་རར་སྐྱེ།།ལོ་མ་རིལ་བུ་སྦུབས་ཅན་སྟེ།།རིང་ཐུང་མཐོ་རེ་རྐང་རེ་ཙམ།།རྩ་བ་རྡོག་འདྲིལ་རོ་ནི་ཁ།།གྲང་རླུང་སེལ་ཞིང་རོ་ཙ་བྱེད།།
རི་སྒོག་པ་ནི་སྲིབ་ལ་སྐྱེ།།ལོ་མ་ལྗང་འདབ་ལྟ་བུ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རྩ་བ་ཉེ་ཤིང་བ་དང་འདྲ།།རོ་ཚ་ནུས་པས་དྲོད་སྐྱེད་ཅིང༌།།རླུང་སྲིན་གྲང་བ་སེལ་བར་བྱེད།།
བཙོང་སྒོག་རི་དང་ལྡུམ་རར་སྐྱེ།།འདབ་མ་རིལ་བོ་སྦུབས་ཅན་སྟེ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།རོ་ཚ་སྲིན་ནད་ཆུ་སེར་དང༌།།མོ་ནད་སེལ་བར་བྱེད་པ་ཡིན།།
ལུག་སྒོག་རི་ཡི་ཉིན་ལ་སྐྱེ།།ལོ་མ་ལྗང་འདབ་ལྟ་བུ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རྩ་བ་དབང་ལག་ཆ་འདྲ་ཙམ།།རོ་ཚ་ནུས་པས་སྐྲངས་དང་འབྲས།རླུང་སྙིང་གྲང་བ་སེལ་བར་བྱེད།
རི་སྒོག་པ་ནི་རི་ལ་སྐྱེ།འདབ་མ་ཁྱི་ལྕེ་ལྟ་བུ་སྟེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།རྩ་བ་རེ་སྒོག་ལྟ་བུ་སྟེ།།རོ་ཚ་གྲང་རླུང་སེལ་བར་བྱེད།།
བྱི་ཚེར་རི་ཡི་ལྡན་ལ་སྐྱེ།ལོ་མ་ས་འབྱར་སྲད་ཆུང་འདྲ།།སྐྲངས་དང་ཆུ་སེར་ལྷོག་པ་འདུལ།།
ར་དུག་པ་ནི་ས་ངན་སྐྱེ།སྐྱེ་ལུགས་ཁྱི་ལྕེ་གཞན་དང་འདྲ།།ལོ་མ་སྡོང་པོའི་ལོགས་ལ་འབྱར།།ངར་བ་ཆིག་སྐྱེ་ཕྲ་བ་སྟེ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་དཀར་དམར་མང་བ་སྟེ།།གཉན་ནད་འཇོམས་པར་བྱེད་པ་ཡིན།།གཉན་སྲིན་སྨན་གྱི་སྡེ་ཚན་ནོ།།
ཟར་མ་ཞིང་སྐྱེས་ངར་བ་ཕྲ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་སྔོ་ཞིང་འབྲས་བུ་ལེགས།ཀླད་ནད་རླུང་ནད་སེལ་བར་བྱེད།།
སྲོ་མ་ཞིང་གསེབ་དྲི་མ་དུགས།།ངར་བ་གྲུ་བཞི་ལོ་མ་འབོལ།།འབྲས་བུ་རྩི་འཇམ་རོ་མངར་སྣུམ།།ཤུན་པ་གོས་དང་ཐག་པའི་རྒྱུ།མགོ་རླུང་ལ་སོགས་རླུང་ནད་འཇོམས།
མིག་སྨན་སངས་རྒྱས་ཚུ་འཇིབ་ས་ངན་དང༌།།ན་སྤང་འདྲེས་པའི་སྐམ་སར་སྐྱེ།ལོ་མ་ནག་རྩུབ་རྡོག་པོ་ཆུང༌།།རིང་ཐུང་སོར་བཞི་སོར་གསུམ་ཙམ།།མེ་ཏོག་དཀར་སྐྱ་མང་བ་སྟེ།།འབྲས་བུ་ནག་པོ་ཏིལ་འབྲུ་ཙམ།།མིག་ནད་ཐམས་ཅད་འཇོམས་པར་བྱེད།།
སེར་མགོ་སྲིབ་ཀྱི་ནང་དུ་སྐྱེ།།ལོ་མ་འབོལ་ཞིང་སྣུམ་པ་ལ།།ངར་བ་ཕྲ་ཞིང་དྲང་བ་སྟེ།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་སྔོ་སྐྱ་འདབ་མ་ཆུང༌།།རོ་ནི་སྣུམ་ཞིང་གོ་སྙོད་འདྲ།།མིག་ནད་མ་ལུས་སེལ་བར་བྱེད།།
ཨུག་ཆོས་བྱེ་མའི་ཐང་ལ་སྐྱེ།།འདབ་མ་ས་འབྱར་ཉ་ག་ཅན།།རིང་ཐུང་སོར་བཞི་སོར་གསུམ་ཙམ།།མེ་ཏོག་དམར་པོ་ལེགས་པ་སྟེ།།རྣ་བའི་ནད་སེལ་སྦོས་པ་བཤིག།
ལ་ཕུག་ཞིང་དང་ལྡུམ་རར་སྐྱེ།ལོ་མ་ས་འབྱར་རྩུབ་པ་སྟེ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།རྩ་བ་རྡོག་འདྲིལ་རོ་ནི་ཚྭ།ཟས་ལེན་ཟས་འཇུ་དྲོད་སྐྱེད་ཅིང༌།།རྣ་བའི་ནད་རྣམས་སེལ་བར་བྱེད།།
སྤང་རྒྱན་དཀར་པོ་སྤང་ལ་སྐྱེ།།ངར་བ་ས་འབྱར་འདབ་མ་ཆུང༌།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་དཀར་པོ་ར་དུག་འདྲ།།གྲེ་བའི་ནད་དང་གློ་ནད་སེལ།།
འཕང་མ་བྲག་དང་ནགས་ལྡེབས་སྐྱེ།།སྡོང་པོ་དཀར་ཞིང་ལོ་མ་ཆུང༌།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།འབྲས་བུ་དམར་པོ་རོ་ནི་མངར།།སྙིང་གི་ཚད་པ་མོ་ནད་སེལ།།
ཏང་ཀུན་བྲག་དང་ནགས་གསེབ་སྐྱེ།།ལོ་མ་ལྗང་ནག་ངར་བ་ནག།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་སྐྱེ་ལུགས་སྤྲུ་དཀར་འདྲ།།དྲི་ཞིམ་སྙིང་ཚད་སེལ་བར་བྱེད།།
སྲོ་ལོ་དཀར་པོ་གཡའ་ལ་སྐྱེ།།ལོ་མ་ལྗང་སྐྱ་འཇམ་པ་ལ།།མེ་ཏོག་དཀར་ཞིང་ངར་བ་ཕྲ།།རིང་ཐུང་མཛུབ་རེ་མཁྱུད་རེ་ཙམ།།གློ་ནད་ཐམས་ཅད་སེལ་བར་བྱེད།།
བྱི་ཀྲོང་དཀར་པོ་སྤང་ལ་སྐྱེ།།འདབ་མ་གཅན་གཟན་སྨ་ར་འདྲ།།མེ་ཏོག་དཀར་ཆུང་སྤུངས་པ་འདྲ།།གློ་ཡི་ནད་ལ་ཕན་པར་བཤད།།
ལུག་མུར་ལུང་གྲོལ་ཆུ་འགྲམ་སྐྱེ།།ངར་བ་སྤུ་ཅན་ལོ་མ་རྩུ་བ།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།མེ་ཏོག་དམར་སྐྱ་མང་བ་སྟེ།།རྩ་བ་སྒོག་སྐྱའི་ཤུན་འདྲས་གཡོགས།གློ་གཅོང་སེལ་བའི་མཆོག་ཏུ་བཤད།།
ཀྱི་ལྕེ་དཀར་པོ་ཆུ་འགོ་ན་ལ་སྐྱེ།།ལོ་མ་ས་འབྱར་སྣུམ་པ་ལ།།མེ་ཏོག་དངུལ་དཀར་དྲིལ་བུ་འདྲ།།རིང་ཐུང་མཐོ་རེ་མཛུབ་རེ་ཙམ།།སྐྲངས་དང་ཆུ་སེར་གློ་རྣག་འདྲེན།།
པ་ཡག་པ་ནི་མུ་ལ་སྐྱེ།།ལོ་མ་ས་འབྱར་འདབ་བཞི་བ།།རིང་ཐུང་སོར་རེ་སོར་དོ་ཙམ།།མེ་ཏོག་སྔོ་དམར་སྲན་མ་འདྲ།།འབྲས་བྱ་སྙིང་གི་དབྱིབས་དང་མཚུངས།།རྩ་བ་དཀར་ཞིང་ཕྲ་བ་སྟེ།།རྩ་བ་ལོ་མ་མེ་ཏོག་འབྲས།།རིམ་པས་གློ་ནད་ལྤགས་ནད་སེལ།།མཆིན་ནད་མོ་ནད་སེལ་བར་བྱེད།།
སྲད་དཀར་ན་དང་ཚིགས་ལ་སྐྱེ།།ལོ་མ་སྲད་མ་ལྟ་བུ་ལ།།སྐྱེ་ཕོན་ཉུང་ཞིང་མེ་ཏོག་དཀར།།རིང་ཐུང་མཛུབ་རེ་མཐོ་རེ་ཙམ།།གློ་བའི་ནད་པ་སེལ་བར་བྱེད།།
སྙི་བ་སེ་བ་སྐྱེར་བ་དང༌།།བྲ་མ་ལ་སོགས་འཁྲིལ་ནས་སྐྱེ།།འདབ་མ་ཆུང་ཞིང་ངར་བ་མཁྲང༌།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།མེ་ཏོག་སྔོན་པོ་འདབ་ལྔ་བ།།བཅད་ན་ཞོ་འབྱུང་རྩ་བ་མངར།།ཕོ་མཆིན་སྨན་ཡིན་ཆམ་པ་སེལ།།
གཡའ་རྩི་བ་ནི་བྲག་སྲིབས་སྐྱེ།།ལོ་མ་སྣུམ་ཞིང་སྤུངས་པ་འདྲ།།མེ་ཏོག་སེར་པོ་པདྨ་འདྲ།།རོ་སྐྱུར་གློ་ནད་སེལ་བར་བྱེད།།
ཁུར་མང་ཞིང་གི་ཚིགས་ལ་སྐྱེ།།བཅད་ན་ཞོ་འབྱུང་རོ་ནི་ཁ།།ལོ་མ་ས་འབྱར་ཉ་ག་ཅན།།གྲོལ་དང་སྲོལ་གཉིས་གང་ཡིན་མི་གསལ།
མེ་ཏོག་སེར་པོ་ངར་བ་ཕྲ།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།མཁྲིས་ནད་མ་ལུས་སེལ་བར་བྱེད།།
སྐྱབས་ནི་ཞིང་གི་གསེབ་ལ་སྐྱེ།འདབ་མ་ལྗང་སྐྱ་ཞོ་ཅན་སྟེ།།ངར་བ་དྲང་ཞིང་མེ་ཏོག་སེར།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།རོ་ཁ་མཁྲིས་ནད་སེལ་བར་བྱེད།།
རྩྭ་མཁྲིས་ཞིང་ཚིགས་ཐང་ལ་སྐྱེ།ལོ་མ་སར་འབྱར་ཉ་ག་ཅན།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།མེ་ཏོག་སེར་ཞིང་རོ་ནི་ཁ།།མཁྲིས་ནད་སེལ་བའི་མཆོག་ཏུ་བཤད།།
སྤང་ཚན་ཚིགས་དང་གད་ལྡེབས་སྐྱེ།འདབ་མ་མཐུག་ཅིང་མེ་ཏོག་དཀར།།ངར་བ་མང་ཞིང་སྐྱེ་ཕོན་ཆེ།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།སྐྲངས་འདུལ་སྐྲན་བཤིག་གློ་ནད་སེལ།།
དར་ཡ་ཀན་ནི་བྲག་སྨད་སྐྱེ།ལོ་མ་ཕྲད་པོ་ངར་བ་དྲང༌།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།མེ་ཏོག་ལོ་བཙན་ཅུང་ཟད་འདྲ།།རྨ་དུག་གློ་རྣག་ལ་སོགས་འདྲེན།།
མཆིན་པ་བཅད་འབྱོར་སྤང་སྲིབས་སྐྱེ།རིང་ཐུང་སོར་རེ་སོར་དོ་ཙམ།།ལོ་མ་འཁོར་ལོ་ལྟུ་བུ་ཟླུམ།།མེ་ཏོག་སེར་པོ་གཉའ་གུག་པ།།ནག་པོའི་རི་མོ་བཀྲ་བ་སྟེ།།རོ་ནི་མངར་ཞིང་མངལ་བ་ལ།།མཆིན་ནད་མ་ལུས་སེལ་བར་བྱེད།།
བྲེ་ཁ་བ་ནི་སྲིབས་ལ་སྐྱེ།འདབ་མ་ཆུང་ཞིང་མེ་ཏོག་དཀར།།ངར་བ་ཆིག་སྐྱེས་ཕྲ་བ་སྟེ།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།གང་བུ་རིལ་མོ་པད་ཁ་འདྲ།།འབྲས་བུ་དམར་ལེབ་རོ་སྣུམ་ཚྭ།མཆིན་པའི་ནད་དང་བད་ཀན་སེལ།།
བྲ་བོ་རི་དང་ལྡུམ་རར་སྐྱེ།ལོ་མ་དམར་ལྗང་འཁོར་ལོ་འདྲ།།འབྲས་བུ་ཟུར་གསུམ་རོ་ནི་མངར།།སྦོ་འཁྲོག་རྒྱུ་ལོང་ནད་རྣམས་སེལ།།
བ་ལུ་ནག་པོ་སྲིབས་སྟོད་སྐྱེ།།འདབ་མ་སྣུམ་ཞིང་ཕྲ་བ་ལ།།མེ་ཏོག་སྔོ་དམར་དྲི་ཞིམ་པ།།རིང་ཐུང་མདའ་རེ་འདོམ་རེ་ཙམ།།ཕོ་བའི་དྲོད་སྐྱེད་བད་ཀན་དང༌།།རྒྱུ་ལོང་མཁལ་སྐེད་གྲང་བཡ་སེལ།།
མཁན་པ་དཀར་པོ་གཡའ་སྨད་སྐྱེ།ལོ་མ་ས་འབྱར་སྐྱ་ལ་སྤུན།།རིང་ཐུང་མཛུབ་རེ་མཐོ་རེཙམ།།མེ་ཏོག་སེར་ཞིང་དྲི་མ་དྭངས།།སྐྲངས་འདུལ་རྨ་འབྲས་རྒྱུ་ལོང་ཕན།།
བྲེག་རིགས་གཅིག་ཞིང་ནང་སྐྱེ།།ལོ་མ་ས་འབྱར་ཉ་ག་ཅན།།མེ་ཏོག་དཀར་ཆུང་མང་བ་སྟེ།།རྒྱ་བྲེའི་གང་བུ་མཁལ་ཁུག་འདྲ།།བོད་བྲེའི་གང་བུ་ཟུར་གསུམ་པ།།རྒྱ་བྲེས་གློ་དང་མཁལ་ནད་སེལ།།བོད་བྲེས་སྐྱུག་པ་མ་ལུས་གཅོད།།འདི་ལོ་སོ་ཁ་བ་ཞེས་གྲགས།།
སོ་ཁ་བ་ཞེས་པ་སོག་ཀ་བ་ཡིན་སྙམ།
ཆུ་རུག་གཡའ་ཡི་ཆུ་འགྲམ་སྐྱེ།ལོ་མ་སྔོ་དམར་སྤུངས་པ་འདྲ།།མེ་ཏོག་སྔོ་སྐྱ་སྲད་མ་འདྲ།།རྩ་བ་འཁྱོག་ཅིང་རོ་ནི་མངར།།རིང་ཐུང་སོར་བཞི་སོར་ལྔ་ཙམ།།ནུས་པས་རྒྱུས་པའི་ཚད་པ་སེལ།།
        ལུག་ངལ་བ་ནི་ཞིང་ཚིགས་སྐྱེ།།མེ་ཏོག་ངུར་ཁ་སྤུ་ཤུད་མགོ།ངར་བ་གཅུད་འདྲ་དྲི་མ་དུགས།།རིང་ཐུང་ཁྲུ་རེ་མདའ་རེ་ཙམ།།ཁྱི་སྨྱོན་དུག་དང་ཚད་པ་དང༌།།ཡན་ལག་སྐྲངས་པ་མ་ལུས་སོ།།
སྙ་ལོ་སྲིབས་ཀྱི་སྟོད་སྨད་སྐྱེ།།ལོ་མ་ལྗང་སེར་ངར་བ་དམར།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།མེ་ཏོག་དཀར་ཞིང་རོ་བསྐ་སྐྱུར།།ནུས་པས་རྒྱུ་ལོང་ནད་སེལ་ཞིང༌།།བུ་སྐྱེས་རྗེས་ཀྱི་རླུང་ཡང་འཇོམས།།
གཡའ་ཀྱི་མོ་ནི་རྫ་སྲུབས་སྐྱེ།ངར་བ་ཕྲ་ཞིང་མེ་ཏོག་ཆུང༌།།རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ།།འདབ་མ་ལྡུམ་ཆུང་སྤུངས་པ་འདྲ།།རོ་ནི་ཁ་ཞིང་སྐྱུག་བྱེད་ཅིང༌།།མཁྲིས་ཚད་མ་ལུས་སེལ་བའི་མཆོག།།
འུ་སུ་རི་དང་ལྡུམ་རར་སྐྱེ།སྡོང་པོ་འཁྱོག་ཅིང་མེ་ཏོག་དཀར།།རིང་ཐུང་རྐང་རེ་ཁྲུ་རེ་ཙམ།།ལོ་མ་ཕྲ་སིབ་གཏོར་བ་འདྲ།།འབྲས་བུ་གའུ་ཁ་སྦྱོར་འདྲ།།རོ་ནི་བསྐ་སྐྱུར་གཞང་འབྲུམ་དང།།བད་ཀན་སྨུག་པོ་སེལ་བར་བྱེད།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号