ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །སྨན་གཞུང་གཅེས་བཏུས་ལས་ལེའུ་དྲུག་པ།སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌྰུརྱའི་མེ་ལོང་ཞེས་བྱ་བ་བཞུགས
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ལེའུ་དྲུག་པ།སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་

བེེཌྰུརྱའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།
 
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་བརྩམས།
 
ས་བཅད་དང་པོ།རོ་ནུས་ཞུ་རྗེས་སྤྱིར་བསྟན་པ།
 
མཆོག་གི་དངོས་གྲུབ་ཡོངས་སུ་གྲུབ་པའི་ཤིང༌།།ཐུགས་རྗེའི་ག་བུར་བསིལ་བ་རྟག་འབབ་པས།།སྲིད་པའི་གདུང་སེལ་དམ་པའི་ཙན་དན་ན།།རྣམ་འདྲེན་སྨན་གྱི་བླ་མས་བདག་སྐྱོངས་ཤིག། འཕགས་གཞུང་སྙིང་པོ་བསྡུས་པ་རྩ་འགྲེལ་དང༌།།སྒྲོན་གསལ་གདམས་པ་སུམ་ཅུ་པ་ལ་སོགས།།སྔ་རབས་གཞུང་མང་མཐོང་ཡང་དྲན་ལམ་དུ།།དེ་ཙམ་མི་གསལ་མཐའ་དག་བརྗོད་དཀའ་ཡང༌།། ཡིད་ལ་གསལ་བ་ཉེར་མཁོའི་སྨན་འགའ་ཡི།།རོ་དང་ནུས་པ་ཡོན་ཏན་ཞུ་བའི་རྗེས།།ནད་དང་ཁམས་ལ་ཕན་གནོད་ལས་བྱེད་ཚུལ།། ཅུང་ཟད་ཙམ་ཞིག་ཟིན་ཐོར་འགོད་པར་བྱ།།སྨན་ཀུན་འབྱུང་ལྔས་བསྐྱེད་དེ་ས་ཡི་རྟེན།།ཆུས་བརླན་མེ་ཡིས་སྨིན་བྱས་རླུང་གིས་བསྐྱོད།། ནམ་མཁས་ཀུན་ལ་སྐྱེ་བའི་གོ་ཕྱེ་ཡང།།ཤས་ཆེའི་དབང་ལས་རྩ་བའི་རོ་དྲུག་གྲུབ།།དེ་ལས་ས་ཆུ་ཤས་ཆེ་མངར་བའི་རོས།།རླུང་དང་མཁྲིས་སེལ་ནས་རྙིང་སྐམ་སའི་ཤས།།ཡོན་ཏན་བད་ཀན་བསྐྱེད་པའི་རོ་ཡིན་ཀྱང༌།།ཉ་ཤ་སྦྲང་རྩིལ་སོགས་ཕན་པའང་ཡོད།།ས་མེ་ཤས་ཆེས་བསྐྱེད་པ་སྐྱུར་བའི་རོས།བད་
གཞུང་འདིའི་རྩོམ་པ་པོ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ནི་རབ་བྱུང་བཅུ་བའི་ས་རྟ་སྟེ་སྤྱི་ལོ་༡༦༡༨ལོར་འཁྲུངས་ཤིང༌།བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པའི་སྐྱེས་བུ་ཕྱི་ནང་རིག་བྱེད་གང་ལ་ཡང་རྩོད་མེད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན།སྨན་དཔྱད་ཀྱི་སྐོར་རྣམས་ཟུར་ལུགས་དང༌།འབྲུག་པ་པརྨོ་དཀར་པོའི་རྗེས་སུ་འབྲངས་ནས་སྦྱངས་པ་མཛད་པ་དང༌།བརྩམས་ཆོས་ཀྱི་སྐོར་ལ་སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེཟླུརའི་མེ་ལོང་ཞེས་བྱ་བ་འདི་དང༌།ལུས་ཐིག་ཟླ་བའི་ནོར་བུ།ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་བ་རིག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སྐོར་གྱི་དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་བ་སོགས་མང་དུ་བཞུགས།
འདིར་བཀོད་པའི་རོ་ནུས་ཞུ་རྗེས་བཤད་པ་བེཌྰུརྱའི་མེ་ལོང་ཞེས་པ་འདི་ནི་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཐོག་བོད་མཁས་པའི་རོ་ནུས་ཞུ་རྗེས་ཞེས་སྙན་གྲགས་ཆེ་ལ།འདིའི་ནང་གཉེན་པོའི་སྨན་རྣམས་ལ་རོ་དང་ནུས་པ་ཞུ་རྗེས་གསུམ་མི་འདྲ་བར་འབྱུང་བའི་རྒྱུ་མཚན་དང༌།རོ་ནུས་ཡོན་ཏན་གྱིས་ཕན་གནོད་བྱེད་ཚུལ།ཞུ་རྗེས་ཀྱི་རོ་ལ་བསིལ་དྲོད་སྙོམས་གསུམ་འབྱུང་ཚུལ།ག་བུར་སོགས་སྨན་སྣ་ཁ་ཤས་ཀྱི་རོ་ནུས་འཇོག་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་བསྡུར་དཔྱོད་ཀྱི་རིན་ཐང་ལྡན།ཀན་སེལ་ཞིང་མཁྲིས་པ་སྐྱེད་བྱེད་ཀྱང༌།།སྐྱུ་རུ་ར་ཡིས་ཁྲག་མཁྲིས་ཚ་བ་སེལ།།ཆུ་མེ་ཤས་ཆེས་བསྐྱེད་པའི་ལན་ཚ་དང༌།།མེ་རླུང་ཤས་ཆེ་ཚ་བས་བད་རླུང་སེལ།།ལྕེ་མྱང་རྒྱམ་ཚ་སྒོག་སྒ་པི་པི་ལིང༌།།མ་གཏོགས་གཞན་གྱིས་མཁྲིས་པ་སྐྱེད་པར་འདོད།།བསྟེན་དྲགས་ལྕི་ཕྱིར་ལན་ཚས་བད་ཀན་བསྐྱེད།།ཡང་རྩུབ་ཉིད་ཕྱིར་ཚ་བས་རླུང་ཡང་བསྐྱེད།།ཆུ་རླུང་ཤས་ཆེ་ཁ་བས་(བད་མཁྲིས་ལྡན་པ་སེལ)མཁྲིས་པ་སེལ།།བད་རླུང་གཉིས་ནི་མཆོག་ཏུ་སྐྱེད་བྱེད་ཀྱང༌།།ཨ་རུ་བ་རུ་ར་སོགས་ཕན་པ་ཡོད།།ནུས་པ་སྣུམ་དང་ལྕི་བས་རླུང་ནད་སེལ།།བསིལ་དང་རྟུལ་བས་མཁྲིས་པ་སེལ་བ་སྟེ།།དེ་བཞིན་བད་ཀན་མཚན་ཉིད་སྐྱེད་པར་བྱེད།།ཡང་རྩུབ་ཚ་རྣོ་བཞི་ཡིས་བད་ཀན་སེལ།།སྔ་མ་གཉིས་ཀྱིས་རླུང་སྐྱེད་ལྷག་མ་ཡིས།།མཁྲིས་བསྐྱེད་ཡོན་ཏན་ཀུན་གྱི་སྙིང་པོའི་ཕྱིར།འདི་བརྒྱད་མཐུ་ཡི་ནུས་པ་ཞེས་བྱར་བརྗོད།།ས་སྨན་ལྕི་བརྟན་རྟུལ་འཇམ་སྣུམ་སྐམ་དྲུག།ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན།།མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ།།རླུང་སྨན་ཡང་རྩུབ་གྲང་གཡོ་སྐྱ་ལ་སྐམ།།ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་སྟེ།།དེ་ལྟར་རྒྱུ་ཡི་ནུས་པ་ཉེར་དྲུག་ཀྱང༌།། ཕན་ཚུན་འདུ་འཕྲད་དབང་ལས་འབྲས་བུའི་དུས།།ཡོན་ཏན་འཇམ་དང་ལྕི་དྲོ་སྣུམ་དང་བརྟན།།གྲང་དང་རྟུལ་བ་བསིལ་མཉེན་སླ་དང་སྐམ།།སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ།།བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས།།ཞུ་རྗེས་མངར་དང་ལན་ཚའི་ཞུ་རྗེས་མངར།སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་པོ།།ཕལ་ཆེར་ཁ་བ་དག་ཏུ་ཞུ་བར་བཤད།།རོ་ནུས་མཐུན་ན་རོ་ཡིས་ལས་བྱེད་དེ།།ཞུ་རྗེས་སོགས་ལ་མི་ལྟོས་སྟོབས་ཅན་ཡིན།།རོ་བཞིན་མི་གནོད་ཞུ་རྗེས་ལས་བྱེད་ཅིང༌།།རོ་ནུས་གོ་ལྡོག་ནུས་པས་ལས་བྱེད་པས།།རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་བྱས་ནས།།ཚ་སེལ་གྲང་སེལ་སྦྱོར་བ་ཤེས་པར་བྱ།།
 
ས་བཅད་གཉིས་པ།རོ་ནུས་ཞུ་རྗེས་བྱེ་བྲག་ཏུ་བསྟན་པ།
 
དང་པོ།རིན་པོ་ཆེའི་སྨན་གྱི་ནུས་པ་བསྟན་པ།
 
བྱེ་བྲག་རྫས་རེའི་ནུས་པ་བསྟན་པ་ནི།།རིན་ཆེན་གསེར་གྱི་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་ཚེ་རིང་རྒས་སྲ་དབྱིག་དུག་སེལ།། དངུལ་ཡང་དེ་མཚུངས་ཆུ་སེར་རྣག་ཁྲག་སྐེམས།།ཟངས་ཀྱི་རོ་མངར་ཞུ་རྗེས་བསིལ་ཡིན་ཏེ།།ནུསཔས་གློ་བའི་རྣག་དང་ཚ་ཆུ་སྐེམས།།ལྕགས་ཀྱི་རོ་སྐྱུར་ཞུ་རྗེས་བསིལ་ཁོ་ན།།མཆིན་ནད་མིག་ནད་དུག་ཚད་སྐྱ་རྦབ་སེལ།།གཡུ་ཡི་རོ་བསྐ་ཞུ་བའི་རྗེས་ནི་བསིལ།། མཆིན་ཚད་དུག་ཚད་སེལ་ཞིང་མིག་ལ་ཕན།།མུ་ཏིག་ཉ་ཕྱིས་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་ཀླད་པ་འཛག་གཅོད་དུག་ནད་སེལ།། དུང་ཡང་རོ་བསྐ་ཞུ་རྗེས་བསིལ་བ་སྟེ།།ནུས་པས་རྣག་སྐེམ་འགྱིང་བ་འབིག་བྱེད་ཅིང༌།།རུས་ཚད་འབྲས་འཇོམས་ཆུ་སེར་དམུ་ཆུ་སྐེམ།།བྱུ་རུ་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས།།མཆིན་ཚད་རྩ་ཚད་དུག་ཚད་སེལ་བར་བྱེད།།དངུལ་ཆུ་རོ་བསྐ་ཞུ་རྗེས་ཤིན་ཏུ་བསིལ།།མགོ་དང་བྱང་ཁོག་ཡན་ལག་རྣག་ཆུ་སྐེམ།།འབྲས་དང་ཚད་གླང་ནད་དང་དུག་ནད་སེལ།།
 
གཉིས་པ།རྡོ་སྨན་གྱི་ནུས་པ་བསྟན་པ།
 
རྡོ་སྨན་མདོར་བསྡུས་སྨུག་ཆིག་ཐུབ་དང༌།།སྨུག་པོ་སྦལ་རྒྱབ་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་རུས་ཆག་སྦྱོར་ཞིང་ཀླད་པ་སྡོམས།། ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན།།སྦལ་རྒྱལ་དཀར་པོ་རོ་མངར་ཞུ་རྗེས་བསིལ།།དཀར་པོ་ཆིག་ཐུབ་རོ་མངར་ཞུ་རྗེས་བསིལ།། འདི་གཉིས་བད་ཀན་སེལ་ཞིང་རུས་ཆག་གསོ།།གངས་ཐིགས་རོ་བསྐ་ཞུ་རྗེས་བསིལ་ཡིན་ཏེ།།ནུས་པས་རུས་ཆག་གསོ་ཞིང་མཆིན་ཚད་སེལ།།ཁབ་ལེན་རོ་ཁ་ཞུ་རྗེས་བསིལ་ལ་སྙོམས།།ནུས་པས་མདེའུ་འབྱིན་ཅིང་ལྕགས་གཡའ་འགོག།རུས་ཆག་གསོ་ཞིང་ཀླད་ནད་རྩ་ནད་སེལ།།བེ་སྣབས་རྡོ་ཡང་རོ་བསྐ་ཞུ་རྗེས་བསིལ།།ནུས་པས་རུས་སྦྱོར་རྨེན་གཅོད་ཤའུ་བསྐྱེད།།གསེར་རྡོ་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས།།ནུས་པས་རུས་ཆག་གསོ་ཞིང་མིག་ལ་ཕན།།སྟང་ཟིལ་རོ་བསྐ་ཞུ་རྗེས་མཆོག་ཏུ་བསིལ།།མགོ་ཆག་གསོ་ཞིང་ཁྲག་ཤོར་སྐྱུག་པ་གཅོད།།རྡོ་མཁྲིས་རོ་ཁ་ཞུ་རྗེས་བསིལ་དུ་འདོད།།རྨ་འདྲུབ་ཤའུ་བསྐྱེད་ཅིང་ཆུ་སེར་འདྲེན།།མཚལ་ནི་རོ་བསྐ་ཞུ་རྗེས་ཅུང་ཟད་བསིལ།།ལྷ་བ་འཛིན་ཅིང་གློ་མཆིན་ཚད་པ་སེལ།།རྨ་འདྲུབ་རྩ་ནད་ཆུ་སེར་འདྲེན་ཅིང་སྦྱོང༌།།མདུང་རྩེ་རོ་བསྐ་ཞུ་རྗེས་བསིལ་ལ་སྙོམས།།རྨ་འདྲུབ་ཆུ་སེར་སྐེམ་ཞིང་རུས་ཚད་སེལ།།ཁྱད་པར་མིག་གི་ནད་ལ་མཆོག་ཏུ་ཕན།།ཅོང་ཞི་རོ་མངར་ཞུ་རྗེས་བཅུད་ལ་དྲོད།། རུས་ཆག་གསོ་ཞིང་མཁལ་ནད་གྲང་བ་སེལ།།རོ་ཙ་བྱེད་ཅིང་ཤ་མདངས་རྒྱས་པར་བྱེད།།ཧ་ཤིག་རོ་མངར་ཞུ་རྗེས་བསིལ་ཡིན་ཏེ།།མིག་རི་མས་སེལ་ཞིང་རྩ་ནད་སྦྱོང་བར་བྱེད།།
 
གསུམ་པ།ས་སྨན་གྱི་ནུས་པ་བསྟན་པ།
 
ས་སྨན་གསེར་གྱི་བྱེ་མ་རོ་ནི་ཚ།།ཞུ་རྗེས་དྲོད་ཡིན་མཁལ་ནད་ཆུ་འགགས་སེལ།།མཆོག་ཏུ་མགོ་ཡི་རུས་པ་ཆག་པ་སྦྱོར།།ཟེ་ཚ་རོ་ནི་ལན་ཚྭ་ཞུ་རྗེས་དྲོད།།ནུས་པས་རྡོ་སྐྲན་རྡེའུ་མ་ཞུ་འཇུ།།ཡ་བཀྴ་ར་ལན་ཚ་ཞུ་རྗེས་དྲོད།།ནུས་པས་སྐྲན་ནད་བཤིག་སྦྱོང་དྲོད་སྐྱེད་བྱེད།། མུ་ཟི་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ནུས་པས་གདོན་འཇོམས་ཆུ་སེར་རྣག་ཁྲག་སྐེམ།།བྲག་ཞུན་རོ་ཁ་ཞུ་རྗེས་བསིལ་བ་སྟེ།།ནུས་པས་ཕོ་མཆིན་མཁལ་ཚད་ཚ་འཁྲུ་སེལ།།
 
བཞི་པ།རྩི་སྨན་སོགས་ཀྱི་ནུས་པ་བསྟན་པ།
 
རྩི་སྨན་སོགས་རོ་ནུས་མདོ་ཙམ་བཤད།།ག་བུར་རོ་ནི་བསྐ་ཚ་ཁ་བ་སྟེ།།ཞུ་རྗེས་ཤིན་ཏུ་བསིལ་བའི་མཐར་ཐུག་པས།།རྒྱས་ཚད་ཐོག་བབས་གསོད་ཅིང་རྙིང་ཚད་འབྱིན།།ཙན་དན་དཀར་པོ་ཁ་ཚ་ཞུ་རྗེས་བསིལ།།ནུས་པས་གློ་སྙིང་འཁྲུགས་ཚད་སེལ་བྱེད་ཅིང༌།།ཤ་པགས་ཚ་བའི་ནད་ལ་བྱུགས་པས་སེལ།།ཙན་དན་དམར་པོ་དེ་འདྲ་ཁྲག་ཚད་སེལ།།བྱུགས་པས་ཡན་ལག་སྐྲངས་པ་འཇིབ་པར་བྱེད།།ཨ་ག་རུ་ནི་ཁ་ཞིང་ཚ་བའི་རོ།ཞུ་རྗེས་བསིལ་དྲོད་སྙོམས་ཏེ་སྲོག་རྩ་དང༌།།སྙིང་ལ་ཞུགས་པའི་ཚ་བ་རླུང་ལྡན་སེལ།།གི་ཝང་རོ་ནི་ཁ་ལ་བསྐ་བ་སྟེ།།ཞུ་རྗེས་བསིལ་ཞིང་དུག་མཆིན་སྣོད་ཚད་སེལ།།ཅུ་གང་རོ་མངར་ཞུ་རྗེས་བསིལ་ལ་སྙོམས།།མིག་སེར་གློ་ནད་ཀུན་སེལ་རྩ་ཚད་གཅོག།ཚད་པ་རུས་ཞེན་རིམས་ནད་རྨོངས་བུ་སེལ།།གུར་ཀུམ་རོ་མངར་ཞུ་བའི་རྗེས་ལ་བསིལ།།མཆིན་ནད་ཀུན་སེལ་རྩ་སྡོམ་ཟུངས་འཕེལ་བྱེད།།ལས་ཀྱི་གོ་རིམ་གློ་མཆིན་བྱ་ར་བ།།སུག་སྨེལ་ཁུ་ཚ་བསྐ་ཞིང་ཞུ་རྗེས་སྙོམས།།ཕོ་མཁལ་གྲང་བའི་ནད་རྣམས་སེལ་བར་བྱེད།།ཛཱ་ཏི་རོ་ཚ་ཞུ་རྗེས་དྲོ་བ་སྟེ།།དྲོད་སྐྱེད་ཟས་འཇུ་རླུང་འཇོམས་སྙིང་རླུང་སེལ།།ལི་ཤི་རོ་ནི་ཚ་ཁ་ཞུ་རྗེས་དྲོད།།དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད་པ་དང༌།།སྲོག་རྩའི་ནད་དང་གྲང་རླུང་སེལ་བར་བྱེད།།ཀ་ཀོ་ལ་ཚ་ཞུ་རྗེས་ཤིན་ཏུ་དྲོད།།འཇུ་བའི་སྟོབས་ཆེ་ཕོ་མཆེར་གྲང་བ་སེལ།།གླ་རྩི་རོ་ཁ་ཞུ་རྗེས་བསིལ་ཡིན་ཏེ།།ནུས་པས་དུག་སྲིན་མཁལ་མཆིན་གཉན་ནད་སེལ།།དོམ་མཁྲིས་དག་ཀྱང་རོ་ཁ་ཞུ་རྗེས་བསིལ།།རྩ་ཁ་སྡོམ་ཞིང་རུལ་གཅོད་ཤའུ་བསྐྱེད།།ཨུཏྤལ་རོ་བསྐ་ཞུ་རྗེས་བསིལ་ལ་སྙོམས།།གློ་མཆིན་ཚད་པ་མ་ལུས་སེལ་བར་བྱེད།།ཟི་ར་དཀར་ནག་རོ་ཚ་ཞུ་རྗེས་དྲོད།།དཀར་པོས་གློ་ཚད་ནག་པོས་མཆིན་གྲང་སེལ།།དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད་ཅེས་བཤད།། ལ་ལ་ཕུད་ཀྱང་རོ་ཚ་ཞུ་རྗེས་དྲོད།།ནུས་པས་ཕོ་ནད་གྲང་བ་མ་ལུས་སེལ།།སོ་མ་ར་ཛ་རོ་ནི་ཚ་ཞིང་ཁ།།ནུས་པས་སྲིན་དང་པགས་ནད་ཆུ་སེར་སེལ།།ཐལ་ཀ་རྡོ་རྗེ་རོ་ནི་ཅུང་ཟད་མངར།ནུས་པ་གོང་དང་མཚུངས་པར་འདོད་པ་ཡིན།།གསེར་གྱི་མེ་ཏོག་རོ་ཁ་ཞུ་རྗེས་བསིལ།། ནུས་པས་སྣོད་ཚད་མཁྲིས་པའི་ཚ་བ་སེལ།།གསེར་གྱི་ཕུད་བུ་རོ་ནི་ཁ་ལ་རྩུབ།།ཞུ་རྗེས་བསིལ་བས་མཁྲིས་པའི་སྐྱུགས་སྨན་སྟེ།།དུག་དང་ཆུ་སེར་དག་ཀྱང་འདྲེན་པར་ནུས།།དུག་ཉུང་རོ་ཁ་ཞུ་རྗེས་བསིལ་བ་ཡིན།།ནུས་པས་མཁྲིས་པའི་ནད་སེལ་ཚ་འཁྲུ་གཅོད།།རྒུན་འབྲུམ་རོ་མངར་ཞུ་རྗེས་བསིལ་ལྕི་སྣུམ།།ཅུང་ཟད་སྐམ་སྟེ་རླུང་དང་ཁྲག་མཁྲིས་སེལ།།སྐོམ་དད་ལུད་པ་ཆམ་རི་མས་དབུགས་མི་བདེ།།ཁ་ནད་སྐད་འཛེར་གློ་རྡོལ་གློ་གཅོང་སེལ།།ཆང་ནད་མི་ཕན་རོ་ཙ་བཤང་གཅི་སླ།།འུ་སུ་རོ་ནི་ཁ་མངར་ལན་ཚ་བཅས།།ཞུ་རྗེས་སྙོམས་པས་བད་ཀན་ཚ་བ་སེལ།།སྟར་བུ་རོ་སྐྱུར་ལྕེ་འབིགས་ཞུ་རྗེས་བསིལ།། ནུས་པས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད།།བསེ་ཡབ་རོ་ནི་སྐྱུར་ཞིང་ཅུང་ཟད་མངར།ཞུ་བའི་རྗེས་བསིལ་བད་ཀན་ཚ་བ་སེལ།།ཁྱད་པར་འདུས་ནད་སྨུག་པོ་འཇོམས་པར་བྱེད།།སེ་འབྲུ་རོ་སྐྱུར་ཞུ་རྗེས་དྲོད་དུ་འདོད།།ཕོ་བའི་མེ་དྲོད་སྐྱེད་ཅིང་བད་ཀན་སེལ།།དང་ག་འབྱེད་ཅིང་གྲང་ནད་མཐལ་དག་འཇོམས།།ན་ལེ་ཤམ་ནི་རོ་ཚ་ཞུ་རྗེས་དྲོད།།མེ་དྲོད་སྐྱེད་ཅིང་བད་ཀན་གྲང་བ་སེལ།།པི་པི་ལིང་ཡང་གོང་དང་མཚུངས་པ་ལ།།ཞུ་བའི་རྗེས་ནི་མངར་ཞིང་བསིལ་བས་ན།།ཁྲག་མཁྲིས་ནད་ལ་མི་གནོད་འདི་ཉིད་མཆོག།སྨན་སྒ་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།།ནུས་པས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས།། མདོར་ན་སྣོད་ཀྱི་གྲང་བ་མ་ལུས་སེལ།།སྒ་སྐྱ་རོ་ཚ་ཞུ་རྗེས་ཅུང་ཟད་དྲོད།།ནུས་པས་ཁྲག་འཁྱགས་འཇུ་ཞིང་བད་རླུང་སེལ།།ཙི་ཏྲ་ཀ་ནི་ཚ་མངར་ཞུ་རྗེས་དྲོད།།ནུས་སྟོབས་མེ་འདྲ་སྐྲན་འཇོམས་མེ་དྲོད་སྐྱེད།།འོར་ནད་གཞང་འབྲུམ་སྲིན་དང་མཛེ་ནད་སེལ།།ཤིང་ཚ་རོ་ཚ་ཞུ་རྗེས་དྲོ་བ་ཡིན།།ནུས་པས་མེ་དྲོད་གསོ་ཞིང་བད་མཁྲིས་སེལ།། སྐམ་ཕྱིར་འཁྲུ་གཅོད་ཕོ་མཆིན་གྲང་རླུང་སེལ།།ཀ་རཉྫ་ནི་རོ་ཁ་ཞུ་རྗེས་དྲོད།།ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན།།ཤིང་ཀུན་རོ་ཚ་ཞུ་རྗེས་དྲོད་དུ་འདོད།།དྲོད་འཕེལ་སྲིན་དང་གྲང་ནད་སྙིང་རླུང་སེལ།། བྱི་ཏང་ག་སྲིན་བུ་དམར་ལེས་ཀྱང༌།།ཤིང་ཀུན་མཚུངས་པས་སྲིན་གསོད་མེ་དྲོད་སྐྱེད།།གོ་བྱི་རོ་ཚ་ཞུ་རྗེས་དྲོ་ཞིང་སྐམ།།སྲིན་གསོད་རུལ་གཅོད་རྨ་སེལ་ཆུ་སེར་སྐེམ།།ཡོ་བའི་རིམས་སེལ་བཅུད་ལེན་འབྲས་བུ་སྟེམ།སྤོས་དཀར་རོ་ཁ་ཞུ་རྗེས་དྲོལ་་སྐམ།།རྨ་འདྲུབ་ཆུ་སེར་འབྱིན་ཅིང་ཁྲག་རླུང་གནོན།།རླུང་དང་ཆུ་སེར་རླིག་རླུགས་སྐྲངས་པ་སེལ།།གུ་གུལ་ནག་པོ་རོ་ཁ་ཞུ་རྗེས་བསིལ།།ལྷོག་པ་གཉན་གཟེར་གདོན་འཇོམས་རྨ་ཁ་འདྲུབ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号